
བོད་ཡིག་ཆ་འཕྲིན་ལག་རྩལ་ཞེས་སྟེ་མཚན་གཞི་མེད་པའི་མཚན་ཉིད་ཅན་འདི་ནི་ཁོ་བོའམ་ཡང་ན་ཉེ་བའི་དུས་རབས་གོང་མ་དང་ད་ལྟའི་དུས་རབས་འདིའི་ནང་དུ་འདིའི་ཕྱོགས་སུ་ཕྱག་ལས་གནང་མཁན་གྱི་བོད་ཀྱི་མཁས་པ་དང་མི་རིགས་གཞན་གྱི་མཁས་ཆེན་ཚོས་ཐོག་མར་སྲོད་བཏོད་པར་འདོད། དེ་ནས་འདིའི་དགོས་པ་ནི་བོད་ཡིག་གི་ལམ་ནས་འཕྲུལ་ཆས་རིགས་ཡོངས་ལ་བརྡ་སྤྲོད་པ་དང་དེ་ནས་འཕྲུལ་ཆས་ལ་བརྟེན་ནས་བོད་ཀྱི་རིན་ཐང་ཞེས་པའམ་རིག་གནས་ཞེས་པ་འདི་བོད་ཡིག་གི་སྟེང་ནས་སྟབས་བདེ་བའི་ངང་མི་ཡོངས་ལ་སྟབས་བདེ་བཟོ་བ་འདི་དམིགས་ཡུལ་གལ་ཆེན་ཅིག་ཡིན་པར་འདོད། ད་ལྟའི་ཆར་ནི་འདིའི་ཕྱོགས་ལ་སེམས་ཤུགས་འདོན་མཁན་དང་ཡང་རེ་འདོད་ཞུ་མཁན་ཡོད་སྲིད་ཀྱང་འདིའི་ཕྱོགས་ལ་གནད་དོན་འདོན་མཁན་དང་གནད་དོན་ཐག་གཅོད་བྱེད་མཁན་ཉུང་དྲགས་པ་རེད། དེ་རིང་རྩོམ་ཐུང་འདི་བརྒྱུད་ནས་ངེས་པར་ཏུ་གསལ་བཤད་བྱེད་རྒྱུ་ཅིག་ནི་མི་རིགས་གཞན་པ་ཅིག་གིས་བོད་ཀྱི་རིག་གནས་ཀྱི་བྱ་བ་གཉེར་བ་དང་བོད་མི་ཅིག་གིས་བོད་ཀྱི་རིག་གནས་ཀྱི་ལས་ཀ་བྱས་པ་འདིར་མི་མཚུངས་བའི་གྲུབ་འབྲས་གང་དག་ཡོད་པ་དང་ཁྱད་ཆོས་གང་ལྟར་དབྱེ་དགོས་སམ་ཞེས་པ་འདི་ཡིན། འདི་ནི་ལས་བོད་ཀྱི་རིག་གནས་ཕྱོགས་སུ་ལས་ཀ་གཉེར་མཁན་གྱི་ཁེ་ལས་དང་རིག་གནས་ཀྱི་སྡེ་ཁག་གང་ཅིག་ཡིན་པ་ཡིན་ན་ཡང་ཐད་ཀར་དུ་རྩ་བའི་གནད་དོན་སྟེ་དོན་དམ་པའི་ཕན་ཐོགས་ཀྱི་ཡོད་དམ་རྩོལ་བ་འབྲས་མེད་ཀྱི་བྱ་བ་བྱེད་ཀྱི་ཡོད་དམ་ཞེས་པར་ཐུག་ཡོད། རྒྱུན་ལྡན་ལྟར་ན་བོད་མི་ཅིག་གིས་བོད་ཀྱི་རིག་གནས་དང་འབྲེལ་ཡོད་ཀྱི་ལས་ཀ་བྱས་པ་ཡིན་ན་དེས་ཕལ་ཆེར་མི་ཚེའི་བྱ་གཞག་ཅིག་ཏུ་བསམ་ནས་བྱ་བ་དེ་བསྒྲུབ་པར་མ་ཟད་དེ་ལས་ལེགས་ཤོས་ནི་མུ་མཐུད་ནས་རིག་གནས་ལ་སློབ་སྦྱོང་བྱས་པ་བརྒྱུད་ནས་རིག་གནས་ཀྱི་བརྒྱུད་འཛིན་དང་དར་སྤེལ་ལ་བསམ་བློ་གཏོང་བ། རང་གི་མི་ཚེའི་རིན་ཐང་དེ་ཡང་རིག་གནས་ལ་བརྟེན་ནས་མངོན་འགྱུར་བྱ་བར་ཐེ་ཚོམ་མེད་པ་ཡིན། གཞན་བསམ་བློ་བཏང་ན་ད་ལྟའི་བོད་ཀྱི་རིག་གནས་ཕྱོགས་སུ་ཚོང་ལས་ཀྱི་སྒོ་ནས་ཞབས་འདེགས་ཞུ་བའི་རྒྱ་མི་སོགས་མི་རིགས་གཞན་པའི་ལས་ཁུངས་སོགས་ཡོད་པ་རེད། དེ་དག་གིས་ལྷག་བསམ་རྣམ་དག་ཡིན་པའི་དབང་དུ་བཏང་ན་ཡང་ཁོ་ཚོའི་རིན་ཐང་དང་རིག་གནས་ཀྱི་ཤུགས་ཆེ་བའི་བཟོ་ལས་ལ་བོད་ཀྱི་ཁྱད་ཆོས་ཐོན་ཡང་བོད་དྲི་མི་བྲོ་བ་ཅིག་དང་ཡང་ན་བོད་ཀྱི་རིག་གནས་ལ་གཏིང་ཟབ་ཅིག་རྣམ་ཤེས་ཀྱི་སྒང་ནས་སླེབས་ཀྱི་ཡོད་པ་མ་རེད། དེའི་རྐྱེན་གྱི་རིག་གནས་ནི་དོན་ངོ་མ་རྟགས་མཚན་ཙམ་ལས་ཐོན་གྱི་མེད་པ་དང་དོན་དམ་གྱི་རིག་གནས་ཀྱི་ཤུགས་སུ་ཡོད་པའི་མི་ཚེར་ཤུགས་རྐྱེན་ཐེབས་པའི་རིག་པ་དང་རིན་ཐང་གི་ངོ་བོ་དེ་ཧ་གོ་གི་མི་འདུག ། འདི་དག་ང་རང་གིས་བསམ་ན་བོད་ཀྱི་མིའི་བོད་ཀྱི་རིག་གཞུང་ལ་གསར་གཏོད་དམ་བཟོ་ལས་ལ་ལག་ལེན་བྱེད་རྒྱུ་ལས་དངུལ་བྱིན་ནས་རྒྱ་མིའི་བཟོ་གྲྭ་གླ་རྒྱུ་འདི་ནོར་འཁྲུལ་གྱི་རྒྱུ་ཞིག་རེད་བསམ་གྱི་འདུག ། དེ་ནས་བོད་ཀྱི་ཆ་འཕྲིན་ལག་རྩལ་ཞེས་པ་འདི་ཡང་དེ་དང་གཅིག་འདྲ་རེད། སྤྱིར་དྲ་རྒྱའི་སྟེང་དང་ཁ་པར་སྟེང་། དེང་རབས་ཁྱིམ་ཆས་དང་གློག་ཀླད་སྒང་ལ་བོད་ཡིག་ཅིག་འཆར་རྒྱུ་འདི་ལས་སླ་མོ་ཅིག་རེད། རྒྱུ་མཚན་ནི་ལག་རྩལ་འདི་དག་ནི་ཐུན་མོང་གི་བཟོ་རིག་པའི་ཁོངས་སུ་འདུ། དཔེར་ན་ལྩགས་བཟོ་བའི་ཐབས་ལྟ་བུ་རེད། ཡིན་ནང་བོད་ཀྱི་མིའི་མ་གཏོགས་རང་བྱུང་ཁམས་ཀྱི་རྡོ་བེད་སྤྱད་ནས་མཁར་དགུ་ཐོག་བརྩིགས་མི་ཐུབ་ལ་བོད་ཀྱི་རལ་གྲི་ཡང་བརྡུངས་མི་ཤེས་པ་ལྟ་བུའི་དབང་གིས་རང་གི་བསམ་བློ་དེ་གཞན་ལ་དངུལ་བཏང་ནས་བཟོ་ཚབ་ཏུ་གཏོང་བ་ལ་ཚོང་ལས་ཀྱི་མཉམ་འབྲེལ་ཅིག་ལས་མ་འདས། ངའི་བསམ་ན་འདི་བོད་ཀྱི་རིག་གནས་ལ་ཞབས་འདེགས་ཞུ་གི་ཡིན་ཞེས་པར་འགལ་བ་འདུག ། བོད་ཀྱི་མིའི་ལག་རྩལ་མི་ཤེས་ལ་ལག་རྩལ་གྱི་རྒྱབ་ལྗོངས་ཀྱི་རྒྱབ་རི་ལྟ་བུའི་གཞུང་ལུགས་ངོ་མཚར་བ་དག་ལ་དེ་བས་ཀྱང་ངོ་། འདི་དག་ད་དངུལ་ཤོག་དང་ཐུན་མོང་གི་ལག་རྩལ་ཅིག་ལ་བརྟེན་ནས་སོང་ན་ད་ཡོད་ཚད་འགྲིག་སོང་སྙམ་པའི་བསམ་བློ་ཡོད་པ་ནི་ཅོལ་ཆུང་གི་བློ་མིག་རེད།
བོད་ཡིག་ཆ་འཕྲིན་ལག་རྩལ་ཞེས་པ་ནི་གོང་ནས་བཤད་ཟིན་པ་ལྟར་རེད། བརྒྱ་བཤད་ཚིག་གི་རྩ་བ་ནི་བོད་ཀྱི་ཚན་རྩལ་ལས་ཁུངས་སོ་སོ་ནས་བོད་རིགས་ཀྱི་ལག་རྩལ་པ་དང་བོད་ཀྱི་གཞུང་ལུགས་ཞིབ་འཇུག་མཁན་སོགས་བསྐྱེད་བསྲིང་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཅིག་རེད་ཅེས་པའི་འབོད་སྐུལ་སེམས་པའི་གཏིང་ནས་གཏོང་བའི་གཏམ་ཡིན། མ་འོངས་པར་ཡང་རྒྱུན་སྐྱོང་བའི་རིན་ཐང་ཞིག་ཅིས་ཀྱང་བསྐྲུན་དགོས་སོ།།