博客西藏在最高处过一种生活

日志

༄༅།།རང་སེམས་ཆོས་ལ་བསྐུལ་བའི་བཀའ་སློབ། ... . ...

已有 55 次阅读2021-4-5 18:13 |系统分类:文化


                                                   ༄༅།།རང་སེམས་ཆོས་ལ་བསྐུལ་བའི་བཀའ་སློབ།
                       ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། རྗེ་བཙུན་ལམ་རིམ་པ་ངག་དབང་ཕུན་ཚོགས། རྩོམ་སྒྲིག་པ། བདེ་ལེགས་མཚོ།

    ༄༅།།གང་མཚན་ལན་གཅིག་རྣ་བར་ལྷུང་བས་ཀྱང་། །སྲིད་ཞིའི་དབུལ་བ་སེལ་དང་ཆབས་ཅིག་པར། །ཅི་འདོད་རེ་བ་སྐོང་བ་ཡིད་བཞིན་ནོར། །བླ་མ་མཆོག་གསུམ་གཙུག་གི་རྒྱན་དུ་རོལ། །གྲོགས་དག་འདི་ཕྱི་གཏན་དུ་བདེ་འདོད་ཅིང་། །སྡུག་མི་འདོད་ན་ཆོས་བཞིན་བྱ་དགོས་པས། །ཇི་ལྟར་བྱ་ཚུལ་མདོར་བསྡུས་གོ་བདེ་བར། །ཚིག་འགའ་གསོལ་ལ་ཅུང་ཟད་སྙན་གཏོད་ཅིག །ནད་པ་དག་གིས་སྨན་པ་འཚོལ་བ་བཞིན། །ཐོག་མར་ཚད་ལྡན་བཤེས་གཉེན་དམ་པ་ཞིག །བཙལ་ནས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ། །བསྟེན་ནས་གདམས་པ་ལོངས་ཤིག་སྙིང་གཏམ་ཡིན། །ཐོག་མེད་དུས་ནས་དམྱལ་བ་ཡི་དྭགས་སོགས། །མི་ཁོམ་གནས་སུ་སྡོད་དགོས་བྱུང་མོད་ཀྱི། །ད་རེས་དེ་ནས་ཡུད་ཙམ་ཐར་བ་འདི། །རྨི་ལམ་ལྟ་བུ་ཡིན་ནོ་སྙིང་གཏམ་ཡིན། །རྙེད་དཀའི་མི་ལུས་ལན་ཅིག་རྙེད་དུས་འདིར། །སྙིང་ནས་བསྒྲིམས་ཏེ་སྙིང་པོ་མ་བླངས་ན། །སླར་ཡང་ངན་སོང་གནས་དེར་ལྷུངས་པའི་ཚེ། །འགྱོད་ཀྱང་འཕྱིས་པར་ཟད་དོ་སྙིང་གཏམ་ཡིན། །ཤིན་ཏུ་དབུལ་བའི་མི་ཞིག་གསེར་གླིང་དུ། །ཡུད་ཙམ་ཚུད་ན་ནོར་བུ་ཅིས་མི་ལེན། །དེ་བཞིན་བདག་འདྲས་དལ་འབྱོར་ཐོབ་དུས་འདིར། །དེ་བས་སྙིང་པོ་བླང་དགོས་སྙིང་གཏམ་ཡིན། །དལ་འབྱོར་ཐོབ་ཀྱང་དོན་མེད་རྣམ་གཡེང་ངང་། །མི་ཚེ་འདས་ན་དབུལ་པོས་གསེར་གླིང་ནས། །ལག་སྟོང་ལྡོག་པ་ལས་ཀྱང་ཆེས་ཕངས་པས། །རང་ལྕག་རང་ལ་བྲོབས་ཤིག་སྙིང་གཏམ་ཡིན། །དོན་ཆེན་གཏན་བདེ་སྒྲུབ་ནུས་རྟེན་བཟང་འདི། །དོན་མེད་འདི་སྣང་ལས་ལ་ཆུད་གསན་ན། །མི་རུ་རློམ་ཡང་དོན་དུ་བྱོལ་སོང་དང་། །ཁྱད་པར་ཅི་ཡང་མེད་དོ་སྙིང་གཏམ་ཡིན། །སྐྱེས་པའི་ནམ་གཞུག་འཆི་ལས་མ་འདས་ཤིང་། །འཆི་ཚེ་ཆོས་ལས་གཞན་གྱིས་མི་ཕན་པས། །ཕན་ངེས་ཆོས་ཤིག་ཉི་མ་དེ་རིང་ནས། །གང་ནུས་ཅི་ཡོང་སྒྲུབས་དང་སྙིང་གཏམ་ཡིན། །ཐ་ན་དེ་རིང་ཙམ་ཡང་མི་འཆི་བའི། །གདེང་ཚོད་ཅུང་ཟད་ཙམ་ཡང་མེད་བཞིན་དུ། །ད་དུང་སྡོད་གཤོམ་ཁོ་ནས་དུས་འདའ་བ། །མི་ཁྱོད་སྨྱོན་བ་མིན་ནམ་སྙིང་གཏམ་ཡིན། །ཚེ་འདིའི་གཅེས་ནོར་ཕ་མ་སྤུན་མཆེད་སོགས། །ཡིད་ལ་གཅགས་ཀྱང་རིང་མིན་དབང་མེད་དུ། །བཞག་ནས་རང་ཉིད་གཅིག་པུར་འགྲོ་དགོས་པས། །འགྲོ་ཆས་ལ་འུར་སྡོགས་དང་སྙིང་གཏམ་ཡིན། །རང་རེས་མཐོང་བའི་སྐྱེ་བོ་ཇི་སྙེད་ཅིག །ཤི་ནས་ད་ལྟ་གར་སོང་ཆ་མེད་ཐལ། །རང་ཡང་རིང་མིན་དེ་ལྟར་ཐལ་བས་ན། །ཚེ་འདིར་ཆགས་ནས་ཅི་བྱེད་སྙིང་གཏམ་ཡིན། །ཉེས་ཅན་གསོད་སར་བཀྲི་བའི་བར་སྐབས་དེར། །ནོར་བུ་རྙེད་ཀྱང་དགོས་རྒྱུ་མ་མཆིས་ལྟར། །མི་ཚེ་ཡུད་ཀྱིས་སོང་བའི་བར་སྐབས་འདིར། །ཅིས་ཀྱང་དགོས་པ་མེད་དོ་སྙིང་གཏམ་ཡིན། །ཕྱི་ནས་འོང་རྒྱུ་མི་རྟག་འཆི་བའི་ཚུལ། །སྔོན་ནས་བསམས་ཏེ་འཆི་གྲབས་མ་བྱས་ན། །དུས་ལ་གཏུགས་ཚེ་ཅི་བགྱིར་མ་མཆིས་པས། །རྗེས་ཡོང་སྔོན་ལ་སོམས་དང་སྙིང་གཏམ་ཡིན། །སྙིང་པོ་མེད་པའི་འདི་སྣང་བྱ་བ་ལས། །སྙིང་པོར་རློམས་ཏེ་མགོ་བོ་འཁོར་འཁོར་ནས། །སྙིང་པོའི་ལྷ་ཆོས་སྣེ་གཅིག་མི་བྱེད་ན། །སྙིང་རྩ་རུལ་བར་ངེས་སོ་སྙིང་གཏམ་ཡིན། །ཚེ་འདིར་ཇི་ལྟར་རིང་ཡང་ལོ་འགའ་ཙམ། །ཕྱི་མ་ཕན་གྱི་མཐའ་ལ་གཏུགས་དུས་མེད། །དེ་ཕྱིར་འདི་ལས་ཕྱི་མ་གལ་ཆེ་བས། །ཕྱི་མའི་དོན་ལ་འབུངས་ཤིག་སྙིང་གཏམ་ཡིན། །མི་ཚེ་གང་པོ་སྐྱིད་ན་ཉིན་གཅིག་ཙམ། །དཀའ་བ་སྤྱད་དགོས་བྱུང་ཡང་ཅི་མི་བཟོད། །དེ་བཞིན་གཏན་དུ་སྐྱིད་ན་ཚེ་ཐུང་འདིར། །ཆོས་ཕྱིར་སྡུག་ཀྱང་ལོས་བཟོད་སྙིང་གཏམ་ཡིན། །ཉིན་གཅིག་བདེ་ལ་ཆགས་ནས་མི་ཚེའི་རིང་། །སྡུག་ལ་སྦྱོར་ན་ཤིན་ཏུ་བླུན་པ་སྟེ། །ཚེ་འདིར་ཆགས་ནས་གཏན་དུ་སྡུག་བསྔལ་ལ། །སྦྱོར་བ་དེ་བས་བླུན་ནོ་སྙིང་གཏམ་ཡིན། །ད་ལྟ་མཐོ་ཡིས་སླེབ་དུ་མ་འབད་ན། །ནམ་ཞིག་འདོམ་གྱིས་མི་འཁྱུད་དུས་བྱུང་ཚེ། །འགྱོད་ཀྱང་ཕན་པ་མེད་པས་བྱ་དགོས་རྣམས། །ད་ལྟ་ཉིད་ནས་བྱོས་དང་སྙིང་གཏམ་ཡིན། །ཕྱི་མར་ཕན་པའི་ཆོས་ཤིག་བྱེད་འདོད་ཀྱང་། །ཕར་ཙམ་མི་འཆི་སྙམ་པའི་རྟག་འཛིན་འདིས། །བསླུས་ནས་ལག་སྟོང་ལྡོག་པ་ཆེས་མང་བས། །བྱེད་ན་འཕྲལ་ལ་བྱོས་དང་སྙིང་གཏམ་ཡིན། །འདི་ནས་ངན་འགྲོར་ལན་ཅིག་ལྷུངས་གྱུར་ན། །སླན་ཆད་ཐར་པའི་གོ་སྐབས་མ་མཆིས་པས། །ད་ལྟ་རང་ལག་ཡོད་དུས་ངན་སོང་གི །སྐྱེ་སྒོ་ཅི་ཆོད་ལྟོས་དང་སྙིང་གཏམ་ཡིན། །བརྒྱ་ལ་ངན་སོང་སྡུག་བསྔལ་མི་བཟོད་ན། །དེ་རྒྱུ་སྔར་བསགས་གང་ཡིན་འདག་ངེས་སུ། །སྦྱོངས་ལ་ཕྱིན་ཆད་མི་བྱེད་སྡོམ་སེམས་ངོས། །སྤང་བླང་འཛོལ་མེད་གྱིས་དང་སྙིང་གཏམ་ཡིན། །རྒྱུས་མེད་ཡུལ་དུ་གྲོགས་མེད་འཁྱམ་པའི་ཚེ། །ཚེ་འདིའི་གཉེན་བཤེས་ལོངས་སྤྱོད་ཀུན་གྱིས་བསླུ། །བསླུ་བ་མེད་པ་དཀོན་མཆོག་རིན་ཆེན་གསུམ། །གསུམ་ལ་སྐྱབས་སུ་འཚོལ་དང་སྙིང་གཏམ་ཡིན། །ཕར་ལ་བསྐྱབས་ན་ཚུར་ལ་མི་བསླུ་བ། །དཀོན་མཆོག་གསུམ་འདྲ་གཞན་དུ་ཡོད་མིན་པས། །དོན་མེད་མི་ལ་རེ་བ་མ་ཆེས་པར། །ལྷ་ལ་སྐྱབས་སུ་སོང་དང་སྙིང་གཏམ་ཡིན། །སྐྱོན་ཟད་ཡོན་ཏན་ཀུན་རྫོགས་ཐུགས་རྗེའི་སྤྱན། །གཟིགས་པ་དུ་ལས་མི་ཡོལ་སངས་རྒྱས་ལ། །ཡིད་ཆེས་དད་པ་དྲག་པོའི་ངང་ཉིད་ནས། །བློ་ཕུག་ལིངས་ཀྱིས་འགེལ་དང་སྙིང་གཏམ་ཡིན། །སྐྱབས་སུ་གསོལ་ན་མི་མཁྱེན་མི་སྲིད་ཅིང་། །མཁྱེན་ནས་མི་སྐྱོབ་པ་ཡང་མི་སྲིད་ལ། །བསྐྱབས་ན་མི་ནུས་པ་ཡང་མི་སྲིད་པས། །རྩེ་གཅིག་སྐྱབས་སུ་གསོལ་དང་སྙིང་གཏམ་ཡིན། །ཆོས་ཞེས་བྱ་བ་རྣམ་གྲངས་མང་མོད་ཀྱང་། །སྐྱབས་འགྲོར་མ་འདུས་གང་ཡང་ཡོད་མིན་པས། །བརྒྱ་གོ་གཅིག་ཆོད་སྐྱབས་འགྲོའི་ཉམས་ལེན་ལ། །ནན་ཏན་སྙིང་པོར་མཛོད་དང་སྙིང་གཏམ་ཡིན། །གང་དང་གང་གི་ས་བོན་བཏབ་པ་ལས། །དེ་དང་དེ་ཡི་འབྲས་བུ་འབྱུང་བ་བཞིན། །དཀར་ནག་ལས་འབྲས་ནམ་ཡང་མི་བསླུ་བས། །སྡིག་སྤོང་དགེ་བ་སྒྲུབས་དང་སྙིང་གཏམ་ཡིན། །བདེ་བ་འདོད་ན་དགེ་ལ་ནན་ཏན་སྐྱེད། །སྡུག་མི་འདོད་ན་དེ་རྒྱུ་སྡིག་པ་སྤོངས། །སངས་རྒྱས་དངོས་ལ་ཞུས་ཀྱང་འདི་ལས་ལྷག །གདམས་པ་གསུང་རྒྱུ་མེད་དོ་སྙིང་གཏམ་ཡིན། །ལས་འབྲས་བསླུ་མེད་ཚུལ་ལ་ཡིད་ཆེས་ནས། །སྡིག་སྤོང་དགེ་བ་བསྒྲུབ་ལ་འབད་ནུས་ན། །འདི་ཕྱི་གཏན་དུ་བདེ་བ་འབའ་ཞིག་ལས། །སྡུག་བསྔལ་མིང་ཡང་མེད་དོ་སྙིང་གཏམ་ཡིན། །མི་རྣམས་དམྱལ་བའི་རྒྱུ་ལའང་དེ་ཙམ་དུ། །འབད་པར་རིགས་ན་རང་རེ་གཏན་བདེའི་རྒྱུར། །དམ་པའི་ཆོས་ལ་ཅི་སྟེ་འབད་མི་རིགས། །ཡོད་རྒུའི་རྩལ་གྱིས་འབུངས་ཤིག་སྙིང་གཏམ་ཡིན། །མདོར་ན་མ་འོངས་གཏན་གྱི་བདེ་སྔུག་ནི། །ད་ལྟའི་སྤྱོད་ཚུལ་ཉིད་ལ་རག་ལས་པས། །བག་མེད་ལེ་ལོའི་དབང་དུ་མི་གཏོང་བར། །ཚེ་ལྷག་དོན་ལྡན་མཛོད་ཅིག་སྙིང་གཏམ་ཡིན། །ཕྱི་མར་བསམ་ནས་ཚེ་འདི་བློས་བཏང་སྟེ། །  ཆོས་ཤིག་བྱེད་ན་ཕྱི་མར་ལྟ་ཞོག་གི །ཚེ་ཐུང་འདིར་ཡང་གཞན་དང་མི་འདྲ་ཙམ། །འོང་བར་མཐོང་ཆོས་ལགས་སོ་སྙིང་གཏམ་ཡིན། །དེ་ལྟར་ཕན་པའི་སེམས་ཀྱིས་རང་གིས་རང་། །ཆོས་ལ་བསྐུལ་བའི་ཀྱོ་བ་རྣོན་པོ་འདིས། །མ་དུལ་སེམས་ཀྱི་གླང་པོ་མྱུར་ཐུལ་ནས། །ཀུན་ཀྱང་གཏན་བདེའི་ལམ་དུ་ཚུད་པར་ཤོག །     

     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2021-4-21 09:49 , Processed in 0.033276 second(s), 16 queries .

返回顶部