日志

དཔའ་རིས་ཡུལ་ལས་འཁྲུངས་བའི་མཁས་པ་རིམ་བྱོན ...

已有 104 次阅读2020-5-14 12:24 |系统分类:文学

ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ།
                 ཉིས་སྟོང་བཅུ་ལོའི་དངོས་གཞི་སློབ་མའི་མཐར་ཕྱིན་དཔྱད་རྩོམ།
                                                                                                                         ཁ་བྱང་།དཔའ་རིས་ཡུལ་ལས་འཁྲུངས་བའི་མཁས་པ་རིམ་བྱོན་ལ་རགས་ཙམ་ངོ་སྤྲོད་དང་ཞོར་དུ་རང་གི་བསམ་འཆར་སྦྲང་མ་ཆུང་ཆུང་།
                                                                སློབ་གླིང་།བོད་རིག་པའི་སློབ་གླིང་།
                                                             སློབ་མ།སྟོབས་ཚང་ཡུམ་སྐྱབས།
                                                                           འཛིན་གྲྭ ༢༠༠༦ལོའི་རྩོམ་རིག་འཛིན་གྲྭ།
                                                                སློབ་རྟགས།༠༠༦༣༠༥༠༡༠༤༣
                                                             མཛུབ་ཁྲིད་དགེ་རྒན།བན་ཁོ།
                                                                   2010ལོའི་ཟླ་༥་པའི་ཚེས་༡༠ཉིན།











དཀར་ཆག
བརྡ་ཆད་གཙོ་བོ།དཔའ་རིས།
གླེང་གཞི།
སྡེ་ཚན་དང་བོ།བརྗོད་བྱའི་གཙོ་བོར་རིམ་པ་ཅན་གྱི་ངང་ནས་ངོ་སྤྲོད་བྱས་པ།
སྡེ་ཚན་གཉིས་པ།དཔའ་རིས་ཡུལ་ལས་འཁྲུངས་པའི་མཁས་པ་རིམ་བྱོན་ལ་རགས་ཙམ་གླེང་བ།
དང་བོ།དཔའ་རིས་ཡུལ་གྱི་ཁྱབ་ཁུངས་ལ་ངོས་འཛིན་བྱེད་པ།
གཉིས་པ།དཔའ་རིས་ཡུལ་ལས་འཁྲུངས་པའི་མཁས་པ་རིམ་བྱོན་ལ་ངོ་སྤྲོད་བྱས་པ།
སྡེ་ཚན་གསུམ་པ།གནས་སྐབས་སུ་དཔའ་རིས་ཡུལ་དུ་འཚོ་སྡོད་བྱས་པའི་བོད་མིའི་ཟས་གོས་ལོངས་སྤྱོད་ལ་ཞིབ་དཔྱོད་བྱས་པ་དང་ཞོར་དུ་དཔའ་རིས་པའི་མ་འོངས་པའི་མདུན་ལམ་ལ་རགས་ཙམ་གླེང་བ།
བཞི་བ།མཇུག་བསྡུ་བའི་གཏམ།

















དཔའ་རིས་ཡུལ་ལས་འཁྲུངས་པའི་མཁས་པ་རིམ་བྱོན་ལ་རགས་ཙམ་ངོ་སྤྲོད་དང་ཞོར་དུ་རང་གི་བསམ་འཆར་སྦྲང་མ་ཆུང་ཆུང་།
སྡེ་ཚན་དང་བོ།བརྗོད་བྱའི་གཙོ་བོར་རིམ་པ་ཅན་གྱི་ངང་ནས་ངོ་སྤྱོད་བྱས་པ།
སྡེ་ཚན་གཉིས་པ།དཔའ་རིས་ཡུལ་ལས་འཁྲུངས་པའི་མཁས་པ་རིམ་བྱོན་ལ་རགས་ཙམ་གླེང་བ།
དང་བོ།དཔའ་རིས་ཡུལ་གྱི་ཁྱབ་ཁུངས་ལ་ངོས་འཛིན་བྱེད་པ།
གཉིས་པ།དཔའ་རིས་ཡུལ་ལས་འཁྲུངས་པའི་མཁས་པ་རིམ་བྱོན་ལ་ངོ་སྤྲོད་བྱས་པ།
སྡེ་ཚན་གསུམ་པ།གནས་སྐབས་སུ་དཔའ་རིས་ཡུལ་དུ་འཚོ་སྡོད་བྱས་པའི་བོད་མིའི་ཟས་གོས་ལོངས་སྤྱོད་ལ་ཞིབ་དཔྱོད་བྱས་པ་དང་ཞོར་དུ་དཔའ་རིས་པའི་མ་འོངས་པའི་མདུན་ལམ་ལ་རགས་ཙམ་གླེང་བ།
སྡེ་ཚན་བཞི་བ།མཇུག་བསྡུ་བའི་གཏམ།
   བརྗོད་བྱའི་གཙོ་བོ།དཔྱད་རྩོམ་འདིའི་ནང་དུ་གངས་ཅན་བོད་ཀྱི་མདོ་སྨད་དཔའ་རིས་ཡུལ་གྱི་ཁྱབ་ཁུངས་དང་དཔའ་རིས་ཡུལ་དུ་འཚོ་སྡོད་བྱེད་བཞིན་པའི་བོད་མིས་གནའ་ནས་ད་བར་ཐུན་མོང་མ་ཡིན་པའི་རང་བྱུང་ཁམས་ལས་འཐབ་འཛིང་དང་འཆམ་མཐུན་བྱས་པའི་ཁྲོད་དུ་གསར་གཏོད་བྱས་ཡོད་པའི་རིག་གནས།ལྷག་པར་དུ་སྔ་རབས་དཔའ་རིས་ཡུལ་ལས་བྱུང་པའི་མཁས་པ་སྐོར་གྱི་ལོ་རྒྱུས་ལ་རགས་ཙམ་ངོ་སྤྲོད་བྱས་པ།དེ་དང་བསྟེན་ནས་ད་ལྟ་དཔའ་རིས་བོད་ཁུལ་རང་ས་ཕ་སའི་སྲོལ་རྒྱུན་རིག་གནས་ཇེ་ཉམས་ནས་ཇེ་ཉམས་ཏུ་འགྲོ་བའི་མངོན་སུམ་གནས་ཚུལ་ལ་ངོས་འཛིན་དང་ཞིབ་འཇུག་བྱེད་མཐར་རིག་གནས་འདི་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོར་བྱེད་ཐུབ་པའི་རིན་ཐང་མཚོན་པའི་དམིགས་ཡུལ་སྒྲུབ་པར་སྨོན།










སྡེ་ཚན་དང་པོ།དཔའ་རིས་ཡུལ་གྱི་ཁྱབ་ཁུངས་ལ་ཅུང་ཙམ་ངོ་སྤྲོད་དང་དཔའ་རིས་ཞེས་པའི་མིང་ཐོགས་པའི་རྒྱུ་མཚན།
   སྤྱིར་དཔའ་རིས་ཡུལ་གྱི་ཁྱབ་ཁུངས་ནི་བོད་ཆེན་པའོ་ཁུངས་གཏོགས་མདོ་ཁམས་སྨད་ཀྱི་ཆ།མཚོ་སྔོན་ཙོང་ཆུའི་བྱང་ཕྱོགས།མི་ཉག་གི་ལོ་རྒྱུས་སུ་བྱང་ངོས་སུ་འབོད་པའི་ཀའན་ཀྲོའུ་ཆུ་ནག་ཚུན་ཆད།ཆི་ལེན་ཧྲན་ཏེ་མདོ་ལ་རིང་མོའི་རི་རྒྱུད་ལུང་ལག་དང་།དེ་དང་འདབས་འབྲེལ་དུ་གནས་པའི་བོད་རོང་འབྲོག་གི་ས་ཆ།སུ་ནན།ཐེན་ཀྲུའུ།མུན་ཡོན།ཏ་ཐུང་།ཧུ་གྲུ ལོ་ཏུ་སོགས་ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་ཀྱི་རྫོང་ཁག་དྲུག་གི་མངའ་ཞབས་ཀྱི་བོད་ཀྱི་ས་ཆར་དཔའ་རིས་བོད་དཀར་པོའི་ཡུལ་ཞེས་གྲགས་ཤིང་།དེར་འཁོད་པའི་པྲ་འབྲི་ལྡོང་སོགས་ཀྱི་རིགས་ལས་མཆེད་པའི་བོད་རིགས་ལ་དཔའ་རིས་ཞེས་གྲགས་སོ།དེ་ཡང་དཔའ་རིས་ཞེས་པའི་མིང་ཐོགས་པའི་རྒྱུ་མཚན།གནའ་མིའི་བཤད་རྒྱུན་ལ།ཕྱོགས་འདིའི་བོད་ཀྱི་རིགས་རྒྱུད་ཀྱི་ཐོག་མ་ཨ་ཕྱུག་དང་དཔའ་ཕྱུག་ཅེས་པའི་བོད་མི་སྤུན་གཉིས་ཡོད་པ་ལས།ཕུ་བོ་ཨ་ཕྱུག་གིས་བཟུང་བའི་ས་ལ་ཨ་རིག་དང་།ནུ་བོ་དཔའ་ཕྱུག་གིས་བཟུང་བའི་ས་ལ་དཔའ་རིས་ཐོགས་སོ་ཞེས་བཤད་ཚུལ་གཅིག་དང་།ཡང་ཕྱོགས་འདིའི་རི་རྣམས་མཐོ་ཞིང་གཟར་བ།འཇིགས་རྔམ་ཆེ་ཞིང་།དཔའ་བོས་ཁྲབ་རྨོག་འཁོར་གསུམ་གྱོན་ནས་དགྲ་ལ་ཆས་པ་ལྟར་སྣང་བས།དཔའ་རིར་ཐོགས་སོ་ཞེས་བཤད་ཚུལ་གཅིག་དང་།ཡང་བོད་རྒྱལ་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེ་བཙན་སོགས་ཀྱི་སྐུ་རིང་ལ་དབུས་གཙང་ཕྱོགས་ནས་རྒྱ་བོད་ཧོར་གསུམ་གྱི་ས་མཚམས་སྲུང་བའ་དམག་སྡེ་མངགས་གཏོང་བྱས་པ་དེ་དག་རྒྱུན་སྡོད་བྱས་པ་ལས་མཆེད་པས།དཔའ་རྟུལ་དམག་གི་རྒྱུད་པ་ཡིན་པས་ན་དཔའ་བོའི་རིས་གཏོགས་ཏེ་དཔའ་རིས་ཞེས་ཐོགས་སོ་ཞེས་ཀྱང་ཟེར་རོ།ཡང་དེང་སང་དཔའ་རིས་ཟེར་བ་ནི་སྔོན་དུས་ལྕང་སྐྱ་རོལ་བའི་རྡོ་རྗེ།ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ།དཔའ་རིས་རབ་གསལ་སོགས་སྙན་པའི་གྲགས་པ་འཛམ་གླིང་ཁྱབ་པའི་མཁས་གྲུབ་ཀྱི་སྐྱེས་ཆེན་དམ་པ་མང་པོའི་འཁྲུངས་ཡུལ།ལྷོ་ནུབ་ཕྱོགས་སྟོད་ཀྱི་བ་བཟའ་འབྲུ་གུ་མན་ཆད་ནས།ཐེ་ཏུང་ཡན་ཆད་ཀྱི་འཇུ་ལག་ཆུ་རྒྱུན།ྭནུབ་བྱང་ཧ་ཞིའམ་ཕ་ཁྲི་ཀམ་སྒང་།འབྱོར་ལྡན་སྒང་རྒྱུད།ཤར་ནགས་ཡངས་མདའ་བརྒྱད་ལང་ཀྲོའུ་དང་འབྲེལ་མཚམས།བྱང་ཤར་ཕོ་རོད་ཞ་དམར།ཤར་ལྷོར་ཟུང་ཤན་སྟག་ལུང་།ཤར་རྒྱུད་ཇག་རུང་སྨད་མཐའ་སོགས་འབྲོང་ལུང་སྟེ།དེང་སེང་ཡུན་ཏིན་ཟེར་བའི་ས་ཆ་དང་མཚམས་འབྲེལ་པའི་རོང་འབྲོག་གི་ས་ཆ།ཚོ་སྡེ་ཞི་བཞི།སྟོང་སྐོར་མདོ་རྒྱུད་རྒྱ་མཚོའི་གདན་ས་དཔའ་རིས་མཆོད་རྟེན་ཐང་དང་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་བཞུགས་གནས་ཡར་ལུང་དགོན་སོགས་དགོན་སྡེ་ཆེ་ཕྲ་ཉི་ཤུ་ལྷག་ཡོད་པའི་ས་ཆ་འདི་ལ་དཔའ་རིས་བོད་རིགས་རང་སྐྱོང་རྫོང་ཟེར་ཞིང་།རྒྱ་སྐད་ཀྱིས་མཆོད་རྟེན་ཐང་ཞེས་པའི་རྟེན་དང་།འབྲི་གུང་ཞེས་པའི་འབྲི་གཉིས་བླངས་ནས།རྫོང་གི་མིང་དུ་བྱས་པ་བརྡ་ལོག་ནས་ཐེན་ཀྲུའུ་གྱུར་བ་ཡིན་ནོ།



























སྡེ་ཚན་གཉིས་པ།དཔའ་རིས་ཡུུལ་ལས་འཁྲུངས་པའི་མཁས་པ་རིམ་བྱྱུང་ལ་རགས་ཙམ་ངོ་སྤྲོད།
དང་བོ།རྗེ་ཙོང་ཁ་བ་བློ་བཟང་གྲགས་པ།
   རྗེ་ཙོང་བ་བློ་བཟང་གྲགས་པ་ནི་རབ་བྱུང་དྲུག་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་༡༣༥༧ལོར་མདོ་སྨད་ཤར་ཙོང་ཁའི་ཡུལ་དུ་ཡབ་ད་ར་ཁ་ཆེ་དཔལ་ཆེན་ཀླུ་འབུམ་དགེ་དང་ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུུ་སྐུ་འཁྲུངས།རབ་བྱུང་བདུན་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་༡༤༡༩ལོར་སྐུ་གཤེགས།དོར་ཞི་གདོང་དྲུག་སྙེམས་བློས་བརྩམས་པའི་དཔྱད་རྩོམ།དཔའ་རིས་ཡུལ་ལས་འཁྲུངས་པའི་མཁས་པ་འགའ་ལ་རགས་ཙམ་ངོ་སྤྲོད་ཞེས་པའི་ནང་དུ།བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་སྟེང་དུ་སངས་རྒྱས་གཉིས་པར་བསྟོད་པའི་དགེ་ལུགས་པའི་གྲུབ་མཐའ་གསར་གཏོད་པ་རྗེ་ཙོང་ཁ་བ་བློ་བཟང་གྲགས་པས་ཁོང་གི་གསུང་འབུམ།སུམ་པའ་ཆོས་འབྱུང་།རྗེ་ཙོང་ཁ་བའི་རྣམ་ཐར་ལས།ང་ནི་དཔའ་རིས་མལ་གྱི་རིགས་ལས་བྱུང་བ་ཟེར་ཡོད་པ་དང་།རྗེ་ཙོང་ཁ་པའི་པོད་དུ་བཅུ་བདུན་པའི་ནང་དུ་དཔའ་རིས་སྐད་རིགས་མང་པོ་བྲིས་ཡོད་པ་སོགས་གསུངས་པ་ལས་ཁོང་ནི་དཔའ་རིས་པ་ཡིན་པར་ཐག་གཅོད་ཐུབ།ཁོང་ཉིད་དགུང་ལོ་གསུམ་པར་ཀརྨ་པ་རོལ་བའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ཀུན་དགའ་སྙིང་བོ་ཞེས་གསོལ།དགུང་ལོ་བདུན་པར་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་མཁས་པོ་དང་།ཀོའུ་བ་གཞོན་ནུ་བྱང་ཆུབ་ཀྱིས་སློབ་དཔོན་མཛད་དེ་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་བློ་བཟང་གྲགས་པ་ཞེས་གསོལ།དགུང་ལོ་བཅུ་བདུན་པར་དབུས་སུ་ཕེབས་ཏེ་ས་སྐྱའི་བླ་མ་རེད་མདའ་བ་གཞོན་ནུ་བློ་གྲོས་སོགས་དགེ་བའི་བཤེས་གཉེན་དུ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་ལ་ལེགས་པར་སྦྱངས།དགུང་ལོ་ཉེར་བཞི་བར་མཁན་པོ་དཀར་བཞི་བ་ཚུལ་ཁྲིམས་རིན་ཆེན་ལས་བསྙེན་པར་རྫོགས།དགོང་ལོ་སོ་དྲུག་པར་འཁོར་དག་པ་རྣམ་བརྒྱད་དང་བཅས་པ་དཔོན་སློབ་དགུ་སྐྱོར་མོ་ལུང་ནས་འོལ་ཁར་ཕེབས་ཏེ་སྒྲུབ་པར་གཙོ་བོ་མཛད།དེ་ནས་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་དོན་རྣམས་སངས་རྒྱས་ཀྱི་དགོངས་པ་ལྟར་འཆད་པ་དང་།རྩོད་པ་དང་།རྩོམ་པ་མཛད་པས་གངས་ཅན་མཁས་གྲུབ་ཀུན་གྱིས་གཙུག་ཏུ་བཀུར་ཞིང་མཐའ་དབུས་སྐྱེ་འགྲོ་ཐམས་ཅད་ཀྱིས་གུས་ཞིང་བཏུད་དོ།དགུང་ལོ་སོ་བདུན་པར་འོལ་ཁའི་རྫོང་ཕྱིའི་བྱམས་པ་རྟེན་དང་བརྟེན་པ་བཞེངས།ང་ལོ་སོ་དགུ་པར་གཉལ་གྱི་ལུང་རར་ཆོས་འཁོར་བསྐོར།དགུང་ལོ་ཞེ་བརྒྱད་པར་སྔགས་རིམ་ཆེན་མོ་བརྩམས།དགུང་ལོ་ང་གཅིག་པར་གོང་མ་ཡུང་ལོ་རྒྱས་པོས་འཇའ་ས་དང་གསེར་ཡིག ཕྱག་རྟེན་བཅས་གནང་ནས་ལན་གསུམ་བར་དུ་གདན་འདྲེན་ཞུས་ཀྱང་སྐུ་བྲེལ་ཆེ་བས་མ་ཕེབས།དགུང་ལོ་ང་གཉིས་པར་ལྷ་སར་ཆོས་འཕྲུལ་ཆེན་མོའི་སྨོན་ལམ་བཙུགས།དགུང་ལོ་ང་གསུམ་པ་ར་དགའ་ལྡན་དགོན་པ་བཏབ།དགོང་ལོ་ང་དྲུག་པར་དགའ་ལྡན་དུ་སྟག་རྩེའི་སྒྲུབ་མཆོད་སྤེལ་བ་བཅས་མཛད་ཆེན་རྣམ་བཞིས་བསྟན་འགྲོའི་འདོད་དོན་བསྐངས།ཁོང་གི་སློབ་མ་གྲགས་ཆེ་བ་ནི་རྒྱལ་ཚབ་དར་མ་རིན་ཆེན།མཁས་གྲུབ་དགེ་ལེགས་དཔལ་བཟང་།རྗེ་དགེ་འདུན་གྲུབ།འདུལ་འཛིན་གྲགས་པ་རྒྱལ་མཚན།འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན།བྱམས་ཆེན་ཆོས་རྗེ་ཤྰཀྱ་ཡེ་ཤེས།རྒྱུན་ཆེན་ཀུན་དགའ་དོན་གྲུབ།རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་བཅས་ཡིན།ཁོང་གི་གསུང་རྩོམ་ནི་བྱང་ཆུབ་ལམ་རིམ་དང་།ལེགས་བཤད་གསེར་་ཕྲེང་།རིམ་ལྔ་གསལ་སྒྲོན་བཅས་ཆོས་ཚན་ཆིག་བརྒྱ་བརྒྱད་ཅུ་གྱ་ལྔ་ཡོད་པ་རྣམས་པོད་བཅུ་དགུ་ནང་དུ་བསྡུས་ནས་བཞུགས་སོ།ཁོང་ནི་དགེ་ལྡན་གྲུབ་མཐའི་སྲོལ་གཏོད་མཁན་ཡིན་ལ་དགའ་ལྡན་ཁྲི་པའི་ཁྲི་རབས་དང་པོའང་ཡིན།
གཉིས་པ།ལྕང་སྐྱ་རོལ་བའི་རྡོ་རྗེ།
   ཁོང་ན་རབ་བྱུང་བཅུ་གཉིས་པའི་མེ་བྱ་སྟེ་སྤྱི་ལོ་༡༧༡༧ལོར་མདོ་སྨད་བྱང་ཕྱོགས་ཀྱི་ལང་གྲུ་སྡེ་བཞིའི་ནུབ་པ་ད་མའི་སྡེ་བའི་ཆར་གཏོགས་འབྲོག་གནས་བྲག་དཀར་གྱི་ལུང་བ།ད་ལྟའི་ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་འདན་མ་ཞང་ལ་ཡབ་ཆི་ཀྱྰ་ཚངས་པ་གུ་རུ་བསྟན་འཛིན་དང་ཡུམ་བུ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།རབ་བྱུང་བཅུ་གསུམ་པའི་མེ་ཕོ་རྟ་ལོ་སྟེ་སྤྱི་ལོ༡༧༨༦ལོར་རི་བོ་རྩེ་ལྔར་སྐུ་གཤེགས།ཁོང་དགུང་ལོ་བཞི་བར་ཀུན་མཁྱེན་དཀོན་མཆོག་འཇིགས་མེད་དབང་བོས་ལྕང་སྐྱ་བློ་བཟང་ཆོས་ལྡན་གྱི་ཡང་སྲིད་དུ་ཐུགས་ཐག་བཅད།དེ་ནས་ལྕང་སྐྱ་གོང་མའི་སློབ་མ་ཨ་རྩེ་ཆོས་རྗེ་བློ་བཟང་ཆོས་འཛིན་སློབ་དཔོན་དུ་བསྟེན་ནས་ཡི་གེའི་འབྲི་ཀློག་དང་ཆོས་སྤྱོད་གསོལ་འདེབས་བཅས་ལ་ལེགས་པར་སྦྱངས།དགུང་ལོ་བདུན་པར་རྗེ་བློ་བཟང་ཆོས་འཛིན་རྒྱལ་མཚན་གྱི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས།དགུང་ལོ་བརྒྱད་པར་གོང་མ་ཡུང་ཏྲིང་གིས་གདན་འདྲེན་ཞུས་པ་ལྟར་པེ་ཅིན་དུ་ཕེབས་ནས་ཟུང་གྲུ་ཟི་དགོན་པའི་ཁྲི་ལ་ཞབས་ཀྱི་པད་མ་བཀོད།གོང་མས་ལྕང་སྐྱ་ལ་བྱམས་བརྩེ་འགྲོ་བ་ཡོངས་ཀྱི་སྤྱི་བོ་ནས་དབང་བསྐུར་བའི་ཀུན་མཁྱེན་བླ་མ་ཞེས་པའི་མཚན་སྙན་དང་།གསེར་སྲོང་བརྒྱད་ཅུ་ལས་བྱས་པའི་ཐམ་ག་གསེར་ཡིག་བཅས་གནང་སྟེ་ཆབ་སྲིད་ཆེན་པོའི་བླ་མར་བཀུར།དགུང་ལོ་བཅུ་དགུ་བར་གོང་མའི་བཀའ་ལྟར་དབུས་སུ་ཕེབས་ཏེ་རྒྱལ་དབང་བསྐལ་བཟང་རྒྱ་མཚོ་ཁྲི་ལ་བཀོད་མཛད།པན་ཆེན་བློ་བཟང་ཡེ་ཤེས་ཀྱི་མདུན་ནས་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་མནོས་ཏེ་མཚན་ལ་ཡེ་ཤེས་བསྟན་པའི་སྒྲོན་མེ་ཞེས་གསོལ།དགུང་ལོ་ཉེར་ལྔ་བར་གོང་མ་ཆན་ལུང་གི་བཀའ་ལྟར་བསྟན་འགྱུར་སོག་ཡིག་ཏུ་བསྒྱུར་བས་ཕྱིས་སུ་པེ་ཅིན་དུ་པར་ཤིང་བརྐོས་ཡོད།དེ་ནས་མི་རིང་བར་དགའ་ལྡན་བྱིན་ཆགས་གླིང་དང་དབེན་དགོན་དམ་ཆོས་དགའ་ཚལ།གདུགས་དཀར་ལྷ་ཁང་སུམ་ཐོག་ཅན།རྒྱ་གར་ལྷ་ཁང་།ཞེ་ཧོར་སྐྱེད་ཚལ་གྱི་ཉེ་འདེབས་ས་བསམ་ཡས་གཙུག་ལག་ཁང་ལ་དཔེ་བླངས་ནས་བཞེངས་པའི་དགོན་པ་སོགས་པེ་ཅིན་དུ་བོད་ལུགས་ཀྱི་དགོན་པ་མང་པོ་གསར་དུ་བཞེངས་ཏེ་གོང་མ་ལའང་བོད་ཡིག་བསླབས་ཤིང་ཟབ་ཆོས་རྣམས་ཀྱང་རིམ་གྱིས་ཕུལ།དགུང་ལོ་ཞེ་གཅིག་པར་གོང་མའི་བཀའ་བཞིན་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་བཙལ་བར་དབུས་སུ་ཕེབས།དགུང་ལོ་ང་ལྔ་བར་གོང་མའི་བཀའ་བཞིན་བཀའ་འགྱུར་མན་ཇུའི་སྐད་ཡིག་ཏུ་བསྒྱུར་བས་གོང་མ་ཐིགས་ཤིན་ཏུ་དགྱེས་ནས་ཁོང་ལ་བརྩི་བཀུར་མཛད་དོ།ཁོང་གི་གསུང་རྩོམ་ནི་བསྟན་བཅོས་ཆེ་ཆུང་ཆིག་བརྒྱ་བརྒྱད་ཅུ་གྱ་དགུ་ཡོད་པ་རྣམས་པོ་ཏི་བདུན་དུ་བསྡུས་ཏེ་པེ་ཅིན་དུ་ཤིང་བར་བརྐོས་ཡོད།ཁོང་གི་སློབ་མ་ནི་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་མང་དུ་མཆིས་སོ།
གསུམ་པ།ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། 
  ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་མོ་སྤྲུལ་ལོ་སྟེ་སྤྱི་ལོ་༡༧ལོར་མདོ་སྨད་ཕོ་རོད་ལང་གྲུའི་ཕུན་ཚོགས་ལུང་བར།ད་ལྟ་དཔའ་རིས་བོད་རིགས་རང་སྐྱོང་རྫོང་དོར་ཞི་ཞང་ཀྲི་ཁྲ་སྡེ་བར་ཕྲ་སྟི་རིགས་སུ་གྱུར་བའི་ཡབ་དཔུང་སྐྱབས་རྒྱལ་དང་།ཡུམ་བ་རི་བཟའ་ཆོས་མཚོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་༡༨༠༢ལོར་སྐུ་གཤེགས།ཁོང་དགུང་ལོ་དྲུག་པའི་སྟེང་དུ་ཀུན་མཁྱེན་འཇམ་དབྱངས་བཞད་པ་དཀོན་མཆོག་འཇིགས་མེད་དབང་པོས་ཐུའུ་བཀྭན་ངག་དབང་ཆོས་ཀྱི་རྒྱ་མཚོའི་སྐུ་ཕྲེང་དུ་ངོས་འཛིན་མཛད་དེ་དགོན་ལུང་དུ་གདན་འདྲེན་ཞུས།བདེ་རྒྭ་ངག་དབང་དགེ་ལེགས་རྒྱ་མཚོའི་དྲུང་དུ་དགེ་བསྙེན་བསྒྲུབས།དམར་གཙང་དཔོན་ཆུང་བློ་བཟང་ཆོས་འཛིན་ལས་ཡི་གེ་བསླབས།སུམ་པ་ཡེ་ཤེས་དཔལ་འབྱོར་ལས་རབ་ཏུ་བྱུང་།དགོན་ལུང་གི་ཆོས་གྲྭར་ཞུགས།དགུང་ལོ་བཅུ་གསུམ་པ་ར་ལྕང་སྐྱ་རོལ་བའི་རྡོ་རྗེ་ལས་དགེ་ཚུལ་བསྒྲུབས།དགུང་ལོ་བཅུ་གསུམ་པར་ལྕང་སྐྱ་རོལ་བའི་རྡོ་རྗེ་ལས་དགེ་ཚུལ་བསྒྲུབས།དགུང་ལོ་བཅུ་དགུ་བར་དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས།ཁོང་གིས་པཎ་ཆེན་དཔལ་ལྡན་ཡེ་ཤེས་དང་།ཀུན་མཁྱེན་འཇིགས་མེད་དབང་བོ།ཕུར་ལྕོག་བྱམས་པ་རིན་པོ་ཆེ།ལྕང་སྐྱ་རོལ་བའི་རྡོ་རྗེ།ས་སྐྱ་བདག་ཆེན་ཀུན་དགའ་བློ་གྲོས་སོགས་སློབ་དཔོན་བཅུ་ཕྲག་གསུམ་ལྷག་ལ་བསྟེན་ནས་མདོ་སྔགས་རིག་གནས་ཀྱི་གཞུང་ནས་ཞྭ་ལུ་མཁན་པོར་བསྐོས།དགུང་ལོ་ཉེར་ལྔ་བར་དགོན་ལུང་དགོན་པར་གོང་མའི་བཀའ་ལྟར་པེ་ཅིན་དུ་ཕེབས།གོང་མས་ཧོ་ཐོག་ཐུའི་གོ་ས་དང་ཆན་ཞིའི་ལུང་ལས་གནང་།ཁོང་གི་དཔོན་འབངས་ལ་བཀའ་ཆོས་གསུངས་པས་འཕྲིན་ལས་ཀྱིས་ས་སྟོང་ཁྱབ།དགུང་ལོ་སོ་གཉིས་པར་རང་དགོན་དུ་་ཕེབས།དགུང་ལོ་སོ་བདུན་པར་གོང་མའི་བཀའ་ལྟར་སླར་པེ་ཅིན་དུ་ཐེངས་གཉིས་པ་ཕེབས།དགུང་ལོ་ང་གསུམ་པར་སྐུ་འབུམ་དགོན་པའི་ཁྲི་བ་མཛད་ནས་འཆད་ཉན་གྱིས་དུས་འདའ་བར་མཛད་དོ།ཁོང་གི་གསུང་རྩོམ་ནི་རྣམ་ཐར་དང་རྟོགས་བརྗོད་སྣ་ཚོགས།རྩིས་རིག སྙན་ངག ཆབ་ཤོག གྲུབ་མཐའ།གསང་སྔགས་ཀྱི་སྐོར་བཅས་བསྟན་བཅོས་ལྔ་བརྒྱ་ཙམ་ཡོད་པ་པོ་ཏི་བཅོ་ལྔའི་བསྡུས་ཏེ་དགོན་ལུང་དུ་ཤིང་པར་བརྐོས་ཡོད།
བཞི་བ།ཐུའུ་བཀྭན་བློ་བཟང་དབང་ཕྱུག་བཤད་སྒྲུབ་རྒྱ་མཚོ།
    ཁོང་ནི་རབ་བྱུང་བཅུ་བཞི་བའི་ས་མོ་ཕག་མོ་སྟེ་སྤྱི་ལོ་༡༢༣༩ལོར་པྲ་ཏི་ཞྭ་དམར་རིགས།ད་ལྟའི་དཔའ་རིས་བོད་རིགས་རང་སྐྱོང་རྫོང་ཞྭ་དམར་ཞང་དུ་སྐུ་གཤེགས།ཁོང་འཇམ་དབྱངས་བཞད་པ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ས་དགེ་བསྙེན་དང་རབ་བྱུང་བསྒྲུབས།དགུང་ལོ་བཅུ་གསུམ་པར་སྐུ་འབུམ་དགོན་དུ་ཕེབས་ཏེ་སྐྱབས་རྗེ་ཆེ་ཤེས་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ་ཡོངས་འཛིན་དུ་བསྟེན་ནས་དཔལ་ལྡན་བཤད་སྒྲུབ་གླིང་གི་སྒོར་ཞུགས་ཤིང་མཚན་ཉིད་གཙོ་མཛད་པའི་ཆོས་བཀའ་མང་དུ་གསན།དགུང་ལོ་བཅོ་ལྔ་བར་གསེར་གྱི་རྒྱལ་ཁབ་ཆེན་མོར་བྱོན་ཏེ།གོང་མ་ཞན་བཏུན་རྒྱལ་པོས་མཇལ་ཕྲད་མཛད་ཅིང་གོང་མས་བརྩེ་གཟིགས་ཆེན་པོས་སྐུ་ཚེ་སྔ་མའི་འཇའ་ས་བཀའ་དྲིན་དུ་བསྩལ།དགུང་ལོ་བཅོ་བརྒྱད་པར་རང་ཡུལ་དུ་ཕེབས་ཏེ་སྐུ་འབུམ་དགོན་དུ་ཆིབས་བསྒྱུར་མཛད་ནས་ཆོས་འབྲེལ་གྱི་བཀའ་དྲིན་གནང་།དེ་ནས་དགོན་ལུང་དུ་བྱོན་ཏེ་བཀའ་པོད་ལྔའི་གཞུང་ཐོས་བསམ་ནང་བྱན་ཆུབ་པར་མཛད།ཁོང་གིས་ལྷག་པར་དུ་སུམ་པ་མཁན་ཆེན་དང་།སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མ།ཡོངས་འཛིན་ཞང་ལ་རབ་འབྱམས་པ་བསྟན་པ་རྒྱ་མཚོ་སོགས་ལ་བསྟེན་ནས་སྔ་ཕྱི་ལན་དུ་མར་མདོ་སྔགས་ཀྱི་ཆོས་རྒྱུན་མང་པོས་ཐུགས་ཀྱི་བང་མཛོད་ཡོངས་སུ་གང་།ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་གཞི་རྩ་ཡོངས་སུ་བརྟེན་པའི་སྒོ་ནས་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་པ་ལ་ཐུགས་དམ་ཉམས་བཞེས་ནན་ཏན་དུ་མཛད།གོང་མའི་ཕོ་བྲང་དུ་ལན་དུ་མར་ཕེབས་ཏེ་བསྟེན་འགྲོའི་དོན་ཆེན་སྤེལ་བ་དང་།གོང་མའི་ཆབ་སྲིད་ལ་སྨན་པའི་མཛད་འཕྲིན་ལེ་ཤོར་མེད་པར་བསྐྱངས།རང་དགོན་དུ་སྐུ་གསུང་ཐུགས་རྟེན་གཙུག་ལག་ཁང་དང་བཅས་པ་ལན་དུ་མར་བཞེངས་པ་སོགས་ཆོས་སྲིད་ཀྱི་བཀའ་དྲིན་ཚད་མེད་པ་མཛད།དགུང་ལོ་ལྔ་བཅུ་ང་ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས།ཁོང་ནི་ཐུའུ་བཀྭན་ངག་དབང་ཆོས་ཀྱི་རྒྱ་མཚོ་ནས་བརྩིས་པའི་ཐུའུ་བཀྭན་གྱི་སྐུ་ཕྲེང་ལྔ་བ་ཡིན་ནོ།
ལྔ་བ།སྟོང་འཁོར་བློ་བཟང་བྱང་ཆུབ་བསྟན་འཛིན་རྒྱ་མཚོ།
   ཁོང་ནི་རབ་བྱུང་བཅོ་ལྔ་བའི་ལྕགས་མོ་བྱ་ལོ་སྟེ་སྤྱི་ལོ་༡༩༢༡ལོར་དཔའ་རིས་ཆུ་བཟང་ལང་བ།ད་ལྟའི་དཔའ་རིས་བོད་རིགས་རང་སྐྱོང་རྫོང་མཆོད་རྟེན་ཐང་དགོན་པའི་ཉེ་འདབས་ཀྱི་ཆུ་བཟང་ལུང་སྡེ་བར་སྔོ་ཁོ་ཚ་རྒྱུད་དུ་ཡབ་བསམ་གྲུབ་ཚེ་རིང་དང་།ཡུམ་ཨ་མ་སྐྱིད་མོ་དཀར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།རབ་བྱུང་བཅུ་དྲུག་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ་༡༩༨༢ལོར་རྒྱ་གར་ཀ་ལོན་སྦུག་ཏུ་སྐུ་གཤེགས།ཁོང་དགུང་ལོ་ཆུང་ངུའི་དུས་ནས་སྐུ་གོང་མ་སྟོང་འཁོར་བློ་བཟང་ཐུབ་བསྟན་ལུང་རྟོགས་བཤད་སྒྲུབ་རྒྱ་མཚོའི་སྤྲུལ་སྐུར་ངོས་འཛིན་བྱས།དགུང་ལོ་བདུན་པར་སྟོང་འཁོར་དགོན་དུ་གདན་འདྲེན་ཞུས་ཤིང་།ཆེ་ཤོས་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེ་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས།དེ་ནས་སྐུ་འབུམ་དགོན་གྱི་ཆོས་གྲྭར་ཞུགས་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་མཛད་ཅིང་རིགས་ལམ་ལ་མཁས་པའི་གྲགས་པ་ཐོབ།ཐུན་མོང་རིག་གནས་ཀྱི་སྐོར་ལ་ཡང་སྦྱངས་པ་དཔྱིས་ཕྱིན་པ་མཛད།དགུང་ལོ་ཉེར་གསུམ་པ་རབ་བྱུང་བཅུ་དྲུག་པའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་༡༩༤༣ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲི་ལ་བཞུགས།དེའི་ཕྱི་ལོ་པན་ཆེན་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་ཁྲི་ལ་བཞུགས།དེའི་ཕྱི་ལོ་པན་ཆེན་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་ཁྲི་འདོན་གྱི་མཛད་སྒོ་ལ་ཞུགས།དགུང་ལོ་སོ་གསུམ་པ་རབ་བྱུང་བཅུ་དྲུག་པའི་ཆུ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་༡༩༥༦ལོར་པེ་ཅིན་དང་།ནང་སོག ཏུང་པིན་སོགས་སུ་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་འབྲས་གསར་བར་གཟིགས་སྐོར་དུ་ཕེབས།དགོང་ལོ་སོ་བདུན་པ་རབ་བྱུང་བཅུ་དྲུག་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་༡༩༥༧ལོར་རྒྱ་གར་དུ་གནས་མཇལ་ཞིང་དེ་ནས་ཀ་ལོན་སྦུག་ཏུ་བཞུགས་ཏེ་ཆོས་ཀྱི་འཁོར་རྒྱ་ཆེར་བསྐོར།དེ་ལྟར་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ་དགུང་ལོ་དྲུག་ཅུ་རེ་གསུམ་པ་ར་དགོངས་པ་ཆོས་དབྱིངས་སུ་འཐིམས།ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཨ་ལགས་དོར་ཞི་གདོང་དྲུག་སྙེམས་བློ་སོགས་མང་དུ་བྱོན།ཁོང་ནི་སྟོང་འཁོར་སྐུ་ཕྲེང་བཅུ་གསུམ་པར་ཡིན་ནོ།
དྲུག་པ།འདན་མ་དཔལ་ལྡན་ཐུབ་བསྟན་རྒྱ་མཚོ།
  ཁོང་ནི་དཔའ་རིས་དགོན་ལུང་བ་བཟའ་ཀན་ཆེན་དགོན་པའི་འདམ་མ་བླ་མ་སྐུ་ཕྲེང་ལྔ་བ་ཡིན་ལ།སྤྱི་ལ་༡༧༧༤ལོར་རྒྱ་ཡག་འབྲོག་ཁུལ་དུ།ད་ལྟའི་དཔའ་རིས་བོད་རིགས་རང་སྐྱོང་རྫོང་རྒྱ་ཡག་ཞང་དུ་འཁྲུངས།ཕའི་མིང་ལ་དགེ་འདུན་རྒྱལ་དང་།མའི་མིང་ལ་པྲ་སྟི་ཚེ་རིང་འཚོ་ཟེར།སྤྱི་ལོ་༡༧༧༨ལོར་ཁོང་ཉིད་དགུང་ལོ་ལྔ་བའི་དུས་སུ་ཆོས་ཁྲིར་བཞུགས།རམ་འབྱམས་་པ་ངག་དབང་ནོར་བུར་དགེ་རྒན་བསྟེན་ནས་ཡེ་གེ་སྦྱོང་།རྗེས་སུ་རྒན་འདི་ལ་བསྟེན་ནས་བཀའ་འགྱུར་སྦྱངས།སྤྱི་ལོ་༡༧༩༥ལོར་དབུས་གཙང་དུ་སོང་ནས་འབྲས་སྤུངས་དགོན་པའི་སྒོ་མང་གྲྭ་ཚང་དུ་བཞུགས་ནས་དགེ་བཤེས་བག་རུ།དགེ་བཤེས་ཐུབ་བསྟན་ཉི་མ་སོགས་དགེ་བཤེས་མང་བོར་བསྟེན་ནས་སློབ་སྦྱོང་བྱས།མདོ་སྨད་ཡུལ་དུ་ལོག་ནས་འཇམ་དབྱང་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་བོ་དང་གུང་ཐང་འཇམ་པའི་དབྱང་།ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ།མཆོག་བཟང་ངག་དབང་ཐུབ་བསྟེན་དབང་ཕྱུག་ཏ་ལའི་ཧའུ་ཐུའུ་ཁུ་ཐུ་སྐལ་བཟང་ཐུབ་བསྟན་རོབ་སྐྱིད་སོགས་ཀྱི་དྲུང་དུ་ཞབས་ཞུ་བྱས་པ་དང་ཞོར་དུ་མདོ་སྔགས་རིག་གནས་སྦྱངས་ནས་རིག་གནས་རྒྱ་ཆེན་པོར་མཁྱེན་སོང་།སྤྱི་ལོ་༡༨༠༩ལོ་དང་སྤྱི་ལོ་༡༨༡༩ལོར་དགོང་ལུང་བྱམས་པ་གླིང་གི་གདན་སའི་མཁན་རབས་ང་བཅུ་ང་གཅིག་དང་ང་བཅུ་ང་ལྔ་བའི་འགན་ཁུར་མཛད།དེ་རྗེས་སུ་སྐུ་འབུམ་བྱམས་པ་གླིང་དང་མཆོད་རྟེན་ཐང་དགོན་པའི་ཁྲི་བ་མཛད།ཁོང་ཉིད་དགོན་པ་བརྒྱ་ཕྲག་ཏུ་ཆོས་གསུངས་པ་དང་སློབ་སྦྱོང་བྱེད་དུ་སོང་ནས་གྲུབ་འབྲས་མང་བོ་ཐོབ།སྤྱི་ལོ་༡༨༤༧ལོར་ཁོང་ཉིད་དགུང་ལོ་༧༣ལོར་ཆོས་དབྱིངས་སུ་གཤེགས་སོང་།
བདུན་པ།ཨ་བན་ལྷ་རམས་པ་བསོད་ནམས་འོད་ཟེར།
   ཁོང་ནི་དཔའ་རིས་མཆོད་རྟེན་ཐང་དགོན་པའི་བླ་མ་ཡིན་ལ།འཁྲུངས་ལོ་ཕལ་ཆེར་སྟོང་འཁོར་རིན་པོ་ཆེ་སྐུ་ཕྲེང་བཞི་པ།སྤྱི་ལོ་༡༧༣༩ནས་༡༧༨༣བར་ནས་སྐུ་ཕྲེང་ལྔ་བ།སྤྱི་ལོ་༡༦༨༤ནས་སྤྱི་ལོ་༡༧༥༢བར་ཡིན་ལ།ཆུང་དུས་སུ་རིག་པ་གསལ་ཞིང་བརྩོན་པ་ཆེ།ནང་ཆོས་ལ་ནང་བྱན་ཆུད་པའི་ཆེད་དུ་དབུས་གཙང་འབྲས་སྤུངས་དགོན་པར་སོང་ནས་སློབ་སྦྱོང་བྱས།སྒོ་མང་གྲྭ་ཚང་དུ་དཔེ་ཚོགས་མང་པོར་ཧུར་བརྩོན་བྱས་མཐར་གསང་སྔགས་མཁྱེན།ལྷ་རམས་པའི་གོ་ས་ཐོབ།རྗེས་སུ་རང་ས་དཔའ་རིས་ཡུལ་དུ་ཕེབས་ནས་ཆོས་བཤད་མང་བོ་གནང་།མཆོད་རྟེན་ཐང་དགོན་པའི་ཆོས་ཁྲིར་བཞུགས་པའི་འགན་ཁུར་མཛད།སྔོ་ཁོ་སྐུ་ཕྲེང་གསུམ་པ་ངག་དབང་ལེགས་བཤད་ཉི་མའི་དགེ་རྒན་བྱས་མྱོང་།དགུང་ལོ་བདུན་ཅུ་ལྷག་ཙམ་དུ་སྐུ་གཤེགས།ཁོང་ཉིད་མི་ཚེ་གང་བོར་ཆོས་གསུངས་པ་དང་།སེམས་ཅན་ཐམས་ཅད་ལ་ཕན་པ་བསྒྲུབས་པས།བོད་ཡུལ་དང་སོག་པོའི་དད་པ་ཅན་རྣམས་ཀྱི་ཁོང་ལ་ཨ་བན་ལྷ་རམས་པ་ཞེས་འབོད།ཁོང་གིས་རིག་གནས་བཅུར་ལེགས་པར་མཁྱེན་པ་དང་མིང་གྲགས་པ་ཆེ་བས་སྐུ་གཤེགས་རྗེས་ཨ་བན་བླ་མ་སྐུ་ཕྲེང་དང་བོར་ངོས་འཛིན་བྱས།
བརྒྱད་པ།ལྷ་རམས་པ་བློ་བཟང་ཆོས་དར།
   ཁོང་ནི་དཔའ་རིས་ཡར་ལུང་དགོན་པའི་གྲྭ་བ་ཡིན་ལ།འཁྲུངས་ཡུལ་ཇག་རུང་ཆུ་བོའི་འབབ་རྒྱུན་གྱི་ཇག་རུང་ཐང་།ད་ལྟའི་དཔའ་རིས་བོད་རིགས་རང་སྐྱོང་རྫོང་བཀྲ་ཤིས་ཕྱུག་ལུང་ཞང་ཡིན།ཆུང་དུས་སུ་ཡར་ལུང་དགོན་པར་གྲྭ་བ་བྱས་ཏེ་བློ་གཅིག་སེམས་གཅིག་གིས་ནང་ཆོས་ལ་འཇུག་པའི་ཤེས་བྱའི་རྨང་གཞིར་སློབ་སྦྱོང་བྱས།རྗེས་སུ་སྐུ་འབུམ་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ནས་ཚད་མ་རྣམ་འགྲེལ་བཅས་ལ་སྦྱངས་པ་མཛད།དེ་ནས་དབུས་སུ་ཕེབས་ཤིང་འབྲས་སྤུངས་སྒོ་་མང་གྲྭ་ཚང་དུ་ཞུགས་ཏེ་གཞུང་བཀའ་པོད་ལྔར་སྦྱངས་པ་དཔྱིས་ཕྱིན་པ་མཛད།ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད་ནས་ལྷ་རམས་པའི་མིང་བཏགས་འཛིན།རྒྱལ་སྲས་རིན་པོ་ཆེ་སོགས་བཤེས་གཉེན་དམ་པ་དུ་མར་བསྟེན་ནས་མདོ་སྔགས་ཀྱི་ཟབ་ཁྲིད་མང་དུ་གསན་པར་མཛད།དབེན་པའི་གནས་དུ་མར་ཚོགས་བསགས་སྒྲིབ་སྦྱོང་དང་འབྲེལ་བའི་ཐུགས་དམ་ཟབ་མོ་ལ་རྟག་ཏུ་གཞོལ་བར་མཛད།དེ་ནས་སྡེ་བ་གཞུང་ནས་ཁལ་ཁ་ཁུ་རེལ་ཆེན་མོའི་ཏྰ་བླ་མར་ཕེབས་དགོས་ཀྱི་བཀའ་ལུང་བསྒྱུར་བ་བཞིན་བྱང་ཕྱོགས་ཁལ་ཁ་རྗེ་བཙུན་དམ་པའི་ཁུ་རེལ་ཆེན་མོར་ཕེབས་ཤིང་།རྗེ་བཙུན་དམ་པ་རིན་པོ་ཆེའི་ཞབས་འདེབས་ཀྱི་མཚོན་པའི་ཚན་ཁག་ཉེར་བདུན་ཀྱི་ཆོས་སྲིད་གཉིས་ཀའི་བྱ་མཐའ་དག་གོང་ནས་གོང་དུ་འཕེལ་བར་མཛད།དེ་ནས་རང་ཡུལ་དུ་ཕྱིར་ཕེབས་ཤིང་བསྟན་འགྲོར་སྨན་པའི་མཛད་པ་བདག་གིར་བཞེས།རབ་བྱུང་བཅུ་བཞི་བའི་ཆུ་མོ་ལུག་ལོ་སྟེ་སྤྱི་ལོ་༡༨༢༣ལོར་སྐུ་འབུམ་དུས་འཁོར་དཔོན་སློབ་ཀྱི་ཁྲི་ལ་བཞུགས་ཏེ་ལུགས་གཉིས་ཀྱི་སྒོ་ནས་འཛིན་སྐྱོང་བསམ་གྱིས་མི་ཁྱབ་པ་གནང་བ་ཡིན།ཁོང་ནི་དུས་འཁོར་དཔོན་སློབ་ཀྱི་ཁྲི་རབས་པ་གཉིས་པ་ཡིན་ནོ།
དགུ་བ།ལྷ་རམས་པ་གྲགས་པ་ཆོས་དར།
   ལྷ་རམས་པ་གྲགས་པ་ཆོས་དར་ནི་དཔའ་རིས་ཡར་ལུང་དགོན་པའི་གྲྭ་བ་ཡིན་ལ།ཆིང་རྒྱལ་རབས་སྐབས་སུ་དབུས་གཙང་དུ་སོང་ནས་འབྲས་སྤུངས་དགོན་པའི་སྒོ་མང་གྲྭ་ཚང་དུ་ཞུགས་ནས་མཐར་རམས་པའི་གོ་འཕང་ཐོབ།
བཅུ་བ།རྡོ་རམས་པ་མ་ཎི་བླ་མ།
   རྡོ་རམས་པ་མ་ཎི་བླ་མ་ནི་དཔའ་རིས་ཡར་ལུང་དགོན་པའི་གྲྭ་བ་ཡིན་ལ།ཆིང་རྒྱལ་རབས་སྐབས་ཀྱི་མི་ཡིན།བླ་བྲང་བཀྲ་ཤིས་འཁྱིལ་དུ་སོང་ནས་རྡོ་རམས་པའི་གོ་འཕང་ཐོབ།མཆོད་རྟེན་ཐང་དགོན་པ་མང་བོའི་གསེར་ཁྲི་ཐོག་ཏུ་བཞུགས་མྱོང་།

བཅུ་གཅིག་པ།དཔའ་རིས་ཨ་དན།
   དཔའ་རིས་ཨ་དན་ནི་ཡར་ལུང་དགོན་པའི་གྲྭ་བ་ཡིན་ལ།ཆིང་རྒྱལ་རབས་སྐབས་ཀྱི་མི་ཡིན།རྫེས་སུ་དབུས་གཙང་དུ་སློབ་སྦྱོང་བྱས་ཏུ་སོང་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཡི་ཐུགས་སྲས་ཏུ་གྱུར་སོང་།ཁོང་གིས་གར་རྩིས་ལ་ཞིབ་འཇུག་མང་བོ་བྱས་ཏེ་དབུས་གཙང་ཡུལ་གྱི་མིང་གྲགས་ཅན་གྱི་རྩིས་རིག་པའི་མཁས་པར་གྱུར་སོང་།གསུང་འབུམ་ཡང་མང་བོ་ཡོད།
བཅུ་གཉིས་པ།དགེ་བཤེས་ཆེན་མོ་འཇིགས་མེད་དམ་ཆོས།
   དགེ་བཤེས་ཆེན་མོ་འཇིགས་མེད་དམ་ཆོས།ཡང་མིང་གཞན་པ་དཔའ་རིས་དམ་ཆོས་ནི་དཔའ་རིས་ཕྱོགས་སུ་འཁྲུངས།འཁྲུངས་ས་དང་འཁྲུངས་འདས་ལོ་གསལ་བོར་མི་ཤེས།སྐུ་ན་ཆུང་དུས་སུ་དཔའ་རིས་ཡར་ལུང་དགོན་དུ་གྲྭ་བ་བྱས་ཏེ་ཧུར་བརྩོན་བྱས།རྗེས་སུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་སྦྱོང་བྱས་ཏུ་སོང་།གཞུང་བཀའ་པོད་ལྔར་སྦྱངས་པར་མཐར་ཕྱིན་ནས་དགེ་བཤེས་ཐོབ།བླ་རུང་དགོན་པའི་གསེར་ཁྲི་རྣམ་པ་བཞི་བའི་ནང་མི་ཞིག་ཡིན།བདེ་བ་ཚང་འཇམ་དབྱངས་ཐུབ་བསྟན་ཉི་མ་སྐུ་ཕྲེང་གསུམ་པས་གཅིག་གི་མི་ཡིན།ད་ལྟ་ཁོང་གིས་བརྩམས་པའི་དག་ཡིག་གསར་བསྒྲིགས་ཕྱོགས་ཀྱི་གསུང་འབུམ་གཉིས་ཡོད།དེ་ནང་ནས་དག་ཡིག་གསར་བསྒྲིགས་ཕྱོགས་ཀྱི་གསུང་འབུམ་གཉིས་ཡོད།དེ་ནང་ནས་དག་ཡིག་གསར་བསྒྲིགས་ཟེར་བའི་གསུང་འབུམ་དེ་ཀྲུང་དབྱང་མི་རིགས་དཔེ་སྐྲུན་ཁང་གིས་ཡང་བསྐྱར་པར་སྐྲུན་བྱས་ཡོད།ཁོང་གིས་གསར་གཏོད་བྱས་པའི་དག་ཡིག་གསར་བསྒྲིགས་བྱེད་སྟེངས་དེ་ནང་བསྟན་ལ་སྦྱངས་པར་མཐར་ཕྱིན་པའི་མཁས་ཆེན་དམ་པ་ཤེས་རབ་རྒྱ་མཚོ་ཡིས་གདེང་འཇོག་མཐོན་པོར་བཞག་ཡོད།
བཅུ་གསུམ་པ།པྲ་སྟི་རིན་ཆེན་དོན་གྲུབ།
   པྲ་སྟི་རིན་ཆེན་དོན་གྲུབ་ནི་དཔའ་རིས་ཡུལ་གྱི་མི་ཡིན་ལ།མི་ཚེ་གང་བོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་སྦྱོང་བྱས།ཁོང་གིས་བརྩམས་པའི་བརྡ་སྤྲོད་རིག་པའི་ཕྱོགས་བཅོས་བཟང་བོར་རྩིས་ཡོད་པས།བླ་བྲང་བཀྲ་ཤིས་འཁྱིལ་དང་བོད་ཁམས་དགོན་པའི་གྲྭ་བ་མང་ཤོས་ཀྱིས་བརྡ་སྤྲོད་རིག་པར་སྦྱང་བའི་སྤྱི་ཁྱབ་ཅན་གྱི་དཔེ་ཆར་གྱུར་བས།ཁོང་གི་གསུང་འབུམ་ལ་ཡང་པྲ་སྟི་གསུང་འབུམ་ཟེར།ཁོང་གི་འཁྲུངས་ལོ་དང་འདས་ལོ་གསལ་བོར་མི་ཤེས།
བཅུ་བཞི་བ།དགེ་བཤེས་ཆེན་མོ་དཔའ་རིས་བློ་བཟང་རབ་གསལ།
   མཁས་དབང་དཔའ་རིས་བློ་བཟང་རབ་གསལ།ཡོངས་གྲས་ཡར་ལུང་དགེ་བཤེས་ཆེན་མོར་འབོད་པ་འདི་ཉིད།རབ་བྱུང་བཅུ་བཞི་བའི་ལྕགས་བྱི་སྤྱི་ལོ་༡༨༤༠བར་དཔའ་རིས་ཡར་ལུང་ཐོས་བསམ་དར་རྒྱས་གླིང་གི་སྟག་ཀའི་དགོན་པ་ལུང་བའི་མཛོ་བུར་གོང་མའི་བྷུ་ཚང་།ད་ལྟའི་དཔའ་རིས་བོད་རིགས་རང་སྐྱོང་རྫོང་ཡར་ལུང་དགོན་ཉེ་འདབས་ཀྱི་དགོན་ལུངུ་སྡེ་བའི་སྟོབས་ཚང་ཚོ་བའི་འབྲོག་ཁྱིམ་དུ་འཁྲུངས།སྐུ་ན་ཆུང་དུས་ཡར་ལུང་དགོན་པའི་ཚོགས་སུ་ཞུགས།སྐུ་གཞོན་དུས་ཤ་བོ་ལུང་དགེ་བཤེས་ཆོས་གྲགས་ཚང་དང་ལྷན་དུ་བླ་བྲང་ཆོས་སྡེ་ཆེན་མོ་དགའ་ལྡན་བཤད་སྒྲུབ་དར་རྒྱས་བཀྲ་ཤིས་འཁྱིལ་ལ་བྱོན་ནས་ཐུགས་གཉེར་གནང་།སྐུ་ཆས་ཤིས་ཏུ་བཀྲེན་ཡང་།དཀར་སྤྱད་བཟོད་པའི་གོ་ཆ་བརྟན་པོར་བགོས་ཏེ།ལོ་བཅོ་བརྒྱད་རིང་ལ།མདོ་ཕྱོགས་བཀའ་པོད་ལྔ་དང་སྔགས་ཕྱོགས་རྒྱུད་སྡེ་བཞི།ཐུན་མོང་བའི་རིག་གནས་སོགས་སྦྱངས་པ་ཕུལ་དུ་ཕྱིན་ཅིང་།རྡོ་རམས་པའི་དམ་བཅའ་བཞེས།དེ་ནས་སྔ་ཕྱིར་མཚོ་སྔོན་ཕྱོགས་ཀྱི་རོང་བོ་དགོན་ཆེན།བྱ་ཁྱུང་དགོན་ཆེན་བཤད་སྒྲུབ་གླིང་།ཨ་རིགས་དགོན་ཆེན།སྐུ་འབུམ་བྱམས་པ་གླིང་།དགོན་གླིང་བྱམས་པ་གླིང་།ཆུ་བཟང་གསེར་ཁོག་དགོན་པ་སོགས་དང་།དཔའ་རིས་ཏེས་ཐུང་དགོན་ཆེན།མཆོད་རྟེན་ཐང་གི་བཀྲ་ཤེས་གླིང་སོགས་མདོ་སྨད་ཀྱི་མཚན་ཉིད་ཀྱི་མཚན་ཉིད་ཀྱི་བཤད་གྲྭ་མང་བོར་ཕེབས་ནས།གཞུང་ཆེན་པོའི་གྲྭ་སྐོར་མཛད་ཅིང་སློབ་གཉེར་ལ་རྟིང་སྐུལ་བྱས།ཁམས་ཀྱི་མཁན་ཆེན་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་དང་རྗེ་ཙོང་ཁ་པའི་དབུ་མའི་འདོད་ཚུལ་ཐད་ལུང་རིགས་ཀྱིས་བརྒལ་ལན་གནང་རེས་མཛད་པས་མཁས་པའི་གྲགས་པ་ཡོངས་སུ་ཁྱབ།མཛེས་བྱེད་ཆུ་ཡོས་སྤྱི་ལོ་༡༩༠༣པར།ཨ་ལག་ཤའི་དགའ་ལྡན་ཕུན་ཚོགས་གླིང་དུ་གདན་དྲངས་ནས་མཁན་ཁྲི་མཛད།མེ་ཕོ་རྟ་ལོ་སྟེ་སྤྱི་ལོ་༡༩༠༦པའི་ཟླ་དགུ་བར།རྒྱལ་དབང་བཅུ་གསུམ་པ་རྒྱལ་ས་པེ་ཅིན་དུ་ཕེབས་པའི་ལམ་བར།སྐུ་འབུམ་དུ་ལོ་གཅིག་བཞུགས་རིང་།དཔའ་རིས་རབ་གསལ་འདི་བ་དང་གསུང་གླེང་ཞིབ་རྒྱས་མང་དུ་མཛད་ཅིང་ང་།རིག་གནས་ཀྱི་ཡོངས་འཛིན་དུ་བཀུར།རྒྱལ་དབང་བཅུ་གསུམ་པའི་སྐུ་རྗེས་འབྲངས་ནས་ནང་སོག་དང་།རྒྱ་ནག་རི་བོ་རྩེ་ལྔ་དང་།པེ་ཅིན་སོགས་སུ་ཕེབས་གྲོགས་མཛད།སྔ་ཕྱིར་ཨ་རིག་དགོན་ཆེན་དང་།ཏེས་ཐུང་སོགས་སུ་དུས་འཁོར་དབང་ཆེན་གནང་བས་མཚོན།མདོ་སྨད་ཡུལ་དུ་དམ་པའི་ཆོས་ཀྱི་ཆར་ཆེན་ཕབ་ཅིང་།སློབ་མས་ས་སྟེང་གང་།ཡོངས་འཛིན་ཆུ་བྱི་སྤྱི་ལོ༡༩༡༢པར་གཟུགས་སྐུ་རགས་པའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བར་མཛད་དོ།འདི་བ་ཚང་གི་ཕྱག་རྩོམ་གསུང་འབམ་དང་།ཁོང་གིས་སྐྱོང་ཁུར་བསྣམས་པའི་ཡར་ལུང་དགོན་དུ་ཕྱག་བྲིས་གཉིས་དང་།སྐུ་འབུམ་ན་ཁོང་གི་ལན་ཛུའི་ཕྱག་བྲིས་ཡོད་སྐད།གཞན་དག་དུས་འགྱུར་དབང་གིས་ཡིག་ཚང་སོགས་ཉམས་ཆེ་བ།
བཅོ་ལྔ་བ།དགེ་བཤེས་ཆེན་མོ་བློ་བཟང་ཆོས་འཕེལ།
   དགེ་བཤེས་ཆེན་མོ་བློ་བཟང་ཆོས་འཕེལ་ཡང་མིང་གཞན་པ་དཔའ་རིས་རྐང་རྗེས།ཁོང་ཉིད་འཁྲུསངས་ཡུལ་དཔའ་རིས་ཕྱོགས་ཡིན་ལ།ཆིང་རྒྱལ་རབས་དུས་མཇུག་ཏུ་ཨ་མདོ་ཡུལ་གྱི་མཁས་པ་གྲགས་ཅན་ཡིན།སྐུ་ན་གཞོན་དུས་སུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཐོས་བསམ་གླིང་དུ་ཞུགས་ནས་གཞུང་བཀའ་པོད་ལྔ་དང་རིག་གནས་ཆེ་ཆུང་བཅུ་་ལ་མཁྱེན་པས།བོད་གངས་ཅན་དུ་མིང་གྲགས་ཆེན་པོར་ཐོབ་ཡོད།
བཅུ་དྲུག་པ།རྡོ་རམས་པ་ངག་དབང་འོད་ཟེར།
   རྡོ་རམས་པ་ངག་དབང་འོད་ཟེར་ནི་དཔའ་རིས་མཆོད་རྟེན་ཐང་དགོན་པའི་གྲྭ་བ་ཡིན་ལ།སྤྱི་ལོ་༡༩༠༡ལོར་ད་ལྟའི་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གི་ཉེ་འདབས་ཀྱི་འབྲོག་ཁྱིམ་དུ་འཁྲུངས།དགུང་ལོ་བདུན་པའི་དུས་སུ་མཆོད་རྟེན་ཐང་དགོན་པར་སོང་ནས་གྲྭ་བ་བྱས།སྤྱི་ལོ་༡༩༢༠ལོར་བླ་བྲང་བཀྲ་ཤིས་འཁྱིལ་ཏུ་སོང་ནས་ཐོས་བསམ་དར་རྒྱས་གླིང་དུ་ཞུགས་ནས་སྐལ་བཟང་ལེགས་བཤད་རྒྱ་མཚོ་སོགས་དགེ་རྒན་མང་བོར་བསྟེན་ནས་དཀའ་ཁག་མང་པོ་སྤྱད་ནས་གཞུང་བཀའ་པོད་ལྔ་གཙོ་བྱས་པའི་མདོ་སྔགས་རིག་གནས་ལ་སྦྱངས་མཐར་སྤྱི་ལོ་༡༩༥༤ལོའི་དཔྱིད་ཀའི་སྨོན་ལམ་ཆེན་མོའི་ཐོག་ཏུ་རྩོད་པ་བྱས་ནས་མཇུག་ཏུ་རྡོ་རམས་པ་ཐོབ།ཁོང་ཉིད་ངོ་ཧ་ཅང་ནག་པོས་གྲྭ་བ་གཞན་པས་ཁོང་ལ་དཔའ་རིས་ནག་རི་ཞེས་འབོད།ཁོང་ཉིད་ནི་དཔའ་རིས་མཆོད་རྟེན་ཐང་དགོན་པའི་གྲྭ་བས་རྡོ་རམས་པའི་གོ་འཕང་ཐོབ་པའི་མཐར་མཇུག་གི་གྲྭ་བ་ཡིན།སྤྱི་ལོ་༡༩༥༦ལོར་སྐུ་གཤེགས།
བཅུ་བདུན་པ།སྔོ་ཁོ་བླ་མ་སྐུ་ཕྲེང་གཉིས་པ་ངག་དབང་ལེགས་བཤད་ཉི་མ།
   ཁོང་ནི་དཔའ་རིས་ས་ཆར་མིང་གྲགས་ཅན་གྱི་མཁས་ཆེན་དམ་པ་ཡིན་ལ།སྤྱི་ལོ་༡༨༠༢ལོར་དཔའ་རིས་དགོན་ལུང་ཉེ་འདབས་ཀྱི་ཟབ་ལུང་ནང་།ད་ལྟའི་མཚོ་སྔོན་ཞིང་ཆེན་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་རྒྱ་ཏིག་བོད་རིགས་རང་སྐྱོང་ཞང་ཟབ་ལུང་ནང་དུ་སྐུ་འཁྲུངས།ལོ་ངོ་བདུན་ཅུ་ཐོག་གཤེགས་སོང་།སྐུ་ན་ཆུང་དུས་སུ་མཆོད་རྟེན་ཐང་དུ་ཞུགས་ནས་ཆོས་ཁྲིར་བཞུགས་རྗེས་མཁས་ཆེན་ཨ་བན་ལྷ་རམས་པ་དང་ཚང་འ་དཀོན་མཆོག་རྒྱ་མཚོ་གཉིས་ལ་དགེ་རྒན་བསྟེན།རྗེས་སུ་བླ་བྲང་བཀྲ་ཤིས་འཁྱིལ་ཏུ་སོང་ནས་རབ་རྒན་འཇམ་དབྱངས་ལ་དགེ་རྒན་བསྟེན་ནས་སློབ་སྦྱོང་བྱས།དགུང་ལོ་༢༩བར་བླ་རུང་དགོན་པས་གསར་བཙུགས་པའི་རྭ་སྒྲེང་འཇམ་དབྱང་གསེར་སྐུ་མདུན་དུ་རྩོད་པའི་དམ་བཅའ་ནས་མཁས་པའི་གོ་འཕང་ཐོབ།ཁོང་ཉིད་སྔ་ཕྱིར་བླ་ཆེན་འཇམ་དབྱང་བཞད་པ་དགེ་སློབ་གཉིས་དང་ཚང་འ་དགེ་གཉིས་སོགས་མཁས་པ་ཉི་ཤུ་ལྷག་ཙམ་ལ་བརྟེན་ནས་མདོ་སྔགས་རིག་གནས་དང་རིག་གནས་བཅུ་ལ་བྱང་ཆུབ་ནས་མིང་གྲགས་ཅན་གྱི་མཁས་པར་གྱུར་སོང་།མཆོད་རྟེན་ཐང་དུ་ཕྱིར་ལོག་ནས་དུས་འཁོར་གླིང་གི་མཁན་པོ་ཐེངས་དང་བོའི་འགན་ཁུར་མཛད་པ་དང་།མཆོད་རྟེན་ཐང་དགོན་པའི་དགོན་བདག་དང་སྟོང་འཁོར་སྐུ་ཕྲེང་དགུ་བའི་དགེ་རྒན་བྱས་པའི་འགན་ཁུར་མཛད་ནས་མི་རྣམས་ཀྱིས་ཁོང་ལ་སྔོ་ཁོ་ཡོངས་འཛིན་དུ་འབོད།སྔོ་ཁོ་བླ་མ་སྐུ་ཕྲེང་འདི་རིག་གནས་མཁས་པས་སློབ་མ་མང་བོ་ཡོད།སྐབས་དེར་འཇའ་མན་ནས་ཡོང་བའི་མཁས་པ་གཉིས་ཀས་ཁོང་དང་རྩོད་པ་བྱས་ཏེ་ཕམ་ནས་ཁོང་གི་མདུན་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོར་གྱུར།ཁོང་གིས་གསུང་འབུམ་གཙོ་བོ་ནི་སའི་གོ་ལའི་མཚན་ཉིད་སོགས་མང་པོ་བརྩམས་ཡོད།
བཅོ་བརྒྱད་པ།རྒྱ་ཏིག་སྐུ་ཕྲེང་རགསུམ་པ་དཀོན་མཆོག་རྒྱ་མཚོ།
   ཁོང་ནི་སྤྱི་ལོ༡༨༩༠ལོར་སྐུ་འཁྲུངས།པན་ཆེན་སྐུ་ཕྲེང་དགུ་བས་ཁོང་རྒྱ་ཏིག་བླ་མ་སྐུ་ཕྲེང་དགུ་བས་ཁོང་རྒྱ་ཏིག་བླ་མ་སྐུ་ཕྲེང་གསུམ་པར་གཏན་འཁེལ་བྱས།སྤྱི་ལོ༡༩༠༡ལོར་ཟབ་ལུང་དགོན་ཆོས་ཁྲིར་བཞུགས།སྐུ་ན་ཆུང་དུས་སུ་བླ་བྲང་བཀྲ་ཤིས་འཁྱིལ་དང་བྱ་ཁྱུང་དགོན་པར་སློབ་སྦྱོང་བྱས་ཏུ་སོང་།དགེ་བཤེས་ཨ་གུ་གྲགས་པ།ལ་ཁོག་རིན་པོ་ཆེ།བྱང་ཁོག་འཇིགས་མེད།དགེ་བཤེས་ཆེན་མོ་ལྷ་མོ་ཚུལ་ཁྲིམས།ཤེས་རབ་རྒྱ་མཚོ་སོགས་མདུན་དུ་དགེ་རྒན་བསྟེན་ནས་རིག་གནས་བཅུར་སྦྱངས།མདོ་སྔགས་རིག་གནས་ལ་མཁས་པ།མི་ཚེ་གང་བོར་དཔེ་ཚོགས་མཇལ་ཏེ་ཨ་མདོ་རིག་གནས་ལ་མཁས་པ།མི་ཚེ་གང་བོར་དཔེ་ཚོགས་མཇལ་ཏེ་ཨ་མདོ་ཡུལ་གྱི་ཕྱོགས་ཀུན་དུ་ཤུགས་རྐྱེན་ཆེན་པོ་ཡོད།ཏ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་ཁོང་གི་ཡོན་ཏན་དང་སྤྱོད་པ་གཉིས་ལ་དགའ་བས་མཁས་པའི་མཚན་སྦྱིན།ལོ་ངོ་ལྔ་བཅུ་བའི་རིང་ལ་ཟང་ལུང་དགོན་པའི་གཉེར་བ་བྱས།མཆོད་རྟེན་ཐང་དགོན་པ་དང་ཀན་ཆེན་དགོན་པའི་ཆོས་ཁྲིར་བཞུགས་མྱོང་།ཁོང་ཉིད་སྐབས་དེའི་མཚོ་སྔོན་ཞིང་ཆེན་གྱི་ཀྲའུ་ཞུ་མྰ་ལའེ་དང་སྤུན་ཟླ་བསྒྲིགས་པས།མྰ་ལའེ་ཡི་ཚ་མྰ་པུ་ཧྥང་གིས་དཔའ་རིས་འཇུ་ལག་ཆུ་བོར་དབང་བསྒྱུར་སྐབས་སུ་བོད་མིས་དམག་དཔུང་དུ་འགྲོ་མི་དགོས་པ་དང་།མཆོད་རྟེན་ཐང་དང་འཇུ་ལག་ཕྱོགས་ཀྱི་ནགས་ཚལ་ལ་སྲུང་སྐྱོང་བྱས་པའི་ཕྱོགས་ནུས་པ་ཆེན་པོར་ཐོབ་ཡོད།ཁོང་ཉིད་སྤྱི་ལོ་༡༩༥༨ལོར་སྐུ་གཤེགས།


བཅུ་དགུ་བ།ཚང་ང་སྐུ་ཕྲེང་དང་བོ་དཀོན་མཆོག་རྒྱ་མཚོ།
   ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་ཏུ་སོང་ནས་དགེ་བཤེས་ཐོབ་ཡོད།མདོ་སྔགས་རིག་གནས་ལ་མཁས་པ།ཁྱད་པར་དུ་རྩིས་རིག་པར་མཁས་པ།ལོ་ངོ་བཞི་ཅུ་བའི་ནང་དུ་ཉིན་མཚན་ལྟོས་མེད་དུ་ཆོས་སྦྱོངས།མཆོད་རྟེན་ཐང་དགོན་པའི་མཁན་པོའི་འབད་བརྩོན་བྱས།དུས་འཁོར་གླིང་གསར་བསྐྲུན་བྱས་པ་དེ་ནི་ཁོང་གིས་མཛད་རྗེས་ཡིན།ཁོང་ཉིད་དགུང་ལོ་བདུན་ཅུ་ཐོག་ཏུ་གཤེགས་སོང་།
ཉི་ཤུ།དཔའ་རིས་སངས་རྒྱས། 
   དགེ་རྒན་ཆེན་མོ་དཔའ་རིས་སངས་རྒྱས་ནི།སྤྱི་ལོ་ཆིག་སྟོང་དགུ་བརྒྱ་སོ་གཅིག་པར།དཔའ་རིས་བོད་རིགས་རང་སྐྱོང་རྫོང་བཀྲ་ཤིས་ཕྱུག་ལུང་ཐང་དུ་སྐུ་འཁྲུངས།སྤྱི་ལོ་༡༩༥༤ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སྐད་ཡིག་སྡེ་ཚན་ནས་མཐར་ཕྱིན།སྔ་ཕྱིར་སློབ་གྲྭ་འདི་གའི་བོད་ཡིག་སྡེ་ཚན་གྱི་དགེ་རྒན།ཞིབ་འཇུག་སློབ་མའི་སློབ་དཔོན་དང་།སྡེ་ཚན་གཙོ་འཛིན་བཅས་མཛད་མྱོང་།ལས་འཁྱུར་ངལ་གསོ་བྱས་རྗེས་སློབ་གྲྭ་འདི་གའི་གེ་སར་ཞིབ་འཇུག་ཁང་གི་ཆེད་འདྲོངས་ཞིབ་འཇུག་པ་དང་ཞང་ཀང་བོད་རིག་པ་ཞིབ་འཇུག་འདུན་མའི་གཞོན་འདུན་འཛིན་
མཆིས།
    ཁོང་གི་བརྩམས་ཆོས་སུ།དཔེ་ཆོས་རྣ་བའི་བདུད་རྩི་ཞེས་པ་དང་།བརྡ་སྤྲོད་གསལ་བྱེད་ངག་སྒྲོན།སྡེབ་སྦྱོར་རིག་སྲོལ་འབྱེད།བོད་ཡིག་འབྲི་ཚུལ་མཐོང་བ་ཀུན་སྨོན།དག་ཡིག་རིག་པའི་གབ་པ་མངོན་ཕྱུང་།བསྒྱུར་རྩོམ་ལ་ཚན་རིག་རྒྱུན་ཤེས་མ་ཞེས་བྱ་བ་ཡོད།གཞན་ཡང་གླིང་གེ་སར་རྒྱལ་བོའི་སྒྲུང་གི་ལྷ་གླིང་དང་།གྲུ་གུ་གོ་རྫོང་།དཔའ་རིས་རབ་གསལ་གྱི་གསུང་འབུམ།བླ་མ་དཀར་པོའི་ནམ་ཐར་སོགས་ཞུ་དག་གམ་གུང་བསྒྲིགས་ནས་ཞན་པར་དུ་དཔར་ཡོད།གེ་སར་རིག་མཛོད་ཅེས་བྱ་བའི་སྒྲིག་འགན་གཙོ་བོ་བཞེས་ནས་དེབ་དང་བོ་དཔར་ཟིན།
   དཔྱད་རྩོམ་དུ།སྐད་ཆ་དང་ཡི་གེ་ནི་རིག་གནས་ཀྱི་མཛོད་ཆེ་ཤོས་ཡིན།བྱ་བའི་མིང་གི་རིགས་གསུམ་གྱི་དབྱེ་བ་དང་ཕུན་ཚུན་རྟེན་འབྲེལ་བའི་ཡིག་གཟུགས་འགྱུར་ལུགས་རྣམ་པར་བཤད་པ།བོད་ཡིག་གི་བྱུང་རབས་དང་རྩོད་གཞིའི་མཐའ་དཔྱད་པ།བོད་ཀྱི་སྒྱུར་རྩོམ་བརྩམས་པའི་ཁོག་འབུབས།ཐབས་ཤེས་ཟུང་འཇུག་གི་བསླབ་དེབ་ས་སྐྱའི་ལེགས་བཤད།མངོན་བརྗོད་ཀྱི་བྱུང་རབས་དང་ཕན་ཡོན།ངག་གི་སྒྱུ་རྩལ་གྱི་བང་མཛོད་ཆེན་མོ་གེ་སར་སྒྲུང་གི་ཟུར་ཙམ་གླེང་བ་སོགས་ལྔ་བཅུ་ལྷག་ཕུད་ཡོད་པ་ལས།ལ་ལ་རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་དུས་དེབ་ཏུ་ཆ་ཚང་བའམ་གནད་བཏུས་སམ་བསྒྱུར་ནས་བཀོད་ཡོད་པ་དང་།ལ་ལ་རྒྱལ་ཁབ་ཕྱི་ནང་གི་མཁས་པ་དག་གིས་གཙིགས་སུ་བཟུང་།
   ཞིང་ཆེན་དང་པུའུ་རིམ་པ་ཡན་ཆད་ཀྱི་བྱ་དགའ་མང་བོ་ཐོབ་པར་དཔེར་ན།སྤྱི་ལོ་༡༩༩༨ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གནས་པུའུ་དང་།མི་རིགས་དོན་མཛད་ཨུ་ཡོན་ལྷན་ཁང་དང་།རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་།སྤྱི་ཚོགས་ཚན་རིག་ཁང་བཅས་ཀྱིས་བྱ་དགའ་གནངས་པའི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་གེ་སར་སྒྲུང་མྱུར་སྐྱོང་དང་ཞིབ་འཇུག་ཏུ་བྱས་རྗེས་ཁྱད་འཕགས་བཞག་པའི་སྔོན་ཐོན་མི་སྣའི་མཚན་སྙན་ཐོབ་པ་ལྟ་བུའོ།ཀྲུང་གོ་རྒྱལ་ཁབ་ཀྱི་དེང་རབས་ཀྱི་སློབ་གསོ་མཛད་མཁན་གྲགས་ཅན་གྱི་མིང་མཛོད་ཆེན་མོ་དང་།དེང་རབས་ཀྲུང་གོའི་མི་རིགས་ཀྱི་སྒྲ་རིག་པ་ཞེས་པ་སོགས་སུ་རྩོམ་པ་པོ་ཉིད་ཀྱི་མཛད་རྗེས་བཀོད་ཡོད་དོ།
ཉི་ཤུ་རྩ་གཅིག་པ།དོར་ཞི་གདོང་དྲུག་སྙེམས་བློ།
   དོར་ཞི་བློ་བཟང་ཐུབ་བསྟན་ཆོས་འཕེལ་ལམ་དོར་ཞི་གདོང་དྲུག་སྙེམས་བློ་ནི་ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གི་དོར་ཞི་དགོན་པའི་དགོན་བདག་སྤྲུལ་སྐུ་སྐུ་ཕྲེང་དྲུག་པ་ཡིན།ད་ལྟ་ཁོང་གིས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་གི་སློབ་དཔོན་ཆེན་མོའི་འགན་བཞེས་མུས་སུ་མཆིས་ཤིང་།ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཞིབ་འཇུག་པ་དང་།ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་ལས་བྱེད་ཚོགས་པའི་ལས་བྱེད་སོགས་ཀྱི་འགན་ཡང་བཞེས་ཡོད།ཁོང་གིས་བོད་ཡིག་དང་རྒྱ་ཡིག་གཉིས་ཀྱིས་ནང་བསྟན་དང་།བོད་ཀྱི་སྐད་ཡིག་དང་རྩོམ་རིག ལོ་རྒྱུས།རིག་གནས་སོགས་ཀྱི་དཔྱད་རྩོམ་ལྔ་བཅུ་ལྷག་སྤེལ་ཡོད་ལ།གསུང་རྩོམ་དེབ་དུ་མ་པར་སྐྲུན་བྱས་ཡོད།ཁོང་ནི་དེང་རབས་བོད་ཀྱི་མཁས་ཆེན་དང་སློབ་གསོ་བ་སྙན་གྲགས་ཆེ་བ་ཞིག་ཡིན།














སྡེ་ཚན་གསུམ་པ།ད་ལྟ་དཔའ་རིས་ཡུལ་དུ་འཚོ་སྡོད་བྱེད་བཞིན་པའི་བོད་མིའི་ཟས་གོས་ལོངས་སྤྱོད་ལ་ཞིབ་དཔྱོད་བྱེད་པ་དང་ཞོར་དུ་དཔའ་རིས་པའི་མ་འོངས་པའི་མདུན་ལམ་ལ་རགས་ཙམ་གླེང་བ།
དང་བོ།དཔའ་རིས་ཡུལ་གྱི་བོད་མིའི་ཡུལ་སྲོལ་གོམས་གཤིས་ཇེ་ཉམས་ནས་ཇེ་ཉམས་ཏུ་འགྲོ་བའི་སྣང་ཚུལ་དང་དེ་ལྟར་འགྲོ་བའི་རྒྱུ་མཚན་ལ་རགས་ཙམ་ངོ་སྤྲོད་བྱེད་པ།
   དཔལ་འབྱོར་འཛམ་གླིང་ཅན་དུ་འགྲོ་བཞིན་པའི་ལམ་ཕྱོགས་དང་བཅས་སུ་དཔའ་རིས་ཡུལ་ནི་གནའ་དུས་སུ་དར་གོས་འཁྲུག་ལམ་གྱི་ལམ་ཁ་ཡིན་པ་དང་།བོད་དང་རྒྱ།སོག་པོ་སོགས་དང་ས་མཚམས་ཡིན་པས་གནའ་ནས་ད་བར་མི་རིགས་དང་མི་རིགས་བར་ཕན་ཚུན་སྲིད་འབྱོར་རིག་གསུམ་ཐད་ནས་སློབ་སྦྱོང་དང་བརྗེ་རེས་བྱས་པའི་གོ་སྐབས་ནི་ཇེ་མང་ནས་ཇེ་མང་དུ་འགྲོ་བའི་དབང་གིས་ས་ཆ་གཞན་མི་མང་བོས་འཛམ་གླིང་དུ་དཀོན་པོའི་དཔའ་རིས་ནོར་དཀར་ཕ་སར་ཡོང་ནས་རང་དབང་གིས་ཚང་ལས་བྱས་པ་དང་།རྒྱལ་ཁབ་ཀྱིས་ནུབ་ཕྱོགས་དར་འཕེལ་ཏུ་གཏོང་བའི་སྲིད་ཇུས་གཏན་འབེབས་བྱས་པར་རྒྱལ་ཡོངས་མི་དམངས་ཀྱིས་རྒྱབ་སྐྱོར་བྱེད་ཆེད་དུ་མཚོ་ཁའི་དང་ནང་ཁུལ་གྱི་མི་འཇོན་ཐང་ཅན་མང་པོས་དཔའ་རིས་ས་ཆའི་སྲིད་གཞུང་གི་རྒྱལ་ཁབ་ལས་བྱེད་པའི་དཔུང་ཁག་ཏུ་ཞུགས་ནས།ས་འདིའི་དཔལ་འབྱོར་འཕེལ་རྒྱས་དང་སློབ་གསོ་དར་འཕེལ།སྨན་ལས་སྔོན་ཐོན་ཅན་དུ་གྱུར་བའི་ཕྱོགས་ལ་མཛད་ལས་ཚད་ལས་འདས་པ་སྒྲུབ་ཟིན་པ་དང་སྒྲུབ་བཞིན་པའི་རླབས་ཕྲེང་འོག་ཕྱོགས་གཅིག་ཏུ་དཔའ་རིས་ཡུལ་གྱི་མི་རྣམས་ཀྱི་འཚོ་བ་ཇེ་བཟང་ནས་ཇེ་བཟང་ཏུ་འགྲོ་བཞིན་པ།ཕྱོགས་གཞན་གཅིག་ནས་དཔལ་འབྱོར་ལོ་རེ་དང་ལོ་རེའི་ནང་ཡར་ངོའི་ཟླ་ལྟར་འཕེལ་བས་དཔའ་རིས་ཡུལ་གྱི་སྲོལ་རྒྱུན་རིག་གནས་ལ་དཔལ་འབྱོར་སྟོབས་ཤུགས་ཀྱི་བས་གཏོར་བརླག་ཆེན་པོ་བྱེད་བཞིན་པ་དཔེར་ན།ད་ལྟ་དཔའ་རིས་པ་མང་ཤོས་བོད་སྐད་བཤད་མི་ཤེས་པ་དང་།བོད་སྐད་བཤད་ཤེས་མཁན་ནང་དུ་དེང་རབས་ཚན་རིག་ལས་བྱུང་བའི་དངོས་བོ་གསལ་བ་བྱུང་ཚེ་བོད་སྐད་ནས་བཤད་མི་ཤེས་པས།རྒྱ་སྐད་ནས་ཚབ་བྱེད་པ།རྒྱུན་ལྡན་གྱི་ཞིང་འབྲོག་ལས་རིགས་བྱེད་དུས་སྟབས་བདེ་བའི་ཆེད་དུ་རང་རིགས་ཀྱི་བོད་ལྭ་མི་གྱོན་པ་སོགས་ཡོད།སྤྱིར་དཔལ་འབྱོར་འཛམ་གླིང་ཅན་དུ་འགྲོ་བའི་ཁ་ཕྱོགས་འོག་འཛམ་གླིང་སོ་སོའི་སྲོལ་རྒྱུན་རིག་གནས་ཀྱིས་དེང་རབས་རིག་གནས་དང་འཐབ་རྩོད་དང་མཉམ་འབྲེལ་བྱེད་པའི་ཁྲོད་དུ་ཇེ་ཉམས་ཡུལ་ས་ཇེ་ཉམས་ཏུ་འགྲོ་བའི་དུས་སྐབས་འོག་དཔལ་རིས་ཡུལ་གྱི་སྲོལ་རྒྱུན་རིག་གནས་ཡང་ཇ་ཉམས་ནས་ཇེ་ཉམས་ཏུ་འགྲོ།
གཉིས་པ།དཔའ་རིས་ཡུལ་གྱི་བོད་མིའི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་བྲེ་བྲག་དང་བོད་མི་རིགས་གྱི་ཡུལ་སྲོལ་གོམས་གཤིས་སྤྱི་གཉིས་ཀྱི་འོ་མ་དང་ཆུ་ལྟ་བུའི་འབྲེལ་བར་ངོ་སྤྲོད་བྱེད་པའི་ཁྲོད་དུ་ཡུལ་འདིའི་སྲོལ་རྒྱུན་རིག་གནས་ལ་ཉམས་པར་སླར་གསོ་དང་མ་ཉམས་གོང་འཕེལ་ཏུ་བྱེད་དགོས་པའི་གལ་ཆེའི་རང་བཞིན་ལ་རགས་ཙམ་གླེང་བ།
    ལོ་རྒྱུས་ཀྱི་གོམས་སྒྲ་དང་དཔུང་བ་མཉམ་གཅིག་ཏུ་ང་ཚོས་དུས་རབས་ཉེར་གཅིག་པར་ཞུགས་པའི་སྐབས་འདིར་འཛམ་གླིང་ཡོངས་སུ་སྲོལ་རྒྱུན་རིག་གནས་ལ་མཐོང་ཆེན་བྱེད་པའི་འདུ་ཤེས་ནི་མི་རྣམས་ཀྱི་རྒྱུན་ལྡན་འཚོ་བའི་ཁྲོད་བགྲོ་གླེང་བྱེད་བཞིན་པ་དང་།རང་རེའི་རྒྱལ་ཁབ་ཀྱིས་དངོས་བོའི་དཔལ་ཡོན་སྔོན་ཐོན་ཅན་དང་བསམ་པའི་དཔལ་ཡོན་སྔོན་ཐོན་ཅན་དུ་འཛུགས་སྐྲུན་བྱེད་དགོས་པའི་ཡང་དག་པའི་འགོ་ཁྲིད་འོག་དཔའ་རིས་བོད་ཡུལ་ནི་བོད་མི་རིགས་ཀྱི་ཤར་མཚམས་ཏུ་གནས་པའི་དབང་གིས་སྲོལ་རྒྱུན་རིག་གནས་ཕྱོགས་སུ་སྐད་རིགས་དང་དམངས་གླུ གོས་རྒྱན་སོགས་ཡུལ་སྲོལ་གོམས་གཤིས་སྔ་རབས་བོད་ཀྱི་ཡུལ་སྲོལ་མ་ཉམས་པར་རྒྱུན་འཛིན་བྱེད་ཡོད་པས།རིག་གནས་འདིར་ད་ལྟ་ནུས་པ་གང་ཅི་ཐུབ་ཀྱིས་སྲོང་སྐྱོང་བྱེད་པ་དང་དར་འཕེལ་དུ་གཏོང་ན་རང་མི་རིགས་དང་རང་རྒྱལ་ཁབ།འཛམ་གླིང་གི་དངོས་བོ་མ་ཡིན་པའི་རིག་གནས་ཤུལ་རྫས་བོང་མཛོད་དུ་འགུལ་ཤུགས་གསར་བར་ཐེབས་ཐུབ་པའི་རིན་ཐང་གཞལ་དུ་མེད་པར་ཡོད་པས།ད་ནས་བ་བཟུང་སྟེ་འདི་ཕྱོགས་ལག་བསྟར་བྱེད་ན་ཕན་པར་ཆེན་པོར་ཡོད་དོ།















བཞི་བ།མཇུག་བསྡུ་བའི་གཏམ།
   གོང་ནས་ཐོག་མར་དཔའ་རིས་ཡུལ་གྱི་ཁྱབ་ཁུངས་ལ་རགས་ཙམ་ངོས་འཛིན་བྱས་པ།དེ་ནས་དཔའ་རིས་ཡུལ་དུ་སྔ་ལས་ད་བར་བྱུང་བའི་མཁས་པ་ཉི་ཤུ་རྩ་གཅིག་ལ་བཀྲ་ཤིས་ཕྱུག་པའི་རླུང་རྟ་ཉི་ཤུ་རྩ་གཅིག་པའི་བྱིན་རླབས་དང་ཆབས་ཅིག་ཏུ་རགས་ཙམ་ངོ་སྤྲོད།མཇུག་མཐར་ད་ལྟ་དཔའ་རིས་ཡུལ་གྱི་རིག་གནས་དར་ འཕེལ་བའི་གནས་ཚུལ་ལ་ཅུང་ཙམ་ངོ་སྤྲོད་བྱས་ཟིན་པས།དཔྱད་རྩོམ་འདི་ལ་བརྒྱུད་ནས་རྒྱ་ཆེའི་དགེ་སློབ་རྣམ་པས་མ་འོངས་པའི་འཚོ་བའི་ཁྲོད་དཔའ་རིས་ཡུལ་གྱི་མི་ཆོས་རིང་ལུགས་རིག་གནས་དུས་རྒྱུན་དུ་མཉམ་འཇོག་བྱེད་པ་དང་ཞིབ་འཇུག་བྱེད་ནས་རང་རྒྱལ་ཁའི་རིག་གནས་བྱ་བཞག་ཡར་རྒྱས་གོང་འཕེལ་ཏུ་འགྲོ་བར་ཧུར་བརྩོན་བྱེད་པར་ཡང་ཡང་སྨོན་འདུན་ཞུ།
                                     ༢༠༡༠ལོའི་ཟླ་༤བའི་ཚེས་༢༡ཉིན་ལ།

















ཟུར་ལྟའི་རྒྱུ་ཆ།
༡   བོད་ཀྱི་མཁས་པ་རིམ་བྱོན་ཚིག་མཛོད།
༢  དཔའ་རིས་དཔྱད་རྩོམ་ཕྱོགས་བསྒྲིགས་ལས།དོར་ཞི་བྲིས་པའི་དཔའ་རིས་མཆོད་རྟེན་ཐང་གི་ཆགས་རབས་མུ་ཏིག་འཕྲེང་བ།
༣  དཔའ་རིས་ལོ་རྒྱུས་མི་སྣ།རྒྱ་ཡིག
༤ བརྡ་སྤྲོད་གསལ་བྱེད་ངག་སྒྲོན།
༥  དོར་ཞིའི་གསུང་རྩོམ་ཐོར་བུ།
༦  དཔའ་རིས་ཡུལ་ལས་འཁྲུངས་པའི་མཁས་པ་འགའ་ལ་རགས་ཙམ་ངོ་སྤྲོད་བྱེད་པ།དོར་ཞིས་བརྩམས་པ།རྒྱ་ཡིག
༧  དཔའ་རིས་མཆོད་རྟེན་ཐང་།
 ༨  དཔའ་རིས་བློ་བཟང་རབ་གསལ་གྱི་གསུངས་འབུམ།
 ༩  དཔའ་རིས་རིག་གནས་ཕྱོགས་བསྡུས་གླེང་བ།དོར་ཞིས་བརྩམས་པ།རྒྱ་ཡིག

 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2020-11-1 00:10 , Processed in 0.032139 second(s), 16 queries .

返回顶部