སྐད་དང་ཡི་གེ ། སེམས་དང་བློ་རིག ། མིག་གི་དབང་བོ། སྣ་དང་རྣ་བ། ད་དུང་ཚོར་བ། ཆ་འཕྲིན་སྡུད་ལེན་བྱེད་པའི་ལག་ཆ། ཐོག་མར་དབང་བོ་ལྔ་བོའི་ནུས་པར་བརྟེན་ན་མིག་དང་སྣ་རྣ་ལྕེ་ལུས་ཡིད་བཅས་ཡོད་པ་ཤེས་གསལ་རེད། ཡིན་ཡང་འདི་དག་ལས་དབྱེ་ནས་ཡིད་དང་གཞན་པའི་དབང་བོ་དང་འདྲ་ལེ་མིན་པ་འདྲ། མིག་གིས་འོད་ཚོར་ཞིང་སྡུད་ནུས། ཡིན་ཡང་འོད་ཀྱིས་མིག་ལ་ཤུགས་རྐྱེན་ཐེབས་ཡོད་དམ་གང་ཡིན་ཞེ་ན་རིག་པའི་ལམ་ནས་མ་གཏོགས་སུས་ཤེས། གོ་རིམ་ཅིག་ཡོད་པ་ནི་འོད་ནི་རང་བྱུང་གི་དངོས་པོ་ཁྱད་འཕགས་ཅན་ཞིག་སྟེ་དྲང་བ་དང་མྱུར་བ་དང་ལྡོག་ནས་འཕྲོ་བའི་ཁྱད་ཆོས་ཡོད་པ་བློ་ཡིས་དཔོག་པའི་རྒྱུན་ཤེས་རེད། དེ་ནས་ཐོག་མར་ཕྱི་རོལ་ནས་མིག་ལ་འཕྲོས་ཚེ་མིག་གི་དབང་བོའི་རྐྱེན་བྱས་ནས་དབང་ཤེས་དང་དེ་ནས་ཡིད་ཤེས་བརྒྱུད་པ་ལྟ་བུ། དེ་ནས་རིག་པའི་དཔོག་པ་དང་ཡང་བསྐྱར་ཚད་ལེན་པའམ་རྒྱུ་དེར་འབྲས་བུའི་རང་བཞིན་གྱིས་བརྡར་ཤ་གཅོད་ངེས། དེ་ནས་རིམ་བཞིན་དུ་རིགས་འགྲེས་ན་དབང་བོ་ཐམས་ཅད་ཐ་མར་ཡིད་དཔྱོད་དམ་ཡིད་ཤེས་ཞེས་པ་འདི་བརྒྱུད་དགོས་པ་དང་དེ་ནས་ཡིན་མིན་དང་དགོས་པ་ཅི་ཞིག་ཡིན་པའི་སྐོར་ལ་ཐག་གཅོད་བྱེད་པ་ཡིན། འདི་ལྟར་བསམ་བློ་བཏང་ན་མིའམ་སྲོག་ལྡན་གྱི་སྐྱེས་དངོས་འདི་དག་ནི་འཕྲུལ་ཆས་དང་གཉིས་སུ་མེད་པ་ཅིག་ཡིན་མོད་ཀྱི་མི་དང་ཚེ་སྲོག་དག་ནི་འཕྲུལ་ཆས་རྩ་བ་ནས་མ་ཡིན་ནོ། མི་དང་ཚེ་སྲོག་ལ་ལུས་དང་རྣམ་ཤེས་གང་ལའང་རང་སྟོབས་ཀྱི་ངོ་བོ་ཡོད་པ་དང་འཕྲུལ་ཆས་ཀྱི་ལུས་དང་རྣམ་ཤེས་སམ་རིག་པ་དེར་རང་སྟོབས་ཀྱི་ངོ་བོ་དེ་ཡོད་པ་མ་རེད། དེ་བས་འཕྲུལ་ཆས་བཟོ་བ་ནི་མིའི་རིགས་ཀྱིས་བཟོ་རིག་པ་ཤེས་བྱ་ཟུང་དུ་སྦྲེལ་པའི་ཤེས་རིག་སྤེལ་བའི་ཕུགས་བསམ་ཡིན་པ་ལས་འཕྲུལ་ཆས་ཀྱིས་མི་ཡི་ཚབ་བྱས་ཏེ་དམག་འཁྲུགས་སོགས་སློང་ཞིང་ཐ་མ་མིའི་རིགས་ཚར་གཅོད་གཏོང་བ་སོགས་ཀྱི་གཏམ་དེ་ལྟ་བུ་ནི་ཡེ་ནས་མ་ཡིན། གལ་སྲིད་ཡིན་སྲིད་ཀྱང་རིག་པ་ཅན་གྱིས་ཤེས་ཀྱི་རེད། ཡོད་ཚད་མིའི་འདོད་ཆགས་དང་མ་རིག་པའི་སྐྱོན་རེད། ཡང་ཕྱོགས་གཞན་ཞིག་ནས་བཤད་ན་དོན་ངོ་མར་མིའི་རིགས་ཀྱི་ཤེས་རིག་འདི་འཕེལ་བའི་རིན་ཐང་དེ་གང་ལ་ཡོད་དགོས་པ་དེ་གཙོ་བོ་རེད་འདོད། འཕྲུལ་ཆས་ལ་ཁྱད་ཆོས་ཅིག་ཡོད་པ་ནི་ཕྱིའི་དངོས་པོའི་སྟོབས་ཤུགས་དེ་རྐྱང་ངུ་མཚོན་པ་ཡིན་པའི་སྟོབས་ཤུགས་འདི་དག་གི་ཁ་ཕྱོགས་འདི་ཡང་འཚེ་བ་ཉུང་བའི་ཕྱོགས་སུ་ཡིན་ན་དེ་ལ་ཡང་དེའི་ཕྱོགས་ཀྱི་མི་འཚེ་བའམ་ཞི་བདེའི་རིན་ཐང་ཡོད་པ།
དེ་ནས་ང་ཚོའི་དུས་རྒྱུན་གྱི་བསམ་བློའི་ཁྲོད་དུའང་འདུ་ཤེས་ཀྱི་ནང་ན་གང་ཞིག་རྩ་བར་བཟུང་ཡོད་པ་དེ་ཏག་ཏག་ཡིད་ལ་བཟུང་ཡོད་པ་དང་བསམ་བློ་གཏོང་བ་ནི་རྒྱུན་ལྡན་རེད། དེའི་རྐྱེན་གྱིས་བདེ་ཞིང་ཐང་བའི་ཚན་རྩལ་དང་སྤྱི་ཚོགས་རིག་གནས་ཅིག་ཡོད་དགོས་ན་མི་རེ་རེའི་ཀླད་པའི་ནང་གི་རྩ་བར་བཟུང་ཡོད་པའམ་ཆུང་བའི་དུས་ནས་རྒྱུན་འབྱམས་སུ་སོང་ཡོད་པའི་རིན་ཐང་གི་ལྟ་བ་དེ་གལ་ཆེན་པོ་རེད། འདི་ཞར་བྱུང་དུ་བཤད་པ་ཡིན། དེ་ནས་མི་ཡི་དབང་བོར་ཆ་བཞག་ནས་དེང་གི་རིག་པ་འབྱོར་བའི་ཕྱོགས་སུ་འཕེལ་བའི་འཕྲུལ་ཆས་སུ་སྦྱར་ནས་འདི་གཉིས་ཀྱི་འདྲ་ས་དང་མི་འདྲ་ས་ཅུང་ཙམ་བགྲོ་གླེང་བྱས་པ་ཡིན། སྤྱིར་ན་དོན་དག་ཅི་ཞིག་ཡིན་ཡང་འཕེལ་ཞིང་རྒྱས་པ་ཅིག་ཏུ་འགྲོ་བ་ནི་ཆོས་ཉིད་ལྟ་བུ་རེད། དང་པོ་ཤོག་བུའི་སྟེང་དུ་རྩིས་བྱེད་པ་དང་མཚན་ཉིད་ཞིབ་འཇུག་བྱེད་པ་ནས་རིམ་བཞིན་དུ་སྲ་མཁྲེགས་ཀྱི་དངོས་པོ་བེད་སྤྱད་ནས་ཉིན་རྒྱུན་དུ་འགྱུར་བ་མེད་པར་ཡང་དང་བསྐྱར་དུ་འཁོར་བའི་ལས་ཀ་དེ་དག་ཡང་དངོས་པོའི་ལྷུ་བསྒྲིགས་ཏེ་མིའི་ཚབ་བྱེད་དུ་འཇུག་པའི་དམིགས་ཡུལ་དེ་འགྲུབ་པར་རིག་པའི་དཔྱད་པ་ལྟ་བུ་རེད། འདིའི་རྒྱུ་དང་འདི་ལྟར་འབྱུང་སྲིད་པའི་ཁོར་ཡུག་གཙོ་བོ་ཚོང་ལས་དཔལ་འབྱོར་གྱི་ཁེ་ཕན་རྩོད་པའི་སྤྱི་ཚོགས་ཅིག་ཡིན་པ་ནི་འཐད་ལྡན་ཡིན། འདིའི་ཕྱོགས་ཀྱི་ལོ་རྒྱུས་ཕལ་ཆེར་ནུབ་གླིང་གི་ཕྱོགས་ན་ཧ་ཅང་གསལ་བོར་མངོན་ཡོད་སྙམ། དེ་ནས་དངོས་པོ་བེད་སྤྱད་ནས་དེ་ལ་སྒུལ་ཤུགས་སྤྲད་ནས་འགུལ་བར་བྱས་ནས་འཕྲུལ་ཆས་ཞེས་པའི་ངེས་པར་ཏུ་མིའི་ཚབ་བྱེད་ཐུབ་པ་ཅིག་ཏུ་གོ་ན་བཟང་སྙམ། དེ་མ་སྲིད་པའི་འཕྲུལ་ཆས་ཀྱིས་མི་ཡིས་སྟོབས་ཤུགས་ཀྱིས་ཧ་ཅང་དོ་ཡ་མི་ཐོན་པའི་ལས་ཀ་མང་པོ་མགྱོགས་མྱུར་ངང་བསྒྲུབ་ནུས་པ་འདི་ཡིན། འདི་གཉིས་འཕྲུལ་ཆས་ཀྱི་ད་ལྟའི་ཁྱད་ཆོས་གཙོ་བོ་ཙམ་དུ་ཆགས་ཡོད། གཅིག ། མི་ཡི་ཚབ་བྱེད་ཐུབ་པ། གཉིས། མིའི་སྟོབས་ཤུགས་ལས་བརྒལ་བ།
དེ་ནས་གསུམ་པ་ནི་མིའི་བྱ་དཀའ་བའི་དོན་དག་བསྒྲུབས་ནུས་པ་འདི་ནི་འཕྲུལ་ཆས་ལ་མིའི་རིགས་ཀྱི་བཟོ་ལས་ཀྱི་རིག་པའི་རྩལ་དང་དངོས་པོའི་རང་བཞིན་ཟུང་དུ་སྦྱར་བའི་འབྲས་བུ་དེ་ཡིན། འདིར་གཙོ་བོ་མིའི་རིགས་ཀྱི་བཟོ་རིག་པའི་རྩལ་དེ་ཤུགས་ཆེར་ཐེབས་ཀྱི་ཡོད། མིའི་རིགས་ཀྱི་ལག་ལེན་གྱི་ཉམས་མྱོང་དང་ཤེས་བྱ། དེ་ནས་གཏན་ཚིགས་རིག་པའི་འཕེལ་རྒྱས་སུ་བསྟུན་ནས་དངོས་པོའི་སྟོབས་ཤུགས་དང་གྲངས་ཀ་བར་མེད་དུ་འཕེལ་བ་དེར་གཙོར་མི་འཇོག་པར་རང་བྱུང་ཁམས་ཆེན་མོའི་འཕེལ་རྒྱས་དང་གྲུབ་པའི་ཆོས་ཉིད་ལ་ལྟོས་ནས་ཚན་རིག་གི་འཁོར་བའི་ཆོས་ཉིད་ལྟར་ཤེས་པ། དེ་བཟོ་རིག་དང་འདྲེས་པའི་ཕྱོགས་ཡོངས་ནས་སྔར་གྱི་ནོར་འཁྲུལ་མང་པོ་ཅིག་ཡོ་བསྲང་དང་དག་བཅོས་གནང་ཡོད་པ་རེད།
དུས་ད་ལྟ་ཡིན་ན་ཡང་རིག་པའི་ལྟ་བ་རྟེན་དང་འབྲེལ་ཆེ་བ་ཅིག་དང་དངོས་པོའི་རྒྱུ་ཆ་རྟེན་ཅིང་འབྲེལ་བའི་གཞི་མང་པོ་ཡོད་པ་ཅན་ཡིན་ན་དེ་དར་ཞིང་ཁྱབ་པ་དང་བཟོ་ལས་ལ་ཡང་ཕན་ཐོགས་པ་ལྟ་བུ་རེད། དེ་རིང་འདི་ཙམ་འབྲི། ཁ་དྲོ།