||
ཉི་ཟེར་ཕོག་པའི་ཆུ་སྐྱེས།
སྲོང་བཙན་སྒམ་པོ་མཆོག་ལ།
འཛིན་མ་གསེར་གྱི་རྒྱ་མཚོ་ལས་འཕགས་པའི།།
སྔོ་བསང་ལྷ་མོའི་ལྟོ་བ་རུ་སྦྲུམ་པའི།།
འོད་ཟེར་ཕྱོགས་ཀྱི་ཐིག་ལེ་ལ་འཛུམ་པའི།།
དབྱར་སྐྱེས་འབྲུག་གི་སྒྲ་དབྱངས་དང་སྡེབ་པའི།།
བཙན་བརྗིད་རྗེ་བོའི་ལུང་གི་བཀའ་བཏགས་རུ།།
བསིལ་ལྡན་གངས་རིའི་ཁྲོད་ཀྱི་ཨ་སྔོན་ནས།།
དགུ་ཚིགས་དབྱིངས་ནས་དཔྱངས་པའི་རྨུ་ཐག་ལ།།
ཞལ་གསུང་མི་འགྱུར་རྡོ་རྗེ་གོར་མ་དེ།།
རིན་ཆེན་ཕྲ་ཚོམ་རྒྱན་གྱིས་མཐོན་པོར་བཏེགས།།
མི་བསྲུན་འབྱུང་བོའི་དུག་གི་གཤེད་མའི་ཚོགས།།
འབྱུང་བཞི་རྟེན་ལ་འཆའ་པའི་སྲོག་གི་བྱེད་པོ་དག།
འཇིགས་རུང་གནམ་ལྕག་འཁོར་ལོའི་རུ་མཚོན་ལ།།
ཡི་ཆད་ཞེ་དམ་གྲོལ་པའི་བརྟེན་མ་རུ།།
འོ་དོད་བྲེ་ཤའི་ལུས་ཀྱི་ཟུག་རྔུ་དེ།།
མ་ཐེག་ཆོམ་པོའི་ཟིལ་གྱིས་དུབ་པར་བྱས།།
རྒྱལ་པོའི་མཚན་མ་ཐོད་ཏུ་བཀུར་བཞིན་དུ།།
དགའ་སྟོན་དུས་ཀྱི་རོལ་མོ་ཕྱོགས་བཞིར་ལྡིར།།
ལེགས་བྱས་གསེར་གྱི་གདུགས་དཀར་གཅིག་གིས་ནི།།
ཡངས་པའི་རྒྱལ་ཁམས་ཁྱོན་ལ་མངའ་བར་བྱས།།
ཆོས་སྲིད་ཟུང་གི་ཉི་ཟླའི་ལྷ་ལམ་ལ།།
རྣམ་དཀར་ཆོས་དུང་ལུས་ཀྱི་རང་སྒྲ་འབྱིན།།
མ་རིག་མུན་པའི་ཁྲོད་ཀྱི་ནགས་ཀློང་ལ།།
དབྱངས་གསལ་སོ་བཞིའི་འོད་སྣང་དཀར་པོ་དྲངས།།
མཐའ་བཞིའི་རྒྱལ་ཁམས་དག་གི་ཁོར་ཡུག་ལ།།
ལེགས་པའི་རྟེན་གསུམ་ལུས་ཀྱི་ཕྲུ་མ་བཏབ།།
འཛད་མེད་གཏེར་གྱི་ལོངས་སྤྱོད་བཟང་པོ་ལ།།
འཚེ་མེད་ཞི་བདེ་དབྱངས་ཀྱིས་གང་ནས་ཡོད།།
ལས་འབྲས་དྲང་ཐིག་སྒོར་མོའི་དཔངས་པོ་རུ།།
ལུགས་གཉིས་ཟུང་གི་ཞལ་ལྕེ་གསར་ཏུ་གཏོད།།
བཀྲ་ཤིས་རྫོགས་ལྡན་གསར་པའི་དགའ་སྟོན་ལ།།
ངོམས་མེད་རོལ་པའི་མངའ་འབངས་དག་གིས་ནི།།
ཆོ་འཕྲུལ་རྨི་ལམ་སྒེག་མོའི་རྩེད་འཇོ་དེ།།
མི་རྟག་གཤིན་རྗེ་རྒྱལ་པོའི་ཞབས་ལ་བརྟེན།།
རིག་ནས་དད་འདུན་ཟུང་གི་ལེགས་ཚོགས་ལ།།
ཡུན་ཏུ་འབད་པས་ཕྱི་མའི་འཕྲང་རིང་དེ།།
གེགས་མེད་བདེ་བར་འགྲིམས་པའི་སྒོ་བརྒྱ་ཕྱེ།།
མ་རུངས་དག་གི་བསམ་ངན་སྦྱོར་བ་ལ།།
རྒོད་པའི་ཡ་ལན་ངང་གིས་སྟོང་བ་ན།།
རི་ལུང་ནགས་ཀྱི་ཚང་ཚིང་སྟུག་པོ་ན།།
འདབས་ཆགས་བྱ་བྱུའི་རིགས་ཀྱང་བག་ཕེབས་རྒྱུ།།
ད་ནི་ཡིག་འཕྲིན་ངག་གི་རྩེད་འཇོ་འདིས།།
རིམ་གྱིས་བྱུང་བ་དག་གི་ངོ་མཚར་ལ།།
ངལ་བ་བསྟེན་ཏེ་བརྗོད་པ་ཅུང་ཟད་མེད།།
ཁོ་བོས་འདི་ལས་རྫོགས་པར་གྲུབ་པ་འདོད།།
藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|
tibetcul.com © Copyright 2004-2017. All rights reserved |陇ICP备05000171号
战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET
严禁在本站发表与国家法律相抵触言论和散播谣言
Powered by Discuz! X3.4GMT+8, 2021-3-3 16:13 , Processed in 0.037733 second(s), 17 queries .