博客西藏在最高处过一种生活

日志

༄༅།།གངས་ལྗོངས་ཞལ་འདོན་ཕྱག་ལེན་རིག་གནས་དང ...

已有 2178 次阅读2021-2-18 08:44 |系统分类:文化


                                       ༄༅།།གངས་ལྗོངས་ཞལ་འདོན་ཕྱག་ལེན་རིག་གནས་དང་སྐྱེས་ཆེན་དམ་པ་རྣམ་པའི་

                                                 ཕྱག་རྗེས་ཤེས་བྱ་ཀུན་བཏུས་བཞུགས་སོ།།

                                                              སྨད་ཆ།


                   

༄༅།།སངས་རྒྱས་ཤཱཀྱ་ཐུབ་པ།

    ༄༅།།ནང་བ་སངས་རྒྱས་པའི་ཆོས་ལུགས་ནི་སྟོན་པ་ཤཱཀྱ་ཐུབ་པས་གསར་གཏོད་བྱས་པ་ཞིག་དང་། དེའི་སྔ་རོལ་ཏུ་ནང་བ་སངས་རྒྱས་པ་མེད་པ་ཞིག་གཏན་ནས་མིན་ཏེ། སྟོན་པ་ཤཱཀྱ་ཐུབ་པའི་སྔོན་ཏེ་འཛམ་གླིང་གི་མི་རྣམས་ཀྱི་ཚེ་ལོ་དཔག་མེད་ནས་རིམ་བཞིན་མར་བྲི་སྟེ་བཞི་ཁྲི་ལ་ཐུག་པའི་ཚེ་སངས་རྒྱས་འཁོར་བ་འཇིག་དང་སུམ་ཁྲིའི་དུས་སུ་གསེར་ཐུབ།ཉི་ཁྲིའི་ཚེ་འོད་སྲུངས། བརྒྱ་བའི་ཚེ་སངས་རྒྱས་ཤཱཀྱ་ཐུབ་པ་བྱུང༌། དེ་བས་ཤཱཀྱ་ཐུབ་པ་ནི་ནང་བའི་བསྟན་པ་གསུང་མཁན་མ་ཡིན་པར་ད་ལྟའི་ནང་བའི་བསྟན་པ་འདི་གསུང་མཁན་ཡིན། ནང་བའི་ཆོས་ཀྱི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་ནི་སྤྱི་ལོ་སྔོན་གྱི༦༢༥ལ་ཆུ་བོ་གངྒའི་འགྲམ་གྱི་རྒྱ་གར་གྱི་རྒྱལ་ཕྲན་སེར་སྐྱའི་གྲོང་ཁྱེར་གྱི་རྒྱལ་བོ་ཟས་གཙང་དང་བཙུན་མོ་སྒྱུ་མ་ལྷུམས་མཛེས་གཉིས་ཀྱི་སྲས་སུ་དེང་གི་བལ་བོའི་མངའ་ཁོངས་ལུམྦུ་ནིའི་སྐྱེད་ཚལ་དུ་འཁྲུངས། ཞག་བདུན་ནས་མ་ཚེ་འཕོས་པས་སྐྱེ་དགུ་བདག་མོས་བསྐྱངས། མཚན་ལ་གཞོན་ནུ་དོན་འགྲུབ་གསོལ། ལང་ཚོ་རིམ་བཞིན་རྒྱས་ཏེ་ཡི་གེ་སློབ་པའི་གྲྭར་ཞུགས་ནས་སློབ་དཔོན་ཀུན་ཀྱི་བཤེས་གཉེན་ཞེས་བྱ་བ་བསྟེན་ཏེ་ཡི་གེ་སྣ་ཚོགས་བསྟན་པ་ཙམ་གྱིས་མཁྱེན། དེ་ནས་མདའ་འཕེན་པ་དང་ཆུར་རྐྱལ་བ། གླང་བོ་ཆེ་འདུལ་བ་ལ་སོགས་པའི་སྒྱུ་རྩལ་སྣ་ཚོགས་སྦྱངས་ཏེ་སུས་ཀྱང་དོ་ཟླ་མི་འཕེར་བ་བྱས། དེ་དང་ལྷན་དུ་འབངས་ཀྱི་བདེ་སྡུག་ལ་རྟོག་ཞིབ་དང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཐུགས་གཞིག་གནང་སྟེ་ཇི་ལྟར་བྱས་ན་འགྲོ་བའི་སྡུག་བསྔལ་འགྲོལ་བར་བསམ་བློ་བཏང༌ངོ་།། 

   ཁོང་གིས་འགྲོ་བའི་སྡུག་བསྔལ་ལ་རྟག་ཏུ་ཐུགས་གཞིག་གནང་བ་དེས་རྒྱལ་བོ་ཟས་གཙང་ལ་བློ་དོགས་བྱུང་ནས་རིགས་གཟུགས་ལང་ཚོ་དང་ལྡན་པའི་བུ་མོ་ས་འཚོ་མ་དང་རི་དྭགས་སྐྱེས་མ། གྲགས་འཛིན་མ་སོགས་ཁབ་ཏུ་བསུས་ཏེ་གླུ་གར་རོལ་མོ་བཅས་རྒྱལ་སྲས་འདི་བག་མེད་རྒྱས་སྤྲས་ལ་རོལ་དུ་བཅུག་ནས་ཁོང་གི་དགོངས་པ་འགྲོ་བའི་སྡུག་བསྔལ་བསམ་པ་ལས་ལྡོག་སྟེ་སྟོབས་འབྱོར་མཛངས་གསུམ་ལྡན་པའི་རྒྱལ་ཁབ་ཆེན་པོ་ཞིག་བྱས་ཏེ་རྒྱ་གར་གྱི་རྒྱལ་ཕྲན་ཐམས་ཅད་གཅིག་ཏུ་བསྡུས་ནས་རྒྱལ་ཁབ་ཆེན་མོ་ཞིག་གཟུགས་རྩིས་བྱས། ཡིན་ན་ཡང༌། ཁོང་གི་སྤྱན་ཟུང་ནི་རིས་མེད་འགྲོ་བའི་སྡུག་བསྔལ་སྟེང་དུ་ཤོར་ཞིང༌། ཐུགས་དགོངས་སུ་ཇི་ལྟར་བྱས་ན་འགྲོ་བའི་སྡུག་བསྔལ་བསལ་བར་ཐུགས་གཞིག་གནང༌། དེ་ལྟར་དགུང་ལོ་ཉི་ཤུ་རྩ་དགུ་བར་བཞུགས་པས་གྲགས་འཛིན་མར་སྲས་དགྲ་གཅན་འཛིན་འཁྲུངས་ཤིང༌། ཁོང་གིས་བརྩེ་དུང་གིས་ཕྱུག་པའི་ཆུང་མ་དང་བུ་ཕྲུག རྒྱལ་ཁབ་དང་རྒྱུ་ནོར་བཅས་ཡོད་ཚད་བློས་བཏང་ནས་སྐྱེ་རྒ་ན་འཆི་དང་བཅས་པའི་འགྲོ་བའི་སྡུག་བསྔལ་སྒྲོལ་བའི་ཐབས་ལམ་ཞིག་འཚོལ་བར་ཐག་བཅད་པས་རྒྱལ་བོ་ཟས་གཙང་གིས་བློ་དོགས་ཆེན་པོས་སྲུང་དུ་བཅུག་མོད། ཁོང་ཉིད་ལྐོག་ཏུ་བྲོས་ཏེ་ནགས་སུ་དར་གོས་ཀྱི་ན་བཟའ་དང་རྒྱན་ཆ་རྣམས་དོར། ཕྱག་དུར་ཁྲོད་ཀྱི་གོས་གྱོན་ཏེ་རབ་ཏུ་བྱུང་ནས་ཟས་གོས་ངན་ངོན་ཙམ་ལ་བརྟེན་ནས་ཕྱོགས་སུ་འཁྱམས། བླ་ན་མེད་པའི་བྱང་ཆུབ་མ་བརྙེས་པར་ཕྱིར་སེར་སྐྱའི་གྲོང་ཁྱེར་དུ་མི་ལྡོག་པའི་དམ་བཅའ་བྱས། འགྲོ་བའི་སྡུག་བསྔལ་ལས་བསྒྲལ་བའི་ཆེད་དུ་སྐབས་དེར་གྲགས་པ་རྒྱས་པའི་རྒྱ་གར་གྱི་བསམ་བློ་བ་ཆེན་པོ་བྲམ་ཟེ་རིགས་ལྡན་དང་བྲམ་ཟེ་པད་མའི་གནས། དྲང་སྲོང་ནམ་གྲུའི་གནས། སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་སོགས་བསྟེན་ཏེ་དེ་དག་ལས་དཀའ་ཐུབ་འབུམ་འགྱུར་བྱས་པས་དེ་དག་གི་རྟོགས་པའི་ཡོན་ཏན་ཐམས་ཅད་མངོན་དུ་གྱུར་ཀྱང་དེ་ཡིས་འགྲོ་བའི་སྡུག་བསྔལ་བསལ་མི་ཐུབ་པས་ཐབས་མ་ཡིན་པར་མཐོང༌། དེ་ནས་ཆུ་བོ་ནེ་རན་ཛཱ་ནའི་གནས་སུ་སོང་ནས་ཉིན་རེ་ལ་རྒྱ་ཤུག་འབྲུ་ཙམ་རེ་གསོལ་ཞིང་རྗེས་སུ་ཅི་ཡང་མེད་པར་དཀའ་ཐུབ་སྤྱད་པས་ལུས་བསྐམས་ཤིང༌། དེ་ནས་ཏིལ་འབྲུ་གཅིག་དང་འབྲས་འབྲུ་གཅིག་ཙམ་གྱིས་ལོ་དྲུག་གི་བར་ཏིང་ངེ་འཛིན་ལ་ཞུགས་ནས་དཀའ་ཐུབ་སྤྱད་པས་མདོག་ནག་པོར་གྱུར་ཅིང༌། མི་རྣམས་ཀྱི་སྣང་ངོར་དུར་ཁྲོད་ཀྱི་འདྲེ་ཡིན་སྙམ་པ་བྱུང༌། དེ་ལྟར་མི་ཚེའི་བདེན་པ་མ་རྙེད་པས་བུ་མོ་ལེགས་སྐྱེས་མས་ཕུལ་བའི་འོ་ཐུག་སྦྲང་རྩིའི་སྙིང་བོ་ཅན་གསོལ་ཏེ་ལུས་ཀྱི་མདངས་གསོས། དུར་ཁྲོད་ཀྱི་རས་བཀྲུས་ནས་ཆོས་གོས་བཟོས་ཏེ་གསོལ་ནས་བྱང་ཆུབ་ཀྱི་སྙིང་བོར་གཤེགས་སོ།།

     དེ་རུ་རྩྭ་འཚོང་བ་ཁྱེའུ་བཀྲ་ཤིས་ཟེར་བ་ལས་རྩྭ་བསླངས་ཏེ་བྱང་ཆུབ་ཤིང་དྲུང་དུ་བཏིང་སྟེ་སྐྱིལ་མོ་ཀྲུང་བཅས་ནས་ཁ་ཤར་དུ་ཕྱོགས་ནས་ལུས་དྲང་བོར་བསྲངས། སྟན་འདིར་བདག་གི་ལུས་འདི་བསྐམས་ཀྱང་རུང༌། །པགས་པ་རུས་པ་ཤ་རྣམས་ཞིག་ཀྱང་རུང༌། །བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་པར། །སྟན་འདི་ལས་ནི་བསྐྱོད་པར་མི་བྱའོ། །ཞེས་དམ་བཅས་ཏེ་རྩེ་གཅིག་ཏུ་སྒོམ་ནས་བཞུགས་སོ།།

     དེའི་དུས་བདུད་ཀྱིས་ཕོ་ཉར་སྤྲུལ་ཏེ་སེར་སྐྱའི་གྲོང་ལྷས་སྦྱིན་གྱིས་ཁ་བཏགས་སོ་ཞེས་འཕྲིན་བརྗོད་པ་དང་དྲག་པོའི་དཔུང་གིས་རྒོལ་བ་དང་གཅན་གཟན་སྣ་ཚོགས་ཀྱང་འཇིགས་རྔམ་སྟོན་པ། བུ་མོ་མཛེས་མས་དུང་བ་སྟོན་པ་སོགས་ཇི་ལྟར་བྱས་ཀྱང་ཐུགས་གཡོ་བ་སྤུ་ཙམ་ཡང་མ་བྱུང་བར་བྱམས་སྙིང་རྗེ་སོགས་ཀྱི་ཏིང་ངེ་འཛིན་ལ་མངོན་པར་བཞུགས་ནས་དགུང་ལོ་སོ་ལྔ་བཞེས་པའི་ལོ་དེའི་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཐུན་མཐའ་མའི་དུས་ནས་མངོན་པར་རྫོགས་པར་སངས་རྒྱས་སོ།། 

      དེ་ནས་སྟོན་པ་སངས་རྒྱས་ཀྱིས་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ལྔ་སྡེ་བཟང་བོ་ལ་བདེན་བཞིའི་ཆོས་འཁོར་བསྐོར། བྱ་རྒོད་ཕུང་བོའི་རིར་བྱང་ཆུབ་སེམས་དཔའ་མང་བོ་ལ་མཚན་ཉིད་ངོ་བོ་ཉིད་མེད་པའི་ཆོས་འཁོར་བསྐོར། ཡངས་པ་ཅན་ལ་སོགས་པའི་གནས་སུ་ལེགས་ཕྱེའི་ཆོས་འཁོར་བསྐོར་པ་སྟེ་ཆོས་ཀྱི་འཁོར་ལོ་གསུམ་དང་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ཞེས་པར་སྔགས་ཀྱི་ཐེག་པ་གསུངས་ཏེ་དགུང་ལོ་བརྒྱད་ཅུ་བ་སྟེ་སྤྱི་ལོ་སྔོན་གྱི༥༤༥ལ་སྐུ་དངོས་ཀྱི་གདུལ་བྱ་མཐའ་མ་ཀུན་ཏུ་རྒྱུ་རབ་བཟང་གྲོལ་བར་བྱས་ཏེ་མྱ་ངན་ལས་འདས་སོ།།

 

༄༅།།ཆོས་རྒྱལ་སྲོང་བཙན་སྒམ་པོ།

     ༄༅།།ཆོས་རྒྱལ་སྲོང་བཙན་སྒམ་པོ་ནི་གནམ་རི་སྲོང་བཙན་དང་ཚེ་སྤུང་བཟའ་གཉིས་ཀྱི་སྲས་སུ་སྤྱི་ལོ་༦༡༧ལོར་འཁྲུངས། བོད་རྒྱལ་གདུང་རབས་སོ་གསུམ་པ་འདིའི་རིང་ལ་པོ་ཏ་ལའི་རི་ལ་ཕོ་བྲང་བརྩིགས། བོད་ཡིག་གི་སྲོལ་བཏོད། སངས་རྒྱས་ཀྱི་ཆོས་ཐོག་མར་བོད་ཡིག་ཏུ་བསྒྱུར། བཀའ་ཡི་ཁྲིམས་ཡིག་ཆེན་པོ་རྣམ་དྲུག་མཛད་པ་སྟེ། དེ་ཡང་དང་པོ་བོད་ཡུལ་རུ་ཆེན་ལྔ་རུ་ཕྱེ་བ་དང༌། ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་བཅད་པ། རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་ཕྱེ་བ། གཡུང་གི་མི་སྡེ་ཁེང་དང་ཡང་ཁེང་ཕྱེ་བ། ཞང་གསུམ་བློན་བཅས་དབུས་ཀྱི་འདུན་ས་འཛིན་པ། དཔའ་སྡེ་གསུམ་གྱིས་མཐའ་ཡི་སོ་ཁ་སྲུང་བ་བཅས་སྲིད་འཛིན་གནད་དྲུག་དང༌། གཉིས་པ་བཀའ་འགྲོས་ཆེན་པོ་དྲུག་གསུམ་པ་ཡིག་ཚངས་དྲུག་བཞི་པ་བཀའ་ཡི་ཕྱག་རྒྱ་དྲུག་ལྔ་པ་རྐྱེན་དྲུག་དྲུག་པ་དཔའ་མཚན་དྲུག་བཅས་དྲུག་ཚན་དྲུག་གིས་བོད་ཀྱི་ཁོས་སུམ་ཅུ་སོ་དྲུག་གཏན་ལ་ཕབ། ལྷ་ཆོས་དགེ་བ་བཅུ་དང༌། མི་ཆོས་གཙང་མ་བཅུ་དྲུག་གི་སྲོལ་བཙུགས་ནས་དགུང་གྲངས་༡༣ཐོག་རྒྱལ་སྲིད་བཟུང༌། སྤྱི་ལོ་༦༣༩ལོར་བལ་བཟའ་ཁྲི་བཙུན་ཁབ་ཏུ་བཞེས། ལྕགས་གླང་༦༤༠ལོར་རྒྱ་བཟའ་ཝུན་ཤིང་ཀོང་ཇོ་བཙུན་མོར་བསུས། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང༌། ར་མོ་ཆེ་ཞེས་པའི་གཙུག་ལག་ཁང་བཞེངས། མི་ཆེན་གྱི་བུ་རྣམས་རྒྱ་ནག་ཏུ་ཡོན་ཏན་སློབ་ཏུ་བཏང་སྟེ་རྒྱ་ནག་ཡུལ་ནས་ཆོས་དང༌།སྨན། རྩིས། སྒྱུ་རྩལ། དཔལ་འབྱོར་སོགས་ཀྱི་སྲོལ་རྒྱུན་སྣ་ཚོགས་བོད་དུ་དྲངས། བོད་ཁམས་དར་ཞིང་རྒྱས་པར་གྱུར་ཅིང༌། ཐང་གི་རྒྱལ་པོས་དེ་ལ་མག་པའི་ཆོ་ལོ་ཧཕུ་མ་དུའུ་ཝེ་ཞེས་དང་མཚོ་ནུབ་མའི་རྒྱལ་པོ་ཤིང་ཧེའི་ཁྱུན་དབང་ཞེས་པའི་ཆོ་ལོ་དང༌། སླར་ཙུང་དབང་ཞེས་པའི་ཆོ་ལོ་ཡང་བསྐུར། རྗེ་འདི་དང་མོངས་བཟའ་གཉིས་ལ་སྲས་གུང་རི་གུང་བཙན་བྱུང་ཡང་ཡབ་རྗེའི་གོང་དུ་འདས་པས་རྒྱལ་ས་དབོན་སྲས་མང་སྲོང་མང་བཙན་ལ་བསྐུར། དེ་དག་གི་ལོ་ཚིགས་ལ་བཞེད་ཚུལ་མི་འདྲ་བ་མང་ངོ༌།   །།

 

༄༅།།ཐོན་མི་སམ་བྷོ་ཊ།

     ༄༅།།དེ་ཡང་སྔོན་འདས་པའི་ལོ་སྟོང་ཕྲག་གཅིག་དང་སུམ་བརྒྱ་ལྷག་ཙམ་སོང་བའི་དུས་རབས་བདུན་པའི་སྟོད་ཀྱི་ཆར། བོད་རྒྱལ་གནམ་རི་སྲོང་བཙན་གྱིས་སྲས་སྲོང་བཙན་སྒམ་པོ་དགུང་ལོ་བཅུ་གསུམ་བཞེས་པའི་ས་མོ་གླང་གི་ལོར༼སྤྱི་ལོ་༦༢༩༽རྒྱལ་སྲིད་གསར་དུ་སྐྱོང་དུས་དགའ་སྟོན་གྱི་ཡོ་ལང་རྣམ་པར་རྒྱས་པ་ན། མཐའ་བཞིའི་རྒྱལ་པོ་རྒྱལ་ཕྲན་དང་བཅས་པས་སྟོན་ཀའི་སྤྲིན་གྱི་འདུ་འགོད་དང་མཚུངས་པའི་ཕོ་ཉ་ཡང་ཡང་མངགས་ནས། བོད་རྒྱལ་ལ་རང་གི་རྒྱལ་ཁམས་ཀྱི་ཡི་གེར་བཀོད་པའི་འཚམ་ཞུའི་འཕྲིན་ཡིག་དང་འཚམ་སྐྱེས་སུ་རིན་ཐང་གཞལ་དུ་མེད་པའི་རྟེན་མཚོན་འདི་དང་འདི་ཡོད་དོ་ཞེས་སོ་སོའི་ཡུལ་གྱི་ཡི་གེར་བྲིས་ནས་བཀུར་བ་ལ། དེ་དུས་བོད་རང་ལ་ཡི་གེ་མེད་པས་སྐྱེས་ལན་དང་འཕྲིན་ལན་ལ་རྒྱལ་ཁམས་དེ་དང་དེའིཡི་གེ་ལྟར་འབྲི་བའམ། ངག་འཕྲིན་ཙམ་ལས་བསྐུར་རྒྱུ་མ་བྱུང་བ་དེར་སྲོང་བཙན་གྱི་དགོངས་པ་ལ། རང་ཅག་གི་ཡི་གེ་མེད་པ་འདིས་རྒྱལ་སྲིད་ཀྱི་བྱ་བ་གང་ཡང་ལེགས་པར་སྒྲུབ་མི་ཐུབ་པ་དང་། རྒྱལ་ཁམས་གཞན་གྱིས་འཕྱ་བའི་གནས་སུ་འགྱུར་ན། ད་ནི་རྒྱལ་ཁམས་གཞན་གྱི་ཡི་གེ་ལ་རམ་མ་ལས་པར། བོད་རང་གི་སྐད་དང་མཐུན་པའི་ཆོས་སྲིད་ཀྱི་གཙུག་ལག་རྣམ་གཉིས་ཀྱི་དོན་གསལ་བར་སྟོན་ཐུབ་པའི་ཡི་གེའི་རྣམ་གཞག་ཆ་ཚང་བ་ཞིག་ངེས་པར་ཡོད་དུ་འཇུག་དགོས་སོ་ཞེས་བཟློག་ཏུ་མེད་པའི་ཐུགས་ཀྱི་དམ་བཅའ་བརྟན་པོ་བཅས་སོ།།

    དེའི་ཚེ་བོད་ཀྱི་བློན་པོའི་བུ་བློ་རྣོ་བ་བཅུ་དྲུག་ལ་གསེར་གྱི་རྫོངས་པ་དང་བཅས་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་ན་ཡང་། ལ་ལ་ལམ་བགྲོད་དཀའ་བར་འཇིགས་ནས་འགྲོ་མ་ནུས།ལ་ལ་རྒྱ་གར་དུ་ཕྱིན་ཀྱང་ཚད་པས་ཤི། ལ་ལས་རྒྱ་སྐད་མ་ཤེས་པར་ཕྱིར་ལོག དེ་ནས་རྒྱལ་པོས་སླར་ཡང་ཐོན་མི་སམ་བྷོ་ཊ་ཞེས་བྱ་བའི་ཁྱེའུ་ངང་ཚུལ་བཟང་བ། བློ་གསལ་བ། དཀའ་བ་དང་དུ་ལེན་པའི་སྙིང་སྟོབས་ཅན། གཞན་ཕན་གྱི་ལྷག་བསམ་དཀར་བ་ཞིག་ཡོད་པ་དེ་ལ་བཀའ་གནང་ཞིང་། གསེར་བྱེ་བྲེ་གང་ལ་སོགས་པའི་རྫོངས་པ་བཅས་རྒྱ་གར་དུ་བཏང་ངོ།།

    བོད་མཁས་པས་བརྩམས་པའི༼དམ་ཆོས་གླེགས་བམ་སྒྲུབ་ཚུལ༽གྱི་ལུང་མདོ་མཁར་བ་ཚེ་རིང་དབང་རྒྱལ་གྱི༼ཡི་གེའི་བཤད་པ༽རུ་བཀོད་པ་ལྟར་ན། དེའི་ཚེ་བློན་པོ་མཆོག་མགར་སྟོང་བཙན་ཡུལ་སྲུང་གཡོག་དང་བཅས་པ་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་སྟེ། ཏ་ལ་ཁ་ཏི་རྣམ་གསུམ་གྱི་སར་ཕྱིན་པ་ན་གཡོག་ཕལ་ཆེར་ས་ཆུ་མ་འཕྲོད་པས་ཤི། མགར་རང་ཉིད་ཀྱང་འཆི་བར་དོགས་ནས་སླར་ལོག དེ་ནས་སྲོང་བཙན་གྱིས་ཐོན་མི་སྣང་གྲགས་ཞེས་བྱ་བའི་བུ་ལོ་བཅོ་ལྔ་ལོན་པ་ཞིག་ལ། ཁྱོད་རྒྱ་གར་དུ་ཡི་གེ་སློབ་ཏུ་འགྲོ་ཐུབ་བམ་ཞེས་དྲིས་པར།ཐོན་མིས་མ་ཤི་ཕན་ཆད་ཅི་ལ་མི་ཐུབ་ཅེས་སྲོང་བཙན་གྱི་བཀའ་དང་དུ་བླངས་སོ།། དེ་ནས་ཕོ་ཉའི་འགོ་དཔོན་དུ་སྟག་རོ་ལོ་ཤོག་ཟེར་བ་བསྐོས་ཏེ་གཡོག་ལྔ་བརྒྱ་སྤྲད་པ་དང་། ཐོན་མིས་ཧ་ཅང་མང་བ་འདི་དག་གིས་ཅི་བྱེད། བཅུས་འཚལ་ལོ་ཞེས་གསོལ་ནས་དཔོན་གཡོག་བཅུ་གཉིས་ལ་མཁོ་བའི་ཆས་ཀ་དང་། རྒྱ་གར་རྒྱལ་པོར་དཔལ་སྦྱིན་བྱེད་བི་ན་ལྷ་ཆེན་ཞེས་པ་ལ་འཚམ་སྐྱེས་ཀྱི་བསྐུར་མ་ངག་འཕྲིན་དང་བཅས་པ་གནང་ནས་བརྫངས། ལམ་ནས་བལ་པོའི་རྒྱལ་པོ་ལ་སྐྱེས་ཕུལ་ཏེ་ཚད་པ་ལ་ཕན་པའི་སྨན་ག་བུར་དང་། ཅུ་གང་། ཙན་དན་གྱི་ཆུ་ལ་སོགས་པབསྩལ་བ་བསྟེན་ཅིང་སོང་བས་ཅི་ཡང་མ་གནོད་པར་རྒྱ་གར་དུ་བདེ་བར་བརྟོལ་ཞེས་བྱུང་ངོ།།

    དེ་ནས་ཐོན་མི་རྒྱ་གར་ཡུལ་ཁམས་ཆེ་བ་ཀུན་ཏུ་མྱུལ་ཞིང་། མཐར་ལྷོ་ཕྱོགས་ཀྱི་མཁས་པ་བྲམ་ཟེ་ཆེན་པོ་ལི་བྱིན་སློབ་དཔོན་དུ་བསྟེན་ནས་ཡིག་རིགས་དུ་མ་མཁས་པར་སྦྱངས།པཎྜི་ཏ་ལྷ་རིག་པའི་སེང་གེཞེས་པ་ལས་སྒྲ་པཱ་ཎི་བ་དང་། ཀ་ལཱ་པ། ཙཱནྡྲ་བ་རྣམས་དང་། རྟོགས་སླ་བ་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་དང་། རྟོགས་དཀའ་བ་པཎྜི་ཏ་ལུགས་ཀྱི་བསྟན་བཅོས། དམ་པའི་ཆོས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་དང་བཅས་པ་བསླབས།

    བོད་མཁས་པའི༼དམ་ཆོས་གླེགས་བམ་སྒྲུབ་ཚུལ༽ལས། ཐོན་མི་རྒྱ་གར་དུ་བརྟོལ་བའི་རྗེས་སུ་རྒྱ་གར་རྒྱལ་པོས་ཐུགས་ལ་བཏགས་ཏེ། མཁས་པ་ཡ་ཤ་མི་ཏྲ་ཞེས་བྱ་བའི་སློབ་མ་ལྷ་རིག་པའི་སེང་གེ་སློབ་དཔོན་དུ་བཀུར་ནས་ལོ་བདུན་དུ་སྒྲའི་བསྟན་བཅོས་རྣམས་ཚང་བར་བསླབས། དམ་པའི་ཆོས་དགེ་བ་བཅུའི་མདོ་ཡང་ཉན་ཅིང་བསླབས། ཞེས་བྱུང་ངོ།།

    དེ་ནས་སློབ་དཔོན་ལི་བྱིན་ལ་ཐོན་མིས་གསེར་གྱི་མཆོད་པ་དང་བཅས་བཀའ་དྲིན་ཆེ་བའི་ཆེད་བརྗོད་ཞུས་པ་ནི་འདི་ལྟར།

    ཐུགས་ལ་བཏགས་སོ་རྒྱལ་བའི་སྲས།། བཀའ་དྲིན་ཆེ་འོ་ངོ་མཚར་ཆེ།། བྱིན་གྱིས་རློབས་ཤིག་ཐུགས་རྗེ་ཅན།། རིག་པ་དྲི་མེད་ཀྱི་ནམ་མཁའ་ལ།། ཐབས་ཤེས་གཉིས་ཀྱི་རྒྱུ་སྐར་ཤར།། སྨོན་ལམ་དག་པའི་རླུང་གིས་དྲངས།། སྒྲ་ཚད་ཡི་གེའི་ཉི་ཟླ་ཤར།། འགྲོ་བའི་མ་རིག་མུན་པ་སེལ།། བདེ་གསལ་ཡིད་ཀྱི་རྒྱ་མཚོ་ལ།། རིག་པ་བློ་ཡི་ཆུ་ཕྲན་འཁོར།། སྨོན་ལམ་དག་པའི་ཆུ་བྱ་ལྡིང་།། སྒྲ་ཚད་ཡི་གེའི་ནོར་བུ་བཞུགས།། འགྲོ་བའི་དབུལ་ཕོངས་སེལ་བར་བྱེད།། སྒྱུ་ལུས་དྲི་མེད་ཀྱི་སྡོང་པོ་ལ།། ཐབས་ཤེས་གཉིས་ཀྱི་ཡལ་ག་རྒྱས།། སླབས་ཤེས་ཡོན་ཏན་མེ་ཏོག་ཤར།། སྒྲ་ཚད་ཡི་གེའི་འབྲས་བུ་སྨིན།། བདག་བོད་ཀྱི་བློན་པོ་ཐོན་མི་ལ།། མ་ལུས་གནང་བ་ཐུགས་ལ་བཏགས།། རྒྱ་གར་ཡུལ་དུ་ཕྱིན་པ་ཡིན།། མཁས་གྲུབ་ཁྱེད་དང་མཇལ་བ་ཡིན།། ཡོན་ཏན་གཞི་མ་ཡི་གེ་ཡིན།། མ་ལུས་ཁོང་དུ་ཆུད་པ་ཡིན།། བོད་ཡུལ་དབུས་སུ་འགྲོ་བ་ཡིན།། རྒྱལ་པོས་དགའ་སྟོན་མཛད་པ་ཡིན།། རྒྱལ་སྲིད་ཆོས་བཞི་སྐྱོང་བ་ཡིན།། རྒྱལ་པོས་དབུ་མཛད་བློན་འབངས་ལ།། སྒྲ་ཚད་ཡི་གེ་སྤེལ་བ་ཡིན།། ཀུན་ལ་རྒྱས་པར་བྱེད་པ་ཡིན།། ཐུགས་ལ་བཏགས་སོ་རྒྱལ་བའི་སྲས།།

   ཞེས་ཞུས་ནས་བཀའ་དྲིན་རྗེས་སུ་དྲན་པར་བྱས་སོ། དེ་ནས་བོད་དུ་ཕྱིར་ལོག་ཁར་སྒྲ་རིག་པའི་བསྟན་བཅོས་བསླབས་ཚད་ཀྱི་རྒྱ་དཔེ་དང་། གཞན་འདུས་པ་རིན་པོ་ཆེའི་ཏོགམདོ་ཟ་མ་ཏོག་བཀོད་པ། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག དགེ་བ་བཅུའི་མདོ་ལ་སོགས་རྒྱ་དཔེ་རྣམས་ཀྱང་གདན་དྲངས་པར་མཛད་དོ།།

   དེ་ནས་བོད་འབངས་རྣམས་སྒྲ་དང་ཡི་གེའི་རིག་པའི་གནས་ཀྱི་དགའ་ཚལ་དུ་འཇུག་པའི་སླད་དུ་སྲོང་བཙན་རང་ཉིད་ནས་ཐོན་མི་སློབ་དཔོན་དུ་བསྟེན་ཏེ། ལྷ་སའི་ཕ་བོང་ཁའི་སྐུ་མཁར་མ་རུ་ཞེས་བྱ་བར་ལོ་གསུམ་མམ་བཞི་ལ་མཚམས་བཅད་ཀྱི་ངང་ནས་ཡི་གེ་འབྲི་ཀློག་ལ་མཁས་པར་སྦྱངས། དེ་བཞིན་དུ་བློན་འབངས་ཀུན་གྱིས་ཀྱང་རྒྱལ་པོའི་བཀའ་བཞིན་སྒྲ་དང་ཡི་གེ་ལ་གུས་རྟག་བརྩོན་པས་སྦྱངས་པ་རྒྱ་ཆེར་བྱས། ལོ་སྔ་ཕྱི་དེ་དག་ཏུ་ཐོན་མིས་བོད་ཡིག་གསར་བཟོ་དང་བརྡ་སྤྲོད་པའི་བསྟན་བཅོས་རྣམས་ཀྱང་རིམ་གྱིས་བརྩམས་པར་གསལ་ལོ།།

   དེའི་ཚེ་སློབ་དཔོན་ཐོན་མི་སམ་བྷོ་ཊ་ལ་རྒྱལ་པོས་བཀུར་སྟི་དང་སྲི་ཞུ་བློར་མི་ཤོང་བ་མཛད་དེ། སློབ་དཔོན་ཞེས་པའི་མཚན་ཡང་མཚམས་འདི་ནས་ཐོགས་པར་མངོན། བོད་ཡིག་གསར་བཟོའི་ཕྱག་རྗེས་ལ་གཟེངས་བསྟོད་པའི་དོན་དུ། བོད་ཕྲུག་མཛངས་མི་རིམ་བྱོན་བདུན་ཡོད་པ་ལས་ཐོན་མི་དེའི་གྲས་ཀྱི་མཛངས་མི་བཞི་པར་བསྔགས་སོ།། མཛངས་མི་ཞེས་པའི་མཁས་པའམ་ལག་རྗེས་ཆེན་པོ་ཅན་གྱི་དོན་ནོ།། འདི་ལ་དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་བ་ལས།

    བོད་ཕྲུག་མཛངས་པའི་མི་བདུན་གྱི།། བཞི་པར་ཐོན་མི་བགྲང་མོད་ཀྱང་།། དེ་ཀུན་མཚུངས་པ་མ་ཡིན་ཏེ།། མཁན་པོ་ལོ་ཙཱའི་ཐོག་མ་འདིའི།། བཀའ་དྲིན་བོད་ཀྱིས་ཇི་ལྟར་འཁོར།།

    ཞེས་པ་ནི་དེ་ཁོ་ན་ཉིད་དོ།། དེའི་རྐྱེན་གྱིས་བློན་པོ་འགའ་ཞིག་གི་བློ་ལ་མ་བབས་ནས་རྒྱལ་པོས་འབངས་ལ་འདི་ལྟར་བཀུར་བ་མི་རིགས་སོ་ཞེས་ལྐོག་ལབ་གླེང་བ་ཐོན་མིས་གསན་ནས། ཉིན་གཅིག་རྒྱལ་པོ་གྲལ་གྱི་གུང་ན་བཞུགས། བློན་པོ་ཆེ་དགུ་རྣམས་ཀྱིས་མཐའ་བསྐོར་བའི་དབུས་སུ་ཐོན་མི་ཡར་ལ་བཞེངས་ནས་ཕྲག་དོག་འཇོམས་པའི་གླུ་དབྱངས་མཆི་མ་དཀུ་བའི་ང་རོ་དང་བཅས་འདི་ལྟར་བླངས་སོ།

    ང་དྲིན་ཅན་གྱི་བློན་པོ་ཐོན་མི་ངས།། ལམ་བགྲོད་པར་དཀའ་བའི་རྒྱ་གར་དུ།། ལུས་ཚ་གྲང་ཆེ་ཡང་དཀའ་བ་སྤྱད།། ཁོང་མཁས་པ་བྲམ་ཟེ་ལི་བྱིན་ལ།། ཡིད་གུས་པའི་ཚུལ་གྱིས་མོས་གུས་བྱས།། ནོར་རིན་ཆེན་གསེར་གྱི་ཕྱག་རྟེན་ཕུལ།། དོན་ཪྙེད་པར་དཀའ་བའི་ཡིག་འབྲུ་བསྟན།། བློ་ཐེ་ཚོམ་སེལ་བའི་མཛུབ་ཁྲིད་བྱས།། ཚིག་དབྱངས་ཡིག་རྣམས་ལ་མཁས་པར་སྦྱངས།། རྒྱ་ཡིག་ལྔ་བཅུ་ཐམ་པ་དེ།། བོད་ཡིག་སུམ་ཅུརགཏན་ལ་ཕབ།། རང་མཁས་པའི་ངེས་ཤེས་བློ་ལ་ཤོར།། འཕྲལ་ཡོན་ཏན་ཐམས་ཅད་ཁོང་དུ་ཆུད།། དུས་ད་ལྟ་དགའ་ལ་ཕྱི་མ་སྐྱིད།། ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར།། མི་མཁས་པ་སླེབས་པའི་སྔོན་མ་ཡ།། ང་མུན་པ་སེལ་བའི་སྒྲོན་མེ་ཡིན།། རྗེ་རྒྱལ་པོ་ཉི་ཟླའི་ཚུལ་དུ་བཞུགས།། གྲོགས་བློན་པོའི་ཁྲོད་ན་ང་ཙམ་མེད།། བོད་ཁ་བ་ཅན་པའི་མི་རྣམས་ལ།། ང་ཐོན་མི་བཀའ་དྲིན་མི་ཆེའམ་།།

ཞེས་དེ་སྐད་གླུར་བླངས་པས་ཕྲག་དོག་བྱེད་པའི་བློན་པོ་རྣམས་གཅིག་གིས་གཅིག་ལ་བལྟས། ཐོན་མིས་གང་གསུངས་ཐམས་ཅད་མདེའུ་རྩེ་རྣོན་པོས་གནད་ལ་ཕོག་པ་བཞིན་དུ་གྱུར་ནས་འགྲན་སེམས་ཞི་ཞིང་། ཐོན་མིའི་བཀའ་དྲིན་གྱི་རི་མོ་བློན་འབངས་ཐམས་ཅད་ཀྱི་སེམས་ལ་གསུབ་ཏུ་མེད་པར་གྱུར་ཏོ།།

 

༄༅།།དཔའ་བོ་གཙུག་ལག་ཕྲེང་བ།

    ༄༅།།དཔའ་བོ་གཙུག་ལག་ཕྲེང་བ་ནི་རབ་བྱུང་བརྒྱད་པའི་ཤིང་བྱི་སྤྱི་ལོ༡༥༠༤ལོར་གཉགས་རིགས་ལས་བྱུང་བ་ཡབ་བླ་མ་དར་དང་། ཡུམ་ལམ་རྙེད་སྒྲོལ་མ་གཉིས་ཀྱི་སྲས་སུ་སྙེ་ཐང་དུ་སྐུ་འཁྲུངས། དགུང་ལོ་ལྔ་པར་དགེ་བསྙེན་ཆ་ལུང་པས་དཔའ་བོ་སྐུ་ཕྲེང་དང་པོ་ཆོས་དབང་ལྷུན་གྲུབ་ཀྱི་སྐུ་སྐྱེར་ངོས་འཛིན་ཞུས་ཏེ་ལྷོ་བྲག་གྲོ་བོ་དགོན་པའི་གདན་སར་སྤྲན་དྲངས། བླ་མ་རྟོགས་ལྡན་དགེ་འདུན་རྒྱ་མཚོ་དགེ་རྒན་དུ་བསྟེན་ནས་བོད་ཡིག་འབྲི་ཀློག་སོགས་ལ་སྦྱང་བརྩོན་མཛད།

    དགུང་ལོ་དགུ་པ་ལ་ཀརྨ་ཞྭ་དམར་སྐུ་ཕྲེང་བཞི་པ་ཆོས་ཀྱི་གྲགས་པའི་དྲུང་ནས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་བཞེས་པའི་མཚན་ལ་མི་ཕམ་ཆོས་ཀྱི་རྒྱ་མཚོ་ཞེས་གསོལ།དགུང་ལོ་བཅུ་གཉིས་པར་ཤར་དྭགས་པོ་པཎྜི་ཏ་ཆོས་རྒྱལ་བསྟན་པའི་རྒྱལ་མཚན་གྱི་དྲུང་ནས་གསང་སྔགས་གསར་རྙིང་གི་ཆོས་མང་པོ་དང་། དབུས་སྨྱོན་ཧེ་རུ་ཀ་ཀུན་དགའ་བཟང་བོའི་དྲུང་ནས་ཕྱག་ཆེན་གྱི་ཁྲིད་གསན། དེ་རྗེས་ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོའི་དྲུང་ནས་དགེ་སློང་གི་སྡོམ་པ་བཞེས། དགུང་ལོ་ཉི་ཤུ་རྩ་དགུ་པ་ཀོང་པོར་ཕེབས་སྐབས་ཟིང་པོ་འབུམ་པ་སྒང་དུ་ཀརྨ་པ་མི་བསྐྱོད་རྡོ་རྗེ་དང་མཇལ་ཏེ་ཆོས་འབྲེལ་ཞུས་ཤིང་། མཚན་ལ་དཔའ་བོ་གཙུག་ལག་ཕྲེང་བ་ཞེས་གསོལ།

     དེ་ནས་བཟུང་མདོ་སྔགས་རིག་གནས་དང་བཅས་པའི་གསན་སྦྱོང་མང་ཆེ་བ་བླ་མ་འདིའི་དྲུང་དུ་མཛད་པ་དང་འབྲེལ་མཁས་པའི་དབང་པོ་དུ་མའི་ཞབས་ལ་བཏུགས་ནས་རིག་གནས་སྤྱི་ལ་གསན་སྦྱོང་དཔྱིས་ཕྱིན་པ་གནང་བས་མཁས་པའི་ཕུལ་དུ་ཕྱིན་ཏེ་དཔའ་བོ་གཙུག་ལག་ཕྲེང་བ་ཞེས་སྙན་པའི་གྲགས་པ་རབ་ཏུ་འབར། གསུང་རྩོམ་ལ༼སྤྱོད་འཇུག་འགྲེལ་ཆེན༽དང་། ༼རྩིས་ཀྱི་བསྟན་བཅོས༽  ༼ཕག་མོའི་རྣམ་བཤད་ཆེན་མོ༽ ༼གསོ་བ་རིག་པའི་རྒྱུད་བཞིའི་རྣམ་བཤད༽ ༼སྨན་དཔྱད་ཟིན་བྲིས་སྙིང་པོ་བསྡུས་པ༽ ༼རྡོ་ཞུན་གསལ་སྒྲོན༽  ༼རྩིས་གཞུང་རིན་ཆེན་གཏེར་མཛོད༽  ༼ཆོས་འབྱུང་མཁས་པའི་དགའ་སྟོན༽སོགས་མང་དུ་མཆིས། ༼ཆོས་འབྱུང་མཁས་པའི་དགའ་སྟོན༽ནི་རབ་བྱུང་དགུ་པའི་ཤིང་སྦྲུལ་༡༥༤༥ལོར་བརྩམ་འགོ་བཙུགས་ཏེ་ལོ་ངོ་ཉི་ཤུ་རྩ་གཅིག་རིང་ཡོངས་སུ་ཆ་ཚང་བར་མཛད། ལོ་རྒྱུས་དེབ་ཐེར་འདི་ཉིད་ཤེས་བྱའི་གནས་ཀུན་ལྟ་བའི་མེ་ལོང་དང་མཚུངས་ཤིང་། ལོ་རྒྱུས་དཔྱད་ཡིག་ཁུངས་བཙན་ཞིག་ཏུ་སྣང་བ་བཅས་དམ་པ་འདི་ཉིད་ཀྱིས་མདོ་སྔགས་རིག་གནས་ཀྱི་མཛད་པ་རྒྱ་ཆེར་སྤེལ་མཐར་དགུང་ལོ་དྲུག་ཅུ་རེ་གསུམ་པ་རབ་བྱུང་དགུ་པའི་མེ་སྟག་ལོ་༡༥༨༨ལོར་སྐུ་གཤེགས། དགུང་གྲངས་༨༤བཞུགས་སོ།།  །།

 

༄༅།།སློབ་དཔོན་པདྨ་འབྱུང་གནས།

    ༄༅།།སློབ་དཔོན་འདི་ལ་སློབ་དཔོན་རིན་པོ་ཆེ། ཨོ་རྒྱན་རིན་པོ་ཆེ། གུ་རུ་རིན་པོ་ཆེ་སོགས་འབོད་སྲོལ་མང་མོད། རྒྱུན་དུ་སློབ་དཔོན་པདྨ་འབྱུང་གནས་ཞེས་སུ་འབོད། ཁོང་དུས་རབས་བརྒྱད་པའི་དུས་མཇུག་ཙམ་ལ་རྒྱ་གར་ནུབ་ཕྱོགས་ཨོ་ཌི་ཡཱ་ན་སྟེ། བོད་སྐད་དུ་ཨོ་རྒྱན་མཁའ་འགྲོའི་གླིང༼དེང་སྐབས་ཕ་ཁི་སི་ཐན་གྱི་ཁོངས་སུ་ཡོད༽གི་དྷ་ན་ཀོ་ཤ་ཟེར་བའི་མཚོ་ཡི་ནང་དུ་མེ་ཏོག་པདྨའི་ནང་བརྫུས་ཏེ་འཁྲུངས་པར་བཤད། ཇོ་ནང་ཏཱ་ར་ནཱ་ཐ་དང་དེང་གི་མཁས་པ་མི་ཉུང་པ་ཞིག་གི་འདོད་པ་ལྟར་ན། རྒྱ་གར་ཡུལ་དབུས་མ་ག་དྷར་རྒྱལ་པོ་དེ་ཝ་པཱ་ལས་རྒྱལ་སྲིད་སྐྱོང་པའི༼༧༣༠-༧༧༧༽ཚེ། ཨོ་རྒྱན་ཡུལ་དུ་རྒྱལ་པོ་ཧ་ཡ་ལི་ལ་ཡིས་སྲིད་བཟུང་ཞིང་དེའི་ཚེ་རྒྱལ་རིགས་རིག་པ་སྨྲ་བ་སྲ་དོའམ་སྲིག་དྷར་སྟེ་མེ་ཏོག་ཕྲེང་བ་འཛིན་པ་ཟེར་བ་ཞིག་ཡོད་པ་དེར་ཁྱེའུ་ངོ་མཚར་བ་ཞིག་འཁྲུངས། མཚན་ལྟས་ལ་མཁས་པ་གསང་སྔགས་ཀྱི་རྣལ་འབྱོར་པ་ཞིག་གིས་སྲས་འདིས་རྒྱལ་སྲིད་མི་བཟུང་ཞིང་། གསང་སྔགས་ཀྱི་ལམ་ལ་བརྟེན་ནས་གྲུབ་པ་ཐོབ་པའི་རྣལ་འབྱོར་བ་ཆེན་པོ་ཞིག་ཏུ་འགྱུར་བར་ལུང་བསྟན་དེ། མཚན་ལ་པདྨ་ཨ་བ་བྷ་སི་སྟེ་མཚམས་སྦྱར་བས་པདྨ་བ་བྷ་སི་ཞེས་བཏགས་པར་བཤད་དོ།།

ཁོང་གིས་ཆུང་དུས་ནས་རིག་པའི་གནས་ཆེ་ཆུང་དང་བརྟག་པ་བརྒྱད་སོགས་ཚེགས་མེད་དུ་མཁྱེན། གསང་སྔགས་ཀྱི་སློབ་དཔོན་ཤནྟི་རུ་པ་དང་། གྲུབ་ཆེན་སུ་ཁ་དེ་བ། མཁའ་འགྲོ་མ་སུ་ཁ་དྷ་རི་བཅས་ཀྱི་མདུན་ནས་གསང་སྔགས་ཀྱི་ཆོས་མང་དུ་བསླབས། བསྒོམ་སྒྲུབ་ཡུན་རིང་མཛད་སྐབས་རྒྱལ་པོ་ཧ་ཡ་ལི་ལ་འདས། དེའི་བུ་ཨགྵལི་ལ་ཡིས་སྲིད་དབང་བཟུང་སྐབས་བློན་པོ་ངན་པས་དབྱེན་སྦྱོར་བྱས་པ་སོགས་ལ་བརྟེན་ནས་རྒྱལ་བོས་སློབ་དཔོན་བཟུང་སྟེ་མཚོན་གྱིས་བསྣུན་པ་དང་། ཆུ་དང་གཡང་ལ་བསྐྱུར་བ། གསོན་པོར་ས་སྦས་སོགས་བྱས་ཀྱང་མ་སོད་པས་གནས་དབྱུང་བྱས། དེ་ནས་བཟུང་ཁོང་རི་བྲག་དང་དུར་ཁྲོད་སོགས་སུ་ཡོ་ག་སྒོམ་ཞིང་། དྷ་བུ་ཀྲི་ཏ་སོགས་གྲུབ་པ་ཐོབ་པའི་སློབ་དཔོན་བརྒྱད་ལས། རལ་གྲི་དང་།རིལ་བུ། མིག་སྨན། རྐང་མགྱོགས། སྨན། བཅུད་ལེན། གཏེར་གྱི་བུམ་པ། གསེར་འགྱུར་གྱི་རྩི་སོགས་ཀྱི་ཐུན་མོང་གི་དངོས་གྲུབ་བརྒྱད་ཐོབ། དེ་ནས་རྒྱལ་བོ་དྷརྨཔཱ་ལ་ཡིས་སྲིད་དབང་བཟུང་པའི་སྐབས་སུ༼༧༩༠-༨༥༣༽རྒྱ་གར་ཡུལ་དབུས་མ་གྷ་དྷར་བྱོན། གྲུབ་པ་ཐོབ་པའི་སློབ་དཔོན་སངས་རྒྱས་ཡེ་ཤེས་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཤིང་། རྒྱུད་སྡེ་བཞིའི་དབང་དང་མན་ངག་མང་པོ་གསན། སློབ་དཔོན་གྱི་བཀའ་ལྟར་རྒྱ་གར་བྷང་གྷ་ལའི་ཡུལ་གྱི་གྲོང་ཁྱེར་པ་ཎ་ཌ་པའི་བྱང་ཕྱོགས་ཀྱི་ནགས་ཚལ་པར་ཤི་ཞེས་བྱ་བར་བཞུགས་ནས་གསང་སྔགས་ཀྱི་སྤྱོད་པ་མཛད་དེ་མཆོག་གི་དངོས་གྲུབ་བརྙེས། དེ་ནས་རྒྱ་གར་བྱང་ཕྱོགས་ཀྱི་ཡུལ་ཏི་ར་ཧུ་ཏི་དང་བལ་ཡུལ། ཤར་ཕྱོག་ཀཱ་མརུ། ལྷོ་ཕྱོགས་ཏྲི་མ་ལ་སོགས་སུ་ཕྱིན་ནས་མུ་སྟེགས་པ་མང་པོ་བཏུལ་ཞིང་ལྷ་འདྲེ་མང་པོ་དམ་ལ་བཏགས་ཏེ་བོད་དུ་བྱོན།།  །།

༄༅།།འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན།

    ༄༅།།འགྲོ་མགོ་འཕགས་པ་བློ་གྲོས་རྒྱལ་མཚན་ནི།  བོད་རབ་བྱུང་བཞི་པའི་ཤིང་ལུག༼སྤྱི་ལོ༡༢༣༥༽ལོར་ཡབ་ཟངས་ཚ་བསོད་ནམས་རྒྱལ་མཚན་དང་ཡུམ་མ་གཅིག་ཀུན་དགའ་སྐྱིད་གཉིས་ཀྱི་སྲས་སུ་ས་སྐྱར་འཁྲུངས། དགུང་ལོ་ཆུང་དུས་ནས་ཡི་གེ་འབྲི་ཀློག་སོགས་རིག་པའི་གནས་ལྔ་ལ་དཀའ་ཚེགས་ཆེན་པོ་མ་དགོས་པར་མཁྱེན། དགུང་ལོ་བཅུ་བ་ཤིང་འབྲུག༼སྤྱི་ལོ༡༢༤༤༽ལོར་ཁུ་བོ་ས་སྐྱ་པཎྜི་ཏ་ཧོར་རྒྱལ་པོ་གོ་དན་གྱིས་གདན་དྲངས་པ་ལྟར་ལྱང་ཅུ་སྡེ་བཞིར་ཕེབས་སྐབས་ཞབས་ཕྱིར་བྱོན། དགུང་ལོ་བཅུ་བདུན་པ་ལྕགས་ཕག༼སྤྱི་ལོ༡༢༥༡༽ལོར་ས་པཎ་སྐུ་གཤེགས་ཁར་རང་ཉིད་ཀྱི་ཆོས་བརྒྱུད་འཛིན་པའི་བདག་པོར་བསྐོས། དགུང་ལོ་བཅུ་དགུ་བ་ཆུ་གླང༼སྤྱི་ལོ༡༢༥༣༽ལོར་ཧུ་པེ་ལ༼གོ་པེ་ལ༽སེ་ཆེན་ཧན་གྱིས་གདན་དྲངས་ཏེ་ཧོར་གྱི་བླ་མཆོད་མཛད། ལོ་དེར་ས་པཎ་གྱི་སྐུ་གདུང་ངོ་མཚར་ཅན་བྱོན་པས་རྒྱལ་པོ་ཧུ་པི་ལི་སོགས་དད་ནས་འཕགས་པ་ལ་དབང་ཞུས་པས། ཐོག་མར་རྒྱལ་པོ་གཙོས་མི་ཉི་ཤུ་རྩ་ལྔ་ལ་གསང་སྔགས་ཀྱི་དབང་གནང་། དབང་ཡོན་དུ་བོད་ཁྲི་སྐོར་བཅུ་གསུམ་དང་། ཏི་ཤྲཱིའི་གོ་གནས། གཡང་ཊི་ལས་བྱས་པའི་ཐམ་ག་བཅས་ཕུལ། དབང་ཐེངས་གཉིས་པ་གནང་བའི་དབང་ཡོན་དུ་བོད་ཆོལ་ཁ་གསུམ་གྱི་སྲིད་དབང་ཡོངས་རྫོགས་ཕུལ་ནས་བོད་ས་གནས་ཀྱི་ཆོས་སྲིད་གཉིས་ཀའི་དབང་གི་བདག་པོར་བསྐོས། རབ་བྱུང་བཞི་བའི་ཆུ་བྱི༼སྤྱི་ལོ༡༢༥༢༽ལོར་བོད་དུ་ཕེབས། གོང་མས་འཕགས་པ་ལ་བོད་ཀྱི་ཆོས་སྲིད་གཉིས་ཀའི་བདག་པོར་བསྐོས་པའི་འཇའ་ས་མུ་ཏིག་མ་ཕུལ། དེའི་ཕྱི་ལོར་ས་སྐྱར་བྱོན། བོད་དུ་ལོ་ངོ་གསུམ་བཞུགས་རིང་ལ་ཁ་ཆེའི་པཎྜི་ཏ་ཤྲཱི་ཏ་ཐཱ་ག་ད་བྷ་དྲ་དང་། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན། སྣར་ཐང་མཁན་ཆེན་མཆིམས་ནམ་མཁའ་གྲགས་སོགས་མཁན་ཆེན་ཉི་ཤུ་ལྷག་ཙམ་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་པོ་གསན། དེ་ནས་གོང་མའི་བཀའ་ལྟར་སླར་རྒྱ་ནག་ཏུ་ཕེབས། དགུང་ལོ་ཉེར་གཅིག་པ་ཤིང་ཡོས༼སྤྱི་ལོ༡༢༥༥༽ལོར་སྙེ་ཐང་མཁན་ཆེན་གྲགས་པ་སེང་གེའི་དྲུང་དུ་དགེ་སློང་གི་སྡོམ་པ་བཞེས། རབ་བྱུང་ལྔ་བའི་ས་སྦྲུལ༼སྤྱི་ལོ༡༢༦༩༽ལོར་ཧོར་ཡིག་གསར་པ་གཏན་ཕབ་ཀྱིས་ཕུལ་ཏེ་རྗེས་སུ་ཐང་གའི་ཐོག་བེད་སྤྱོད་བྱེད་སྲོལ་ཡོད། དགུང་ལོ་སོ་དྲུག་པ་ལྕགས་རྟ༼སྤྱི་ལོ༡༢༧༠༽ལོར་སླར་ཡང་རྒྱལ་པོ་ལ་གསང་སྔགས་ཀྱི་དབང་གནང་བའི་ཡོན་དུ་ཤེལ་དམ་གླིང་དྲུག་མ་དང་། གནམ་གྱི་འོག ས་ཡི་སྟེང་ན་རྒྱ་གར་ལྷའི་སྲས་པོ། སྤྲུལ་པའི་སངས་རྒྱས། ཡི་གེ་རྩོམ་མི། རྒྱལ་ཁམས་འཇགས་སུ་འཇུག་པ་པོ། གནས་ལྔ་རིག་པའི་པཎྜི་ཏ་འཕགས་པ་ཏི་ཤྲཱི་ཞེས་པའི་འཇའ་ས་དང་གོ་གནས་ཕུལ། མེ་བྱི༼སྤྱི་ལོ༡༢༧༦༽ལོར་སླར་བོད་དུ་ཕེབས་ནས་ས་སྐྱའི་ཆོས་རྒྱལ་མཛད་ཅིང་། གཙང་ཆུ་མིག་རིང་མོར་དགེ་འདུན་ཁྲི་ཕྲག་བདུན་ལ་བསྙེན་བཀུར་ཏེ་ཆུ་མིག་ཆོས་འཁོར་མཛད། དགུང་ལོ་ཞེ་དྲུག་པ་རབ་བྱུང་ལྔ་པའི་ལྕགས་འབྲུག༼སྤྱི་ལོ༡༢༨༠༽ལོར་ལྷ་ཁང་བླ་བྲང་དུ་སྐུ་གཤེགས།།   །།

 

༄༅།།ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན།

   ༄༅།།ཆོས་རྗེ་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་ནི། རབ་བྱུང་གསུམ་པ་ཆུ་སྟག༼སྤྱི་ལོ༡༡༨༢༽ལོར་ཡབ་འཁོན་དཔལ་ཆེན་འོད་པོ་ཆེ་དང་ཡུམ་མ་གཅིག་གར་ཕུ་མ་ཉི་ཁྲི་ལྕམ་གཉིས་ཀྱི་སྲས་སུ་གཙང་དུ་སྐུ་འཁྲུངས། དགུང་ལོ་ཆུང་དུས་སུ་མཚན་ལ་དཔལ་ལྡན་དོན་གྲུབ་ཞུ་ཞིང་། རྗེས་སུ་ཁུ་བོ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ཀུན་དགའ་རྒྱལ་མཚན་དུ་གསོལ། དེ་ནས་ཁུ་བོའི་དྲུང་དུ་ས་སྐྱ་གོང་མའི་གསུང་བཅུད་མདོ་སྔགས་ཀྱི་ཟབ་གནད་མ་ལུས་པ་གསན་ཅིང་། གཞན་ཡང་ཞུ་དོན་རྡོ་རྗེ་སྐྱབས་ལས་བྱམས་ཆོས་སོགས་ལུང་གི་སྐོར། རྨ་བྱ་བྱང་བརྩོན་དང་ཚུར་སྟོན་གཞོན་སེང་ལས་ཚད་མ། སྤྱི་བོ་ལྷས་པ་བྱང་ཆུབ་འོད་ལས་གདམས་པ་སྣ་ཚོགས་གསན་ཏེ་སྡེ་སྣོད་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པ་བརྙེས་ཤིང་མཁས་པའི་སྙན་གྲགས་ས་སྟེང་དུ་ཁྱབ། རྒྱ་གར་ལྷོ་ཕྱོགས་ཀྱི་མུ་སྟེགས་འཕྲོག་བྱེད་སོགས་བོད་དུ་ཡོང་ནས་ནང་བསྟན་ལ་ཚུར་རྒོལ་བྱེད་པ་ལས་རིགས་པས་ཚར་བཅད་དེ་བསྟན་པ་ལ་བཅུག་ཅེས་གྲགས། དགུང་ལོ་ཉེར་གསུམ་ཤིང་བྱི༼སྤྱི་ལོ༡༢༠༤༽ལོར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་དང་མཇལ། པཎ་ཆེན་དང་དེའི་སློབ་མ་ས་གྷ་ཤི། སུ་གྷ་ཏ་ཤྲཱི་ལ་སོགས་ལས་སྒྲ་ཚད་སོགས་རིག་གནས་ཆེ་བ་ལྔ་དང་། སྙན་ངག་མངོན་བརྗོད་སོགས་རིག་གནས་ཆུང་བ་ལྔ་སྟེ་རིག་གནས་བཅུ་ལ་སྦྱངས་པ་མཐར་ཕྱིན་མཛད་དེ་པཎྜི་ཏའི་མཚན་སྙན་ཐོབ། དགུང་ལོ་ཉེར་བདུན་པ་རབ་བྱུང་བཞི་པའི་ས་འབྲུག་ལོར་ཁ་ཆེ་པཎ་ཆེན་དྲུང་དུ་བསྙེན་པར་རྫོགས། དགུང་ལོ་སོ་ལྔ་པ་མེ་བྱི༼སྤྱི་ལོ༡༢༡༦༽ལོར་ས་སྐྱའི་གདན་ཁྲི་མཛད། དགུང་ལོ་རེ་གསུམ་པ་ཤིང་འབྲུག༼སྤྱི་ལོ༡༢༤༤༽ལོར་ཧོར་རྒྱལ་པོ་གོ་དན་གྱིས་གདན་དྲངས་པ་བཞིན་ཁོང་རང་དང་སྐུ་ཚ་འགྲོ་མགོན་འཕགས་པ། ཕྱག་ན་རྡོ་རྗེ་མཆེད་གཉིས་དང་བཅས་ལྱང་ཅུ་སྡེ་བཞིར་༼དེང་སང་ཀན་སུའུ་ཞིང་ཆེན་ཨུ་ཝེ་རྫོང་གི་མངའ་འོག་ཡིན༽ཕེབས་ནས་རྒྱལ་པོ་དང་མཇལ། ཡོན་མཆོད་ཀྱི་འབྲེལ་བ་ཆགས། བོད་དུ་དཔོན་རིགས་བསྐོ་ལུགས་དང་། ཁྲལ་འུལ་བསྐུལ་སོགས་ལ་ཞལ་འཆམས་ཏེ། དབུས་གཙང་མངའ་རིས་དང་བཅས་པའི་དགེ་བའི་བཤེས་གཉེན་ཡོན་མཆོད་རྣམས་ལ་འཕྲིན་ཡིག་བཏང་སྟེ་བོད་ཀྱི་ས་ཕྱོགས་ཧོར་རྒྱལ་པོའི་མངའ་ཁོངས་སུ་བཅུག་པས་མེས་རྒྱལ་གཅིག་གྱུར་ཡོང་བ་ལ་མི་ཉམས་པའི་མཛད་རྗེས་བཞག དགུང་ལོ་བདུན་ཅུ་པ་རབ་བྱུང་བཞི་པའི་ལྕགས་ཕག༼སྤྱི་ལོ༡༢༥༡༽ལོར་ལྱང་ཅུ་སྤྲུལ་པའི་སྡེར་གཤེགས།  རྗེ་འདིའི་གསུང་ཆོས་ནི་པོད་གསུམ་ཙམ་བཞུགས་ཤིང་། ཁྱད་པར་དུ༼མཁས་པ་ལ་འཇུག་པའི་སྒོ༽དང་། ༼རོལ་མོའི་བསྟན་བཅོས༽ ༼ལེགས་པར་བཤད་པ་རིན་པོ་ཆེའི་གཏེར༽ ༼ཚིག་གི་གཏེར༽ ༼ཚད་མ་རིགས་པའི་གཏེར༽སོགས་བོད་ཀྱི་རིག་གནས་དང་ཚད་མ་རིག་པ་ལ་ཤུགས་རྐྱེན་ཆེར་ལྡན་པའི་ལེགས་བཤད་གང་མང་ཡོད།།   །།


༄༅།།རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ།

   ༄༅།།ཁོང་ནི་རབ་བྱུང་བཅུ་པའི་མེ་མོ་སྦྲུལ་ལོ་སྟེ་སྤྱི་ལོ་༡༦༡༧ལོར་བོད་ལྗོངས་ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་འཕྱིང་བ་སྟག་རྩེར་ཡབ་འཕྱོངས་རྒྱས་སྡེ་བ་བདུད་འདུལ་རྣམ་རྒྱལ་དང་།  ཡུམ་ཡར་འབྲོག་སྣ་དཀར་རྩེ་ས་སྐྱ་དཔོན་ཆེན་ཨ་ལེན་གྱི་རྒྱུད་པ་ཀུན་དགའ་ལྷ་མཛེས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་དྲུག་པར་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་རྒྱན་དང་།  གསང་ཕུ་གླིང་སྨད་ཞབས་དྲུང་དཀོན་མཆོག་ཆོས་འཕེལ་གཉིས་ཀྱིས་རྭ་སྒྲེང་ཇོ་བོ་འཇམ་དཔལ་རྡོ་རྗེའི་སྤྱན་སྔར་བརྟག་ཞུ་མཛད་དེ་རྒྱལ་བ་སྐུ་ཕྲེང་བཞི་བ་ཡོན་ཏན་རྒྱ་མཚོའི་ཡང་སྲིད་ཡིན་པར་ངོས་འཛིན་མཛད། དགུང་ལོ་བརྒྱད་པར་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཁན་པོ་དང་། གླིང་སྨད་ཞབས་དྲུང་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་གྱིས་སློབ་དཔོན་མཛད་དེ་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ལ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེ་ཞེས་གསོལ། དགུང་ལོ་བཅུ་གཅིག་པར་དགའ་ལྡན་ཁྲི་ཐོག་སོ་ལྔ་པ་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་ཡོངས་འཛིན་དུ་བསྟེན་ནས་གཞུང་ཆེན་མོ་བཀའ་པོད་ལྔ་ལ་ཕུ་ཐག་ཆོད་པའི་སློབ་གཉེར་རིམ་བཞིན་མཛད། དགུང་ལོ་ཉི་ཤུ་པར་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཁན་པོ་དང་། ལས་ཀྱི་སློབ་དཔོན་གླིང་སྨད་ཞབས་དྲུང་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་གྱིས་མཛད་དེ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ལོ་དེར་ལྷ་སའི་གཙུག་ལག་ཁང་དུ་གོ་ཤྲཱི་ཧན་ལ་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་མཚན་གསོལ་གནང་།  དགུང་ལོ་ཉེར་ལྔ་པར་གོ་ཤྲཱི་ཧན་གྱིས་གཙང་པ་རྒྱལ་པོ་བཅོམ་སྟེ་ཁོང་ཉིད་གཞིས་ཀ་རྩེར་གདན་དྲངས། གངས་ཅན་འཛིན་མའི་ཁྱོན་ལ་གདུགས་དཀར་གཅིག་གིས་ཁྱབ་པའི་བདག་པོར་མངའ་གསོལ་ཏེ་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་ཐོག་མར་བཙུགས།  དགུང་ལོ་སུམ་ཅུ་པར་སྡེ་སྲིད་བསོད་ནམས་རབ་བརྟན་ལ་བཀའ་བཀོད་མཛད་དེ་ཕོ་བྲང་པོ་ཏ་ལའི་ཕོ་བྲང་དཀར་པོ་བཞེངས་གནང་མཛད།  དགུང་ལོ་སོ་དྲུག་པར་གོང་མ་ཤུན་ཙིས་གདན་སའི་གསེར་ཡིག་པ་བཀའ་མངགས་ལྟར་དབུས་ནས་བྱང་ལམ་བརྒྱུད་དེ་པེ་ཅིན་དུ་ཕེབས།  གོང་མ་ཤུན་ཙིས་ནུབ་ཀྱི་ལྷ་གནས་ཆེས་དགེ་བར་གནས་པའི་སངས་རྒྱས་ཀྱི་བཀའ་ལུང་། གནམ་འོག་གི་སྐྱེ་འགྲོ་ཐམས་ཅད་བསྟན་པའི་གཅིག་ཏུ་གྱུར་པ་འགྱུར་མེད་རྡོ་རྗེ་འཆང་རྒྱ་མཚོའི་བླ་མ་ཞེས་པའི་གསེར་གྱི་འཇའ་ས་དང་། ནུབ་ཕྱོགས་ཀྱི་ཕུལ་བྱུང་ཞི་བ་སངས་རྒྱས་རྒྱ་ཆེན་ཁྱོན་ལ་སངས་རྒྱས་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་ཏཱ་ལའི་བླ་མ་ཞེས་པའི་གསེར་གྱི་ཐམ་ཀ་བཅས་བསྩལ། ཁོང་གི་ལུགས་གཉིས་ཆོས་སྲིད་ཀྱི་མཛད་བཟང་ཀུན་ཏུ་ཁྱབ་པའི་མཐུ་ལ་བརྟེན་ནས་དགའ་ལྡན་ཚེ་དབང་དཔལ་བཟང་གིས་མངའ་རིས་ལ་དྭགས་ས་ཁུལ་དཔུང་འཇུག་གིས་དབང་དུ་བསྡུས་ཏེ་བོད་ཁམས་ཞི་བདེ་བྱུང་བས་ཆོས་སྲིད་བརྟན།  ཁོང་གི་སློབ་མ་གྲགས་ཆེ་བ་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་སོགས་ཡིན། ཁོང་གི་གསུང་རྩོམ་ནི་གསན་ཡིག་དང་། རྟོགས་བརྗོད། རྣམ་ཐར། ཆོ་ག་སྒྲུབ་ཐབས། དབང་བཤད། འཁྲིད་ཡིག མཐའ་དཔྱོད། རྣམ་བཤད། བསྟོད་ཚོགས།ལམ་ཡིག  དཀར་ཆག དེབ་ཐེར། སྙན་འགྲེལ། བརྗེད་བྱང་། བརྒྱུད་འདེབས། བཅའ་ཡིག ཟིན་བྲིས་བཅས་ཆོས་ཚན་ཉིས་བརྒྱ་དྲུག་ཅུ་རེ་གཉིས་བཞུགས་སོ། རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་༡༦༨༢ལོར་སྐུ་གཤེགས། 

 

༄༅།།རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།

     ༄༅།།རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་ནི། ཡབ་ཀུན་དགའ་རིན་ཆེན་དང༌། ཡུམ་བློ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་མེ་བྱི་སྟེ་སྤྱི་ལོ་༡༨༧༦ལོར་དྭགས་པོ་གླང་མདུན་དུ་སྐུ་འཁྲུངས། ཐོག་མའི་མཚན་ལ་བློ་བཟང་ཐབས་མཁས་རྒྱ་མཚོ་གསོལ། དེའི་ཕྱི་ལོར་རྒྱལ་ཚབ་རྟ་ཚག་ངག་དབང་དཔལ་ལྡན་དང༌བཀའ་ཤག་གི་ལས་འཛིན་རྣམས་ཀྱིས་ཆོས་སྐྱོང་གི་ལུང་དང་རྨི་ལྟས་སོགས་ལ་བརྟེན་ནས་གླང་མདུན་ཚང་གི་སྲས་བློ་བཟང་ཐབས་མཁས་རྒྱ་མཚོ་ཏཱ་ལའི་བླ་མའི་ཡང་སྲིད་དུ་ངོས་འཛིན་བྱས་ཤིང་ལྷ་སར་གདན་འདྲེན་ཞུས། དགུང་ལོ་གསུམ་ཐོག་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་གིས་གཙུག་ཕུད་བཞེས་ཤིང་མཚན་ལ་རྗེ་བཙུན་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་འཇིགས་བྲལ་དབང་ཕྱུག་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོ་གསོལ། དགུང་ལོ་བཞི་བའི་ས་ཡོས་སྤྱི་ལོ་ ༡༨༧༩ལོར་པོ་ཏཱ་ལའི་གསེར་ཁྲི་ལ་མངའ་གསོལ།དགུང་ལོ་བདུན་ལ་པཎ་ཆེན་རིན་པོ་ཆེའི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་གཅིག་ལ་རྒྱལ་ཚབ་རྟ་ཚག་སྐུ་གཤེགས། དེ་མོ་ཧོ་ཐོག་ཐུ་སླར་ཡང་བོད་ཀྱི་སྲིད་ཁྲིར་འཁོད། ཏཱ་ལའི་བླ་མ་མཆོག་ནས་ཡོངས་འཛིན་རྣམ་གཉིས་སོགས་མཁས་པ་དུ་མ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་ཐམས་ཅད་ལ་གསན་སྦྱོང་མཐར་ཕྱིན་པར་གནང༌། དགུང་ལོ་ཉི་ཤུར་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་མདུན་དུ་ཡོངས་འཛིན་ཕུར་ལྕོག་བྱམས་པ་རྒྱ་མཚོས་མཁན་སློབ་སྦྲགས་མ་དང༌ཡོངས་འཛིན་གླིང་སྤྲུལ་བློ་བཟང་ལུང་རྟོགས་འཕྲིན་ལས་ཀྱིས་གསང་སྟོན་པ། སྒྲུབ་ཁང་སྤྲུལ་སྐུས་དུས་བསྒོ་བ་མཛད་དེ་བསྙེན་པར་རྫོགས། ལོ་དེར་བོད་འབངས་དཔོན་རིགས་སེར་སྐྱ་ཡོངས་ཀྱིས་རེ་སྐུལ་ལྟར་ཏཱ་ལའི་བླ་མ་ཐུབ་བསྟན་རྒྱ་མཚོས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་ཡོངས་རྫོགས་བཞེས་ཏེ་གྱེས་སྟོན་གཟབ་རྒྱས་སྤེལ། སྐབས་དེར་མན་ཇུ་གོང་མས་དབྱིན་ཇི་དང་འབྲེལ་བ་མཐུན་པོ་ཡོང་ཆེད་བོད་ཀྱིས་དབྱིན་འགོག་ལ་རོགས་རམ་མ་བྱུང་སྟབས་བོད་སྡོད་ཨམ་བན་དང་འབྲེལ་བ་ཇེ་སྡུག་ཏུ་གྱུར། དེར་བརྟེན་ཁོང་གིས་ཨུ་རུ་སུ་དང་འབྲེལ་བ་བྱས་ནས་དབྱིན་འགོག་བྱེད་རྒྱུའི་རེ་བ་བཅངས། སྐབས་དེར་བོད་ཀྱི་དཔོན་རིགས་རྣམས་དབང་ཆ་རྩོད་པའི་རྙོག་འཛིང་ཆེན་པོ་ཡོད་གཤིས།  དགུང་ལོ་ཉེར་བཞི་ས་ཕག་སྤྱི་ལོ་༡༨༩༩ལོར་རྒྱལ་ཚབ་དེ་མོ་ངག་དབང་བློ་བཟང་འཕྲིན་ལས་རབ་རྒྱས་དང༌།  ཚ་བོ་ནོར་བུ་ཚེ་རིང་།  དོན་ལྡན་སོགས་ཀྱིས་བོད་ཀྱི་ཆབ་སྲིད་དབང་ཆ་ཡོངས་རྫོགས་གཟུང་རྒྱུའི་རེ་བས་ཏཱ་ལའི་བླ་མའི་དགུང་སྙིང་མཚན་གསལ་བཀོད་པའི་ལིང་ག་བཅས་པ་དང༌། གནོད་གཏད་ཀྱི་རྫས་སྦྱོར་མང་པོ་ལྷ་སའི་ཕྱོགས་བཞིར་སྦས་ནས་ནད་མུག་མཚོན་གསུམ་སོགས་བཀྲ་མི་ཤིས་པའི་ལྟས་ངན་འབྱུང་རེ་ཡིས་དཔལ་སྤྲུལ་དང་ཉག་སྤྲུལ་སོགས་ལ་མངོན་སྤྱོད་ཀྱི་ཆོ་ག་མང་པོ་བསྒྲུབ་ཏུ་བཅུག་པ་དང༌དུག་སྦྱོར་གྱིས་ཏཱ་ལའི་བླ་མ་བཀྲོངས་རྩིས་བྱས་པ་མཐིལ་བརྟོལ་བྱུང་བས། དེ་དག་ལ་ཁྲིམས་ཆད་འོས་འཚམ་བཅད།   དགུང་ལོ་ཉེར་དགུ་ཤིང་འབྲུག་སྤྱི་ལོ་ ༡༩༠༤ལོར་བོད་ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་དབྱིན་དམག་གིས་བོད་ལ་བཙན་འཛུལ་བྱས་ཏེ་ཆུ་ཤུར་ཟམ་ཁར་འབྱོར། ཏཱ་ལའི་བླ་མའི་སྐུ་འཁོར་ཧྲག་བསྡུས་བཅས་ཉེན་ཁ་ལ་གཡོལ་ཆེད་སོག་ཡུལ་དུ་ཆིབས་བསྒྱུར་གནང༌། དེའི་ཕྱི་ལོ་ཤིང་སྦྲུལ་སྤྱི་ལོ་ ༡༩༠༥ ལོར་སོག་ཡུལ་དུ་ཆོས་འཁོར་བསྐོར་བས་མཚན་སྙན་ཕྱོགས་ཀུན་ཏུ་ཁྱབ་པས་ཟང་ཟིང་གི་འབུལ་བ་རྒྱ་ཆེར་བྱུང༌། དགུང་ལོ་སོ་གཅིག་ས་སྤྲེལ་༡༩༠༨ ལོར་ཏཱ་ལའི་བླ་མ་སྐུ་འཁོར་དང་བཅས་པ་རི་བོ་རྩེ་ལྔ་བརྒྱུད་ནས་པེ་ཅིང་དུ་ཕེབས་ནས་མན་ཇུ་གོང་མ་ཀོང་ཤུད་དང་མཇལ་འཛོམས་བྱུང༌། དགུང་ལོ་སོ་གཉིས་ས་བྱི་སྤྱི་ལོ་༡༩༠༩ལོར་སྐུ་འབུམ་བརྒྱུད་ནས་དབུས་སུ་ཕེབས། དགུང་ལོ་སོ་གསུམ་ལྕགས་ཁྱི་སྤྱི་ལོ་༡༩༡༠ལོར་༸གོང་ས་མཆོག་གིས་དགའ་ལྡན་ཁྲི་པ་ཚེ་སྨོན་གླིང་རྒྱལ་ཚབ་ཏུ་བསྐོས་ནས་རྒྱ་གར་ལ་ཡུལ་བྱོལ་དུ་ཕེབས། ཀ་ལོན་སྦུག་ཏུ་བཞུགས་སྐབས་མན་ཇུ་གོང་མས་སྐུ་ཕྲེང་བཅུ་གསུམ་པའི་གོ་གནས་དབྱུངས། སླར་ཡང་བོད་དུ་ཕྱིར་ལོག་ཕེབས་ནས་ཁོང་གིས་ཕྱི་ཕྱོགས་ལ་འབྲེལ་བ་བྱས་ནས་ཚན་རིག་གི་ལག་ཤེས་སྤེལ་བ་དང༌། དམག་དོན་སྦྱོང་བརྡར་སོགས་ཀྱི་ཕྱག་ལས་མང་པོ་དབུ་བཙུགས། དགུང་ལོ་སོ་བརྒྱད་ཆུ་གླང་སྤྱི་ལོ་༡༩༡༣ལོར་གཞུང་སྒེར་དགོན་སྡེ་སོགས་ཀྱིས་བདག་ཉར་བྱས་པའི་ས་སྟོང་རྣམས་མི་སུས་བརྐོས་ནས་ས་ཞིང་དུ་བསྒྱུར་ན་རང་མོས་སུ་བེད་སྤྱད་ཆོག་པར་མ་ཟད་ལོ་གསུམ་གྱི་རིང་ལ་ཁྲལ་འཇལ་མི་དགོས་པའི་བཀའ་བསྒྲགས་པ་སོགས་ཞིང་ལས་ལ་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་ཤུགས་སྣོན་མཛད། དགུང་ལོ་ཞེ་བརྒྱད་ཆུ་ཕག་སྤྱི་ལོ་ ༡༩༢༣ ལོར་ཇ་སྡོང་འདེབས་འཛུགས་ཀྱི་ཚོད་ལྟ་གནང་སྟེ་ལས་འགོ་དངོས་སུ་བརྩམས། ལྷ་ས་གྲོང་ཁྱེར་དུ་ཉེན་སྲུང་དམག་སྒར་གསར་འཛུགས་གནང་སྟེ་སྤྱི་ཚོགས་བདེ་འཇགས་ལ་ཤུགས་སྣོན་གནང༌། དགུང་ལོ་ལྔ་བཅུ་ཤིང་གླང་སྤྱི་ལོ་ ༡༩༢༥ ལོར་སྦྲག་ཁང་དང་ཏར་ཁང་སོགས་གསར་འཛུགས་གནང་སྟེ་གྲིམ་འགྲུལ་དང་ཆ་འཕྲིན་ལས་ཀར་ཤུགས་སྣོན་གནང༌། དེ་རྗེས་དངུལ་ཁང་གསར་འཛུགས་བྱས་པ་སོགས་བསྟན་སྲིད་ལ་སྨན་པའི་མཛད་འཕྲིན་མང་དག་བསྐྱངས་མཐར་དགུང་ལོ་ང་བརྒྱད་རབ་བྱུང་བཅུ་དྲུག་པའི་ཆུ་བྱ་སྤྱི་ལོ་༡༩༣༣ལོའི་བོད་ཟླ་བཅུ་པའི་ཚེས་སུམ་ཅུ་ཉིན་དགུན་ཆམ་གྱི་སྙུང་གཞིས་རྐྱེན་པས་ནོར་གླིང་གཟིམ་ཆུང་འཆི་མེད་མཆོག་སྐྱིད་དུ་དགོངས་པ་གཞན་དོན་དུ་གཤེགས་སོ། 

    ངག་དབང་བློ་གཏེར་བསྐལ་བཟང་ཐུབ་དབང་བསྟན། 

    རྒྱ་ཆེན་དབྱར་གྱི་མཚོ་བཞིན་སྤེལ་བའི་སླད། 

    འཇིགས་བྲལ་ས་གསུམ་དབང་ཕྱུག་ཕྱོགས་ཀུན་ལས། 

    རྣམ་པར་རྒྱལ་བའི་སྡེ་ལ་གསོལ་བ་འདེབས།  

 

༄༅། །རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ།

    ༄༅།།ཁོང་ནི་སྤྱི་ལོ༡༣༥༧ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་ཡབ་ད་ར་ཁ་ཆེ་དཔལ་ཆེན་ཀླུ་འབུམ་དགེ་དང༌། ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྤྱི་ལོ༡༤༡༩ལོར་སྐུ་གཤེགས། དགུང་ལོ་གསུམ་པར་ཀརྨ་པ་རོལ་བའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བླངས་ཏེ་མཚན་ལ་ཀུན་དགའ་སྙིང་བོ་ཞེས་གསོལ། དགུང་ལོ་བདུན་པར་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་མཁན་པོ་དང༌། ཀོའུ་བ་གཞོན་ནུ་བྱང་ཆུབ་འོད་ཀྱིས་སློབ་དཔོན་མཛད་དེ་དགེ་ཚུལ་གྱི་སྡོམ་པ་བཞེས་ནས་མཚན་ལ་བློ་བཟང་གྲགས་པ་ཞེས་གསོལ། དགུང་ལོ་བཅུ་བདུན་པར་དབུས་སུ་ཕེབས་ཏེ་ས་སྐྱའི་བླ་མ་རེད་མདའ་བ་གཞོན་ནུ་བློ་གྲོས་སོགས༌དགེ་བའི་བཤེས་བསྙེན་དུ་མ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་ལ་ལེགས་པར་སྦྱངས། དགུང་ལོ་ཉེར་བཞི་བར་མཁན་པོ་དཀའ་བཞི་བ་ཚུལ་ཁྲིམས་རིན་ཆེན་ལས་བསྙེན་པར་རྫོགས། དགུང་ལོ༌སོ་དྲུག་པར་དཔོན་སློབ་དགུ་སྐྱོར་མོ་ལུང་ནས་འོལ་ཁར་ཕེབས་ཏེ་སྒྲུབ་པ་གཙོ་བོར་མཛད། དེ་ནས་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་དོན་རྣམས་སངས་རྒྱས་ཀྱི་དགོངས་པ་ལྟར་འཆད་པ་དང༌། རྩོད་པ། རྩོམ་པ་བཅས་མཛད་པས་གངས་ཅན་མཁས་གྲུབ་ཀུན་གྱིས་གཙུག་ཏུ་བཀུར་ཞིང་མཐའ་དབུས་སྐྱེ་འགྲོ་ཐམས་ཅད་ཀྱིས་གུས་ཤིང་བཏུད། དགུང་ལོ་སོ་བདུན་པར་འོལ་ཁའི་རྫིང་ཕྱིའི་བྱམས་པ་རྟེན་དང་བརྟེན་པ་བཞེངས།དགུང་ལོ་སོ་དགུ་བར་གཉན་གྱི་ལུང་རར་ཆོས་འཁོར་བསྐོར།དགུང་ལོ་ཞེ་བརྒྱད་པར«སྔགས་རིམ་ཆེན་མོ»བརྩམས། དགུང་ལོ་ང་གཅིག་པར་གོང་མ་ཡུང་ལོ་རྒྱལ་བོས་འཇའ་ས་དང༌། གསེར་ཡིག ཕྱག་རྟེན་བཅས་གནང་ནས་ལན་གསུམ་བར་དུ་གདན་འདྲེན་ཞུས་ཀྱང་སྐུ་བྲེལ་ཆེ་བས་མ་ཕེབས།དགུང་ལོ་ང་གཉིས་པར་ལྷ་སར་ཆོ་འཕྲུལ་ཆེན་མོའི་སྨོན་ལམ་བཙུགས། དགུང་ལོ་ང་གསུམ་པར་དགའ་ལྡན་དགོན་པ་བཏབ། དགུང་ལོ་ང་དགུ་བར་དགའ་ལྡན་དུ་སྟག་རྩེའི་སྒྲུབ་མཆོད་སྤེལ་བ་བཅས་མཛད་ཆེན་རྣམ་བཞིས་བསྟན་འགྲོའི་འདོད་དོན་བསྐངས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང༌། རྗེ་དགེ་འདུན་གྲུབ། འདུལ་འཛིན་གྲགས་པ་རྒྱལ་མཚན།འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན། བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས། རྒྱུད་ཆེན་ཀུན་དགའ་དོན་གྲུབ། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་སོགས་མང་ལ། ཁོང་གི་གསུང་རྩོམ་ལ«བྱང་ཆུབ་ལམ་རིམ» དང༌། «ལེགས་བཤད་གསེར་ཕྲེང»« རིམ་ལྔ་གསལ་སྒྲོན» བཅས་ཆོས་ཚན་བརྒྱ་དང་བརྒྱད་ཅུ་གྱ་ལྔ་ཡོད་པ་རྣམས་པོད་བཅུ་དགུའི་ནང་དུ་བསྡུས་ནས་བཞུགས་སོ།།

     ཁོང་ནི་དགེ་ལྡན་གྲུབ་མཐའི་སྲོལ་འབྱེད་མཁན་ཡིན་ལ་དགའ་ལྡན་ཁྲི་རབས་དང་པོའང་ཡིན།།  །།

 

 

༄༅།།པཎ་ཆེན་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན།

     ༄༅།།པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཐོག་མའི་མཚན་ལ་མགོན་པོ་ཚེ་བརྟན་ཞུ་ཞིང་། རབ་བྱུང་བཅུ་དྲུག་པའི་ས་སྟག་ལོ་སྟེ་སྤྱི་ལོ༡༩༣༨ལོའི་ཟླ་བ་དང་པོའི་ཚེས་ཉིན་མཚོ་སྔོན་ཞིང་ཆེན་གྱི་ཞུན་ཧྭ་རྫོང་ཁོངས་བིས་མདོ་ཤང་གི་ངོ་མཚར་ཞེས་པའི་གྲོང་ཚོར་ས་སྐྱ་འཁོན་གྱི་རིགས་ལས་མཆེད་པའི་བིས་མདོ་དཔོན་ཚང་དུ་ཡབ་མདོ་སྟོང་དཔོན་གུར་མགོན་ཚེ་བརྟན་དང་ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། ལྕགས་སྦྲུལ་ལོ་སྟེ་སྤྱི་ལོ༡༩༤༡ལོར་པཎ་ཆེན་བཞུགས་སྒར་ནང་སྒང་ནས་པཎ་ཆེན་སྐུ་ཕྲེང་དགུ་པའི་ཡང་སྲིད་དུ་ངོས་འཛིན་ཞུས་པ་དང་། ས་གླང་ལོ་སྟེ་སྤྱི་ལོ༡༩༤༡ལོའི་ཟླ་བ་དྲུག་པའི་ཚེས་གསུམ་ཉིན། སྐབས་དེའི་མིང་གོ་སྲིད་གཞུང་ནས་ཆོག་མཆན་ཕུལ་བ་བཞིན། གསེར་བུམ་དཀྲུག་འདོན་མི་དགོས་པ་པཎ་ཆེན་སྐུ་ཕྲེང་བཅུ་པའི་མཚན་བཞེས་པ་དང་། སྐྱབས་རྗེ་རྡོ་རྗེ་འཆང་བླ་ཁོ་འཇིག་མེད་འཕྲིན་ལས་རྒྱ་མཚོའི་རིན་པོ་ཆེ་མཆོག་ནས་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་འགྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ཞེས་པའི་མཚན་གསོལ། ལོ་དེའི་ཟླ་བ་བརྒྱད་པའི་ཚེས་བཅུ་ཉིན་སྐུ་འབུམ་བྱམས་པ་གླིང་དགོན་དུ་ཁྲི་གསོལ་གཟབ་རྒྱས་ཞུས།སྐུ་ན་ཕྲ་བའི་སྐབས་ནས་དངུལ་ཆུ་རིན་པོ་ཆེ་དང་བཀའ་ཆེན་ཨང་ཉི་མ་སོགས་ཡོང་འཛིན་དུ་བསྟེན་ནས། གཞུང་ཆེན་བཀའ་པོད་ལྔས་མཚོན་དམ་པའི་ཆོས་ཀྱི་གཞུང་ལུགས་ཁག་ལ་གསན་སྦྱངས་དང་ཉམས་བཞེས་མཐར་ཕྱིན་མཛད་པར་མ་ཟད། དགོན་སྡེ་ཉམས་གསོ་དང་སྐུ་གསུང་ཐུགས་བརྟེན་གསར་བཞེངས། ཆོས་ལུགས་ཀྱི་སློབ་གྲྭ་འཛུགས་གཉེར། དགོན་སྡེ་ཁག་ལ་བཤད་གྲྭ་འཛུགས་རྒྱུ་སོགས་ལ་ཐུགས་འཁུར་རྒྱུན་མར་འཛད་པས་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་པ་དང་། དེ་འབྲེལ་རྒྱ་ཆེའི་དད་ལྡན་སེར་སྐྱ་མང་ཚོགས་ལ་དུས་འཁོར་དབང་ཆེན་དང་། འཇིགས་བྱེད་དབང་ཆེན། བྱང་ཆུབ་ལམ་རིམ་གྱི་བཀའ་ཁྲིད་སོགས་ཆོས་འཁོར་རྒྱ་ཆེར་བསྐོར་ཏེ་སངས་རྒྱས་ཀྱི་བསྟན་པ་མི་ཉམས་གོང་འཕེལ་དང་ཡང་དར་ལ་མཛད་རྗེས་འགྲན་ཟླ་བྲལ་བ་འཇོག་གནང་མཛད་པ་དང་། ལྷག་པར་དུ་བོད་ལྗོངས་ཀྱིས་གཙོས་པའི་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་། རིག་གནས། སློབ་གསོ་སོགས་གོང་འཕེལ་ཡོང་ཆེད་འབད་པ་ལྷོད་མེད་གནང་ཡོད། རབ་བྱུང་དྲུག་པའི་ས་གླང་ལོ་སྟེ་སྤྱི་ལོ༡༩༤༩ལོའི་ཟླ་བ་བཅུ་པའི་ཚེས་གཅིག་ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བཪྙེས་པའི་མཛད་སྒོའི་ཉིན་དེར་པཎ་ཆེན་རིན་པོ་ཆེས་མཚོ་སྔོན་ཤང་སྡེ་ནས་ཀྲུའུ་ཞི་མའོ་ཙེ་ཏུང་དང་སྤྱི་ཁྱབ་དམག་དཔོན་ཀྲུའོ་ཏེ་རྣམ་གཉིས་ལ་གློག་འཕྲིན་བཏང་ནས་ཀྲུང་གོ་གསར་པ་དབུ་བཪྙེས་པར་བརྩི་བཀུར་ཞུས་གནང་བ་རེད། ལྕགས་ཡོས་ལོ་སྟེ་སྤྱི་ལོ༡༩༥༡ལོའི་ཟླ་བ་བཞི་པར་པཎ་ཆེན་རིན་པོ་ཆེ་སྐུ་ངོ་མས་པཎ་ཆེན་བཞུགས་སྒར་ནང་སྒང་གི་དཔོན་རིགས་གཙོ་ཁྲིད་གནང་སྟེ།  པེ་ཅིན་དུ་ཕེབས་ནས་ཀྲུང་དབྱང་མི་དམངས་སྲིད་གཞུང་ལ་བརྩི་བཀུར་ཞུས་ལུགས་མཚོན་པར་གནང་བ་དང་།  བོད་ཞི་བས་བཅིངས་འགྲོལ་བྱུང་ཐབས་སྐོར་གྱི་གྲོས་མཐུན་འཇོག་རྒྱུར་སྐུལ་འདེད་དང་རྒྱབ་སྐྱོར་གནང་བར་མ་ཟད། གྲོས་མཐུན་ལ་མིང་རྟགས་བཀོད་རྗེས་པཎ་ཆེན་རིན་པོ་ཆེ་དང་ནང་སྒང་གིས་གསལ་བསྒྲགས་སྤེལ་ནས་བརྩི་བཀུར་ཞུས།ཤིང་རྟ་ལོ་སྟེ་སྤྱི་ལོ༡༩༥༤ལོའི་ཟླ་བ་དགུ་པར་སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་། མེ་སྤྲེལ་ལོ་སྟེ་སྤྱི་ལོ༡༩༥༦ལོའི་ཟླ་བ་བཞི་པར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་དབུ་བཪྙེས་སྐབས་པཎ་ཆེན་རིན་པོ་ཆེ་ནས་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོནལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་དང་པོ་གནང་། ལོ་དེའི་ཟླ་བ་བཅུ་གཅིག་པར། རྒྱལ་གར་སྲིད་གཞུང་གི་གདན་ཞུས་ལྟར་རྒྱ་གར་དུ་ཕེབས་བསྒྱུར་གནང་ནས་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་དྲན་གསོའི་མཛད་ཆེན་ནང་ཞུགས། རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་གཡོན་གྱི་ནོར་འཁྲུལ་དང་དྲང་བཞག་མ་ཡིན་པའི་ལྟ་སྟངས་བཟུང་སྟེ་ལོ་དགུའི་རིང་ལ་བཙོན་དུ་བཞུགས་དགོས་བྱུང་། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་ནོར་འཛོལ་དག་སེལ་དང་དབུ་གནས་སླར་གསོ་བྱུང་བར་མ་ཟད། བཅོས་བསྒྱུར་སྒོ་ཕྱེའི་ཇུས་འགོད་པ་ཏེང་ཞའོ་ཕིང་གིས༼ཁྱེད་ནི་རྒྱལ་གཅེས་པ་ཆེ་ཤོས་ཡིན༽ཞེས་གདེང་འཇོག་ཤིན་ཏུ་ཆེན་པོ་མཛད། ས་རྟ་ལོ་སྟེ་སྤྱི་ལོ༡༩༧༨ལོ་ནས་བཟུང་པཎ་ཆེན་རིན་པོ་ཆེའི་རྒྱལ་ཁབ་དབུ་ཁྲིད་ཀྱི་གོ་གནས་སླར་གསོ་བྱུང་བ་དང་། དེ་རྗེས་ལོ་བཅུའི་ནང་རྒྱལ་ཡོངས་ས་གནས་ཁག་དང་བོད་རིགས་ས་ཁུལ་དུ་ལས་དོན་གཟིགས་ཞིབ་གནང་བར་ཕེབས་ཏེ་སྤྲོ་སེམས་ཆེན་པོས་བོད་ཁུལ་གྱི་ལས་དོན་ཐད་འཛིན་པའི་ཏང་གི་བྱེད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་གནང་བ་དང་། བོད་ཁུལ་གྱི་འཛུགས་སྐྲུན་བྱ་གཞག་ཁག་དང་མི་དམངས་ཀྱི་ཐོན་སྐྱེད་འཚོ་བར་ཐུགས་ཁུར་གནང་ཞིང་། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། བོད་རིགས་ས་ཁུལ་ཁག་ཡར་རྒྱས་དང་དར་རྒྱས་ཡོང་བར་སྐུལ་མ་ཡོང་བའི་ཐད་ལེགས་སྐྱེས་ཤུགས་ཆེན་ཕུལ་གནང་བར་མ་ཟད། སྐུ་ཚབ་ཚོགས་པར་སྣེ་ཁྲིད་མཛད་དེ་པོ་ལེ་ཝེ་ཡ་དང་། ཨའོ་ཏ་ལི་ཡ། བལ་ཡུལ་བཅས་སུ་འཚམས་འདྲི་གནང་བར་ཕེབས་པ་དང་། རྒྱལ་ནང་དུ་ཕྱི་རྒྱལ་གྱི་གྲོགས་པོ་ཚོར་དངོས་ཐོག་བདེན་འཚོལ་གྱིས་རང་རྒྱལ་གྱི་སྲིད་ཇུས་དང་ལས་དོན་ཁག་ངོ་སྤྲོད་གནང་བ་དང་ཆབས་ཅིག རང་རྒྱལ་ནས་བཅོས་བསྒྱུར་སྒོ་ཕྱེ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པར་སེམས་ཁུགས་ཀྱིས་ཁེངས་ཚུལ་གསུངས་པར་ཕྱི་རྒྱལ་གྱི་གྲོགས་པོ་ཚོའི་ཚད་མཐོའི་བསྟོད་བསྔགས་དང་ཡིད་ཆེས་ཐོབ་ཡོད། པཎ་ཆེན་རིན་པོ་ཆེས་བོད་མི་རིགས་ཀྱི་ལས་དོན་གོང་འཕེལ་དང་ཡར་རྒྱས་འགྲོ་རྒྱུར་ཐུགས་ཁུར་ཆེ་བཞེས་དང་། བོད་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གོང་འཕེལ་འགྲོ་རྒྱུར་ཐུགས་འཁུར་གནང་ཆེ་བཞེས་ཡོད་ཅིང་། ལོ་བཅུ་ལྷག་གི་མཛད་འཕྲིན་གཙོས་གྲས་ནི།

    .མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ལག་བསྟར་བྱེད་རྒྱུར་ཐུགས་ཁུར་ཆེ་བཞེས་གནང་ནས་དུས་རྒྱུན་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྟེན་ནས་མི་རིགས་ས་ཁོངས་རང་སྐྱོང་གི་དབང་ཆ་གང་ལེགས་དང་ཡང་དག་པའི་སྒོ་ནས་སྤྱོད་དགོས་པའི་ནན་གསུང་གནང་གི་ཡོད་ལ། མི་རིགས་མཐུན་སྒྲིལ་ལ་ཧ་ཅང་མཐོང་ཆེན་གནང་ནས་བོད་རིགས་དང་རྒྱ་རིགས་བར་དང་། བོད་རིགས་དང་མི་རིགས་གཞན་དག་བར། བོད་རིགས་ནང་ཁུལ་བཅས་ཀྱི་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས་པའི་ནན་གསུང་ཡང་ཡང་གནང་མྱོང་བ་རེད།

    .བོད་དང་བོད་ཁུལ་གཞན་དག་གི་དཔལ་འབྱོར་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་ཆེད་པཎ་ཆེན་རིན་པོ་ཆེ་མཆོག་དང་ང་ཕོད་ངག་དབང་འཇིགས་མེད་མཆོག་རྣམ་གཉིས་ཀྱིས་ནས་གྲོས་འགོ་གནང་བ་ལྟར། རབ་བྱུང་བཅུ་བདུན་པའི་མེ་ཡོས་ལོ་སྟེ་སྤྱི་ལོ༡༩༨༧ལོའི་ཟླ་བ་བཞི་པའི་ཚེས་བཅོ་ལྔ་ཉིན་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་རྩ་བཙུགས་གནང་མཛད།

    ༣.བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་། བེད་སྤྱོད། གོང་འཕེལ་གཏོང་རྒྱུར་ལྷག་པར་དུ་མཐོང་ཆེན་གནང་ཞིང་། མེ་ཡོས་ལོ་སྟེ་སྤྱི་ལོ༡༩༨༧ལོའི་ཟླ་བ་བདུན་པར་ཨུ་ཡོན་ཀྲང་གཞོན་པ་ང་ཕོད་ངག་དབང་འཇིགས་མེད་མཆོག་དང་ལྷན་དུ་གྲོས་འགོ་འདོན་གནང་མཛད་ནས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐོག༼བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་། བེད་སྤྱོད། གོང་འཕེལ་བཅས་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་འགའ་ཞིག༽ཅེས་པར་གྲོས་འཆམས་བྱུང་བ་རེད། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཁྱད་དུ་འཕགས་པའི་གཙོ་འཛིན་ཞིག་གི་ངོས་ནས་ཕྱོགས་གཅིག་ནས་ཏང་དང་སྲིད་གཞུང་ལ་གཞོགས་འདེགས་ཀྱིས་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་ལེན་མཐར་ཕྱིན་གནང་ཏེ་དགོན་པ་དང་གྲྭ་བཙུན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་གནང་བ་དང་། ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་བོད་བརྒྱུད་དེ་རིམ་བཞིན་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་འཚམས་པ་ཡོང་ཆེད་ཕན་ཡོད་ཀྱི་ཕག་ལས་མང་པོ་གནང་ཡོད་པ་སྟེ། བོད་བརྒྱུད་ནང་བསྟན་ཆོས་ལུགས་མི་ཉམས་གོང་འཕེལ་དང་བསྟན་པ་ཡང་དར་ཡོང་ཆེད་སྐུ་ངོ་མས་པེ་ཅིན་དུ་ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་བཙུགས་གནང་བ་དང་འབྲེལ་དབུ་འཛིན་ཡང་གནང་ནས་ཆབ་སྲིད་ཐད་མེས་རྒྱལ་ལ་དགའ་ཞེན་བྱེད་པ་དང་། ཆོས་ལུགས་ཐད་ནང་བསྟན་ཆོས་ལུགས་སྐུ་ཡོན་ཆེ་ཙམ་ཡོད་མཁན་གྱི་བླ་སྤྲུལ་གསོ་སྦྱོང་མཛད་པ་སོགས་ཡིན། ཁོང་གི་གསུང་རྩོམ་ནི༼སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་འགྲེལ་བ༽དང༼སྐྱེ་རྡོར་ལྷན་སྐྱེས་ཀྱི་ཆོ་ག་གསུམ་བསྐྱེད༽ཅེས་པ་སོགས་ཡོད། ས་སྦྲུལ་ལོ་སྟེ་སྤྱི་ལོ༡༩༨༩ལོའི་སྤྱི་ཟླ་དང་པོའི་ཚེས༩ཉིན་གཙང་ལྗོངས་ཀྱི་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོར་པཎ་ཆེན་སྐུ་ཕྲེང་ལྔ་པ་ནས་དགུ་པའི་བར་གྱི་མཉམ་བཞུགས་སྐུ་གདུང་མཆོད་ཁང་ཤར་བཀྲ་ཤིས་རྣམ་རྒྱལ་བསྐྱར་བཞེངས་གཙོ་སྐྱོང་གནང་བརཕེབས། མཛད་བྲེལ་ཆེ་དྲག་པའི་རྐྱེན་གྱིས་གློ་བུར་དུ་སྐུ་སྙིང་ལ་སྙུན་གཞི་ཕོག་ཏེ་ཕྱོགས་གང་ཐད་ནས་མྱུར་སྐྱོབ་བྱེད་ཀྱང་འབྲས་བུ་མ་ཐོབ་པར་ལོ་དེའི་སྤྱི་ཟླ་དང་པོའི་ཚེས༢༨ཉིན་གཞིས་རྩེ་གྲོང་ཁྱེར་གྱི་བདེ་ཆེན་སྐལ་བཟང་ཕོ་བྲང་གི་གཟིམ་ཆུང་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་དགོངས་པ་གཞན་དུ་གཤེགས།།   །།

 

༄༅།།ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ།

     ༄༅།།ཇོ་བོ་རྗེ་ཁོང་ནི་རྒྱ་གར་ཤར་ཕྱོགས་ཀྱི་བྷཾ་གྷ་ལའི་ཡུལ་དུ་ཡབ་ཟ་ཧོར་རྒྱལ་པོ་དགེ་བ་དཔལ་དང་ཡུམ་དཔལ་མོ་འོད་ཟེར་ཅན་གཉིས་ཀྱི་སྲས་སུ་ཆུ་རྟ༼སྤྱི་ལོ༩༨༢༽ལོར་སྐུ་འཁྲུངས། དགུང་ལོ་བཅུའི་རིང་ཕྱི་རོལ་མུ་སྟེགས་པ་དང་ནང་བའི་ཆོས་ལུགས་ཀྱི་སྒྲ་ཚད་མ་སོགས་ལ་སློབ་གཉེར་མཛད། དགུང་ལོ་ཉེར་དགུ་བར་རྒྱ་གར་རྡོ་རྗེ་གདན་གྱི་མ་ཧཱ་བོ་ངྷིའི་གཙུག་ལག་ཁང་དུ་རབ་བྱུང་མཛད་ནས་ཕྱི་ནང་ཐུན་མོང་གི་རིག་གནས་དང་ནང་བའི་མདོ་སྔགས་ཀྱི་གཞུང་ལུགས་སྦྱངས་པ་མཐར་ཕྱིན་པར་མཛད། པནྟི་ཏ་ཆེན་པོའི་མཚན་སྙན་ཐོབ།གསེར་གླིང་པ་ལ་སོགས་པའི་བླ་མ་སུམ་ཅུ་སོ་བཞི་ཙམ་བསྟེན་ནས་རྒྱ་གར་དུ་མཁས་པ་གྲགས་ཆེ་བར་གྱུར། དེ་ནས་མངའ་རིས་གུ་གེ་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བོད་དུ་གདན་འདྲེན་ཞུས་ཀྱང་གདན་འདྲེན་མ་ནུས། རབ་བྱུང་དང་པོའི་ཆུ་རྟ༼སྤྱི་ལོ༡༠༤༢༽ལོར་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་གདན་འདྲེན་ཞུས་པས་མངའ་རིས་སུ་ཕེབས། དེ་རྗེས་འབྲོམ་སྟོན་གྱིས་དབུས་གཙང་དུ་གདན་དྲངས། དེར་ལོ་ངོ་བཅུ་བདུན་རིང་འཆད་ཉན་གྱི་འཕྲིན་ལས་སྤེལ། དགེ་བཤེས་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང། རྔོག་ལོ་ཙཱ་བ་ལེགས་པའི་ཤེས་རབ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། འགོས་ལོ་ཙཱ་བ་ཁུགས་པ་ལྷ་བཙས་སོགས་སློབ་མ་མཁས་པ་མང་དུ་བྱུང་། དགུང་ལོ་བདུན་ཅུ་དོན་གསུམ་པ་ཤིང་རྟ༼སྤྱི་ལོ༡༠༥༤༽ལོར་སྙེ་ཐང་དུ་སྐུ་གཤེགས།། །།

 

༄༅།།སློབ་དཔོན་པདྨ་སཾ་བྷ་བ།

   ༄༅།།སློབ་དཔོན་འདི་ནི་བོད་ལ་བཀའ་དྲིན་ཆེ་བའི་ཨ་ཙརྱ་གསུམ་གྱི་ནང་ཚན་དང་པོ་ཡིན། འདི་ཡི་རྣམ་ཐར་དང་ལོ་རྒྱུས་ཐོག་བཤད་སྲོལ་མི་འདྲ་བ་སྣ་ཚོགས་འདུག་ཅིང་། གསང་ཆེན་རྙིང་མའི་ཆོས་རྒྱུད་འཛིན་པ་རྣམས་ཀྱི་གསུང་སྲོལ་འགའ་ཞིག་ལྟར་ན། སློབ་དཔོན་འདིར་ཡབ་ཡུམ་མེད་པར་གསུངས་ཤིང་། ༼རིན་ཆེན་གཏེར་མཛོད༽ཀྱི་དབུར་བཞུགས་པ་ཇོ་ནང་ཏཱ་ར་ན་ཐས་མཛད་པའི་༼སློབ་དཔོན་པདྨའི་རྣམ་ཐར་ཡིད་ཆེས་གསུམ་ལྡན༽གྱི་ནང་། སློབ་དཔོན་འདི་ཉིད་ནུབ་ཕྱོགས་ཨོ་རྒྱན་གྱི་རྒྱལ་པོའི་སྲས་སུ་འཁྲུངས་པའི་ཡབ་དང་ཡུམ་གྱི་མཚན་ཡང་གསལ་བར་མཛད་འདུག གཞན་ཡང་སློབ་དཔོན་འདི་དུས་ཚོད་ཇི་ཙམ་ལ་འཁྲུངས་པ་དང་། དགུང་ལོ་ཇི་ཙམ་བཞུགས་པ། བོད་དུ་ལོ་ཇི་ཙམ་བཞུགས་པ་སོགས་ཀྱི་སྐོར༼པདྨ་བཀའ་ཐང་༽སོགས་རྣམ་ཐར་མང་པོར་བཤད་སྲོལ་འདྲ་མིན་སྣ་ཚོགས་འདུག་པས། འདི་དག་དང་འདི་མི་དག་ཅེས་ཁོ་བོ་ལྟ་བུས་ཁ་ཚོན་ག་ལ་གཅོད་ནུས། འོན་ཀྱང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་རྩིག་པའི་ཚེ་སློབ་དཔོན་བོད་དུ་བྱོན་ཟིན་པ་མ་ཟད། བསམ་ཡས་ཀྱི་རབ་གནས་སྐབས་དང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་མུ་ནེ་བཙན་པོ་མ་གཤེགས་བར་བཞུགས་ནས་རྒྱལ་པོ་སད་ན་ལེགས་ཀྱི་དུས་སུ་བོད་ནད་སྲིན་ཡུལ་དུ་གཤེགས་པ་འདྲ་བ་ཞིག་རྣམ་ཐར་གཏེར་མ་འགའ་ཞིག་ནང་གསལ་བ་དང་། ༼རྦ་བཞེད་ཞབས་བཏགས་མ༽ཟེར་བའི་ནང་བསམ་ཡས་རབ་གནས་ཀྱི་གོང་དུ་སློབ་དཔོན་བོད་ནས་སྲིན་ཡུལ་དུ་བྱོན་ཟིན་པ་ལྟ་བུ་ཞིག་གསུངས་འདུག་པ་གང་ཡིན་བརྟག་དགོས་ཤིང་། གསང་སྔགས་སྔ་འགྱུར་གྱི་ལོ་རྒྱུས་ལ་ཡང་སློབ་དཔོན་ཆེན་པོ་འདི་རྒྱ་གར་གྱི་ནུབ་ཕྱོགས་ཨོ་ཌི་ཡཱ་ན་སྟེ་བོད་སྐད་དུ་ཨོ་རྒྱན་མཁའ་འགྲོའི་གླིང་གི་ངྷ་ན་ཀོ་ཤ་ཟེར་བའི་མཚོ་ཡི་ནང་དུ་མེ་ཏོག་པདྨའི་ནང་བརྫུས་ཏེ་འཁྲུངས་པ་དང་། ཡབ་དང་ཡུམ་མི་དགོས་པར་བརྫུས་ནས་རང་བྱུང་དུ་འཁྲུངས་པའི་སངས་རྒྱས་ཡིན་ཞེས་གསུངས། ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་༼སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་ཐར་ཡིད་ཆེས་གསུམ་ལྡན༽གྱི་ནང་འདི་ལྟར་གསུངས་ཏེ། རྒྱ་གར་ཡུལ་དབུས་མ་གྷ་ངྷར་རྒྱལ་པོ་དེ་ཝ་པཱ་ལས་རྒྱལ་སྲིད་སྐྱོང་བའི་ཚེ་༼སྤྱི་ལོ་༧༣༠ནས་༧༧༧བར༽ཨོ་རྒྱན་གྱི་ཡུལ་དུ་རྒྱལ་པོ་ཧ་ཡ་ལི་ལས་སྲིད་དབང་བཟུང་ཞིང་། དེ་ཡི་ཚེ་རྒྱལ་རིགས་རིག་པ་སྨྲ་བ་སྲ་དོའམ་སྲིག་ངྷ་ར་སྟེ་མེ་ཏོག་ཕྲེང་བ་འཛིན་པ་ཟེར་བ་ཞིག་ཡོད། དེ་ལ་སྲས་མཚན་བཟང་དང་ལྡན་པ་ངོ་མཚར་འགྲན་ཟླ་མེད་པ་ཞིག་འཁྲུངས་པ་ལས། ཁྱེའུའི་མཚན་ལྟས་ལྟ་བ་ལ་མཁས་པ་མང་པོ་ཞིག་ལ་བསྟན་པ་ན། གསང་སྔགས་ཀྱི་རྣལ་འབྱོར་པ་ཞིག་གིས་སྲས་འདིས་རྒྱལ་སྲིད་མི་བཟུང་ཞིང་གསང་སྔགས་ཀྱི་ལམ་ལ་བརྟེན་ནས་གྲུབ་པ་ཐོབ་པའི་སློབ་དཔོན་ཆེན་པོ་ཞིག་འབྱུང་བ་དང་། མཚན་ལ་པདྨ་ཨ་བ་བྷ་སི་སྟེ་མཚམས་སྦྱར་བས་པདྨ་བ་བྷ་སི་ཞེས་བཏགས། སྐུ་ན་ཆུང་དུས་ནས་རིག་གནས་ཆེ་ཆུང་དང་བརྟག་པ་བརྒྱད་ལ་སོགས་པ་གང་ལ་ཡང་དཀའ་ཚེགས་ཆེན་པོ་མི་དགོས་པར་མཁས་པར་མཁྱེན། གསང་སྔགས་ཀྱི་སློབ་དཔོན་ཤནྟི་རཱུ་པ་དང་། གྲུབ་ཆེན་སུ་ཁ་དེ་བ། མཁའ་འགྲོ་མ་སུ་ཁ་ངྷ་རི་བཅས་ཀྱི་དྲུང་ནས་གསང་སྔགས་ཀྱི་ཆོས་མང་པོ་གསན། བསྒོམ་བསྒྲུབ་ཡུན་རིང་མཛད་དེ་བཞུགས་པའི་སྐབས་རྒྱལ་པོ་ཧ་ཡ་ལི་ལ་འདས། དེའི་བུ་ཨཀྵ་ལི་ལ་ཟེར་བས་སྲིད་དབང་བཟུང་། སྲས་པདྨ་ཨ་བ་བྷ་སིས་རང་གི་ཡབ་དང་འདྲ་བར་རྒྱལ་པོའི་ཕོ་བྲང་གི་སྲིད་ཀྱི་ལས་དོན་དང་སྐར་རྩིས་ལ་བརྟེན་ནས་ལྟས་བཟང་ངན་ལུང་སྟོན་པ་བཅས་མཛད་ཅིང་སྐྱེད་ཚལ་ཞིག་གི་ནང་དུ་ལྷ་ཁང་དང་དགེ་འདུན་གྱི་སྡེ་བཞེངས་ཤིང་མཐའ་བསྐོར་དུ་མཆོད་རྟེན་དང་ལྕགས་རི་རིམ་པ་མང་པོ་བསྐོར་བ་ཞིག་འཛུགས་སྐྲུན་གནང་བས་སློབ་དཔོན་རང་ཉིད་ཀྱི་ཞབས་ཕྱི་གཅིག་རྒྱལ་པོའི་ཡིག་མཁན་དང་། གཉིས་བློན་པོའི་ཁོངས་སུ་གཏོགས་པ་དེ་གསུམ་པ་ངན་སེམས་སྐྱེས་ནས་རྒྱལ་པོར་དབྱེན་སྦྱོར་དཀྲུགས་ཤིང་བྱས་སློབ་དཔོན་མེད་པར་བཟོས་ནས། ཡུལ་འདིའི་དབང་ཆ་བཟུང་ཐབས་བྱ་རྒྱུར་གྲོས་མཐུན་ཏེ་རྒྱལ་པོར་ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ནས་དབྱེན་སྦྱོར་བྱས་པར་རྒྱལ་པོ་ཁོ་ཚོའི་གཏམ་ལ་ཡིད་ཆེས་ཏེ་དམག་དཔུང་བཏང་ནས་སྐྱེད་ཚལ་གྱི་མཐའ་བསྐོར། སློབ་དཔོན་དགེ་འདུན་དང་བཅས་པ་ཡུལ་གཞན་དུ་གནས་དབྱུང་བཏང་།བློན་པོ་རྣམས་ཀྱིས་སློབ་དཔོན་འདི་མ་བསད་ན་རྗེས་སུ་རང་ཅག་ལ་གནོད་པ་བྱེད་སྲིད་ཟེར་ནས་གཤེད་མ་མངགས་ཏེ་སློབ་དཔོན་བཟུང་། མཚོན་ཆ་བསྣུན་པ་དང་། མེར་བསྲེགས་པ། ཆུ་ལ་བསྐྱུར་བ། གཡང་ལ་བསྐྱུར་བ། གསོན་པོར་ས་སྦས་བཏང་བ་བཅས་བྱས་ཀྱང་སློབ་དཔོན་གསོད་མ་ཐུབ་ཅིང་། རྫུ་འཕྲུལ་བསྟན་ནས་སྐུ་ལུས་ལ་ཅི་ཡང་མ་གནོད་པར་མཛད། དེ་ནས་བཟུང་བྲག་ཕུག་དང་། དུར་ཁྲོད་སོགས་སུ་བཞུགས་ནས་ལྷ་འདྲེ་གདུག་ཅན་ཐམས་ཅད་ལ་དབང་དུ་བསྒྱུར། གྲུབ་པ་ཐོབ་པའི་སློབ་དཔོན་ངྷ་བུ་ཀྲི་ཏ་སོགས་སློབ་དཔོན་བརྒྱད་ལས།རལ་གྲི་དང་། རིལ་བུ། མིག་སྨན། རྐང་མགྱོགས། སྨན། བཅུད་ལེན། གཏེར་གྱི་བུམ་པ། གསེར་འགྱུར་རྩི་བཅས་ཐུན་མོང་གི་དངོས་གྲུབ་བརྒྱད་ཐོབ། ད་དུང་དེས་ཐུགས་མ་ཚིམ་པར་རྒྱ་གར་ཡུལ་དབུས་མ་གྷ་ངྷར་བྱོན། སྐབས་དེར་རྒྱལ་པོ་ངྷརྨ་པཱ་ལས་སྲིད་དབང་བཟུང་བའི་དུས་༼སྤྱི་ལོ་༧༩༠ནས་༨༥༣༽བར་དང་། སློབ་དཔོན་སངས་རྒྱས་ཡེ་ཤེས་གྲུབ་པ་ཐོབ་ནས་སློབ་མ་གསོ་སྐྱོང་གནང་བའི་སྐབས་ཡིན། ཆོས་ཀྱི་མྱུ་གུའི་དགོན་པར་སློབ་དཔོན་དེའི་དྲུང་ནས་རབ་བྱུང་དང་བསྙེན་རྫོགས་མཛད། གཞན་ཡང་རྒྱུད་སྡེ་བཞིའི་རྒྱུད་དང་མན་ངག་ཧ་ཅང་མང་པོ་གསན། དེ་ནས་སློབ་དཔོན་གྱིས་བཀའ་གནང་བ་ལྟར། རྒྱ་གར་བྷང་གྷ་ལའི་ཡུལ་གྱི་གྲོང་ཁྱེར་པ་ཎ་ཌ་པའི་བྱང་ཕྱོགས་ཀྱི་ནགས་ཚལ་པར་ཤི་ཞེས་བྱ་བར་བཞུགས་ནས་གསང་སྔགས་ཀྱི་སྤྱོད་པ་མཛད་དེ་མཆོག་གི་དངོས་གྲུབ་བརྙེས་ཏེ་འཆི་མེད་རྡོ་རྗེའི་སྐུ་མངོན་དུ་མཛད། དེ་ནས་རྒྱ་གར་བྱང་ཕྱོགས་ཡུལ་ཏི་ར་ཧུ་ཏི་དང་། བལ་ཡུལ། ཤར་ཕྱོགས་ཀཱ་མ་རཱུ། ལྷོ་ཕྱོགས་ཏྲི་མ་ལ་སོགས་མུ་སྟེགས་པ་མང་པོ་ཡོད་པའི་ས་གནས་ཕལ་ཆེ་བར་བྱོན་ནས་རྫུ་འཕྲུལ་གྱི་སྒོ་ནས་མུ་སྟེགས་པའི་ལྷ་འདྲེ་རྣམས་བཏུལ་ནས་དམ་ལ་འདོགས་པར་མཛད་པ་སོགས་གསལ། སློབ་དཔོན་ཆེན་པོ་འདི་ཉིད་བོད་དུ་གདན་དྲངས་ཚུལ་ལ་༼རྦ་བཞེད༽དང་༼བཀའ་ཐང་༽གཉིས་བཤད་ཚུལ་མི་མཐུན་པ་ཡོད་ཅིང་། ༼བཀའ་ཐང༽དུ་འཁོད་པ་ལྟར་ན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་རྦ་གསལ་སྣང་དང་། སྣ་ནམ་རྡོ་རྗེ་བདུད་འཇོམས། མཆིམས་ཤཱཀྱ་པྲ་བྷ། ཤུད་བུ་དཔལ་གྱི་སེང་གེ་བཅས་བཞི་ལ་གསེར་ཕྱེ་བྲེ་གང་རེ་དང་། གསེར་གྱི་པ་ཏྲ་རེ་བསྐུར་ནས་རྒྱ་གར་དུ་བརྫངས། སློབ་དཔོན་ཆེན་པོ་དང་མཇལ་ཏེ་རྒྱལ་པོའི་ཕྱག་རྟེན་རྣམས་ཕུལ་ནས་བོད་དུ་ཕེབས་པར་ཞུས་པས་ཞལ་གྱིས་བཞེས། ཁྱོད་ཕོ་ཉ་བ་ཚོ་སྔོན་ལ་སོང་།ངས་རྗེས་སུ་འོང་སྟེ་ནག་ཕྱོགས་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་འདུལ་ནས་དམ་ལ་བཏགས་ཀྱིན་མ་བྱས་ན་བར་ཆད་ཆེ་གསུངས་ནས་ཕོ་ཉ་བ་རྣམས་སྔོན་ལ་བཏང་། སློབ་དཔོན་གྱིས་བལ་ཡུལ་དུ་ཟླ་བ་གསུམ་ཙམ་བཞུགས་ཏེ་མི་མ་ཡིན་མང་པོ་དམ་ལ་འདོགས་པ་དང་གཏེར་སྦ་བ་སོགས་མཛད། ༼དེ་ནས་རྦ་བཞེད་དུ་གསལ་བ་ལྟར་ན་མངའ་རིས་མང་ཡུལ་ནས་སྙེ་མོ་ཐོད་ཀར་གྱི་བར་དུ་ཆུ་ཐོག་གྲུ་རྫིངས་ལ་བྱོན་པར་བཤད༽དེ་ནས་སླར་ཡང་རྒྱལ་པོས། གནུབས་ནམ་མཁའི་སྙིང་པོ། དབས་མང་རྗེ་གསལ་སྣང་། སེང་གོང་ལྷ་ལུང་གཟིགས། དབས་མི་གྲུ་གཟིངས། ཅོག་རོ་དཔལ་གཟུངས་མགོན། ཤ་མི་པུ་ཏྲ་ཤྲི། གཉེར་སྣག་བཙན་ལྡོང་གཟིགས་སོགས་མང་ཡུལ་གྱི་མཐའ་སྲུང་བློན་པོར་བརྫངས་པའི་ཁུལ་མཛད་དེ་སླར་ཡང་སློབ་དཔོན་ཆེན་པོ་ཕེབས་བསུར་བཏང་ཞིང་། སླར་ཡང་སྐ་བ་དཔལ་བརྩེགས་དང་། སྣ་ནམ་རྡོ་རྗེ་བདུད་འཇོམས་དང་། ཅོག་རོ་ཀླུ་ཡི་རྒྱལ་མཚན་བཅས་གདན་འདྲེན་དུ་བཏང་། མང་ཡུལ་ནས་རིམ་བཞིན་གནམ་ཐང་མཁར་ནག འོ་ཡུག བྱང་ཁུལ་འདམ་གཞུང་། འཕན་པོ། མལ་དྲོ་སོགས་སུ་བྱོན་ནས་ལྷ་མོ་གངས་དཀར་ཤ་མེད་སོགས་བསྟན་མ་བཅུ་གཉིས། དམ་ཅན་རྡོ་རྗེ་ལེགས་པ། གཉན་ཆེན་ཐང་ལྷ། གཉན་མཁར་ནག མལ་དྲོ་གཟི་ཅན། ཡར་ལྷ་ཤམ་པོ་སོགས་ལྷ་འདྲེ་མང་པོ་དམ་ལ་བཏགས་ཏེ་ནང་པ་སངས་རྒྱས་པའི་བསྟན་པ་སྐྱོང་བའི་སྲུང་མར་བསྐོས། རིམ་གྱིས་ཡར་ལུང་གཙང་པོའི་འགྲམ་ཟུང་མཁར་མདར་ཕེབས་པ་ན། རྒྱལ་པོ་དང་བཙུན་མོ་གཉིས། བློན་པོ། བོད་འབངས་སྐྱེ་བོ་ཕོ་མོ་ཡོངས་ཀྱིས་རྔ་བྲོ་དང་། གླུ་བྲོ། འབག་སོགས་ཀྱི་བསུ་བའི་བཀོད་པ་གཟབ་རྒྱས་དང་བཅས་ཏེ་ཕོ་བྲང་བྲག་དམར་དུ་གདན་དྲངས། བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུས། དེ་ནས་རྒྱལ་པོའའི་གཟིམས་མལ་བ་ལྷ་དུང་མཚོ་བཞེར་སྙན་ལེགས་སོགས་ལ་པྲ་རྟེན་མཛད་དེ་རྒྱལ་པོ་ཆེན་པོ་བཞི་ཡི་པྲ་ཕབ༼མིའི་ལུས་རྟེན་ལ་ལྷ་བབས་སུ་བཅུག་པ༽ནས་སྔར་བོད་ས་གནས་ཆོས་དར་སྤེལ་གཏོང་རྒྱུར་བར་ཆད་དང་གནོད་འཚེ་བྱེད་མཁན་ལྷ་འདྲེ་སུ་དང་སུ་ཡིན་གྱི་ལུང་བསྟན་རྒྱག་ཏུ་བཅུག་པ་དེ་ནི་བོད་དུ་གསང་སྔགས་ཀྱི་གཞུང་ནས་བཤད་པ་ལྟར་གྱི་ལྷ་ཕབས་པའི་ལུགས་སྲོལ་ཐོག་མ་དེ་ཡིན། དེ་ནས་སླར་ཡང་བསམ་ཡས་གཙུག་ལག་ཁང་བཞེངས་པའི་ས་འདུལ་དང་རྨང་འདིང་བར་མཛད། འདི་ནི་བསམ་ཡས་གཙུག་ལག་ཁང་གི་ས་འདུལ་དང་རྩིག་རྨང་འདིང་ཐེངས་གསུམ་པ་ཡིན་པར་༼པདྨ་བཀའ་ཐང༽ལས་བཤད། དེ་ནས་བསམ་ཡས་གཙུག་ལག་ཁང་བཞེངས་འགོ་ཚུགས་ནས་སྟག་ལོ་ནས་རྟ་ལོའི་བར་ལོ་བཞིའི་རིང་བཞེངས་གྲུབ་སྟེ། རབ་གནས་སློབ་དཔོན་དང་མཁན་ཆེན་གཉིས་ལྷན་རྒྱས་སུ་མཛད་ཅིང་ངོ་མཚར་ཅན་གྱི་ལྟས་བཟང་པོ་ཧ་ཅང་མང་པོ་བྱུང་ཞིང་། སློབ་དཔོན་གྱིས་རྫུ་འཕྲུལ་ལ་བརྟེན་ནས་ངམ་ཤོད་ཀྱི་བྱེ་ཐང་དང་གྲམ་ཐང་རྣམས་ནགས་ཚལ་དང་སྤང་ཐང་དུ་བསྒྱུར། ཟུང་མཁར་སོགས་སུ་དཀོན་པའི་སར་ཆུ་ཐོན་པར་མཛད། ལྷ་སྲས་མུ་ཁྲི་བཙན་པོ་དམག་དཔོན་དུ་བསྐོས་ནས་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་ནས་དེར་ཡོད་པའི་ནོར་རྫས་རིན་ཐང་ཆེ་བ་རྣམས་བོད་དུ་དྲངས་པས། ནོར་བདག་རྒྱལ་པོ་པེ་ཧར་ཡང་ཀ་ཅའི་རྗེས་སུ་འབྲངས་ནས་བོད་དུ་འོངས་པ་དེ་ལ་བསམ་ཡས་གཙུག་ལག་ཁང་གི་སྲུང་མར་བསྐོས། རྒྱལ་པོ་དང་བཙུན་མོ་གཉིས། སད་མི་མི་བདུན་སོགས་གསང་སྔགས་ཀྱི་སྐལ་ལྡན་སློབ་མ་ཉི་ཤུ་རྩ་ལྔ་ལ་བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར་ཞལ་ཕྱེ་ནས་དབང་བསྐུར་མཛད་ཅིང་། རྒྱལ་པོ་སོགས་འཁོར་ཉུང་ཤས་ཤིག་ལ་ཚེ་དཔག་མེད་ཀྱི་དབང་བསྐུར་གནང་། རྗེ་འབངས་ཉེར་ལྔ་ཞེས་བོད་ཀྱི་གྲུབ་ཐོབ་ཉི་ཤུ་རྩ་ལྔ་ཐོག་མར་བྱུང་། སློབ་དཔོན་ཆེན་པོ་འདི་བོད་དུ་ཡུན་ཇི་ཙམ་བཞུགས་པ་དང་། རྒྱལ་པོ་གང་གི་དུས་སུ་བོད་ནས་རྒྱ་གར་དུ་ཕྱིར་ལོག་ཕེབས་པའི་སྐོར་ལ་བོད་ཀྱི་ལོ་རྒྱུས་ཐོག་བཤད་སྲོལ་མི་འདྲ་བ་སྣ་ཚོགས་ཡོད། ༼རྦ་བཞེད༽ལས། སློབ་དཔོན་ཆེན་པོ་བོད་དུ་ཕེབས་ནས་བསམ་ཡས་ཀྱི་རབ་གནས་མ་མཛད་གོང་དུ་ཆུ་མེད་སར་སུ་འདོན་པ་དང་། བྱེ་ཐང་དང་གྲམ་ཐང་རྣམས་སྤང་ཐང་དང་ནགས་ཚལ་དུ་བསྒྱུར་བ་སོགས་ཀྱི་རྫུ་འཕྲུལ་མང་པོ་བསྟན་པར་མཛད་པ་བློན་པོ་སངས་རྒྱས་ཆོས་ལུགས་ལ་མི་དགའ་བ་རྣམས་ཀྱིས་རྒྱལ་པོར་ཞུས་དོན། རྒྱ་གར་གྱི་ཨ་ཙརྱ་འདི་མཐུ་དང་ནུས་པ་ཆེ་ལུགས་ལ་བལྟས་ན་འདིས་ནམ་ཞིག་བོད་ཀྱི་རྒྱལ་པོའི་སྲིད་དབང་འཕྲོག་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ་བས་ཁོ་རང་གི་ཡུལ་དུ་བསྐྱལ་ན་ལེགས་ཞེས་ཡང་ཡང་ནན་ཏན་གྱི་ཞུས་པས་རྒྱལ་པོ་བྱ་ཐབས་མ་རྙེད་ནས་སློབ་དཔོན་རྒྱ་གར་དུ་ཕྱིར་ཕེབས་སྐྱེལ་མ་ཞུ་དགོས་བྱུང་བ་དང་། བློན་པོ་རྣམས་ཀྱིས་ལྐོག་ཏུ་གྲོས་བྱས་ཏེ་སློབ་དཔོན་རྒྱར་གར་ཕྱིར་ཕེབས་གནང་བའི་ལམ་བར་དུ་ལྐོག་གསོད་བྱ་མ་ཐུབ་ན་རྗེས་སུ་བོད་ལ་གནོད་འཚེ་བྱེད་ཉེན་ཡོད་ཅེས་གྲོས་མཐུན་ནས་སློབ་དཔོན་གྱི་རྗེས་སུ་གཤེད་མ་རྟ་བ་མི་བཅོ་བརྒྱད་བཏང་ནས་མངའ་རིས་མང་ཡུལ་གུང་ཐང་ཁར་སྒུག་ར་སྤྲད་དེ་སློབ་དཔོན་དེར་ཕེབས་པ་དང་གཤེད་མ་ཚོས་གློ་བུར་དུ་གནོད་འཚེ་བྱེད་པར་འོངས་སྐབས་སློབ་དཔོན་གྱིས་བྱེ་མ་ལ་སྔགས་བཏབ་གཏོར་བས་གཤེད་མ་རྣམས་ལུས་རེངས་ཏེ་སྒུལ་བསྐྱོད་མ་ཐུབ་པར་ལུས། དེ་ནས་སློབ་དཔོན་ནམ་མཁའ་ལ་འཕུར་ནས་སྲིན་ཡུལ་དུ་ཕེབས་པར་བཤད། ༼བཀའ་ཐང༽འགའ་ཞིག་ལས་སློབ་དཔོན་བོད་དུ་ལོ་དྲུག བཅུ་གཉིས། བཅོ་བརྒྱད། ལྔ་བཅུ་སོགས་སུ་བཞུགས་པར་བཤད་པ་སོགས་མི་འདྲ་བ་ཡོད། བསམ་ཡས་ཀྱི་འཁོར་ས་ཆེན་མོའི་ལྡེབས་བྲིས་དང་༼བཀའ་ཐང་སྡེ་ལྔ༽ ༼པདྨ་བཀའ་ཐང༽བཅས་ལ་ཞིབ་ཏུ་བརྟགས་ན། སློབ་དཔོན་ཆེན་པོ་བོད་དུ་ཕེབས་སྐབས་བསམ་ཡས་གཙུག་ལག་ཁང་གི་ས་འདུལ་དང་རྩིག་རྨང་འདིང་ཐེངས་གཉིས་བྱས་ཟིན་པ་དང་། བོད་དུ་ཕེབས་རྗེས་སླར་ཡང་རྩིག་རྨང་བཏིང་སྟེ་བསམ་ཡས་གཙུག་ལག་ཁང་གི་རབ་གནས་ཀྱི་སྐབས་སུ་བཞུགས་ཡོད་པར་གསལ་ཞིང་། ལྷག་པར་དུ་བཀའ་ཐང་ཁག་གི་ནང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེའི་རིང་དང་། དེ་ནས་མུ་ནེ་བཙན་པོས་སྲིད་དབང་སྐྱོང་སྐབས་དང་མུ་ནེ་བཙན་པོ་འདས་ནས་མུ་ཏིག་བཙན་པོས་སྲིད་དབང་བཟུང་སྐབས་ལོ་ཤས་བཅས་ཀྱི་བར་བོད་དུ་བཞུགས་པར་གསལ་ལ་ལྟར་ན་བསམ་ཡས་གཙུག་ལག་ཁང་བཞེངས་པའི་ཆུ་སྟག་༼༧༦༢༽ལོ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སད་ན་ལེགས་ཀྱིས་སྲིད་དབང་བཟུང་བའི་ལོ་སྟེ་ཤིང་སྤྲེལ་༼༨༠༤༽བར་ལོ་བཞི་བཅུ་ཞེ་གསུམ་ཡོད་པས་རྒྱལ་པོ་མུ་ཏིག་བཙན་པོ་སད་ན་ལེགས་ཀྱིས་སྲིད་དབང་བཟུང་རྗེས་ཀྱང་ལོ་ཤས་བཞུགས་པ་བསྡོམས་ན་བོད་དུ་ལོ་ལྔ་བཅུ་མ་ཟིན་ཙམ་ཞིག་བཞུགས་ཡོད་ངེས་སྙམ། འོན་ཀྱང་༼བཀའ་ཐང༽ནང་དུ་འཁོད་པའི་སློབ་དཔོན་གྱི་རྣམ་ཐར་ལས་ནང་པ་སངས་རྒྱས་པའི་ཆོས་ལུགས་སྤྱིའི་ལྟ་ཚུལ་དང་མི་མཐུན་པའི་ཚིག་མང་པོ་ཞིག་འདྲེས་ནས་ཡོད་སྟབས་དེས་རྐྱེན་བྱས་ཏེ་བོད་ལྗོངས་སྐྱེ་བོ་ཡོངས་ལ་མཚུངས་ཟླ་མེད་པའི་བཀའ་དྲིན་ཅན་གྱི་སློབ་དཔོན་ཆེན་པོ་དང་གསང་སྔགས་སྔ་འགྱུར་གྱི་བསྟན་པ་བསྟན་འཛིན་དང་བཅས་པར་མ་དད་ལོག་རྟོག་སྐྱེ་བའི་གཞི་ཆེན་པོ་ཞིག་ཏུ་གྱུར་འདུག་པ་ཕྱི་རབས་རང་རིགས་ཀྱི་མཁྱེན་ལྡན་མཁས་པ་རྣམས་ཀྱིས་ཕྱོགས་ལྷུང་སྤངས་ཏེ་ཐུགས་དགོངས་གཟུ་བོར་གནས་པའི་སྒོ་ནས་ཞིབ་འཇུག་བརྟག་དཔྱད་ནན་ཏན་མཛད་པར་ཞུ་ཞེས་གསོལ་བ་འདེབས་རྒྱུ་ཡིན་ལགས།།  །།

             

                                                                                     ༄༅།།དཔལ་མགོན་འཕགས་པ་ཀླུ་སྒྲུབ།

    ༄༅།།སྔོན་རྒྱ་གར་འཕགས་པའི་ཡུལ་དུ་ནང་པའི་བསྟན་པ་དང་དེའི་གཞུང་ལུགས་སོགས་དར་རྒྱས་ཤིན་ཏུ་ཆེ་ཞིང་། འཆད་རྩོད་རྩོམ་སོགས་རིག་པའི་གནས་ལ་མངའ་བརྙས་པའི་མ་ཧྰ་པཎ་ཌི་ཏ་སྨྲ་བའི་དབང་ཕྱུག་ཆེན་པོ་ཆེས་མང་པོ་ཞིག་བྱུང་བ་ལས། མགོན་པོ་ཀླུ་སྒྲུབ། ཨརྱ་དེ་བ། འཕགས་པ་ཐོགས་མེད སློབ་དཔོན་དབྱིག་གཉེན། སློབ་དཔོན་ཕྱོགས་གླང་། དཔལ་ལྡན་ཆོས་གྲགས། ཡོན་ཏན་འོད། ཤྰཀྱ་འོད་བཅས་བརྒྱད་པོ་འཕགས་ཡུལ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ཞེས་འཕགས་ཡུལ་གྱི་མཁས་མཆོག་ཡོངས་ཀྱི་གཙུག་ནོར་དུ་གྱུར་པའི་སྨྲ་བའི་སེང་གེ་ཆེན་པོ་བརྒྱད་བྱོན། དེ་དག་ལས་སློབ་དཔོན་ཀླུ་སྒྲུབ་ཞབས་ནི། འཛམ་བུའི་གླིང་མཆོག་མཛེས་པར་བྱེད་པའི་རྒྱན་གྱི་གཙོ་བོ་དང་།དུས་གསུམ་མཁྱེན་ཅིང་གཟིགས་ནས་ལུང་སྟོན་པའི་ཚད་མའི་སྐྱེས་བུ་ཆེན་པོ་ཤྰཀྱའི་རྒྱལ་པོས་འཕགས་པ་ལང་ཀར་གཤེགས་པ་དང་། འཇམ་དཔལ་རྩ་རྒྱུད། དང་པོའི་སངས་རྒྱས་སོགས་མདོ་སྡེ་དང་རྒྱུད་སྡེ་མང་པོ་ནས་བསྟན་པ་སྐྱོང་བའི་སྐྱེས་བུ་དམ་པ་ཉིད་དུ་ལུང་གི་འཕྲེང་བས་ཉེ་བར་བསྔགས། དེའང་ལང་ཀར་གཤེགས་པའི་མདོ་ལས། ལྷོ་ཕྱོགས་བེེ་དའི་ཡུལ་དུ་ནི།དགེ་སློང་དཔལ་ལྡན་ཆེར་གྲགས་པ། དེ་མིན་ཀླུ་ཞེས་འབོད་པ་སྟེ། ཡོད་དང་མེད་པའི་ཕྱོགས་འཇིག་པ། ང་ཡི་ཐེག་པ་འཇིག་རྟེན་དུ། བླ་མེད་ཐེག་ཆེན་རབ་བཤད་ནས། རབ་དུ་དགའ་བའི་ས་བསྒྲུབས་ཏེ། བདེ་བ་ཅན་དུ་དེ་འགྲོ་འོ། ཞེས་གསུངས། སློབ་དཔོན་འདི་ནི་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་སོང་བའི་དུས་སུ་རྒྱ་གར་ལྷོ་ཕྱོགས་བེེ་དརྦྷ་ཡུལ་ན་བྲམ་ཟེ་འབྱོར་ལྡན་ཞིག་གི་ཁྱིམ་དུ་འཁྲུངས་ཤིང་། མཚན་མཁན་ལ་བསྟན་པས་རྟགས་དང་མཚན་མ་བཟང་མོད་ཀྱང་ཞག་བདུན་གྱི་ཚེ་ཚད་ལས་མེད་ཟེར། དེ་ལ་ཅི་ཕན་དྲིས་པས་བྲམ་ཟེ་བརྒྱ་ལ་བསྙེན་བཀུར་བྱས་ན་ཟླ་བདུན་དང་། དགེ་སློང་བརྒྱ་ལ་བསྙེན་བཀུར་བྱས་ན་ལོ་བདུན་ཐུབ་པར་བཤད་པས། དེ་ནས་དེ་བཞིན་བྱས་ཏེ་དགུང་ལོ་བདུན་སོན་པ་ན་ཕ་མ་གཉིས་ཀྱིས་བུ་ཤི་བའི་རོ་མཐོང་བར་མི་བཟོད་པར་གཡོག་དང་བཅས་གཞན་དུ་འཁྱམ་དུ་བཏང་། རིམ་གྱིས་རྒྱ་གར་ཡུལ་དབུས་ཀྱི་དགོན་པ་ཆེ་ཤོས་ནྰ་ལེན་དྲར་ཕེབས་ཏེ་སློབ་དཔོན་བྲམ་ཟེ་ས་ར་ཧ་དང་མཇལ་ནས་ཚེ་དབང་ཞུས་པས་སྐུ་ཚེ་བསྲིངས་ཤིང་གསང་སྔགས་ཀྱི་ཆོས་མང་པོ་གསན། དགོན་པའི་མཁན་པོ་སྒྲ་གཅན་འཛིན་བཟང་པོའི་དྲུང་ལས་བསྙེན་པར་རྫོགས་ཤིང་།མཚན་དགེ་སློང་དཔལ་ལྡན་ཞེས་གསོལ། མདོ་སྔགས་ཀྱི་ཆོས་མང་དུ་གསན་ཏེ་ཐུགས་སུ་ཆུད། བར་སྐབས་ཤིག་ལ་དགེ་འདུན་གྱི་ཞལ་ཏ་པ་མཛད་རིང་ཡུལ་དུ་མུ་གེ་ཆེན་པོ་བྱུང་སྟེ།གླིང་ཕྲན་གཞན་ནས་གསེར་འགྱུར་གྱི་རྩི་བླངས་ནས་གསེར་བཙོངས་པའི་རིན་གྱིས་དགེ་འདུན་ལ་འཚོ་བ་སྦྱར། དེའི་གནས་ཚུལ་དགེ་འདུན་རྣམས་ཀྱིས་གསན་ནས་ཁྱོད་ཀྱིས་དགེ་འདུན་ལ་གནང་བ་མ་ཞུས་པར་ཚོང་བྱས་བ་སྦྱོར་བ་ཆོས་ཁྲིམས་དང་འགལ་ཞེས་སྐབས་དེར་བསླབ་ཁྲིམས་འཆལ་བར་སྤྱོད་པ་སྟོང་ཕྲག་མང་པོ་ཞིག་དང་མཉམ་དུ་གནས་ནས་ཕྱུངས། སློབ་དཔོན་དགུང་ལོ་བརྒྱ་མ་ལོན་ཙམ་ན་སྐལ་བ་དང་ལྡན་པའི་སྐྱེ་བོ་མང་པོ་ཞིག་ལ་སྡེ་སྣོད་གསུམ་གྱི་ཆོས་རྒྱ་ཆེར་འཆད། དེའི་སྐབས་དགེ་སློང་བདེ་བྱེད་ཅེས་བྱ་བས་ཐེག་ཆེན་གྱི་ལྟ་སྤྱོད་གཉིས་ཀ་སུན་འབྱིན་པར་བྱེད་པའི་ཆེད་དུ། རིག་པའི་རྒྱན། ཞེས་བྱ་བའི་གཞུང་ལུགས་འབུམ་ཕྲག་བཅུ་གཉིས་བྱས་པ་དེ་གདུལ་བའི་དོན་དུ་ནྰ་ལེན་དྲར་ཆོས་རྒྱ་ཆེར་གསུངས། དེའི་ཚེ་བྱིས་པ་གཉིས་ཆོས་ཉན་དུ་འོང་པ་ན་དྲི་ཞིམ་པོས་ཁོར་ཡུག་ཀུན་ཁྱབ་པར་གྱུར་ཅིང་། བྱིས་པ་དེ་གཉིས་ཕྱིར་སོང་པའི་ཚེ་དྲི་ཞིམ་པོ་དེ་མེད་པར་གྱུར་པས་ན། དེའི་རྒྱུ་མཚན་དྲིས་པས་བདག་ཅག་ཀླུའི་རྒྱལ་པོ་འཇོག་པོའི་བུ་ཡིན། མི་ཡུལ་དུ་ཡོང་བ་ལ་ཙན་དན་གོར་ཤིར་ཥའི་བསུང་བ་བྱས་པ་ཡིན་ཟེར། ཙན་དན་དེ་བླངས་དུ་ཡོད་དམ་དྲིས་པས། ཡབ་ལ་དྲི་འོ་ཟེར།དེས་ཕ་ལ་དྲིས་པས། ཀླུ་རྒྱལ་གྱིས་སློབ་དཔོན་ཀླུའི་ཡུལ་དུ་འབྱོན་ན་ཕུལ་ཟེར་བར། ཀླུའི་ཡུལ་དུ་གདུལ་བྱ་མཐའ་ཡས་པ་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། རྒྱལ་བ་ཐམས་ཅད་ཀྱི་ཡུམ་གཅིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་མི་ཡུལ་དུ་མེད་པ་སྤྱན་འདྲེན་པ་སོགས་ཀྱི་དགོས་པ་མང་པོ་ཞིག་ཉེ་བར་གཟིགས་ཏེ་སློབ་དཔོན་ཀླུ་ཡུལ་དུ་བྱོན། ཀླུ་མང་པོ་ལ་ཆོས་བསྟན་ནས་ཀླུ་རྣམས་ཤིན་ཏུ་མགུ་བ་གྱུར་ཏེ། ཀླུ་ཡུལ་དུ་བཞུགས་པར་ཞུས་པས། ད་ལྟ་ང་མཆོད་རྟེན་བྱེ་བ་བཞེངས་པའི་འདམ་འཚོལ་བ་དང་། འབུམ་གདན་དྲངས་པར་འོང་པས་བསྡད་མི་ཁོམ། ཕྱིས་འོང་སྲིད་ཅེས་གསུངས་ཏེ། ཀླུའི་འདམ་མང་པོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་བརྒྱ་པ། གཟུང་མང་པོ་བཅས་སྤྱན་དྲངས་ཏེ་འཛམ་བུའི་གླིང་དུ་བྱོན།དེའི་ཚེ་ཀླུ་རྣམས་ཀྱིས་སློབ་དཔོན་ཀླུའི་ཡུལ་དུ་ངེས་པར་བྱོན་པའི་གཏམ་མར་འབུམ་གྱི་ཞབས་ནས་ཅུང་ཟད་ཙམ་མ་བསྐུར་ཞེས་གྲགས་ཏེ། ཀླུ་ཡུལ་ནས་སྤྱན་དྲངས་པའི་འབུམ་རྒྱས་པ་ལ་རྟག་ཏུ་བུའི་ལེའུ་དང་། ཆོས་འཕགས་ཀྱི་ལེའུ་རྣམས་མེད་པས་བརྒྱད་སྟོང་པའི་གཤམ་གྱི་ལེའུ་གཉིས་པོ་དེ་ཡུམ་རྒྱས་པའི་གཤམ་དུ་སྦྱར་བ་ཡིན་པས། ལེའུ་གཉིས་པོ་དེ་ཡུམ་རྒྱས་བསྡུས་ལ་ཁྱད་ཅུང་ཟད་ཀྱང་མེད་དོ།།    

    དེ་ནས་ཀླུའི་འདམ་ཡོད་བཞེས་ནས་མཆོད་རྟེན་བྱེ་བ་ཙམ་བཞེངས་པ་དང་ཤེར་ཕྱིན་འབུམ་སོགས་མི་ཡུད་དུ་སྤྱན་དྲངས་པས་མཚན་ཡང་ཀླུ་སྒྲུབ་ཅེས་ཆགས། དེ་ནས་མཉན་ཡོད་ལ་སོགས་པའི་རྒྱ་གར་གྱི་ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོ་དྲུག་གིས་གཙོས་ཕྱོགས་ཐམས་ཅད་དུ་ལྷ་ཁང་དང་མཆོད་རྟེན་མང་པོ་བཞེངས་ཤིང་། རྡོ་རྗེ་གདན་གྱི་བྱང་ཆུབ་ལྗོན་ཤིང་གི་མཐའ་སྐོར་དུ་རྡོའི་དྲ་མིག་གི་ར་བ་སྐོར། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ལ་ལྕགས་རིས་བསྐོར་ཞིང་ནང་དུ་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས། བྱང་སྒྲ་མི་སྙན་དུ་ཕེབས་ནས་འགྲོ་དོན་མཛད། སྒྲ་མི་སྙན་དུ་གཤེགས་པའི་ལམ་དུ་གྲོང་ཁྱེར་ས་ལ་མ་ན་བྱིས་པ་ཛི་ཏ་ཀའི་ལག་རིས་ལས་ཕྱིས་རྒྱལ་པོར་ལུང་བསྟན། སྐུ་ཚེའི་སྨད་ལ་རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རི་བོར་གཙོར་བཞུགས་གནང་སྟེ་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར། ལྷག་པར་ཐེག་པ་ཆེན་པོའི་དབུ་མའི་ལྟ་བ་དར་སྤེལ་མཛད་དེ་གདུལ་བྱ་གྲངས་ལས་འདས་པ་ཐེག་པ་ཆེན་པོའི་ལམ་དུ་ཁྲིད་པར་མཛད།།

   དེ་ལྟར་རྒྱལ་བའི་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པ་ན། བདུད་སྡིག་ཏོ་ཅན་དཔུང་དང་བཅས་ཕྲག་དོག་གིས་མ་བཟོད་པར། སྔར་སློབ་དཔོན་སྒྲ་མི་སྙན་དུ་གཤེགས་སྐབས་ལུང་བསྟན་པའི་བྱིས་པ་དེ་རྒྱལ་པོར་གྱུར་པ་རྒྱལ་པོ་བདེ་སྤྱོད་བཟང་པོ་ཞེས་པའི་བཙུན་མོའི་མངལ་དུ་བདུད་ཀྱིས་ཞུགས་ནས་ཕྱིར་བཙས་པས། དེའི་མིང་དུ་རྒྱལ་པོ་གཞོན་ནུ་ནུས་ལྡན་དུ་གྲགས་པ་ལ། རང་གི་མས་གོས་བཟང་པོ་བསྲུབས་མེད་པ་འཇིག་རྟེན་རྙེད་དཀའ་བ་ཞིག་བྱིན་པས། བུ་ན་རེ། འདི་ལྟ་སྦོས་ལ་ང་རྒྱལ་སྲིད་སྐྱོང་བ་ན་གྱོན་ནོ་ཞེས་ཟེར་བ་ལ་མས། ཁྱོད་ཀྱི་ཡབ་སློབ་དཔོན་ཀླུ་སྒྲུབ་དང་ཚེ་མཉམ་པའི་བཅུད་ལེན་གྲུབ་པས་སློབ་དཔོན་མ་གྲོངས་བར་མི་འཆི། ཁྱོད་ཀྱིས་རྒྱལ་སྲིད་སྐྱོང་བ་མི་ཡོང་ཅེས་བརྗོད་པས། བུ་མྱ་ངན་སྐྱེས་ནས་ངུས་པས་ན། མ་ན་རེ། ངུ་མི་དགོས། སློབ་དཔོན་བྱང་ཆུབ་སེམས་པའི་སྤྱོད་པ་རླབས་པོ་ཆེ་ལ་གནས་པས། དབུ་སློང་ན་སྟེར་བར་གྱུར་ཞིང་། དེར་ཡབ་ཀྱང་འགུམས་པས། ཁྱོད་ཀྱིས་རྒྱལ་སྲིད་ཐོབ་པར་འགྱུར་རོ་ཞེས་སྨྲས་པ་ལྟར། དེས་དཔལ་གྱི་རི་ལ་སློབ་དཔོན་གྱི་དྲུང་དུ་དབུ་སློང་པའི་ཕྱིར་དུ་འོང་། སློབ་དཔོན་གྱིས་ཇི་ལྟར་འདོད་པ་བཞིན་ཆོད་ཅིག་ཅེས་བཀའ་བརྩལ་པ་དང་དེས་རལ་གྲི་ཤིན་ཏུ་རྣོ་བས་བཅད་པས་ཆད་པར་མ་འགྱུར། དེ་ཚེ་སློབ་དཔོན་གྱིས་དེ་ལ་སྨྲས་པ། ང་ཉིད་སྔོན་དགེ་འདུན་གྱི་ཞལ་ཏ་བར་གྱུར་པའི་ཚེ་འཇག་མ་ཞིག་བཅད་པའི་ཞོར་ལ་འབུ་གཅིག་གི་སྐེ་བཅད་པའི་ཉེས་པ་ཡོད་པས་རྩ་ཀུ་ཤས་ཆོད་ཅིག་གསུངས་པ་ལྟར་བྱས་པས་ཆོད། དེའི་ཚེ་སྐུ་ཁྲག་འོ་མའི་རང་བཞིན་དུ་བྱུང་ཞིང་དབུ་དེའི་ཞལ་ནས། ང་ནི་བདེ་བ་ཅན་གྱི་འཇིག་རྟེན་དུ། ཕྱིན་ནས་ལུས་འདི་ལ་ཡང་འཇུག་པར་གྱུར། ཅེས་པའི་ཚིག་བྱུང་བར་གྲགས། དེ་ནས་རྒྱལ་པོ་དེས་སླར་དབུ་འབྱར་གྱི་དོགས་ནས་དཔག་ཚད་གཅིག་ཙམ་དུ་དོར་བ། སློབ་དཔོན་བཅུད་ལེན་སྒྲུབ་པས་སྐུ་ལུས་དང་དབུ་རྡོ་རུ་གྱུར་ཅིང་སླར་རིམ་གྱིས་དབུ་དང་སྐུ་གཉིས་ག་མ་ཉམས་པར་ལོ་རེ་བཞིན་ཇེ་ཉེ་ཇེ་ཉེར་སོང་ནས་མཐར་སྐུ་ལུས་ལ་འབྱར་ནས་སློབ་དཔོན་རང་ཉིད་ཞལ་བཞུགས་དུས་ལྟར་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་པར་གྱུར་བར་གསུངས། མཐར་སྐུ་ཚེ་བསྲིངས་ཏེ་དགུང་ལོ་དྲུག་བརྒྱ་བཞུགས་པར་གྲགས། མདོ་སྔགས་གང་གི་ཆ་ལའང་སྟོན་པ་གཉིས་པ་ལྟ་བུར་གྱུར། ཁྱད་པར་དུ་བདག་ཅག་གི་སྟོན་པའི་དགོངས་དོན་གསལ་བར་བྱེད་པའི་བསྟན་བཅོས་ཀྱི་རྒྱལ་པོ་མང་དུ་བསྐྲུན་པ་ནི།ཐུན་མོང་བའི་བསྟན་བཅོས་དམངས་ལ་གདམས་པ་སྐྱེ་བོ་གསོ་ཐིགས། མཛངས་བློན་ལ་གདམས་པ་ཤེས་རབ་བརྒྱ་པ། ས་བདག་ལ་གདམས་པ། དབུ་མ་རིན་ཆེན་ཕྲེང་བ། གཞན་ཡང་རྩིས་དང་། གསོ་བ་རིག་པ་ལ་སོགས་པའི་བསྟན་བཅོས་མང་པོ་དང་། ཐུན་མོང་མ་ཡིན་པའི་ནང་རིག་པའི་གནས་ཀྱི་བརྗོད་བྱ་གཙོ་བོར་སྟོན་པ་ལ། ལྟ་བ་གཏན་འབེབས་པ་དབུ་མ་རིགས་ཚོགས་དྲུག  སྤྱོད་པ་གཙོ་བོར་སྟོན་པ་ལུང་གིས་སྟོན་པ་མདོ་ཀུན་ལས་བཏུས། རྟེན་ཁྱིམ་པའི་སྤྱོད་པ་གཙོ་བོར་སྟོན་པ་བཤེས་སྤྲིངས། རབ་ཏུ་བྱུང་བའི་སྤྱོད་པ་གཙོ་བོར་སྟོན་པ་བྱང་ཆུབ་ཀྱི་ཚོགས། སྔགས་ཀྱི་ཕྱོགས་ལ་ལྟ་སྤྱོད་མདོར་བསྡུས་པ་རྒྱུད་ཀུན་ལས་བཏུས་སོགས་མང་པོ་མཛད་ཅིང་། ཐེག་པ་ཆེན་པོ་དབུ་མ་པའི་ལྟ་བ་སྲོལ་འབྱེད།།

   འདི་ཉིད་ཀྱིས་ལེགས་པར་གསུངས་པའི་བདུད་བརྩིས་ཉེ་བར་བསྐྱེད་པའི་བསྟན་འཛིན་གྱི་སྐྱེས་བུ་མཐའ་ཡས་པ་ཞིག་བྱོན་པ་ལས། གཙོ་བོར་གྱུར་པ་སྲས་ཀྱི་ཐུ་བོ་རྣམས་པ་བཞི་སྟེ། ཤཱཀྱ་མི་ཏྲ། ནྰ་ག་བོ་ངྷི། ཨྰརྱ་དེ་བ། མ་ཏིངྐ་པ། ཉེ་བའི་ཐུགས་སྲས་གསུམ་སྟེ། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། སློབ་དཔོན་དཔའ་བོ་བཅས་བདུན་དུ་གྲགས། དེའི་ནང་ནས་ཀྱང་ཟླ་དང་བྲལ་བ་ནི་སློབ་དཔོན་ཨཱརྱ་དེ་བ་སྟེ་འཕགས་པ་ལྷ་ཡིན་ལ། དེ་གཉིས་ལ་ཀླུ་སྒྲུབ་ཡབ་སྲས་གཉིས་དང་གཞུང་ཕྱི་མོའི་དབུ་མ་པར་ཡང་གྲགས།།

    སློབ་དཔོན་ཀླུ་སྒྲུབ་ཀྱི་སྐུའི་ཆ་བྱད་ནི་ཞབས་གཡོན་བརྐྱངས་ཤིང་ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱ་དང་། དབུའི་སྟེང་དུ་ཀླུའི་རྒྱལ་པོས་ཕུལ་བའི་སྦྲུལ་གྱི་གདེངས་ཀ་བདུན་གྱིས་བརྒྱན་ནས་བཞུགས་པའོ།། 

 

༄༅།།སྡེ་སྲིད་སངས་རྒྱས་རྒྱ་མཚོ།

    ༄༅།།དེ་ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི་རྒྱལ་དབང་ལྔ་བའི་སྐུ་རིང་ལ་སྡེ་སྲིད་སྔ་ཕྱི་ལྔ་བྱོན་པའི་ཕྱི་མ་བ་དང་རྒྱལ་དབང་དྲུག་པ་ཆེན་པོའི་སྐབས་སུ་བྱོན་པའི་བོད་ཀྱི་ཆོས་སྲིད་ཐམས་ཅད་ཀྱི་བདག་གཙོ་གཅིག་པུ་ཡིན་ཏེ། ཁོང་ནི་རྒྱལ་དབང་ལྔ་བ་ཆེན་པོས་སྐུ་ན་ཆུང་དུས་ནས་ཐུགས་བརྩེས་སྐྱངས་ཤིང་ཆོས་སྲིད་ལུགས་གཉིས་ཀྱི་སྒོ་ནས་གསོ་སྐྱོང་དང་སྐྱེད་སྲིང་ལེགས་པར་གནང་ཐོགཅི་བྱེད་མཐའ་དག་རྒྱལ་དབང་རང་ནས་བྱེད་པ་དང་ཁྱད་མེད་པའི་བཀའ་ཁྱབ་བསྩལ་ཡོད་པའི་སྡེ་སྲིད་གཅིག་ཀྱང་ཡིན་སྟབས་ཁོང་གིས་རྒྱལ་དབང་ལྔ་བ་མཆོག་གི་རླབས་ཆེན་དགོངས་བཞེད་ཀྱི་མཛད་འཕྲིན་ཐམས་ཅད་ལུགས་བཞིན་སྐྱངས་པར་མ་ཟད། རྒྱལ་དབང་ལྔ་བ་སྐུ་གཤེགས་ནས་གསང་རྒྱ་ཡུན་རིང་དང་ཡང་སྲིད་དྲུག་པ་ཆེན་པོ་ངོས་འཛིན་ཞུས་པ་སོགས་འཕྲིན་ལས་རྒྱ་ཆེར་སྤེལ་ཏེ་བོད་ཁམས་བདེ་སྡུག་ཐམས་ཅད་ཀྱི་ཁུར་ཆེན་རང་ཉིད་གཅིག་པུའི་ཕྲག་ཏུ་བླངས་ཐོག བོད་སོག་མཆོད་ཡོན་བར་གྱི་འགལ་རྩོད་དང་ཆིན་གོང་མའི་བཀའ་ལུང་ལྕི་ཡང་བཅས་སྤྱི་ཚོགས་རྙོག་འཛིང་གི་ནང་དུ་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་བྱ་བ་མཐའ་དག་ལེགས་པར་སྐྱོང་གནང་མཛད་པའི་སྡེ་སྲིད་གཞན་ལས་ལྷག་པ་ཞིག་ཡིན་སྟབས།བོད་ཀྱི་ལོ་རྒྱུས་སྟེང་གྲགས་སྙན་འབར་བའི་སྐྱེས་བུ་དམ་པ་ཞིག་ཏུ་བགྲང་བར་མ་ཟད་རྒྱ་བོད་སོག་གསུམ་གྱི་ལོ་རྒྱུས་ནང་དུའང་ཤུགས་རྐྱེན་ཆེ་བའི་བོད་ཀྱི་ལོ་རྒྱུས་མི་སྣ་གྲགས་ཅན་ཞིག་ཀྱང་ཡིན་ནོ། ཁོང་ནི་རབ་བྱུང་བཅུག་ཅིག་པའི་ཆུ་སྦྲུལ་སྤྱི་ལོ༡༦༣༣ལ་ཡབ་ཨ་སུག་དང་ཡུམ་བུ་ཁྲིད་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐྱིད་ཤོད་ཉང་བྲན་གྲོང་སྨད་དུ་སྐུ་འཁྲུངས། དགུང་ལོ་བརྒྱད་པར་རྒྱལ་དབང་ལྔ་བ་ཆེན་པོ་དང་མཇལ་ཞིང་དེ་ནས་རྒྱལ་དབང་མཆོག་དང་རང་གི་ཁུ་བོ་སྡེ་སྲིད་འཕྲིན་ལས་རྒྱ་མཚོ་དང་མཁས་དབང་དཔལ་ལྡན་ཕུན་ཚོགས། འདར་ལོ་ངག་དབང་ཕུན་ཚོགས་སོགས་མཁས་གྲུབ་མང་པོ་བསྟེན་ནས་རིག་པའི་གནས་ཀུན་ལ་གསན་བསམ་ཕྱིས་ཕྱིན་པ་མཛད་དེ་མཁས་པའི་ཡར་རྩེར་སོན། ལྷག་པར་རྒྱལ་དབང་མཆོག་གིས་མདོ་སྔགས་ཟབ་ཆོས་ཀྱི་རིམ་པ་དང་ཆབ་སྲིད་སྐྱོང་ལུགས་ལ་སོགས་པའི་སློབ་སྟོན་མང་པོ་དགྱེས་བཞིན་དུ་བསྩལ་ཐོག་སྤྱན་འབྲས་བཞིན་བསྐྱངས་པར་མཛད་པའི་བཀའ་དྲིན་ལས་ཆོས་སྲིད་གང་ཐད་ཀྱི་མཁྱེན་ཡོན་ཕུལ་དུ་བྱུང་བར་གྱུར།
    
རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་སྤྱི་ལོ༡༦༧༥ལ་དགུང་གྲངས་ཉེར་གསུམ་སྟེང་རྒྱལ་དབང་མཆོག་གི་བཀའི་འཕྲིན་ལས་ཀྱི་བྱེད་པོར་དབང་སྐུར་བའི་ཆ་རྐྱེན་ཡོངས་སུ་ཚང་བར་བརྟེན་སྡེ་སྲིད་གསར་བསྐོའི་སྐབས་དང་བསྟུན་ཆབ་སྲིད་གྱི་འཁུར་བཞེས་དགོས་པའི་བཀའ་ཕེབས་པར་རེ་ཞིག་དགོངས་ཞུ་བཀའ་འཁྲོལ་བྱུང་ཡང༌རབ་བྱུང་བཅུ་གཅིག་པའི་ས་ལུག་སྤྱི་ལོ༡༦༧༡ལ་དགུང་གྲངས་ཉེར་བདུན་པར་སྡེ་སྲིད་གྱི་ཁྲིར་བསྐོ་བཞག་མཛད། རྒྱལ་དབང་མཆོག་གིས་སྡེ་སྲིད་འདི་པར་སྡེ་སྲིད་སྔོན་མ་རྣམས་ལྟར་སྲིད་དོན་ཁོ་ན་སྐྱོང་བ་མ་ཡིན་པར་ཆོས་སྲིད་ཀྱི་བྱ་བ་ཐམས་ཅད་གང་བྱས་རྒྱལ་དབང་རང་ཉིད་ནས་མཛད་པ་དང་ཁྱད་མེད་པས་ཀུན་གྱིས་ཅི་གསུང་དང་ལེན་དགོས་པའི་བསླབ་སྟོན་ཁྲོམ་བསྒྲགས་མཛད་པར་གནང༌། དེ་ལྟར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བོད་ཀྱི་སྲིད་སྐྱོང་གི་ཐུགས་འགན་བཞེས་ནས་ལོ་ངོ་གསུམ་ཙམ་ན་རྒྱལ་དབང་ལྔ་བ་ཆེན་པོ་སྐུ་གཤེགས་པར་གྱུར་ལ་དེ་ནས་སྡེ་སྲིད་ཀྱིས་ལོ་ངོ་བཅོ་ལྔའི་རིང་གསང་རྒྱ་དམ་པོ་གནང་ཐོགཆོས་སྲིད་ཀྱི་བྱ་བ་མཐའ་དག་རང་ཉིད་ནས་ཐུགས་འགན་གཙང་མར་བཞེས་ཤིང་དེའི་རིང་ཡང་སྲིད་རིན་པོ་ཆེ་ངོས་འཛིན་གྱིས་གདན་སར་བཀོད་ཅིང༌ཡང་སྲིད་གདན་སར་བཀོད་ནས་ཀྱང་ལོ་ངོ་བརྒྱད་ཙམ་རིང་ཆོས་སྲིད་ཀྱི་གདུང་འདེགས་གཙོ་བོ་གནང་སྟེ་ཡོངས་སུ་མི་ལོ་ཉེར་དྲུག་གི་རིང་དགའ་ལྡན་ཕོ་བྲང་གི་སྲིད་དབང་ལེགས་པར་བསྐྱངས་ཤིང༌། དེའི་རིང་གི་མཛད་རྗེས་གཙོ་ཆེ་བ་ཡོངས་གྲགས་འགའ་ནི་གཤམ་གསལ་ཏེ།
     
དང་པོ། རྒྱལ་དབང་མཆོག་སྐུ་གཤེགས་པ་གསང་རྒྱ་ཡུན་རིང་བསྡམས་ཐོག་དགོངས་རྫོགས་དང་གསེར་གདུང་ལེགས་བཞེངས་མ་ཟད་ཡང་སྲིད་ངོས་འཛིན་བཅས་ཀྱི་ལས་དོན་རྣམས་གསང་སྟབས་ཀྱིས་ལེགས་པར་སྒྲུབ་པ་ཡིན་ཏེ། དེ་ཡང་རྒྱལ་དབང་ལྔ་པ་ཆེན་པོ་ནི་བོད་གཅིག་པོ་མ་ཟད་རྒྱལ་ནང་ཆིན་རྒྱལ་རབས་དང་སོག་ཕྱི་ནང་བཅས་སུ་མཚན་སྙན་དང་བཀུར་གཟོས་ཆེ་བས་མི་ཚད། ཁྱད་པར་སོག་པོའི་དཔོན་ཁག་ཐམས་ཅད་སྦྱིན་བདག་གི་གཙོ་བོ་ཡིན་སྟབས་ཚང་མ་རྡོག་རྩ་གཅིག་སྒྲིལ་གྱིས་རྒྱལ་བའི་དགོངས་དོན་དང་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་ནས་གཞི་བརྟན་པ་ཙམ་ལས་ཕྱི་ནང་གི་འགལ་རྐྱེན་མང་པོ་གཙང་སེལ་བྱེད་མེད་ཁར།ཡུལ་མཐའི་འཁྲུག་ལོང་ཀྱང་འཇགས་མེད་པ་དང་སྡེ་སྲིད་རང་ཉིད་ཀྱང་དགུང་ན་ཕྲ་བས་བོད་ཀྱི་ཆོས་སྲིད་ལས་དོན་སྐོར་གྱི་ཉམས་མྱོང་དང་ཕྱིའི་མཚན་སྙན་བཅས་ཆགས་མེད་སྟབས།གལ་སྲིད་རྒྱལ་དབང་མཆོག་སྐུ་འདས་པའི་ཚུལ་གསལ་བསྒྲགས་བྱས་ཚེ་དུས་འགྱུར་རམ་གནས་ཚུལ་གང་བྱུང་ཆ་མི་འཚལ་བའི་ཕྱིར་རྒྱལ་དབང་མཆོག་གི་ཞལ་ཆེམས་དང་ལྷ་བླའི་ལུང་བསྟན་ལ་བསྟེན་ནས་མི་ལོ་བཅོ་ལྔའི་གསང་རྒྱ་དམ་པོར་བསྡམས་ཤིང་དེའི་རིང་ཐོག་མར་དགོངས་རྫོགས་ལེགས་པར་བསྒྲུབས་ཏེ་རིན་ཐང་གཞལ་དུ་མེད་པའི་གསེར་གཙོས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གདུང་རྟེན་སྲིད་གསུམ་ན་འགྲན་ཟླ་བྲལ་བའི་ངེས་པ་དོན་གྱི༼གསེར་གདུང་འཛམ་གླིང་རྒྱན་གཅིག༽ཅེས་པ་གསར་བཞེངས་ལེགས་པར་མཛད་པ་མ་ཟད་མངོན་ཆུང་བརྟགས་དཔྱད་གང་ལེགས་མཛད་མཐར་ཡང་སྲིད་དྲུག་པ་རིན་པོ་ཆེའང་གསང་སྟབས་ཀྱིས་སྐུ་ཆུང་དུས་ནས་ངོས་འཛིན་ཞུས་ཏེ་དགུང་ལོ་བཅོ་ལྔའི་སྟེང་གསལ་བསྒྲགས་དང་ལྷན་གདན་སར་བཀོད་པ་སོགས་རྒྱལ་དབང་མཆོག་གི་ཐུགས་བཞེད་དང་ཞལ་ཆེམས་ཆུད་ཟས་སུ་མ་སོང་བར་ལས་དོན་ཆེ་ཕྲ་ལེགས་གྲུབ་བྱུང་བ་དང་བསམ་ཡུལ་ལས་འདས་པའི་མཛད་རྗེས་མིག་མཐོང་ལག་ཟིན་དུ་བསྒྲུབས་པ་ཡིན་ནོ།
    
གཉིས་པ། རྒྱལ་དབང་མཆོག་གི་མཛད་འཕྲིན་དང་གངས་ཅན་ཆོས་སྲིད་ཟུང་གི་ལས་དོན་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་རྒྱ་ཆེར་སྤེལ་བ་ཡིན་ཏེ། དེ་ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བོད་ཀྱི་ཆབ་སྲིད་སྐྱོང་བའི་དུས་ནི་རྒྱལ་དབང་མཆོག་གིས་འཛུགས་གནང་མཛད་པའི་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་ནས་དུས་ཡུན་རིང་ཙམ་མ་སོང་བས་ད་དུང་སྲིད་འཛིན་གྱི་སྒྲིག་གཞི་དང་སྒྲིག་སྲོལ་སོགས་ཁྱོན་ཡོངས་ཐད་ལེགས་བཅོས་དང་འཐུས་སྒོ་ཇེ་ཚང་གཏོང་དགོས་པའི་གནས་མང་ཙམ་ཡོད་སྟབས། ཐོག་མར་ཁོང་གིས་རྒྱལ་དབང་མཆོག་གི་སློབ་སྟོན་དང་སྡེ་སྲིད་སྔ་མ་རྣམས་ཀྱི་མཛད་རྗེས་བཅས་མིག་ལྟོས་སུ་བཟུང་སྟེ་རང་ཉིད་སྐུ་དངོས་དབུས་གཙང་དྭགས་ཀོང་དང་བཅས་པའི་ཡུལ་གྲུ་རྒྱ་ཆེ་བ་མ་ཟད་ལྷ་སའི་ལས་ཁུངས་དང་མི་སེར་ལ་སོགས་པའི་སར་གཟིགས་སྐོར་ཀྱིས་བོད་སྤྱི་ཚོགས་དངོས་ལ་བརྟག་དཔྱད་ཞིབ་འཇུག་མང་པོ་གནང་ཐོག བོད་མི་དམངས་ཀྱི་འཚོ་བ་དང་འབྲེལ་བའི་སྲིད་ཇུས་ལག་བསྟར་ཕབ་སྟེ་སྲིད་དབང་ལུགས་མཐུན་གྱིས་བསྐྱངས་པ་ཡིན་ལ། མ་ཟད་སྔར་གྱི་ཁྲིམས་ཡིག་རྣམས་ཡུལ་དུས་གནས་ཚུལ་ལ་གཞིགས་ནས་འདོར་ལེན་དག་ཐེར་གྱིས་འོས་འཚམ་གྱི་ཞལ་ལྕེ་བཅུ་གསུམ་བྱ་བ་བཅོས་སྒྲིག་གཏན་འབེབ་མཛད་པ་དང་སྲིད་ཀྱི་སྒྲིག་གཞི་དང་དཔོན་གནས་བསྐོ་འཇོག་ཐད་ལའང་སྔར་གྱི་ལས་ཚན་ཁོངས་སུ་མ་ཚུད་པ་མང་པོ་གསར་འཛུགས་བཅོས་སྒྲིག་སྒོས་གཏན་ལ་ཕབ་ཅིང་སོ་སོའི་བྱེད་སྒོའི་རིམ་པ་དང་བཅས་ཡི་གེར་ཞིབ་བཀོད་དང༌ད་དུང་ཡུལ་མཐའི་རྫོང་གཞིས་དང་ཐོན་ཟོག་ཁྲལ་རིགས་གྱི་འབབ་སྡུད་ལ་སོགས་པ་གསར་འགོད་གྱིས་གཏན་འབེབས་ལེགས་པར་མཛད་པ་བཅས་མདོར་ན་བོད་ཀྱི་ཆབ་སྲིད་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་ལུགས་དང་མཐུན་པར་བསྐྱངས་ཤིང་དེར་བརྟེན་ཆིན་གོང་མས་ཀྱང་སྡེ་སྲིད་མཆོག་ལ་གསེར་ཐམ་དང་འཇའ་སའང་སྦྱོར་འཇགས་གནང་བ་བྱུང་ངོ༌།
    
གསུམ་པ།  ཕོ་བྲང་དམར་པོ་རྒྱས་བཞེངས་དང་ཡུལ་གྲུ་དུ་མར་དགོན་སྡེ་གསར་འདེབས་སོགས་ཀྱི་འཕྲིན་ལས་རླབས་པོ་ཆེ་སྤེལ་བ་ཡིན་ཏེ། དེ་ཡང་རྒྱལ་དབང་ལྔ་བ་མཆོག་གིས་བཞེངས་དབུ་ཚུགས་པའི་ཕོ་བྲང་དཀར་པོ་གཞི་བྱས་དེའི་སྟེང་ཕོ་བྲང་དམར་པོར་གྲགས་པ་ལེ་ལག་དང་བཅས་པ་ཐོག་སོ་བཅུ་གསུམ་ཅན་དེང་འཛམ་གླིང་ཆེན་པོའི་རྒྱན་དུ་གྱུར་བའི་རྩེ་ཕོ་བྲང་པོ་ཏ་ལ་ཞེས་སྙན་པ་ས་གསུམ་ན་ཁྱབ་པ་དེ་རི་བོ་གྲུ་འཛིན་གྱི་རྩེར་གསར་བཞེངས་རྒྱས་སྐྲུན་མཛད་པ་དང་དེའི་སྐོར་གྱི་ལོ་རྒྱུས་ཞིབ་རྒྱས་སྡེ་སྲིད་རང་ཉིད་ཀྱིས་མཛད་པའི༼གསེར་གདུང་མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག༽ཏུ་ཞིབ་གསལ་འཁོད་ཡོད་པས་འདིར་རྒྱས་པར་མི་འགོད་ལ། ལར་མི་ལོ་སུམ་བརྒྱའི་སྔོན་དུ་བོད་ལ་ཚན་རིག་ལག་རྩལ་མ་ཟད་འབྱོར་བའང་དེ་ཙམ་རྒྱས་མེད་པའི་དུས་སུ་འདི་འདྲའི་བོད་ཀྱི་ལོ་རྒྱུས་སྟེང་གཟི་འོད་འབར་བའི་བཟོ་སྐྲུན་བཀོད་པ་མཛེས་ཤིང་རྒྱུད་སྤུས་ལེགས་པ་རྒྱ་ཆེ་ཞིང་བརྗིད་རྔམས་ལྡན་པ་མི་ཕལ་བའི་བློ་ལས་འདས་ཞིག་ཡིན་པ་སྨྲས་མ་དགོས་ཏེ། ད་ལྟ་ཞིག་གསོའི་ལས་ཀ་ཙམ་ཡང་དེ་འདྲའི་ཚགས་ཆེ་བར་བསམས་ན་འདི་གཅིག་པུས་ཀྱང་སྡེ་སྲིད་མཆོག་གི་མཛད་རྗེས་ལ་གདེང་འཇོག་གང་འདྲ་དགོས་པ་ཤེས་སླ་སྙམ་ལ། མ་ཟད་ད་དུང་ལྷ་ལྡན་གཙུག་ལག་ཁང་གི་བར་ཁང་དང་དབུས་གཙང་མདོ་ཁམས་བཅས་སུ་དགོན་གནས་དུ་མ་གསར་བཞེངས་གནང་བ་ཡིན་ཏེ། ལྷོ་མོན་ཡུལ་དུ་དགའ་ལྡན་རྣམ་རྒྱལ་གླིང་དང་བར་ཁམས་ཕྱོགས་སུ་རྒྱལ་ཐང་དགའ་ལྡན་སུམ་རྩེན་གླིང༌། ཤར་དར་རྩེ་མདོར་དགའ་ལྡན་འགྲོ་ཕན་གླིང་དང་གོ་འཇོར་དགའ་ལྡན་གསང་སྔགས་འགྲོ་འདྲེན་གླིང་སོགས་གྱིས་མཚོན་ཡུལ་མཐའ་དབུས་བཅས་སུ་དགོན་སྡེ་མང་པོ་གསར་འདེབས་མཛད་པས་མ་ཚད། དེ་དག་ལ་མཆོད་རྒྱུན་དང་ཇ་ཚུལ་གྱི་གཏོང་ཐེབས་ཀྱང་མཆོད་གཞིས་སྦྱོར་འཇགས་གནང་བ་སོགས་ཐབས་མཁས་དེ་དག་ལ་བརྟེན་ནས་འབངས་སྐྱ་སེར་ཆབ་འོག་ཏུ་བསྡུ་བ་དང་སྔར་ཡོད་དགོན་སྡེ་མང་པོར་ཡང་མཆོད་གཞིས་རྒྱ་ཆེར་སྦྱོར་འཇགས་གནང་བ་བཅས་ཀྱིས་བོད་ཁམས་ཆོས་བཞིན་བསྐྱངས་པ་ཡིན་ནོ།
    
བཞི་པ།   བཟོ་གསོ་སྐར་རྩིས་རིག་པས་མཚོན་བོད་ཀྱི་རིག་གནས་རྒྱ་ཆེར་གོང་དུ་སྤེལ་བ་ཡིན་ཏེ།དེའང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་ནི་བོད་ཀྱི་ལོ་རྒྱུས་སྟེང་སྐད་གྲགས་ཡོད་པའི་ཆབ་སྲིད་པ་སྐབས་དེའི་དགའ་ལྡན་ཕོ་བྲང་བའི་གཙོ་སྐྱོང་ཆེན་པོ་ཆོས་སྲིད་ཀྱི་མཛད་པ་རབ་ཏུ་རྒྱས་པ༌ཞིག་ཡིན་པར་མ་ཟད་བོད་ཀྱི་རིག་གནས་སྦྱི་དང་ཁྱད་པར་བོད་མི་དམངས་ཀྱི་འཚོ་བ་དངོས་དང་འབྲལ་ཐབས་མེད་པའི་བཟོ་གསོ་དང་སྐར་རྩིས་རིག་པ་བཅས་ལ་ཐུན་མོང་མ་ཡིན་པའི་མཛད་རྗེས་འཇོག་གནང་མཛད་པ་ཡིན་ཏེ། སྤྱིར་སྡེ་སྲིད་མཆོག་གིས་སྐུ་ཚེ་ཧྲིལ་པོར་སྲིད་ཞོར་ལ་གསུང་རྩོམ་པོད་གྲངས་ཉི་ཤུར་ལོངས་པ་བརྩམས་པར་མཛད་དེ་ད་ལྟའི་དུས་སུའང་ཤེས་ལྡན་ཀུན་གྱིས་གཅེས་ནོར་དང་ཚད་མར་འཛིན་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུར་གྱུར་པ་ལགས་ཤིང༌། དེ་དག་ལས་ཚད་ལྡན་གྲགས་ཆེ་བ་ནི་གསོ་རིག་རྒྱུད་བཞིའི་དགོངས་འགྲེལ༼བེེ་སྔོན༽དང་དེའི༼ལྷན་ཐབས༽གསོ་རིག་ལོ་རྒྱུས་སྐོར༼ཁོག་འབུགས༽སྨན་ཐང་ཁྱད་འཕགས་ཅན་དང༌། སྐར་རྩིས་སྐོར་ལ་སྔོན་མེད་ཀྱི་ལེགས་བཤད་ཀུན་བཏུས་༼བེེ་དཀར༽དང་དེའི༼བུ་དཔེ༽དྲིས་ལན༼གཡའ་སེལ༽སོགས་དང༌ད་དུང་དགའ་ལྡན་ཆོས་འབྱུང་༼བེེ་སེར༽དང༼རྣམ་ཐར་ཁ་སྐོང༽སོགས་དང༌། བཟོ་རིག་གི་བསྟན་བཅོས༼དཔྱོད་ལྡན་ཡིད་གསོས༽དང་གར་གྱི་བསྟན་བཅོས༼མིག་ཡིད་རྣ་བའི་དགའ་སྟོན༽སོགས་ཀྱིས་མཚོན་གཞུང་ལུགས་ཐད་ཀྱི་རིག་གནས་དར་རྒྱས་གོང་འཕེལ་འགྲོ་བར་ཕྱག་རྗེས་ཆེན་པོ་འཇོག་གནང་མཛད་པར་མ་ཟད། ལག་ལེན་ཐད་སྨན་རྩིས་ཟུང་འབྲེལ་གྱི་ལས་ཁུངས་ལྕགས་རི་འགྲོ་ཕན་རིག་བྱེད་གླིང་བཏབ་པ་སོགས་ཀྱི་ལས་ཁོ་ནས་ཀྱང་མཁས་པའི་ཡང་རྩེར་བགྲང་འོས་ཤིང༌དེ་དག་མ་ཟད་སྡེ་སྲིད་མཆོག་ད་དུང་མདའ་རིང་ཐུང་འཕེན་པ་དང་སྒྲ་སྙན་པི་ཝང་ཐེབས་འཁྲོལ་དང་གླུ་གཞས་ཀྱི་འགྱུར་ཁུག་སོགས་སྒྱུ་རྩལ་དང་རིག་རྩལ་གྱི་གནས་ལ་ཤིན་ཏུ་མཁས་པར་མ་ཟད། ཐ་ན་ཤོད་དང་མིག་མང་རྡེལ་རྩེད་བཅས་ལའང་བལྟས་པ་ཙམ་གྱིས་མཁྱེན་པ་སོགས་རྣམ་རིག་གཞན་གྱིས་འགྲན་ཟླ་མེད་པ་ཞིག་ཡིན་འདུག་ལ། ཡང་ཁོང་རྟེན་སྐྱ་བོའི་ངང་གྲྭ་བཙུན་གྱི་ཕྱག་འབུལ་བཞེས་པ་དང་བདག་མོ་གཉིས་ལྷག་བསྟེན་པ་བཅས་ལ་སྐྱོན་འདོགས་དང༌སྒོས་སུ་དེང་སང་བརྩམས་པའི་ལོ་རྒྱུས་ལ་ལར་སྡེ་སྲིད་མཆོག་ལ་གླེང་བརྗོད་སྣ་ཚོགས་དང་ཡང་སྒོས་ཕྱི་མཁས་པ་ལ་ལས་ཐུགས་སྲས་དང་རིགས་སྲས་ཀྱི་དབྱེ་བ་མ་མཁྱེན་ནས་རང་སྣང་གང་ཤར་གླེང་བ་དེ་ལ་འགའ་རེས་རྗེས་འབྲངས་ཨེ་ཐུབ་ཀྱིས་སྐྱར་གླེང་བྱེད་པ་ནི་རང་མཚང་མངོན་པའི་རྒྱུ་ཙམ་དུ་ཟད་པས་དཔྱད་མི་དགོས་སྙམ་མོ།།   །།

 

༄༅།།ལོ་ཙཱ་པ་རིན་ཆེན་བཟང་པོ།

    ༄༅།།ན་མཿཤྲི་གུ་རུ་རཏྣ་བྷ་དྲ་ཡེ། །དཔལ་ལྡན་ཡོན་ཏན་སྦྲང་རྩིའི་དོག་པ་ཡིས། །འཁྱུད་པའི་ཞབས་སེན་རེག་པའི་དགེ་མཚན་ཅན། །ལྷ་དབང་གཙུག་གི་མཚོ་སྐྱེས་ཕྲེང་བ་ཡིས། །འགྲོ་འདིའི་སྤྱི་བོ་རྟག་ཏུ་མཛེས་གྱུར་ཅིག  །ཚོགས་གཉིས་རིན་ཆེན་མ་ལུས་གཅིག་བསྡུས་པ། །སྐལ་བཟང་བསོད་ནམས་ཕུང་བོ་ཡ་མཚན་ཞེས། །མཁས་མང་དེད་དཔོན་ཚོགས་འདིས་བསྟོད་པའི་གྲུ། །སྦྱར་བས་ཐུབ་བསྟན་མཚོ་ཆེན་གང་བར་གྱུར། །ཀཻ་ལ་ཤས་མཚོན་བྱང་དུ་དགེ་སློང་མཆོག །བྱ་ཡི་གདོང་ཅན་ཐུབ་བསྟན་དམིགས་བུ་ཞིག །འབྱུང་པོ་ཀུན་དགའ་རངས་པ་སྐྱེད་ཅིག་ཅེས། །སྟོན་པས་བསྟོད་ཚིག་ཕྲེང་བ་རྣམ་པར་སྤེལ། །མཆོད་པ་གསལ་བྱེད་ཐལ་མོ་སྦྱར་མཛེས་སུ། །ཚངས་པའི་ཅོད་པན་ས་ལ་ལྷུང་བ་ན། །ས་སྐྱོང་ཚོགས་འདིའི་གཙུག་རྒྱན་གསེར་ལྡན་མའི། །ལྟོ་བའི་རྒྱན་དུ་ཅི་སྟེ་མི་བགྱི་ལགས། །ཉིད་ཀྱི་ཡབ་རྗེ་འབྱོར་བ་དུལ་བས་བརྒྱན། །ཡོན་ཏན་སྐྱིལ་གྲུང་འགྲོ་འདིའི་སྤྱི་བོར་འཛེགས། །གྲོང་ཁྱེར་པ་རྣམས་གསེར་གྱི་ཁང་བའི་ཕྲེང་། །མུ་ཏིག་ཚོགས་འབར་བརྒྱ་བྱིན་སར་གཤེགས་འདྲ། །མཐོ་རིས་དཔལ་མོ་ཡུམ་གྱི་ཡོན་ཏན་ཆེས། །སྐྲག་ལྡན་སྒྱུ་འཕྲུལ་ཞག་བདུན་ཉིད་དུ་ལྷུང་། །ཁྱོད་སྐུའི་འབབ་ལྡན་ཡུམ་གྱི་དགའ་ཚལ་དུ། །གཤེགས་པ་ལ་འགྲན་ཆུ་གཏེར་སྒྲོལ་བྱེད་བཤེས། །ལེགས་བྲིས་འདི་དག་བསོད་ནམས་ནོར་འཛིན་གྱི། །གདོང་ལ་སྐྲག་པས་ཀུན་བཟང་ཤར་གྱི་རིའི། །ཕྲག་པ་ལ་འཛེགས་དེ་ཚེ་ཡན་ལག་མཆོག །གསེར་གྱི་འདབ་བཟང་རྐང་སྟེགས་རྣམ་པར་བསྟེན། །ཡོན་ཏན་མཐའ་དག་ཀུན་འགྲོ་ནགས་ན་བདེ། །འབྲུག་སྒྲའི་གར་གྱི་ངང་ཚུལ་ལ་ཆགས་པ། །སྤྱོད་བཟང་ཡུམ་གྱི་འོ་མའི་ཆུ་གཏེར་ཆེ། །གྱེན་དུ་འཕྱུར་ལྡན་འདིར་ནི་རྣམ་པར་རོལ། །མཁའ་འགྲོའི་དྲིལ་ཆེན་གླུ་དབྱངས་གྲེ་འགྱུར་བརྒྱའི། །སེར་བུས་འདར་ལྡན་རབ་སད་བུ་མོའི་མཚོ། །ཁྱབ་འཇུག་རྐང་པར་བཅོས་པའི་ལུས་ཀྱིས་ནི། །མགྲིན་སྔོན་རལ་བའི་མཐོ་རིས་སྐས་ལ་འཛེག །ཕྱག་མཐིལ་རྩིབས་སྟོང་འཁོར་ལོའི་མཚན་མ་དང་།  །ས་ལ་དབྱངས་ཡིག་ཕྲེང་བ་ལྷན་ཅིག་ཏུ། །བཀོད་ལེགས་ཁྱོད་ནི་སྲིད་པའི་འཁྲུལ་བ་ལ། །བཞད་པའི་ཚེམས་ཕྲེང་འོད་ཀྱིས་ས་འདི་འགེངས། །ལེགས་གསུང་གཙུག་ལག་སྣང་བྱེད་བཟང་པོ་ཡི། །དཀྱིལ་འཁོར་ལ་འཕོས་ངུར་སྨིག་ཚོན་བཟང་ནི། །ངེས་པར་འབྱུང་བློ་འདབ་བརྒྱ་དང་འགྲོགས་པ། །དགེ་བ་ཀུན་བྱད་སྤྲུལ་པའི་འཁོར་ལོ་ཉིད། །ཆོས་རྒྱལ་ཨིནྡྲ་བྷུ་ཏིའི་གྲོང་ཁྱེར་པའི། །གླེགས་བམ་བརྒྱ་བྱིན་གྲོང་གི་ཡི་གེ་ཅན། །ཕོ་ཉའི་གདམས་པ་འཛིན་དེ་ལས་དཀར་བརྒྱའི། །ལྕགས་ཀྱུས་དྲངས་ཏེ་ཕྱག་གི་ལྡུམ་རར་འོངས། །འཕགས་ཡུལ་ཡི་གེ་ལས་འོངས་དོན་བཟང་པོ། །མུན་པར་བྱེད་གང་མངལ་གྱི་དྲི་མ་ཡི། །བློ་མིག་རབ་རིབ་བསལ་བའི་ཐབས་ཐང་ཞེས། །ས་ཧ་ཀ་རའི་འཁྲི་ཤིང་གྲིབ་མ་ལ། །མཉམ་པར་འཇོག་པའི་བསམ་གཏན་ལ་ཞུགས་ཚེ། །རྨི་ལམ་སྐྲུན་པར་བྱེད་དེ་ཉེ་བར་འོངས། །དེ་ཚེ་དེ་ཡི་ཡིད་ཀྱི་མཁའ། །བྱི་རུའི་ཆུ་འཛིན་ཉི་བཞོན་བརྒྱའི། །མདངས་ཀྱིས་རྣམ་པར་བཀྲ་བ་བཞིན། །མཁའ་འགྲོའི་གཟུགས་ཀྱིས་རྣམ་པར་ཁྱབ། །དགའ་མ་གསེར་གྱི་གདོང་མཛེས་མ། །མུ་ཏིག་དོ་ཤལ་འོག་པག་གི །མཁའ་ལ་སྤྲིན་དཀར་འགོད་བཞིན་དུ། །བུང་བའི་གླུ་དབྱངས་འདི་བྱས་སོ། །སྲིན་བུའི་ཁ་ཆུས་རང་ལུས་བཅིངས་པ་ལྟར། །ཡུལ་ལ་ཞེན་པས་བདུད་ཀྱི་རྒྱ་རུ་ཆུད། །བདེ་འགྲོ་ཐར་པ་འདོན་པའི་མི་སུ་དག །བྱང་ཕྱོགས་ཁ་ཆེའི་ཡུལ་དུ་ཕྱིན་ནས་ཀྱང་། །རྒྱ་གར་ཤར་ནུབ་ཆུ་བཞིན་མྱུལ་ནས་ནི། །དམ་ཆོས་རྒྱ་མཚོ་བོད་དུ་བསྒྱུར་ན་བདེ། །འདབ་གཤོག་མ་རྫོགས་མཁའ་ལྡིང་སྲས་དེ་ལ། །མཁའ་ཡི་ཕ་རོལ་རྟོགས་ཞེས་ཡུམ་གྱི་བཀའ། །འདའ་བར་དཀའ་བ་དེ་ཐོས་རྣམ་པར་འདར། །ངོ་འཛུམ་ནག་པོ་བདུད་ལ་བསྡིག་པ་བཞིན། །ཉིན་བྱེད་གདོང་བ་ཆུ་འཛིན་ཡོལ་བའི་གོས། །འཛིན་པ་ཅི་ཞེས་བསྐྱེད་མཛད་ཏི་ཏིའི་དྲིས། །མཁའ་འགྲོ་འབྲུག་གི་བུ་མོས་ཟབ་མོའི་སྒྲ། །སྙིང་ལ་སྐྲག་པ་སྟེར་བ་བསྒྲགས་ཏེ་སྨྲས། །སྣག་གི་གཉེན་བཅས་རི་ཡིག་ཚོགས་རྣམས་ཀྱིས། །རྣམ་དཔྱོད་དབུ་བ་དཀར་པོའི་དོ་ཤལ་ཅན། །རིན་ཆེན་ཚོགས་འཛིན་ཛ་ཧུའི་བུ་མོ་དེ། །འཕགས་ཡུལ་ནུབ་ཕྱོགས་ཁ་ཆེའི་རྒྱ་མཚོར་བཏང་། །སྙིང་རྗེསི་ལང་ཚོ་རྒྱས་པའི་ཟླ་བ་དེ། །བཀྲ་ཤིས་རྒྱུ་སྐར་འོད་ཟེར་རྩེ་མོའི་ཚོགས། །འཁྲིད་དེ་དམ་ཆོས་མཁའ་ཡི་ལམ་ཞུགས་ཀྱིས། །ཉ་ཡི་ཏོག་སྡེ་མུན་ཆེན་བག་ཡོད་བྱོས། །རྔ་ཡབ་གཡོ་ལྡན་ཤིང་རྟའི་འཁྲུལ་འཁོར་གྱིས། །ཆུ་མཐོངས་འགོག་པ་ལྷུར་ལེན་རི་དྭགས་འཛིན། །འདི་ཡི་མགོན་བཅས་དཔལ་ལྡན་སྙན་ངག་མཁན། །ཀུ་མུད་ཚལ་འདི་ཀུན་དགའི་གེ་སར་རྒོད། །ཟླ་བ་རང་གི་རྗེས་འབྲང་སྐར་ཚོགས་དང་། །འགྲོགས་པ་རྫོགས་པའི་དུས་ཀྱི་འཕགས་པའི་ཡུལ། །ཉེ་བ་མ་ཧཱ་པི་གྷའི་གྲོང་ཁྱེར་དུ། །སྙིང་སྟོབས་བཞོན་པ་ཁོ་ནས་དྲངས་པར་གྱུར། །དེར་ནི་ཉལ་འགྲོའི་རྒྱུན་ཆེན་པོ། །ཨིནྡྲ་ནཱི་ལའི་གོས་བཟང་ཅན། །གསེར་ལྡན་མ་ཡི་ལྟོ་བ་ནི།།རིལ་གྱིས་འཁྱུད་པར་བྱེད་པ་སྟེ། །དེ་ལ་རྐང་པས་འཐུང་བ་ཡི། །སྐ་རགས་སྙིང་ལ་འཇིགས་སྟེར་བ། །ཡོད་དེ་དེ་སྲུང་གནོད་སྦྱིན་མོ། །སྡིག་ཅན་སོག་ལེའི་སེམས་འཆང་བ། །དེ་ཡིས་དམོད་པའི་དུག་མདའ་ཡིས། །མདུན་ན་འདོན་དེ་རྣམ་པར་ལྷུང་། །སྙིང་སྟོབས་ཆུ་ཡི་རྡུལ་ཚོགས་ཀྱིས། །གང་བའི་གསེར་གྱི་ཆུ་འཛིན་ཡང་། །མི་འདོད་བྱེ་བའི་འཐོར་རླུང་གིས། །སྐད་ཅིག་ལྟས་འདི་མཐོང་། །དཔལ་མོ་གསེར་གྱི་གོ་ཆ་ཅན། །ཕྱོགས་ཀུན་བསྲུང་བའི་ཡི་གེའི་ཕྲེང་། །གསེར་གྱི་ཁ་བས་འབྲི་བྱེད་པ། །དེ་ཡིས་མགོན་དེ་དབུགས་ཕྱུང་ངོ་། །ཀ་ཡེ་སྤྱོད་བཟང་འོ་མའི་མཚོ། །སྲིད་རྩེའི་བར་དུ་ལུད་ཁྱོད་ཀྱི། །མངག་གཞུག་གདུང་བྱེད་ཚང་ཚིང་ནི། །ཁོ་མོས་ད་ལྟ་ཐལ་བར་བྱ། །ས་འདིར་དགྲ་བོ་ནོར་ཕྱིར་སྲོག་འདོར་བ། །མཐར་བྱེད་རྟ་བབ་ཀ་བའི་དཔུང་པ་ཅན། །ས་འདིར་དགྲ་བོ་ནོར་ཕྱིར་སྲོག་འདོར་བ། །མཐར་བྱེད་རྟ་བབ་ཀ་བའི་དཔུང་པ་ཅན། །བརྒྱ་ཕྲག་གནོད་པ་འབྱུང་ངོ་ཕྱག་གི་ནི། །ལྕགས་ཀྱུས་གྲོགས་འདི་ཁྲིད་དེ་མྱུར་དུ་སོང་། །ཅེས་སྨྲས་པ་དང་ལྷན་ཅིག་གཉིད་ཀྱིས་ནི། །ཟུམ་པའི་འདྲེན་བྱེད་འདབ་བརྒྱས་ཉི་འོད་ཐོབ། །རྨི་ལམ་ལྟས་ཏེ་རྗེས་ཞུགས་འཛིན་མ་ཡི། །ལྟོ་ལ་གོམ་པ་བཞི་བཅུ་བཀོད་པ་ནི། །ལུང་བསྟན་ས་དེར་སླེབས་པའི་དཔུང་གི་ཚོགས། །མིག་གི་འོད་ཟེར་ཅིག་ཅར་མུན་པས་ཁྱབ། །གང་ཡང་གྲང་དང་ཚ་བ་དང་། །བཀྲེས་དང་སྐོམ་པ་མི་སེམས་ཤིང་། །རྒྱལ་བའི་ཆོས་ཚུལ་མ་ལུས་ཀུན། །ཚོལ་ལ་ཞུགས་པའི་སེམས་དཔའ་འདིས། །ཤེར་ཕྱིན་ཁོ་ན་འཚོལ་བྱེད་པའི། །རྟག་ཏུ་ངུ་ཡི་གྲགས་པ་ཕྲོགས། །རིད་ཀྱང་དཀའ་སྤྲོའི་གཟི་བྱིན་ཅན། །ཟླ་ཚེས་འདྲ་དེ་རྗེས་འབྲང་བཅས། །གཤེགས་ཚེ་རྐང་འཐུང་དྲ་བའི་གསེབ། །བྱེད་པོས་མངོན་པར་སྤྲུལ་པ་ཡི། །ནུ་མ་མངོན་དགའ་སྨིན་ལེགས་ཟུང་། །ཡིད་སྲུབ་གསལ་བ་བཞིན་དུ་སྣང་། །དེ་དག་སྙིང་ནི་དད་པ་དང་། །ཕྲག་པ་ཟས་ཀྱི་ཁུར་གྱིས་ནོན། །དང་བའི་མིག་ཆུས་སྡིག་པ་ཡི། །དྲི་མ་འཁྲུད་ཅིང་ཟས་ཀྱི་ཚོགས། །རོ་བརྒྱ་ལྡན་པས་ཉེར་མཆོད་དེ། །སྡེ་ཆེན་གྲོང་གཤེགས་དོན་གྲུབ་བཞིན། །སྲོག་འདོར་ན་ཡང་དམ་པ་ལ། །ཕན་བཏགས་དྲིན་ལན་མི་འདོར་ཏེ། །དེ་དག་མགོ་སྐྱེས་ལྕང་ལོའི་ཤས། །དགེ་ལེགས་སླད་དུ་མངོན་པར་བཞེས། །སྦྲང་རྩིས་མྱོས་པའི་བུང་བ་དེས། །མཁའ་ལྡིང་ཕམ་བྱེད་འདབ་མིའ་གར། །ཉིན་ཕྱེད་བསྐྱོད་པས་ཁ་ཆེའི་ཡུལ། །གཉིས་སྐྱེས་གྲོང་ཁྱེར་བདུན་པར་ཕྱིན། །དེར་ནི་དེ་དག་གྲོང་པའི་སྐད།  །ཟུར་ཆག་ལ་སོགས་ཐོས་ཙམ་གྱིས། །ཁོང་དུ་ཆུད་དེ་ཀུ་མུ་ད། །ཟླ་བ་མཐོང་བ་ཉིད་ཀྱིས་རྒོད། །དེ་ལས་རྒྱང་གྲགས་སོང་བའི་ནགས། །འཇིགས་རུང་ཅེ་སྤྱང་ཕཻ་སྒྲ་སྒྲོགས། །བུང་བ་གཡོ་བའི་མུན་གཏིབས་པས། །སོ་ལྡན་འགྲམ་པ་གནག་གྱུར་པ། །དེར་ནི་སྟག་གི་ཆུང་མས་མ་ཡི་དངོས། །གསར་དུ་ཐོབ་སྟེ་བཀྲེས་པས་རྣམ་པར་འཁྲུགས། །དེ་མཐོང་ཆུ་བུར་ལྟ་བུའི་ལུས་འདི་ནི། །འཇིག་པ་རིང་བ་མིན་སྙམ་སྐད་ཅིག་བསམས། །སྐབས་དེར་མིག་སྨན་མདོག་ཅན་གཅེར་བུ་ཞིག །མཁའ་ལ་གར་བྱེད་ཉི་མ་འབུམ་དག་སྤྲོ། །ཟླ་བ་ཚེས་པ་ལྟར་དཀར་མི་རྐང་གི །གླིང་བུའི་སྒྲ་ཆེན་མཁའ་ཡི་ཕ་མཐར་སྒྲོགས། །དེར་ནི་གྲུབ་པ་མཆོག་བརྙེས་པ། །རཏྣ་སིརླྷི་ཞེས་བྱ་སྟེ། །སྒྲ་དེ་གདོང་ལྔའི་གད་རྒྱངས་སུ། །འཁྲུལ་ལྡན་སྟག་མོ་ནགས་མཐར་བྲོས།།ཀ་ལ་བ་ཏི་ཞེས་བྱའི་གྲོང་། །ཁུ་བྱུག་གིས་རྒྱས་སྐྱེད་ཚལ་དུ། །བསོད་ནམས་པིར་གྱི་རི་མོ་ཡིས། །ཞབས་མཐིལ་གཟུགས་བརྙན་འབྲི་ཞིང་གཤེགས། །དེ་ནས་ཀརྨིར་རྒྱལ་པོའི་ཁབ། །མིག་ལ་མྱོས་པ་སྟེར་བྱེད་པ། །གྲོང་ཁྱེར་ཕ་མཐའ་གནམ་སྔོན་གྱིས། །ཕ་མཐའ་རྣམ་པར་འཁྱུད་པ་མཐོང་། །སྐར་མའི་ཚོགས་རྣམས་ནམ་མཁའ་ལ། །རྟེན་མེད་གནས་པར་མ་ནུས་ཏེ། །ས་འདིར་ལྷན་ཅིག་འགོད་པ་ཞེས། །བདག་ཉིད་ཆེན་པོས་རྣམ་པར་བསམ། །གྲིབ་བརྟན་ཡོན་ཏན་མེ་ཏོག་ཚོགས། །འཐུ་ཞིང་ཆུ་ཀླུང་བུ་མོ་རྣམས། །ཕྱོགས་ཀྱི་བུ་མོའི་རྣ་ལུང་ལ། །རྣ་རྒྱན་འགོད་ཕྱིར་རིངས་པར་རྒྱུ། །ཐོག་མར་ནུ་ཞོ་འཐུང་བའི་ཚོགས། །འདུས་ཏེ་མགོན་འདི་བསུ་བྱས་ནས། །ཀ་ཡེ་ལྟོས་ཤིག་གསེར་མདོག་ཅན། །སྨ་ར་མེད་འདི་ཡ་མཚན་ཞེས། །ཕེག་རྡོབ་ཐལ་མོའི་སྒྲ་འབྱིན་ཞིང་། །ག་ཞ་བྱེད་ཅིང་གོས་དག་འཐོར། །འཆི་མེད་མདུན་སས་གང་གི་ནི། །ནོར་སྲུང་སྡེར་མོ་མཆོད་འོས་པ། །བཞི་མདོ་ཆེན་པོར་སྟོན་པ་བཞིན། །འབྱུང་པོ་དགོངས་པས་བསོད་སྙོམས་མཛད། །དེར་ནི་གཉིས་སྐྱེས་མངོན་ཤེས་ལྔ། །འཛིན་འདྲས་ཕྱག་འཚལ་འདབ་བརྒྱ་ཡིས། །གང་བའི་དངུལ་གྱི་སྤོས་ཕོར་ནི། །ཕུལ་ཏེ་ལུང་བསྟན་བྱས། །ཀ་ལི་ཀ་ཡི་གྲོང་དབུས་ན། །གཙུག་ལག་ཁང་ཆེན་བི་ཧ་ར། །འཇིག་རྟེན་ཀུན་ལ་རྣམ་གྲགས་པར། །བརྒྱ་ཕྲག་ལྔ་རིག་གིས། །མདུན་བདར་གུ་ཎ་མི་ཏྲ་གང་། །སྒྲ་ཚད་རིག་པ་གང་ཞིག་གིས། །ཕྱོགས་སུ་ལྷུང་གྱུར་དེ་བསྟེན་ནས། །གང་བློ་ཆུ་ཤེལ་ཁོང་པར་ནི། །མ་ལུས་ཚོན་འཕོས་དབྱངས་ཅན་བཞིན། །དེ་དང་མཁན་པོ་ངྷརྨཱ་ཏ། །ཤྲི་ལ་དགེ་འདུན་བཅས་པ་ལས། །གསོལ་བཞིའི་ཆོ་ག་རྣམ་དག་གིས། །བསྙེན་རྫོགས་དགྲ་བཅོམ་མངོན་སུམ་ཉིད། །བིནྔྔྷ་ར་གྲོང་ཚོགས་མཆོད་ཀྱིས། །མཉེས་བྱས་རྣལ་འབྱོར་གྲུབ་མཆོག་ལས། །དེ་ནས་ཡིད་བཞིན་བསམ་འཕེལ་ཞེས། །བྱ་བའི་རྐང་མགྱོགས་དངོས་གྲུབ་བརྙེས། །གྲོང་ཁྱེར་ཏ་མ་ལ་སནྟི། །ཤྲངྷ་ཀ་རས་མཛེས་དེར་གཤེགས། །དབང་རབ་མནོས་ཤིང་རྒྱུད་ཀུན་ཐོས། 

    མན་ངག་ཐོབ་ཅིང་གྲུབ་པ་བརྙེས། །གང་ཡང་རང་ཡུལ་གཤེགས་བརྩོན་ཆེ། །ལྷག་པའི་ལྷ་ཡིས་ལུང་བསྟན་པ། །འཇིག་རྟེན་རིན་ཆེན་མཐའ་དག་གིས། །རང་ཉིད་གཅིག་པུ་བརྒྱན་འདོད་འདི། །གདེངས་ཅན་དབང་པོ་ནཱ་རོ་པའི། །རིན་ཆེན་མཆོག་འདི་འདོར་བ་མཚར། །ཞེས་པ་ཚིག་མདའི་འཇམ་པའི་དབྱངས། །དབྱངས་ཅན་རྒྱུད་མངས་ལྟ་བུ་ཐོས། །གུར་ཀུམ་དོག་པོས་རྐང་བ་ཡི། །འདེགས་འཇོག་འགོག་པ་ལྷུར་ལེན་པ། པུ་ལ་ཧ་རི་གྲུབ་པའི་གྲོང་། །ཡི་འགྲོགས་རྫུ་འཕྲུལ་མཆོག་གིས་གཤེགས། །བདེ་ཆེན་ལང་ཚོ་སྟོང་ཉིད་ཀྱི། །དགའ་མར་འཁྱུད་མཁས་ཀུན་ཏུ་བཟང་། །ཚེམས་ཕྲེང་གེ་སར་ཁྱོད་ཀྱི་གདོང་། །ཟླ་བ་སར་བ་ཤར་པས་རྒོད། །ཉི་ཟླའི་རླུང་བཞིན་ཕྲོགས་ནས་ནི། །གང་གིས་ཞོན་ནས་དབུ་མའི་ལམ། །ཞུགས་ཏེ་ཟུང་འཇུག་གཞལ་ཡས་ཁང་། །སྐད་ཅིག་གིས་བགྲོད་འདུས་པའི་ལམ། །ས་གསུམ་རིན་ཆེན་གཅིག་པུ་དེས། །ཁྱོད་ཀྱི་རལ་བ་རྣམ་པར་མཛེས། །ཡུལ་དབུས་འཛིན་མར་ཞབས་མཐིལ་གྱི། །རྩིབས་སྟོང་འཁོར་ལོའི་རི་མོ་བཀོད། །གང་དག་དགག་སྒྲུབ་ཁྲིར་འདུག་ན། །འཇམ་དཔལ་དཔའ་བོ་དངངས་བྱེད་པ། །མཁན་ཆེན་གུ་ཎ་མི་ཏྲ་སོགས། །པཎ་ཆེན་བཅུ་ཕྲག་བདུན་དང་ལྔའི། །རིག་ཚུལ་ནོར་བུའི་དོ་ཤལ་གྱིས། །ཁྱོད་ཉིད་མགྲིན་པ་རྣམ་པར་བཀྲ། །གང་ཡང་མདོ་སྔགས་གཞུང་བཟང་བརྒྱ། །བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། །རྒྱལ་བ་ཀུན་གྱིས་མ་མཛད་པའི། །སྟོན་པའི་བྱ་བ་མཐའ་དག་མཛད། །བྱ་བ་བྱས་ཏེ་ཞག་དྲུག་གིས། །འཕགས་པའི་ཡུལ་ལས་རང་ཡུལ་བྱོན། །ཏི་སེའི་གཙུག་ཏོར་འཆང་བ་ཡི། །པུ་ཧྲངས་ཞེས་བྱ་གངས་ཀྱི་ཡུལ། །ས་བདག་ལྷ་སྡེ་དཔུང་པ་ཡིས། །རྒྱ་མཚོའི་གོས་ཅན་འཁྱུད་བྱེད་པ། །བང་མཛོད་གནོད་སྦྱིན་རྨུགས་འཛིན་དང་། །གཅིག་གྱུར་ལུས་ངན་ཕམ་བྱེད་བྱུང་། །དེ་ཡིག་གཙུག་ལག་ཁང་ཆེན་བྱས། །དགེ་འདུན་ཚོགས་མང་རྣམ་པར་མཆོད། །བོད་ཀྱི་དགེ་བཤེས་སེ་ཏར་གྱིས། །ཡིད་བསྒྱུར་འཇག་རྩེར་སྐྱིལ་ཀྲུང་འཆིང་། །ཁྱོད་ཀྱི་སྡིགས་མཛུབ་དུས་མཐའི་མེས། །སྐད་ཅིག་ཉིད་ལ་ཐལ་བར་མཛད། །གུ་གེ་ཞེས་བྱ་འཛམ་གླིང་གི །་ས་ལ་གནས་ཀྱང་ཡོན་ཏན་གྱིས། །སྲིད་པའི་རྩེ་མོར་བགྲང་བྱ་བ། །རབ་གསལ་ཡིད་གཞུངས་མཁས་པས་བསྟེན། །དེར་ནི་རྒྱལ་ཕྲན་བྱེ་བའི་མགོར། །ཞབས་སེན་ནོར་བུའི་འོད་ཆགས་པ། །ལྷ་ཡི་བླ་མ་ཡེ་ཤེས་འོས། །ས་གསུམ་མིག་གི་བདུད་རྩི་གང་། །རལ་བ་ལྡན་པའི་སངས་རྒྱས་ཏེ།།རྩོད་པའི་དུས་ཀྱི་འཁོར་ལོ་སྒྱུར། །འོད་གསལ་ལྷར་འཁྲུངས་མི་ཡི་དབང་། །ཉིན་པར་ཟླ་ཟེར་སྤྲོ་བ་བྱུང་། །ད་ལྟའང་སྙན་གྲགས་མེ་ཏོག་དཀར། །ཕྱོགས་ཀྱི་བུ་མོའི་རྣ་བར་འཆང་། །དེ་ཡིས་གསེར་གྱི་གཙུག་ལག་ཁང་། །དཔེ་མེད་ལྷུན་གྱིས་གྲུབ་པ་བཞེངས། །ནོར་བུའི་ཞལ་ཞལ་རྒྱལ་བའི་སྐུ། །གྲངས་མེད་འོད་རིས་འཆར་བ་ཅན། །ནོར་བུའི་འོད་ཀྱིས་སྐུ་གཅིག་ཀྱང་།།སྐུ་གཟུགས་བྱེ་བ་ཕྲག་བརྒྱར་སྣང་། །ངོ་མཚར་ཕུང་པོའི་འཇིག་རྟེན་འདི། །འབྲི་བྱེད་རི་མོ་མཁན་དེ་མཚར། །དཔག་ཚད་ལྔ་བཅུ་བར་བར་རྣམ་གནས་པའི། །ཡུལ་ཁོར་རྣམས་སུ་བརྒྱ་ཕྲག་གཙུག་ལག་ཁང་། །བཞེངས་པའི་ཐིག་གདབ་རབ་ཏུ་གནས་པ་སོགས། །དུས་གཅིག་ཉིད་དུ་ཁྱོད་སྐུ་གཅིག་མཛད། །ས་སྐྱོང་བཀའ་བསྐུལ་བློ་བཟང་ཁྱེའུ་ལྔ། །ཁྲིད་དེ་ན་གེར་ཡུལ་ཁོར་ཆེན་པོར་གཤེགས། །རིན་ཆེན་རྒྱུ་ལས་འཕགས་པ་པད་དཀར་འཛིན། །བཞེངས་ཏེ་རྒྱ་བོད་གླེགས་བམ་སྟོང་དག་དང་། །ལྷན་ཅིག་གླང་ཆེན་ཤིང་རྟས་རྣམ་པར་དྲངས། །བྲག་རིའི་གདོང་གིས་འཁོར་ལོ་ཆགས་པ་ན། །ང་ཉིད་རྐང་པས་འགྲོ་ཞེས་སྐུ་དེ་ཡིས། །གོམ་པ་འདོར་བར་བརྩམས་ཚེ་ས་ཆེན་འདར། །འདི་ལ་རྡུལ་གྱིས་གོས་ན་མི་རུང་ཞེས། །པདྨ་བརྒྱུད་པ་སྟོང་དག་བྱུང་གྱུར་ཏེ། །ཟེའུ་འབྲུའི་རྐང་སྟེང་གསེར་གྱི་རྐང་པ་ཡི། །འཕུར་ལྡིང་མཛེས་པ་གསེར་གྱི་བུང་བ་ཞིན། །འགྲོ་བའི་བླ་མ་ཡེ་ཤེས་འོད། །བསོད་ནམས་སྐས་ལས་ཐར་པར་གཤེགས། །ཐུགས་རྗེ་ཆེ་གང་བྱང་ཆུབ་འོད། །བློ་གྲོས་ཆེན་པོ་ཞི་བ་འོད། །རྒྱལ་བའི་ཟློས་གར་ཉི་བཞོན་ནི། །ཐུབ་བསྟན་ཤར་རིའི་དོ་རར་རོལ། །དེ་དག་དད་པ་གསེར་གྱི་ནི། །ལྕགས་ཀྱུས་དཔལ་ལྡན་མར་མེ་མཛད། །སངས་རྒྱས་གཉིས་པ་སྤྱན་དྲངས་ཏེ། །ཀེ་རི་ཟླ་བའི་འོད་ཀྱིས་འབར། །ཐུབ་བསྟན་ལོ་ནི་བཅུ་ཕྲག་དགུར། །ནད་མེད་མུ་གེ་མེད་པ་ཡིས། །དར་མཛད་རྐང་གཉིས་གཙོ་ཁྱོད་དང་། །སྤུ་ཧྲངས་བཞེས་ཝེར་ཞེས་བྱར་མཇལ། །ལྷན་ཅིག་སངས་རྒྱས་གཉིས་མིན་ཞེས། །སྨྲ་བ་རྫུན་གྱི་ཚིག་ཏུ་བྱས། །སྐྱེས་མཆོག་ཁྱོད་ཀྱི་བདུད་རྩིའི་རོས། །ཡོངས་ཚིམ་འགྲོ་ལ་བ་ཚྭའི་ཆུ། །ང་ཡིས་ཅི་བྱ་ཅི་བྱ་ཞེས། །དཱི་པཾ་ཀ་རས་ཞུམ་ཚིག་གསུངས། །ཏིང་འཛིན་གང་ལ་ལོ་གཅིག་མཉམ་བཞག་ན། །རྨད་བྱུང་རྡོ་རྗེ་ལྟ་བུ་ཞེས་གྲགས་པ། །དཔལ་ལྡན་ས་བཅུའི་རྩེར་སོན་དེ་འགྲུབ་པར། །དགོངས་ཏེ་ཆུ་ཀླུང་ཆེན་པོ་པཀྵུའི་འགྲམ། །བསམ་གཏན་ལ་འོས་བཞེར་རར་གཙུག་ལག་ཁང་། །བསྟེན་མཛད་ནཻ་རཉྪ་ནའི་རྒྱལ་སྲས་བཞིན། །རྒྱལ་རྣམས་ཞུམ་མཛད་ཐུགས་དམ་བཅའ་བ་གསུམ། །ནམ་ཡང་འགྱུར་མེད་རྡོ་རྗེའི་སྐུ་འདྲ་བ། །སྒོ་འཕར་ཕྱི་ནང་གཅིག་ངོས་དུང་དང་དངུལ། །གསེར་གྱི་ཡི་གེ་ངོ་མཚར་བྱེ་བ་འཛིན། །ཐེངས་གཅིག་ཙམ་ངས་མི་དགེའི་བློ་སྐྱེས་དང་། །རིན་ཆེན་སེམས་དང་ཡུད་ཙམ་བྲལ་བ་དང་། །ལུང་མ་བསྟན་བློ་སྐད་ཅིག་གཅིག་སྐྱེས་ན། །ཡན་ལག་མཆོག་གང་མཁའ་འགྲོས་ཁོས་ཤིག་ཅེས། །ལྷར་བཅས་བདུད་བཅས་སྐྱེ་རྒུའི་བདག་པོར་བཅས། །དགེ་སྦྱོང་གཉིས་སྐྱེས་དང་བཅས་འཇིག་རྟེན་ན། །སུས་ཀྱང་བགོམ་པར་མི་ནུས་མི་འཇིགས་བཞི། །བརྙེས་འདི་ངེས་པར་རྣམ་དག་སངས་རྒྱས་ཏེ། །རང་དོན་ལ་ཆགས་བདག་ཀྱང་གཞན་དོན་དུ། །ཁྱོད་ཀྱི་ཞབས་ལ་སྙིང་ནས་ཕྱག་འཚལ་ལོ། །ཁྱོད་ཀྱི་སློབ་མ་གྲུབ་པིའ་དབང་ཕྱུག་ཚོགས། །མཁའ་ལ་འཕུར་ལྡིང་རྒྱུ་སྐར་གྲངས་མཚུངས་ཏེ། །འཛིན་མར་རབ་གནས་བསྟན་པ་འཛིན་པ་ནི། །གང་གཱའི་རྡུལ་གྲངས་ཉུང་ངུར་བྱེད་པ་ཉིད། །ཁྱོད་ལ་འགྲན་བཞིན་ཕུར་བུ་སྐྱེངས་བྱེད་བཞིན། །ཀུན་མཁྱེན་བཞིན་དུ་སྨྲ་བ་བྱང་ཤེ་དང་། །དགེ་བློ་སྨེ་དང་འཇང་བློ་རིན་གཞོན་རྣམས། །སོ་སོར་ཆོས་ཀྱི་ཁྲི་སྟན་ཆེ་ལ་བཀོད། །ཡུམ་གྱི་སྐྱེད་ཚལ་རིན་ཆེན་མྱུ་གུ་ནི། །སར་པས་རྣམ་མཛེས་དེ་ཚེ་ཡོན་ཏན་ཀུན། །གཙུག་ཕུད་ཅན་དང་ཁུ་བྱུག་སྨྲ་མཁས་ཀྱི། །གཟུགས་མཛེས་ཟོལ་གྱིས་འཇོ་སྒེག་རོལ་བ་འཛིན། །ཤཱཀྱ་སེང་གེའི་དྲུག་གཉིས་མཛད་པ་ལ། །འགྲན་པ་བཞིན་དུ་རྣམ་སྤྲུལ་འདིའི་གནས་དང་། །འཚོག་ཆས་ཚོགས་ལ་བག་མེད་སྤོངས་ཤིག་ཅེས། །གྲུབ་པའི་སྐྱེ་བོས་སྙིང་ནས་འདོམས་པར་མཛད། །གཉིས་ཀྱིས་དམན་པ་བཅུ་ཕྲག་བཅུའི། །ལོ་ལ་ལང་ཚོ་གསར་བ་ནི། །ནམ་ཡང་རྒས་མེ་དེ་བརྙེས་ཚེ། །རླུང་གི་ཟས་ཅན་པགས་པ་བཞིན། །ཅ་ཡེ་བྲག་ཅེས་བྱ་བ་དང་། །གཡང་སྐྱུར་ཕུག་གི་གནས་དང་ནི། །གོ་ཁར་རེ་ཝིང་གོ་སོགས་ནས། །སྤྲུལ་པ་སོ་སོ་སོ་སོ་ཡི། །མངོན་སུམ་མྱ་ངན་འདས་གྱུར་ཏེ། །སྐུ་གདུང་འཛིན་བྱེད་བསྲེག་ཟ་ཡིས། །རིལ་མིད་ཉིད་བྱས་རིང་བསྲེལ་ནི། །གསུམ་ཞིག་ལྷག་མར་ལུས་པ་ཡང་། །རྟག་ཏུ་མཉམ་འཇོག་སྐུ་བཞིན་དུ། །མཁའ་ཡི་དབྱིངས་སུ་མི་སྣང་གྱུར། །ཚུལ་འདི་རང་སེམས་སྣང་བ་ཞེས། །མི་ཤེས་མི་དང་མི་མིན་དག །མིག་ཆུའི་རྒྱུན་དག་སྤྲོ་བྱེད་པ། །འཇིག་དུས་དག་བྱེད་ཕུང་པོ་བཞིན། །ཀ་ཡེ་གྲོགས་དག་འཁོར་བ་འདི་དང་མྱ་ངན་ལྷན་ཅིག་མྱུར་དུ་འོང་ཅིག་དགའ་བ་ཡི། །དགའ་སྟོན་རོར་ཆགས་དགའ་མ་འདི་ནི་བརྒྱ་ཕྲག་བཅུ་གཉིས་མཛེས་པ་ཡོངས་རྫོགས་རང་གི་གྲོགས། །སྲེད་ལྡན་འཁྱུད་པ་ནམ་ཡང་འདོར་མིན་དེ་ལྟ་ན་ཡང་ཁྱེད་ཅག་ལུས་སྲོག་གེ་སར་རྡུལ། །མི་རྟག་བུང་བས་ཁམ་ཟས་བྱེད་འདི་རྗེས་དཔག་བྱ་སླ་སྒྱུ་མ་འདི་བྱས་རྗེས་རིག་བྱ། །རིན་ཆེན་ཟ་མ་ཏོག་ལས་ནི།།རབ་འཐོན་རིན་ཆེན་བཟང་པོ་ཡིས། །དེ་གསུང་ཆོས་མཐོང་དེ་དག་གིས། །རྡུལ་མཉམ་མེ་ཏོག་ཆར་དག་སྤྲོས། །དེ་ལྟར་ལུང་བསྟན་དཔལ་ལྡན་མར་མེ་མཛད། །རིག་པ་འཛིན་པའི་འཕགས་ལམ་གྱིས་དྲངས་པའི། །མངོན་ཤེས་སྤྱན་ཡངས་ཅན་དེས་ཡང་གསུང་བ། །གྲུབ་པའི་ཕོ་ཉ་གསེར་གྱི་གོ་ཆ་སོགས། །མཁའ་འགྲོའི་ཚོགས་བཅས་འཇིག་རྟེན་འདྲེན་བྱེད་དེ། །མཁའ་སྤྱོད་གཤེགས་ཞེས་གྲགས་པ་དང་མཐུན་པར། །མཁའ་ལ་གོམ་པ་འདེགས་འཇོག་ཟུང་གཅིག་གིས། །རྨད་བྱུང་བདེ་བ་ཅན་གྱི་འཇིག་རྟེན་གཤེགས། །ཞིང་དེའི་མགོན་དང་གཉིས་སུ་མེད་པར་མཇལ། །ཆོས་ཀྱི་བགྲོ་བ་རྒྱ་ཆེའི་དགའ་བདེས་ཚིམ། །འདབ་བརྒྱའི་ཚལ་དུ་བུང་བ་རོལ་བ་བཞིན། །སླར་ཡང་ཞིང་དང་ཞིང་གཞན་ཀུན་ཏུ་གཤེགས། །སྐད་ཅིག་རེ་རེར་འགྲོ་བ་གྲངས་མེད་ནི། །གྲངས་མེད་སྨིན་ཅིང་གྲོལ་བར་མཛད་དོ་ཞེས། །ཅི་ཡང་དང་བའི་ཟླ་བ་ཤར་བ་དེས། །པཎ་ཆེན་དེ་ཡི་ཕྱག་པད་སྤྱི་བོར་ཟུམ། །ཁྱོད་ཉིད་གཅིག་པུས་བོད་ཡུལ་འདི། །སངས་རྒྱས་ཞིང་དང་འགྲོ་རྣམས་ཀྱང་། །རྒྱལ་དང་རྒྱལ་སྲས་ས་ལ་བཀོད། །མགོན་དེར་སླར་ཡང་ཕྱག་བགྱིད་དོ། །ཡང་ཡང་གོམས་མཛད་ལེགས་ལྡན་མཐའ་དག་རྒྱལ་རྣམས་ལྗགས་ཡངས་དབྱར་སྐྱེས་རྔ་གསང་གྲོགས་པོ་ལ་ནི་འཁུ་བ་ལྟར་སྟོན་རང་གི་ཀུན་སྤྱོད་ནམ་ཡང་མ་རྫོགས་ངལ་བ་ཅན།།ལྷག་བསམ་ཁུར་དང་འཁོར་བའི་དཔལ་ལ་འདོད་ཆགས་བྲལ་གང་དུག་ཅན་མ་ཡི་བདག་པོའི་མགོ་སྐྱེས་མལ་སྟན་ལ་ཆགས་རིན་ཐང་རྒྱ་ཆེ་འདི་ཡིས་གང་གི་མཚན་ཙམ་གྱི། །རྒྱ་ཡི་ཆར་ཡང་བཟོད་པ་མ་ཡིན་དེའི་དཔལ་རང་མཚུངས༼ཚུལ༽བསྔགས་འོས་སྤྱོད་མཐའ༼ཤིན་ཏུ་རྒྱ་ཆེ་ཞིང༽དབང་ཕྱུག་སྐྲ་ཕྲེང༼སྟེ་ནམ་མཁའ༽དོག་པ་ཉིད་བྱེད་ཁ་བ་སར་བའི་སྤུ་ལོང་གོས་གྱོན༼བོད་གངས་ཅན་གྱིཝའཛིན་མ་ལ། །རྣམ་པར་་བཀོད་པའི་ཆུ་མཚོ་ཆེ་ལས་སྔོན་མེད་སྙན་ངག་ཟླ་བའི་མདངས་འཕྲོག་སེན་མོའི་རྩེ་མོས་ཟེགས་མ་ཙམ་བླངས་མངོན་པར་འཐོར་བྱས་མཁས་རྣམས་དགྱེས་པས་ཡི་རང་བྱོས། །མང་ཐོས་སྤོབས་པའི་མཐེབ་ལོང་འགྲོགས་པ་ལས། །སྙན་ངག་ཉག་ཕྲན་འབད་མེད་སྤྲོས་པ་ཡིས། །སྲིད་འགྲོར་འཇིགས་པས་ཉེན་རྣམས་དགྲ་ཡི་སྡེ། །ཉོན་མོངས་ཀུན་འཇོམས་དཔའ་པོར་བདག་གྱུར་ཅིག 

  ཅེས་བྱ་བ་ནི་བགྲང་བྱ་ལས་འདས་པའི་སྔོན་གྱི་སྐྱེ་བ་རྣམས་སུ་ཚོགས་གཉིས་རླབས་པོ་ཆེ་ཀུན་ཏུ་བསྟེན་ཅིང་མང་དུ་བསགས་པ་ཡོངས་སུ་སྨིན་པ་ཉིད་ལས། སྲིད་པ་ཐ་མ་བའི་སྐུའི་སྐྱེ་བ་འདིར་དབང་ཕྱུག་བརྒྱད་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ས་བརྙེས་པ། སྐྱེ་མཆོག་རིན་ཆེན་བཟང་པོའི་རྣམ་པར་ཐར་པ་ལོ་ཙཱ་པ་ཆེན་པོ་ཉིད་ཀྱི་སློབ་མ་ཀ་བཞི་དང་གདུང་བརྒྱད་དུ་གྲགས་པའི་ནང་ཚན་ཁྲི་ཏང་བ་ཛྙཱ་ན་ཤྲིས་བཀོད་པ་དེ་ཉིད་འདིར་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟན་ཅིང་སོ་སོར་བསྟན་ལ་རྣམ་པར་རིག་པར་བྱས་པ་སྟེ། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུ་ཁོང་དུ་ཆུད་པའི་ཞང་ཞུང་པ་ཕྱོགས་ལས་རྣམ་རྒྱལ་ཆོས་དབང་གྲགས་པའི་དཔལ་གྱིས་འབྲོག་རི་མོ་བཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའོ།། །།

 

༄༅།།ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།

    ༄༅།།མདོ་སྔགས་རིག་གནས་དང་བཅས་པ་ལ་མི་འཇིགས་པའི་སྤོབས་པ་ཐོབ་ཅིང་མཁས་དགུའི་གཙུག་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་ཞིང་བདུད་དང་ཕྱི་རོལ་རྒོལ་བ་གང་གིས་ཀྱང་འགྲན་པའི་རྔོ་མི་ཐོགས་པ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ཁོང་ནི་གཙང་སྟོད་སྐྱིད་གྲོང་པད་ཁུད་ནང་བའི་རིགས་སུ་ཡབ་ཚངས་པ་དཀར་པོ་དང་ཡུམ་ཚེ་རིང་དཔལ་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཆུ་སྦྲུལ་སྤྱི་ལོ༡༧༡༣ལོར་དགེ་ལེགས་ཀྱི་མཚན་མ་དང་བཅས་ཏེ་སྐུ་འཁྲུངས། དགུང་ལོ་བདུན་ཏེ་ས་ཕག་སྤྱི་ལོ༡༧༡༩ལོར་ཐོས་བསམ་གླིང་གི་ཆོས་རྗེ་ཚེ་བརྟན་རྣམ་རྒྱལ་གྱི་དྲུང་དུ་དབུ་སྐྲ་གཙུག་ཕུད་ཕུལ་ཏེ་མཚན་ལ་དབུ་རྒྱན་ཆོས་འཕེལ་ཞེས་བསྩལ། ཨ་ནེས་ཀློག་བསླབས། དགུང་ལོ་བརྒྱད་དེ་ལྕགས་བྱི་སྤྱི་ལོ༡༧༢༠ལོར་གཙང་བཀྲ་ཤིས་ལྷུན་པོའི་དྲུང་རམས་པ་ནས་ཆོས་སྤྱོད་ཀྱི་རིགས་འཛིན་སྐྱོར་ཟླ་མེད་གནང༌། དགུང་ལོ་བཅུ་སྟེ་ཆུ་སྟག་སྤྱི་ལོ༡༧༢༢ལོར་གཙང་བཀྲ་ཤིས་ལྷུན་པོའི་ཆོས་སྒོར་ཞུགས་ཤིང༌། ལོ་དེར་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དྲུང་ནས་རབ་བྱུང་གི་སྡོམ་པ་བཞེས་པས་མཚན་ཡེ་ཤེས་རྒྱལ་མཚན་ཞེས་འདོགས་པར་གནང༌། དགུང་ལོ་བཅུ་བདུན་ཏེ་ས་བྱི་སྤྱི་ལོ༡༧༢༩ལོའི་བར་གཞུང་ཆེན་བཀའ་པོད་ལྔར་གསན་བསམ་མཛད། དེ་རྗེས་སྐྱིད་གྲོང་དུ་ཕེབས་ནས་ལོ་གསུམ་རིང་སྒྲུབ་པ་ལ་བརྩོན། དགུང་ལོ་ཉི་ཤུ་སྟེ་ཆུ་བྱི་སྤྱི་ལོ༡༧༣༢ལོར་གྲུབ་དབང་བློ་བཟང་རྣམ་རྒྱལ་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་གཅིག་སྟེ་ཆུ་གླང་སྤྱི་ལོ༡༧༣༣ལོར་དབུས་སུ་ཕེབས་ཏེ་ཕུར་ལྕོག་བྱམས་པ་རིན་པོ་ཆེར་མཇལ་ནས་ཟབ་ཆོས་འགའ་ཞུས་རྗེས་ས་ཕུག་གཅིག་ཏུ་སྲོག་འཚོའི་འཚོ་བར་བཅས་ཏེ་ལོ་གཅིག་རིང་བཞུགས། དགུང་ལོ་ཉེར་གསུམ་སྟེ་ཤིང་ཡོས་སྤྱི་ལོ༡༧༣༥ལོར་སྐྱིད་གྲོང་དུ་ཕེབས་ནས་གྲུབ་དབང་རིན་པོ་ཆེ་ཞི་བར་གཤེགས་པའི་དགོངས་རྫོགས་བསྒྲུབས། དགུང་ལོ་ཉེར་ལྔ་སྟེ་མེ་སྦྲུལ་སྤྱི་ལོ༡༧༣༧ལོར་དིང་རིར་ཕ་དམ་པའི་སྒྲུབ་གནས་མཁའ་འགྲོའི་གསང་ཕུག་ཏུ་འཚོ་བ་ངན་ངོན་ལ་བརྟེན་ནས་སྔ་རྗེས་མི་ལོ་བཅུ་གཉིས་ཧྲིལ་བོ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ། དགུང་ལོ་ཞེ་བཞི་སྟེ་མེ་བྱི་སྤྱི་ལོ༡༧༥༦ལོ་ནས་དགུང་ལོ་རེ་ལྔ་སྟེ་མེ་བྱ་སྤྱི་ལོ༡༧༧༧ལོའི་བར་སྐྱིད་གྲོང་བསམ་གཏན་གླིང་དང༌། དགའ་ལྡན་ཕུག་པོ་ཆེ། ཆོས་སྡིངས་ཚུལ་ལྡན་གླིང༌། བལ་ཡུལ་ཐང་ངྷི་ཧ་ར་སོགས་ཀྱི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ཉམས་གསོ་གནང༌། དགུང་ལོ་རེ་གཉིས་ཏེ་ཤིང་རྟ་སྤྱི་ལོ༡༧༧༤ལོ་ལ་ཕེབས་སྐབས་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་ཐམས་ཅད་མཁྱེན་པ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་དང་པཎྜི་ཏའི་མཚན་བསྟོད་བཞེས་ནས་ཕོ་བྲང་ཆེན་པོ་པོ་ཏ་ལར་བཞུགས་ཏེ་དགུང་ལོ་བརྒྱད་ཅུ་སྟེ་ཆུ་བྱི་སྤྱི་ལོ༡༧༩༢ལོའི་བར་ཡོངས་འཛིན་མཛད།  དེ་ཡང་ཁོང་གིས་འཆད་རྩོད་ངག་ལ་མ་ངེས་པར་སྲིད་ཕྱིར་མི་འཁྲུལ་རྩོམ་པ་དེ་ཞེས་གསུངས་པ་ལྟར་བསྟན་པ་རིན་པོ་ཆེ་གསལ་བར་མཛད་པའི་བསྟན་བཅོས་མཛད་པ་ལའང༌། གཞུང་ལུགས་དང༌། མདོ་སྔགས་ཀྱི་ཊཱིཀྐ། གསོལ་འདེབས།རྣམ་ཐར། བསྟོད་ཚོགས་དང་རྟོགས་བརྗོད། སྡེབ་སྦྱོར་གྱི་སྐོར་སོགས་མང་དག་ཅིག་གཞན་དབང་དུ་བརྩམས་ཀྱང་འདིར་རེ་རེ་བཞིན་བརྗོད་ན་མང་དོགས་པས་ཉུང་ངུ་བརྗོད་ན༼བླ་མ་མཆོད་པའི་ཁྲིད་ཡིག༽དང༌།༼སྐྱེས་རབས་སོ་བཞིའི་རྣམ་བཤད་ཐེག་ཆེན་གསལ་བའི་སྒྲོན་མེ༽ ༼ཤེར་ཕྱིན་སྟོང་ཕྲག་བརྒྱད་པ༽ ༼མངོན་རྟོགས་རྒྱན་སྦྱར་ཏེ་བྱང་ཆུབ་ལམ་གྱི་རིམ་པའི་གནད་རྣམས་གསལ་བར་སྟོན་པའི་ཤེར་ཕྱིན་གསལ་བའི་སྒྲོན་མེའི་ལེགས་བཤད༽ ༼དམ་ཚིག་རྡོ་རྗེའི་དངོས་གྲུབ་ཀུན་འབྱུང༽ ༼ལམ་རིམ་བླ་རྒྱུད༽སོགས་མདོ་སྔགས་ཀྱི་ཆོས་དཔེ་པོད་འབྲིང་བཅུ་དགུ་ཙམ་མཛད།  དབུས་གཙང་གི་ཆོས་སྡེ་ཆེ་ཆུང་ཚང་མར་འདུལ་བའི་ཕྱག་ལེན་དང་ལམ་རིམ་གྱི་འཆད་སྤེལ་ནར་མར་བསྐྱངས། དགུང་ལོ་དོན་བདུན་བཞེས་པ་ས་བྱ་སྤྱི་ལོ༡༧༨༩ལོར་རྒྱལ་བ་འཇམ་དཔལ་རྒྱ་མཚོའི་ཐུགས་མོས་བྱུང་བ་ལ་བརྟེན་ནས་བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་ལ་རག་ལས་པར་དགོངས་ཏེ་གྲིབ་ཚེ་མཆོག་གླིང་དགོན་པ་ཕྱག་བཏབ་པས་འཆད་ཉན་གྱི་སྲོལ་རྒྱ་ཆེན་བཏོད། དགུང་ལོ་གྱ་གཅིག་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ཆུ་གླང་སྤྱི་ལོ༡༧༩༣ལོར་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་དགོངས་པ་ཆོས་དབྱིངས་སུ་ཐིམ།།  །།

 

༄༅། །རྗེ་བཙུན་མི་ལ་རས་པ།

    ༄༅།།རྗེ་མི་ལ་རས་པ་ནི། བཀའ་རྒྱུད་པའི་སྲོལ་འཛུགས་མཁན་མར་བ་ཆོས་ཀྱི་བློ་གྲོས་ཀྱི་དངོས་སློབ་ཡིན། ང་ཚོས་སློབ་ཚན་འདི་བསླབས་པ་བརྒྱུད༼བརྩོན་པ་རྟག་ཏུ་མ་བཏང་ར།། མི་འགྲུབ་བྱ་བ་ཅི་ཡང་མེང།།༽ཅེས་པའི་དཔེ་ལྟར། མི་ལ་རས་པས་སྡུག་རུས་ཆེན་པོས་མཐུ་དང་གདམས་ངག་བསླབས་ནས་མཐར་གྲུབ་འབྲས་མཐར་ཕྱིན་ཐོབ་ཚུལ་ཤེས་རྟོགས་བྱ་དགོས། རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པ་ནི། སྤྱི་ལོ༡༠༤༠ལོར་གུང་ཐང་སྐྱ་རྔ་རྩ་ནས་ཡབ་མི་ལ་ཤེས་རབ་རྒྱལ་མཚན་དང༌། ཡུམ་མྱང་ཚ་དཀར་རྒྱན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རུས་ཁྱུང་བོ་ཡིན། ཁོང་ཀི་ཆུང་དུས་ཀྱི་མིང་ལ་ཐོས་པ་དགའ་ཟེར། ཁོང་གི་སྐུ་ཚེ་གང་བོར་ལོ་རྒྱུས་ཡིད་སྐྱོ་བ་ཚར་དུ་དངར་བ་ཡོང་དེ། སྐུ་ཆུང་ངུའི་དུས་ནས་བཟུང་ཡབ་འདས་པས་ཨ་ཁུ་དང་ཨ་ནེའི་གཡོག་ཏུ་གྱུར་ཏེ་སྡུག་བསྔལ་ཚད་མེད་མྱངས། དེ་ནས་ཡུམ་མྱང་ཚ་དཀར་རྒྱན་གྱིས་མཐུ་གཏད་སེར་སུམ་བསླབ་པར་ཡང་ཡང་བསྐུལ་བར་བརྟེན།གཡུང་སྟོན་ཁྲོ་རྒྱལ་ཞེས་པའི་མདུན་དུ་ཕེབས་ཏེ་མཐུ་ལ་སྦྱངས་ཀྱང་རྟགས་དེ་འདྲ་མ་ཐོན་པས་སླར་ཡང་ལྷ་རྗེ་གནུབས་ཆུང་བ་ཡོན་ཏན་རྒྱ་མཚོ་ལས་མཐུ་སྦྱངས་པས་རྟགས་ཐོན་ཏེ་མི་རྟ་སོ་ལྔ་བསད། དེ་ནས་གཡུང་སྟོན་ཁྲོ་རྒྱལ་གྱི་མདུན་དུ་བྱོན་ནས་སེར་བ་ལ་སྦྱངས་ཏེ་ཡུལ་གྱི་ལོ་ཏོག་བཅོམས། དེའི་རྗེས་སུ་སྡིག་པ་ལ་འགྱོད་པ་དང༌། ངེས་འབྱུང་གི་བསམ་པ་སྐྱེས་ནས་དགུང་ལོ་སོ་བརྒྱད་པར་ལྷོ་བྲག་ཆུ་ཁྱེར་ཞེས་པའི་ས་ཆར་ཕེབས་ཏེ་མར་བ་ཆོས་ཀྱི་བློ་གྲོས་དང་མཇལ།  དེར་ལོ་ངོ་དྲུག་ལྷག་བཞུགས་ཏེ་སྡིག་གཤགས་སུ་སྲས་མཁར་དགུ་ཐོགས་བཞེངས། དེ་ནས་བླ་མ་མར་བས་གསང་སྔགས་ཀྱི་དབང་སྐུར་ཏེ་གསང་མཚན་ལ་དཔལ་བཞད་པ་རྡོ་རྔེ་ཞེས་བཏགས། དགུང་ལོ་ཞེ་ལྔ་ནས་བཟུང་བྲག་དཀར་རྟ་སོ་རྫོང་ཆེན་དྲུག་ཏུ་སྒྲུབ་པ་ཉམས་ལེན་མཛད་དེ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་བརྙེས་པས། ཆོས་བདག་མེད་ལ་སྙིང་རུས་གང་ཆེ་ཟེར་བ་དང༌། དོན་གཉེར་རབ་འབྲིང་ཐ་གསུམ་ལས།ཆོས་པ་རབ་འབྲིང་ཐ་གསུམ་འོངས།།ཞེས་པའི་ཁ་དཔེ་ལ་ལག་ལེན་གྱི་ར་སྤྲོད་གང་ལེགས་བྱས་པ་སོགས་སྒྲ་བསྒྱུར་མར་བ་ལྟ་བུའི་བླ་མ་དང༌། མི་ལ་རས་པ་ལྟ་བུའི་སློབ་མ་ཞེས་ཀུན་ཀྱི་ཚད་མར་འཛིན་པ་མ་ཟད། ཀུན་ལ་རླུང་ལྟར་གྲགས་པ་ཡིན་ནོ།། ཁོང་གི་སློབ་མ་ལ་ཉི་མ་ལྟ་བུའི་རས་ཆུང་བ་རྡོ་རྗེ་གྲགས་པ། རྒྱུ་སྐར་ལྟ་བུའི་ངན་རྫོང་སྟོན་པ་བྱང་ཆུབ་རྒྱལ་བོ་སོགས་བགྲངས་གིས་མི་ལང་བ་བྱོན་ནོ།། མཐར་དགུང་ལོ་གྱ་བཞི་བ་སྤྱི་ལོ༡༡༢༣ལོར་སྐུ་གཤེགས།།  །།

 

༄༅།།གཡུ་ཐོག་ཡོན་ཏན་མགོན་པོ།

    ༄༅།།གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་ནི་སྔར་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་རིགས་ལས་མཆེད་པའི་གདུང་རབས་བཅུ་གསུམ་པ་ན། གཡས་རུ་གཙང་གི་དགེ་བཅུའི་དཔལ་འབྱོར་མཐའ་དག་མི་ཚང་བ་མེད་པའི་ཉང་སྟོད་རིག་པའི་འབྱུང་གནས་ཀྱི་ས་ཆ་སྒོ་བཞི་རེ་ཐང་དུ་ཡབ་ཁྱུང་པོ་རྡོ་རྗེ་དང་། ཡུམ་པདྨ་འོད་ལྡན་ཞེས་བྱ་བ་མཛངས་མའི་ཡོན་ཏན་བརྒྱ་དང་ལྡན་པ་རྣམ་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ས་ཁྱི་(སྤྱི་ལོ་༡༡༡༨)ལོའི་ཟླ་བཞི་པའི་ཚེས་བརྒྱད་ཉིན་སྐུ་འཁྲུངས། སྐུ་ཆུང་ངུའི་དུས་ནས་བྱིས་པ་གཞན་དང་མི་འདྲ་བར་སྐྱེས་སྟོབས་ཀྱི་རྩལ་དང་ལྡན་ཞིང་། དགུང་ལོ་གསུམ་ལ་ཕེབས་སྐབས་བྱིས་པ་མང་པོ་འཛོམས་པའི་དབུས་སུ་རྩ་ཆུའི་བརྟག་པ་དང་ས་རྡོ་སྔོ་སོགས་ལ་སྨན་གྱི་ངོས་འཛིན་མཛད་པས་སྐྱེ་བོ་ཀུན་ཀྱང་ཧ་ལས་པར་གྱུར། དགུང་ལོ་བརྒྱད་ལ་ཕེབས་སྐབས་སྨན་དཔྱད་བསྐྱངས། དེ་ནས་དགུང་ལོ་བཅོ་བརྒྱད་ནས་བཟུང་རྒྱ་གར་དུ་སྔ་རྗེས་ཐེངས་དྲུག་ཙམ་བྱོན། ལོ་པཎ་མང་པོའི་ཞབས་ལ་གཏུགས་ནས་བཀའ་བསྟན་གཞུང་ལུགས་སྤྱི་དང་། ཁྱད་པར་དུ་གསོ་བ་རིག་པའི་དཀའ་གནད་མང་པོ་སེལ་བར་མཛད། གཡུ་ཐོག་ཆེན་པོས་སྐུ་ཚེ་ཧྲིལ་པོ་ནད་པའི་འགྲོ་དོན་རྒྱ་ཆེ་མཛད་ནས་སྤྲང་པོ་དང་ནད་ཀྱིས་མནར་བའི་ཉམ་ཐག་པ་རྣམས་ལ་ཟང་ཟིང་གི་དངོས་པོ་གང་ལ་གང་འདོད་དང་། ཁྱད་པར་དུ་སྨན་གྱི་སྦྱིན་པ་རྒྱ་ཆེན་མཛད། སྐུ་ཚེའི་སྨན་དུ་དཔལ་ལྡན་རྒྱུད་བཞི་འདི་ཉིད་གསོ་དཔྱད་གཞུང་ལུགས་ཀུན་གྱི་ཡང་རྩེར་གཟིགས་ནས་ཕྱི་རབས་ཀྱི་དོན་དུ་བཀའ་རྒྱ་བཀྲོལ་ཏེ་གངས་ཅན་སྐྱེ་བོ་ཀུ་གྱི་སྤྱི་ནོར་དུ་སྤེལ། སྐད་གསར་བཅད་ཀྱིས་གཏན་ལ་ཕབས་ནས་བུའི་དོན་དུ་གསེར་མཆན་དང་། སློབ་མའི་ངོར་ཟོང་མཆན་ཞེས་མང་ཉུང་གཉིས་བཀོད། དེ་མཚུངས་རྩ་རྒྱུད་ཀྱི་ལེའུ་གྲངས་དང་། བཤད་རྒྱུད་ཇ་དང་སྨན་ཟས་ལེའུ་སོགས་སུ་ཐེར་བུའི་བསྣན་ཁ་དང་བཅོས། ཕྱི་མ་རྒྱུད་དུ་སྨན་དཔྱད་ཟླ་བའི་རྒྱལ་པོའི་དགོངས་པ་རྩ་ཆུའི་བརྟག་པ་དང་། མ་བུ་དགྲ་གྲོགས།ཇ་དཀར་ཡོལ་ལ་སོགས་དང་།མན་ངག་རྒྱུད་དུའང་དོན་གོང་མཚུངས་ཀྱི་བསྣན་ཁ་དང་ཞུས་ལེགས་པར་མཛད་། དེ་བཞིན་རྒྱུད་བཞིའི་འཆད་ཐབས་སུ་ཆ་ལག་བཅུ་གསུམ་མམ་བཅོ་བརྒྱད་དུ་གྲགས་པ་ཁོག་འབུབས་ཁྱུང་ཆེན་ལྡིང་བ་དང་། སྟོང་ཐུན་མཛེས་པའི་འཇའ་རིས།ས་བཅད་སྟག་མོའི་རྔམས་ཐབས།ཌྰིཀྐ་མུན་སེལ་སྒྲོན་མེ། འགྲེལ་པ་འབུམ་ནག་གསལ་སྒྲོན།རྩོད་བཟློག་གེགས་སེལ་འཁོར་ལོ། ལག་ལེན་སྨར་ཁྲིད་ཡིག་ཆུང་། མེད་ཐབས་མེད་པ་རྣམ་གསུམ། གབ་པ་བཅོ་བརྒྱད་སོགས་གསོ་རིག་བསྟན་བཅོས་མང་དུ་བརྩམས། ཁོང་གིས་གསོ་བ་རིག་པའི་གཞུང་ཆེན་དཔལ་ལྡན་རྒྱུད་བཞི་ཞེས་པ་དང་རྒྱུད་བཞི་ཐེམ་ཡིག་ཅེས་པ། རྒྱུད་ཀྱི་ཁ་སྐོང་ཞེས་པ་སོགས་པོ་ཏི་སུམ་ཅུ་ལྷག་གི་གསུང་རྩོམ་ཡང་མཛད། སྨན་པའི་ཆེད་ལས་ཀྱི་རིམ་པ་སྨན་པ་རབ་འབྱམས་པ་དང་དཀའ་བཅུ་བ། བསྡུས་ར་བའི་མཚན་རྟགས་ཀྱི་སྲོལ་ཡང་བཏོན། སྐུ་ཚེ་གང་བོར་གསོ་རིག་བསྟན་དོན་ཁོ་ན་མཛད་དེ་དགུང་ལོ་བརྒྱ་དང་ཉེར་ལྔ་བ་སྤྱི་ལོ་༨༥༤ལོར་གཤེགས། ཁོང་ལ་གདུང་རྒྱུད་བཙུན་པའི་སྲས་འབུམ་སེང་དང་དཔལ་འབུམ། དགའ་དགའ་གསུམ་འཁྲུངས། ཀོང་བ་བདེ་རྒྱལ་སོགས་སློབ་མའི་ཚོགས་ཀྱིས་བོད་ཡུལ་གང་བར་བསྐྲུན་ཏོ།།   །།

 

༄༅།།གྲུབ་ཆེན་ཐང་སྟོང་རྒྱལ་པོ།

     ༄༅།།བོད་ཀྱི་ལོ་རྒྱུས་ཐོག་སྙན་གྲགས་ཆེ་བའི་ཐང་སྟོང་རྒྱལ་པོ་ནི་སྤྱི་ལོ༡༣༦༡ལོར་དེང་སང་ལྟར་ན་ལྷ་སའི་ངམ་རིང་རྫོང་མདོ་སྤེལ་ཤང་གི་ཁོངས་སུ་རུས་མི་ཉག་ལས་ཆད་པ་ལྡོང་གི་རྒྱུད་པ་ཡབ་རྡོ་རྗེ་རྒྱལ་མཚན་དང་ཡུམ་རྒྱ་གར་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་དགོན་པ་བྱང་སྡིངས་ནང་སློབ་གཉེར་མཛད་པ་དང་རབ་ཏུ་བྱུང་རྗེས་མུ་མཐུད་ནས་ཐུན་མོང་དང་ཐུན་མིན་གྱི་རིག་པའི་གནས་ལ་འབད་པ་མཛད་ཀྱིན་བལ་པོ་དང་རྒྱ་གར་གྱི་གདན་ས་མང་པོར་ཕེབས། ཐེངས་གཅིག་ལ་ལྷ་སར་ཕེབས་པའི་ལམ་བར་དུ་ལྷ་གདོང་ཤན་ཁར་གྲུ་དཔོན་ལ་གླ་ཆ་སྟེར་རྒྱུ་མེད་པས་དཀའ་ངལ་འཕྲད་པ་ནས་བཟུང་། ཉམ་ཐག་པའི་མི་མང་པོས་རང་དང་འདྲ་བའི་དཀའ་སྡུག་མྱོང་དགོས་པ་ལ་ཐུགས་ཀྱིས་མ་བཟོད་དེ་ལྕགས་ཟམ་འཛུགས་རྒྱུའི་དམ་བཅའ་བཞག དེ་ནས་ཀོང་པོ་སོགས་ས་ཆ་སོ་སོ་ལ་ལྕགས་སློང་དུ་ཕེབས་ཏེ་སྦྱིན་བདག་མང་པོས་གནང་བ་དང་རང་གིས་གཏེར་ལས་བཏོན་པའི་ལྕགས་རྣམས་མགར་ཏེ་ལྕགས་གུག་རྐང་བུ་དང་ལྕགས་ཕུར་མང་པོ་གྲ་སྒྲིག་བྱས་རྗེས་དགུང་ལོ་བདུན་ཅུའི་ཐོག་ལ་ལྷ་གདོང་ཤན་ཁར་ལྕགས་ཟམ་ལེགས་གྲུབ་བྱུང་། དེ་ནས་བཟུང་གྲུབ་ཐོབ་ལྕགས་ཟམ་པ་ཞེས་སྙན་གྲགས་ཁྱབ། ཡིག་ཆ་ནང་བཀོད་པ་ལྟར་ན། དམ་པ་ཁོང་གིས་འཛུགས་སྐྲུན་གནང་བའི་ལྕགས་ཟམ་ལ་ཁག་གསུམ་དབྱེ་ཆོག་སྟེ་ཐད་ཀར་ཇུས་འདོན་སྣེ་ཁྲིད་ཀྱིས་བསྐྲུན་པ་ལྷ་ས་སྐྱིད་ཆུའི་ལྕགས་ཟམ་ལྟ་བུ་དང་། ཇུས་འགོད་དང་གཞི་འདིང་བ། ལྕགས་ཐག་འཐེན་པ་སོགས་འགག་རྩའི་གནས་སྐབས་སུ་རང་ཉིད་སྐུ་དངོས་ཞུགས་ཤིང་། བར་གྱི་བྱ་བ་རྣམས་སློབ་མ་རྣམས་ལ་སྒྲུབ་ཏུ་བཅུག་པ་ཆུ་བོ་རིའི་ལྕགས་ཟམ་ལྟ་བུ། བུ་སློབ་རྣམས་མངགས་ནས་བསྐྲུན་པ་ཡར་ལུང་ཉ་མགོ་གྲུ་ཁའི་ལྕགས་ཟམ་ལྟ་བུའོ། ཁོང་གིས་དབུས་གཙང་ཁམས་གསུམ་ལ་བཞེངས་པའི་ལྕགས་ཟམ༥༨དང་ཤིང་ཟམ༦༠ཡོད་ཅེས་གྲགས། ཟམ་པ་འཛུགས་པ་ལ་མཐུན་རྐྱེན་བསྒྲུབ་པའི་ཆེད་དུ་ལྷ་མོའི་ཟློས་གར་གསར་གཏོད་གནང་སྟེ་སློང་མོ་བྱས་པ་དེ་ལ་དེང་སང་ཨ་ཅེ་ལྷ་མོ་ཞེས་ཀུན་གྱི་ངག་ལ་རླུང་ལྟར་གྲགས། 
   
ཐང་སྟོང་རྒྱལ་པོ་ཞེས་པ་ནི། ཁྱབ་གདལ་ཆེན་པོའི་ཐང་ཆེན་ན། སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ། འཇིག་རྟེན་རྒྱལ་པོ་ལྟ་བུར་བཞུགས། དེ་ཕྱིར་ཐང་སྟོང་རྒྱལ་པོ་ཐོབ། ཅེས་པ་ལྟར་དམ་པ་ཁོང་ནི་གནས་མཆོག་ཀུན་ཏུ་རྒྱུ་བའི་རྣལ་འབྱོར་པ་ཞིག་ལགས་པས་མདོ་དབུས་ཁམས་གསུམ་བཅས་ས་ཆ་མང་པོར་ཕེབས་ཏེ་འགྲོ་དོན་མཛད་མྱོང་བར་གྲགས། འགྱུར་མེད་བདེ་ཆེན་གྱིས་བརྩམས་པའི་ཐང་རྒྱལ་རྣམ་ཐར་ནང་གསལ་བ་ལྟར་ན། ཐང་སྟོང་རྒྱལ་པོ་མདོ་ཁམས་ཀྱི་ཡུལ་ལ་བྱོན་ཏེ་རྫ་ཆུ་དང་འབྲི་ཆུ། ཉག་ཆུ་ལ་ལྕགས་ཟམ་བཙུགས་པ་དང་། ལི་ཐང་དང་སྡེ་དགེའི་ཕྱོགས་ལ་སྐུ་གསུང་ཐུགས་རྟེན་བཞེངས་པ་ལས་སྡེ་དགེ་ལྷུན་གྲུབ་སྟེང་གི་སྲིབ་དགོན་ཐང་སྟོང་ལྷ་ཁང་སྐབས་དེ་དུས་བཞེངས་པར་གྲགས། དེ་དུས་ཁོང་དགུང་ལོ་གྱ་དྲུག་ལ་སོན་པ་རེད་ཅེས་ཟེར། དེ་ནས་དར་རྩེ་མདོ་ལ་ཕེབས་དུས་མི་བཅུས་མི་གཅིག་རུབ་ནས་གསོད་རྩིས་བྱེད་པ་དང་འཕྲད། དམ་པ་ཁོང་གིས་རྫུ་འཕྲུལ་གྱིས་མི་བཅུ་པོའི་ལག་ནང་གི་མཚོན་ཆ་ཤོར་བར་བྱས་ཏེ་གསོད་ལ་རན་པའི་མི་དེའི་སྲོག་བསྐྱབས་པས་མི་རྣམས་ལ་དད་པ་སྐྱེས་ཏེ་དར་མདོ་ལ་ས་གཡོ་མི་ཡོང་བའི་རྟེན་འབྲེལ་མཛད་དགོས་ཞུས་པ་ལ་ཁོང་གིས་ས་གནས་འདིར་བྱང་ཆུབ་མཆོད་རྟེན་བཞེངས་པའི་ས་ཆོག་དང་ཞལ་བཀོད་མཛད་རྗེས་ཁོ་རང་རི་བོ་རྩེ་ལྔ་ལ་ཕེབས། རི་བོ་རྩེ་ལྔ་ལ་མཆོད་མཇལ་ཚར་རྗེས་ཕྱིར་དར་རྩེ་མདོ་ལ་ལོག་སྟེ་བྱང་ཆུབ་མཆོད་རྟེན་བཞེངས་གྲུབ་འདུག་པ་ལ་རབ་གནས་མཛད། མཆོད་རྟེན་དེ་ནི་ད་ལྟ་ཡང་མདོ་གྲོང་གི་དར་ཆུ་དང་རྩེ་ཆུ་གཉིས་འདུས་མཚམས་ལ་ཡོད། ཀུན་གྱིས་དབལ་གསས་སྐྱབས་པའི་མཆོད་རྟེན་ཞེས་འབོད། སྐབས་དེར་དར་རྩེ་མདོ་པ་ཚོས་གསེར་དངུལ་གྱི་འབུལ་བ་མང་པོ་ཕུལ། མི་ཉག་ཕྱོགས་ལ་ནོར་རྫས་མང་པོ་བརྐུས་པའི་རྐུན་མ་གསུམ་བདག་པོས་རྩད་ཆོད་དེ་སྲོག་ལ་ཐུག་གྲབས་བྱེད་སྐབས། རྐུན་མ་གསུམ་པོས་གྲུབ་ཐོབ་ཆེན་པོ་བཞུགས་ཕྱོགས་ཀྱི་རྩིག་པ་ལ་ཁ་སྦྱར་ནས་གསོལ་བ་བཏབ་པ་དམ་པ་ཁོང་གིས་མཁྱེན་པས་རྫུ་འཕྲུལ་གྱིས་རྐུན་མ་གསུམ་པོ་རང་གྲོལ་དུ་བྱུང་། དེ་ནས་མི་ཉག་གི་ཡུལ་མཁར་གླིང་དུ་ཕེབས། མི་ཉག་པ་མང་པོས་མདའ་རྩེ་སོགས་རྩེད་མོ་སྣ་ཚོགས་ཀྱིས་གྲུབ་ཐོབ་ལྕགས་ཟམ་པ་ཕེབས་བྱུང་ཞེས་དགའ་བསུ་ཚད་མེད་བྱས། ཡུལ་དེ་ནའང་རལ་གྲི་ལ་མདུད་པ་བརྒྱབ་པ་སོགས་གྲུབ་རྟགས་བསྟན་པ་དང་། འཐབ་རྩོད་མང་བའི་མི་ཉག་གི་ཡུལ་སྡེ་མང་པོའི་ནང་དམེའི་འཁྲུག་པ་ཞི་བར་མཛད། དེ་ནས་ཡར་ཁམས་རི་བོ་ཆེ་ལ་ཕེབས་པ་རེད། ཚུལ་དེ་ལ་བལྟས་ན། ཐང་སྟོང་རྒྱལ་པོ་ཁམས་མི་ཉག་ཕྱོགས་ལ་ངེས་པར་དུ་ཕེབས་མྱོང་ལ་ཕེབས་དུས་ཀྱང་དགུང་ལོ་བརྒྱད་ཅུ་ལྷག་ཙམ་ཡིན་དགོས་ཏེ། རྒྱུ་མཚན་ནི་དམ་པས་ལྷ་གདོང་ཤན་ཁར་ཐོག་མར་ལྕགས་ཟམ་བཞེངས་དུས་ནི་དགུང་ལོ་བདུན་ཅུ་ཡིན་ལ། ཁམས་སྡེ་གེར་ཕེབས་དུས་ནི་དགུང་ལོ་གྱ་དྲུག་ལ་སོན་ཞེས་ཟེར་སྲོལ་ཡོད་པས་སོ། དེས་ན་མི་ཉག་ལྕགས་ཟམ་ཁ་ལ་སྤྱི་ལོ༡༤༠༠ཡས་མས་ལ་བཞེངས་པ་རེད་ཅེས་པ་ནི་ནོར་ཏེ། འགྱུར་བདེ་ཆེན་གྱིས་རྣམ་ཐར་དུ་དམ་པ་འཁྲུངས་དུས་ནི་རབ་བྱུང་དྲུག་པའི་ལྕགས་མོ་གླང་གི་ལོ་སྟེ་སྤྱི་ལོ༡༣༦༡གསུངས་པ་ལྟར་ན་དགུང་ལོ༢༩ལ་མི་ཉག་ཏུ་ཕེབས་དགོས་པ་དང་། མཁས་པ་ལ་ལ་ཡིས་སྤྱི་ལོ༡༣༨༥ལོར་འཁྲུངས་པར་འདོད་པ་ལྟར་བརྩིས་ནའང་དུས་ཚོད་སྔ་ཕྱི་དང་མི་མཐུན་ནོ།  ལ་ལས་དགུང་ལོ་དེ་འདྲ་མཐོན་པོའི་དུས་སུ་གཞི་ནས་མི་ཉག་ཕྱོགས་སུ་ཕེབས་ཏེ་ཟམ་པ་བཙུགས་པར་དོགས་པ་ཟ་སྲིད་མོད། དམ་པ་ཁོང་ནི་གྲུབ་ཐོབ་ཆེན་པོ་ཞིག་ཡིན་པ་དང་དགུང་ལོ་བརྒྱ་དང་ཉེར་ལྔ་བར་དུ་བཞུགས་ཏེ་རབ་བྱུང་བརྒྱད་པའི་ཤིང་མོ་སྦྲུལ་ལོ༡༤༨༥ལ་ད་གཟོད་འདས་པས་དེ་ཡང་ཡོད་སྲིད་པ་ཞིག་རེད། རྣམ་ཐར་དེའི་ནང་ཐང་སྟོང་རྒྱལ་པོ་ཁམས་མི་ཉག་ཕྱོགས་སུ་ཕེབས་ཏེ་བོད་མི་རྣམས་ལ་ཆོས་འབྲེལ་མཛད་ཚུལ་ཙམ་ལས་ས་ཆ་གང་ལ་ཕེབས་ཚུལ་དང་ལྕགས་ཟམ་ཇི་ལྟར་འཛུགས་ཚུལ་བཤད་མེད་མོད། དམ་པ་ཞིག་གི་རྣམ་ཐར་ནང་སྤྱི་དང་བྱེ་དྲག་ཚང་མ་བྲིས་མི་སྲིད་པས་རྣམ་ཐར་ན་མེད་པས་མི་ཉག་ལྕགས་ཟམ་དེ་ཐང་སྟོང་རྒྱལ་པོས་བཙུགས་པ་མ་རེད་ཅེས་ཁ་ཚོན་གཅོད་མི་རུང་། དེ་མིན་མི་ཉག་ཕྱོགས་ཀྱི་དམངས་ཁྲོད་དུའང་ཐང་སྟོང་རྒྱལ་པོའི་སྐོར་གྱི་ངག་རྒྱུན་མང་པོ་ཡོད།།  །།

 

༄༅།།ལོ་ཆེན་བཻ་རོ་ཙཱ་ན།

     ༄༅།།བོད་སད་མི་བདུན་གྱི་ཡ་གྱལ་ལོ་ཆེན་བཻ་རོ་ཙཱ་ན་ནི་དུས་རབས་བརྒྱད་པའི་ནང་ལ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་གཙང་སྙེ་མོ་གན་ཇག་བ་གོར་རམ་རྡོ་རྗེ་རྒྱལ་པོ་ཞེས་པའི་སྲས་སུ་འཁྲུངས། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་བོད་ཀྱི་རབ་བྱུང་ཐོག་མར་སྒྲུབ་པ་དང་། སྐུ་ན་ཕྲ་དུས་སུ་བློ་རིག་རྣོ་ཞིང་མངོན་རྟགས་གང་མང་ཐོབ་པས། སློབ་དཔོན་རིན་པོ་ཆེས་ཞལ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ལ་ཞུས་ཏེ། རབ་ཏུ་བྱུང་ཞིང་བསམ་ཡས་གཙུག་ལག་ཁང་དུ་ཕེབས། བོད་གྱི་ཆེས་སྔ་མོར་རབ་ཏུ་བྱུང་བའི་སད་མི་བདུན་གྱི་ཡ་གྱལ་ཡིན་པ་མ་ཟད། བོད་ཀྱི་ལོ་རྒྱུས་ཐོགཏུ་མཁས་མཛངས་ལྡན་པའི་ནང་བསྟན་ལོ་ཆེན་ཞིག་ཀྱང་ཡིན་པས། ཁོང་ནི་མཁན་ཆེན་བོ་ངྷི་ས་ཏྭས་སྐུ་མདུན་ནས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅོ་ལྔའི་སྟེང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱ་གར་དུ་མངགས་ནས་དཀའ་བ་འབུམ་ཕྲག་སྤྱད། ཁོང་གིས༼རིག་པ་དྲུག་ཅུ་པའི་མདོར་བཤད༽དང་། ༼སྣང་མཐའི་མཚན་བརྗོད༽སོགས་རྒྱ་དཔེ་གྲངས་ལས་འདས་པ་བོད་ཡིག་ཏུ་བསྒྱུར། བོད་བརྒྱུད་ནང་བསྟན་གྱི་ཆོས་གཞུང་ལ་ཕྱག་རྗེས་བླ་ན་མ་མཆིས་པ་མཛད། ༼བཻ་རོ་ཙཱ་ནའི་རྟོགས་བརྗོད༽ཞེས་བྱ་བ་གཏེར་དུ་སྤས། གྲུབ་པ་ཐོབ་པའི་བུ་སློབ་དྲུག་ཅུ་ལྷག་ཙམ་བྱོན་ནས་བོད་ཀྱི་བསྟན་བཅོས་ལོ་ཙཱའི་ཕྱོགས་སུ་འོད་སྟོང་འབར་བའི་ཕྱག་རྗེས་མཛད་པ་དང་བཅས་སོ།། །།

 

༄༅།།མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་མདོར་བསྡུས།

    ༄༅།།མ་ཅིག་ལབ་སྒྲོན་ནི་བོད་རབ་བྱུང་དང་པོའི་ལྕགས་མོ་ལུག་སྤྱི་ལོ་1031གི་བོད་ཟླ་3པའི་ཚེས་5ལ་བོད་ལྗོངས་མཚོ་སྨད་ཁུལ་གྱི་ལབ་ཕྱི་ངམ་ཤོད་བྱ་བར་འཁྲུངས་ཤིང་། ཡབ་ནི་ཆོས་ཀྱི་ཟླ་བ་བྱ་བ་ལབ་ཕྱི་ངམ་ཤོད་ཀྱི་གྲོང་ཁྱེར་མཚོ་མེར་གྱི་རྗེ་བོ། གྲོང་ཚོ་གྲོང་བ་500ཙམ་ལ་དབར་སྒྱུར་བ་ཞིག་དང་། ཡུམ་ནི་འབུམ་ལྕམ་ཞུ་བ་ཡུལ་དེའི་ཕྱུག་པོ་ཚང་གི་བུ་མོ་ཞིག་གོ། དགུང་ལོ་3ལ་སོན་དུས་ནས་ཡིག་དྲུག་འདྲེན་པ་དང་ལྷ་བླ་མར་ཕྱག་ཕུལ་བའི་ལས་ལ་བྲེལ། དགུང་ལོ་5རུ་སོན་དུས། ཡུམ་གྱིས་ཁོང་རང་གི་མཆོད་གནས་མདུན་དུ་མ་ཅིག་ཉིད་ཡི་གེ་སློབ་ཏུ་བཅུག མ་ཅིག་རིག་པ་ཤིན་ཏུ་སྐྱེན་པས་ཤེས་བྱ་ཀུན་བརྡ་བསྟན་པ་ཙམ་གྱིས་བྱང་བར་གྱུར་ཏེ། དགུང་ལོ་8་ལ་ཕེབས་དུས་ཡི་གེར་ཤིན་ཏུ་མཁས་ཤིང་། ཉིན་རེར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ཚར་གཉིས་རེ་ཀློག་ནུས་པར་གྲགས།  

    མ་ཅིག་འདི་ཉིད་གཞུང་ཆེན་བློ་འཛིན་མྱུར་ལ་གོ་བར་དེ་བས་བྱང་བས་མཆོད་གནས་ཀྱིས་ཁོང་ཉིད་མཁའ་འགྲོ་མའི་སྤྲུལ་པར་ངེས་ལ། འདིའི་ཤེས་རབ་ནི་ནགས་ཆེན་པོ་ལ་མེ་མཆེད་པ་བཞིན་འབར་བདོ། ཤེས་རབ་སྒྲོན་མེ་ཞེས་མིང་ཐོགས་ཤིག་ཅེས་སྨྲས་པས། དེ་ནས་བཟུང་ཤེས་རབ་སྒྲོན་མེ་ཞེས་པ་ཁོ་མོའི་མཚན་དུ་གྱུར་ཅིང་། དེའི་འཕྲིན་ལས་ཀྱིས་མ་ཅིག་དང་། འཁྲུངས་ཡུལ་ལབ་དང་སྦྱར་ནས་མ་ཅིག་ལབ་ཀྱི་སྒྲོན་མེར་ཐོགས་སོ།།   

    མ་ཅིག་ལབ་སྒྲོན་དགུང་ལོ་13ལ་ཕེབས་དུས། གཟུགས་དང་གྲིབ་མ་བཞིན་ཉིན་མཚན་འབྲལ་མེད་ཀྱིས་འགྲོགས་ལ་དགའ་བདེ་དཔག་མེད་སྦྱིན་མྱོང་བའི་མ་དྲིན་མོ་ཆེ་དེ་ཚེ་ཡི་འདུ་བྱེད་སྟོང་ཞིང་། དེ་ནས་ཀྱང་ཁོང་ཉིད་དགུང་ལོ་16ལ་སོན་དུས། ལབ་ཕྱི་བ་ཀུན་གྱིས་གཙུག་ཏུ་བཀུར་བའི་ཡབ་ཆེན་ཆོས་ཀྱི་ཟླ་བའང་འདས་པས། འཇིག་རྟེན་གྱི་བྱ་བར་ཀུན་ཏུ་རྨོངས་པའི་མ་ཅིག་འདི་ཉིད་ཕ་མེད་མ་མེད་ཀྱི་དྭ་ཕྲུག་ཏུ་གྱུར་ཏེ་དར་ཅིག་སྡུག་བསྔལ་གྱི་ཀློང་དུ་ཚུད། མ་ཅིག་ཉིད་གཅེན་མོ་སྟོན་མཚོ་རིན་ཆེན་འབུམ་དང་སྦྲགས་ནས་དགེ་བཤེས་ཨ་སྟོན་གྱི་དྲུང་དུ་ལོ་གསུམ་རིང་སྟོན་པའི་ཕ་རོལ་ཏུ་ཕྱིན་པ་ས་བཅུ་ལམ་ལྔའི་ཚུལ་ནས་སྦྱངས། གཞུང་དོན་གྱི་གོ་བར་ཡར་རྒྱས་ཆེས་ཆེར་བྱུང་བས་བླ་མ་ཕུད་གཞན་དགེ་བཤེས་སུས་ཀྱང་དོ་མ་ཟློ་བས། བླ་མ་ཉིད་ནས་ཀྱང་མུ་མཐུད་ཁྲིད་པའི་སྤོབས་པ་མེད་པ་ལྟ་བུར་གྱུར་ཏེ་གྲྭ་ཐང་དུ་བཞུགས་པའི་གྲྭ་པ་མངོན་ཤེས་ཅན་བླ་མར་བསྟེན་ན་འཐད་པར་གསུངས། 

    དེ་ནས་བུ་མོ་སྤུན་གཉིས་བླ་མའི་བཀའ་མངགས་བཞིན་གྲྭ་ཐང་ལ་ཕེབས་ནས་གྲྭ་པ་མངོན་ཤེས་ཅན་གྱི་སྐུ་མདུན་དུ་ཆོས་ཞུས། མི་རིང་བར་གཅེན་མོ་སྟོན་མཚོ་རིན་ཆེན་འབུམ་མ་ཅིག་དང་ཞལ་གྱེས་ནས་རི་ཁྲོད་དུ་སྒྲུབ་པར་ཕེབས་ཤིང་། སྒྲུབ་པ་ལོ་གསུམ་ལོན་རྗེས་མཁའ་སྤྱོད་དུ་གཤེགས་སོ།། དེ་ལྟ་བུའི་གཅིག་རྗེས་གཉིས་མཐུད་ཀྱི་ཕ་སྤུན་འཆི་བྲལ་བརྒྱུད་མ་ཅིག་ལབ་སྒྲོན་ལ་སྡུག་བསྔལ་དཔག་དུ་མེད་པ་སྤྲད་ལ། དེ་ལས་ཀྱང་ངེས་འབྱུང་དྲག་ཏུ་བྱུང་སྟེ་དམ་ཆོས་ལ་དམིགས་ཕུག་པའི་བརྩོན་འགྲུས་སྟོབས་བསྐྱེད་བྱུང་། གྲྭ་པ་མངོན་ཤེས་ཅན་གྱིས་མ་ཅིག་འདི་ཉིད་སྣོད་ལྡན་དུ་གཟིགས་ནས་འབུམ་དང་། ཉི་ཁྲི། བརྒྱད་སྟོང་སོགས་ཀྱི་མདོ་དོན་ཟབ་ཁྲིད་གནང་བས། འབུམ་གྱི་འགྲེལ་ཆེན་དང་། ཉི་ཁྲིའི་འགྲེལ་ཆུང་སོགས་ལེགས་པར་རྟོགས་ཏེ། རྟོགས་པ་ཁྱད་པར་ཅན་རྒྱུད་ལ་འཁྲུངས། དེ་ནས་བླ་མ་གྲྭ་པའི་བཀའ་མངགས་བཞིན་གྲྭ་ཐང་དུ་བླ་མའི་བླ་མཆོད་དུ་ལོ་བཞིར་བཞུགས། དེའི་རིང་དུ་རྒྱ་གར་ནས་ཕེབས་པའི་རྣལ་འབྱོར་བ་དམ་པ་སངས་རྒྱས་དང་མཇལ་ཞིང་། དམ་པ་སངས་རྒྱས་ཀྱིས་མ་ཅིག་ལ་འགྲོ་དོན་མཛད་ཚུལ་སྐོར་གྱི་གདམས་པ་གནང་སྟེ། བུ་མོ་ཁྱོད་མཚང་ཡུལ་ནས་ཐོན། མི་ཕོད་པ་རྫིས། མི་ནུས་པ་བསྒྱུར། འཁྲི་བ་ཆོད། ཞེན་པ་ཐོངས། གཉན་ས་འགྲིམས། སེམས་ནམ་མཁའ་ལྟར་ཤེས་པར་གྱིས་ལ། གཉན་ཁྲོད་སངས་རྒྱས་རིང་ལ་འཚོལ་དང་། ཁྱོད་ཀྱི་བསྟན་པ་མཁའ་ལ་ཉི་མ་ཤར་བ་བཞིན་དུ་འོངས་བ་ཡིན་ཞེས་གསུངས།  

    སྐབས་དེར་ཕྱི་སྡེ་སྣོད་གསུམ་ལ་བྱང་ལ། ནང་རྒྱུད་སྡེ་བཞི་ལ་མཁས་ཤིང་། འཇིག་རྟེན་ཆོས་བརྒྱད་རིང་དུ་སྤངས་ཏེ་ཕྱོགས་མེད་རི་ཁྲོད་འགྲིམས་ལ་རེམས་པའི་བླ་མ་དམ་པ་སྐྱོ་སྟོན་པ་བསོད་ནམས་གྲགས་པ་ཞུ་བ་དེ་གྲྭ་ཐང་དུ་ཕེབས་པར་ཁོ་མོ་མཇལ་བའི་བསྐལ་བཟང་ཐོབ། སྐྱོ་སྟོན་པ་བསོད་ནམས་བླ་མས་ཆོས་ཐམས་ཅད་ཀྱི་དོན་ཇི་ལྟ་བ་བཞིན་ལེགས་པར་རྟོགས་ཏེ། བདག་འཛིན་གྱི་མུན་པ་ཇི་ལྟར་འཇོམས་པའི་སྐོར་གྱི་གདམས་ངག་གོ་ཆོད་གནང་བ་རྣམས་མ་ཅིག་གིས་བློ་ལ་བཟུང་ཞིང་། གཞུང་དོན་བློ་འཛིན་དང་དོན་ལ་སེམས་པ་ཟུང་དུ་འབྲེལ་བ་བརྒྱུད། སྔར་མེད་ཀྱི་རྟོགས་པ་ཁྱད་པར་བ་རྒྱུད་ལ་འཁྲུངས་ཏེ། བློའི་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་བདག་འཛིན་གྱི་མདུད་པ་ལྷུག་པར་གྲོལ་ནས། བདག་མེད་རྟོགས་པའི་ཤེས་རབ་མཁའ་ལ་ཉི་མ་ཤར་བ་བཞིན་བྱུང་ངོ་།།

    མ་ཅིག་ལབ་སྒྲོན་དགུང་ལོ་20ལ་སོན་དུས། ཉིད་ཀྱི་མིང་པོ་ཤཱཀྱ་རྒྱལ་མཚན་ནས་གནང་བའི་ནས་ཁལ་13གྱི་དབང་ཡོན་དང་བཅས་སྐྱོ་སྟོན་པ་བསོད་ནམས་བླ་མའི་དྲུང་དུ་དམ་པ་སངས་རྒྱས་ནས་བརྒྱུད་པའི་ནམ་མཁའ་སྒོ་འབྱེད་དང་སྒྱུ་འཕྲུལ་ཆེན་མོའི་དབང་སོགས་བྱིན་རླབས་ཤིན་ཏུ་ཆེ་བའི་དབང་སྣ་ཚོགས་ཐོབ། བྱིན་ཅན་གྱི་དབང་དག་ཐོབ་པ་ལས་སྒོ་གསུམ་གྱི་ཡེ་ཤེས་ཡོངས་སུ་བབས་ཏེ་གྱང་ལོགས་སུ་ཟང་ཐལ་དུ་འགྲོ་བ་སོགས་ཀྱི་མཐུ་དང་རྫུ་འཕྲུལ་སྟོབས་པོ་ཅན་དུ་གྱུར་བར་གྲགས།  

    དེ་ནས་མ་ཅིག་ལབ་སྒྲོན་གྱིས་རིམ་པ་བཞིན་བླ་མ་ཞྭ་དམར་བ་ལསབམས་ཆོས་སྡེ་ལྔ་གསན། བླ་མ་སྦས་སྟོན་པ་ལསབཀའ་རྫོགས་པ་ཆེན་མོགསན། བླ་མ་ཡར་ཏིང་པ་ལསཕྱག་རྒྱ་ཆེན་མོའི་བརྡའ་ཆོསདང་།ན་རོ་ཆོས་དྲུག》《དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག》《དོ་ཧ་སྐོར་གསུམསོགས་ཀྱི་སྐོར་ལ་ཐོས་བསམ་མང་དུ་མཛད།   

    དེ་རྗེས་མ་ཅིག་གྲྭ་ཐང་དུ་ཕེབས་ཏེ་དམ་པ་སངས་རྒྱས་དང་མཇལ། དམ་པ་སངས་རྒྱས་ཀྱིས་མ་ཅིག་དང་ཇོ་མོ་མཁར་སྒོམ། ཇོ་མོ་ཆོས་མཚོ་གསུམ་ལཏིང་ངེ་འཛིན་གྱི་དབང་བཞིསོགས་གནང་།  ལྷག་པར་དུ་མ་ཅིག་ལའཕོ་བ་གྲོང་འཇུག་གི་གདམས་པ》《གཅོད་གྲོལ་ཚོགས་དྲུག》《འཕྲུལ་གཅོད་བཀའ་རྒྱ་མ》《དུར་ཁྲོད་ཆེན་བོའི་དམིགས་པ》《ཨུཏྥལའི་བརྡའ་ཆོསསོགས་གཅོད་ལུགས་ཀྱི་བྱིན་ཅན་གདམས་པ་ལྷག་ལུས་མེད་པ་སྦྱིན།   

    མ་ཅིག་དགུང་ལོ་23ལ་ཕེབས་དུས་གྲྭ་པ་མངོན་ཤེས་ཅན་གྱི་བཀའ་མངགས་བཞིན་དབྱེ་ཆུང་དུ་མཆོད་གནས་སུ་ཕེབས། ལམ་བར་ཤེལ་གྲོང་དུ་སླེབས་སྐབས་བླ་མ་ཤེས་རབ་འབུམ་གྱི་སློབ་བུ་མང་དུ་ཚོགས་པ་ཚོས་མཚན་ཉིད་རྩོད་པའི་རེ་འདོད་སྐོང་སླད། དེ་ནང་གི་དགེ་བཤེས་དྲག་པ་བདུན་དང་རྩོད་མཐར་ཀུན་གྱིས་གླགས་མི་རྙེད་པར་མི་ཕྱེད་པའི་དད་པ་ཐོབ། དེ་ནས་དབྱེ་ཆུང་དུ་རྒྱ་གར་གྱི་པཎྜིཏ་ཐོད་པ་བྷ་དྲ་དང་མཇལ་ཏེ། དེ་དང་ཁྱིམ་ཟིན་ཞིང་སྔ་ཕྱིར་སྲས་གཉིས་དང་སྲས་མོ་གཅིག་བལྟམས།   

    བོད་རབ་བྱུང་དང་པོའི་མེ་ཕོ་རྟ་སྤྱི་ལོ་1066ལོར་མ་ཅིག་དགུང་ལོ་35རུ་སོན་དུས། འཁོར་བར་ངེས་འབྱུང་དྲག་ཏུ་སྐྱེས་པས་བུ་སྲིང་དང་བྲལ་ཏེ་བསོད་ནམས་བླ་མ་དང་གྲྭ་པ་མངོན་ཤེས་ཅན་རྣམ་གཉིས་ཀྱི་སྐུ་མདུན་དུ་བཅར། བླ་མ་གྲྭ་པ་ལས་སེམས་བསྐྱེད་ཀྱི་ཆོ་ག་འབོག་པར་མ་ཟད་དགེ་བསྙེན་གྱི་སྡོམ་པའང་འབོག་སྟེ་དགེ་བསྙེན་མ་ཞིག་ཏུ་བྱས། དེ་ནས་དིང་རིར་ཕེབས་ཏེ་དམ་པ་སངས་རྒྱས་དང་མཇལ། བཀའ་རྒྱུད་བླ་མའི་བྱིན་རླབས་ཀྱི་དབང་དང་ཐུན་མིན་གྱི་གདམས་པ། དབུ་མའི་ལམ་དུ་ཞུགས་པའི་དོན་ཁྱད་པར་ཅན་སོགས་མང་དུ་གསན།   

    མ་ཅིག་དགུང་ལོ37ལ་སོན་དུས། དམ་པ་སངས་རྒྱས་སོགས་བླ་མ་རྣམ་གསུམ་གྱི་ལུང་བསྟན་དང་བཀའ་མངགས་བཞིན་ཟངས་རི་མཁར་དམར་དུ་ཕེབས་ཤིང་། དེ་ནས་བཟུང་གནས་དེ་ཁོ་ན་གདུལ་བ་སྐྱོང་བའི་རྟེན་གཞིར་བྱས། སློབ་མའི་ཚོགས་ནི་ནམ་མཁའི་སྤྲིན་གྱི་འདུ་འགོད་བཞིན་ས་དེར་ཚོགས་ལ། མ་ཅིག་གིས་ཀྱང་སྐལ་ལྡན་སྐྱོང་ཞིང་དམ་ཆོས་སྤེལ་རྒྱུ་འགན་འཁྲི་ཉག་ཅིག་ཏུ་བཟུང་། དེ་ནས་དགུང་ལོ40ལ་སོན་དུས། མོས་ལོ་མང་རྟོགས་པ་རྒྱུད་ལ་འཁྲུངས་པའི་དམ་ཆོས་སྙིང་པོ་དང་ཐུན་མིན་གྱི་གསང་སྔགས་སྒྲུབ་ཐབས་གཉིས་ཟུང་དུ་འབྲེལ་ནས་བོད་བརྒྱུད་ནང་བསྟན་ལོ་རྒྱུས་ཐོག་སྙན་པའི་གྲགས་པ་རྒྱ་ཆེར་ཁྱབ་པའི་གཅོད་ཡུལ་པབྱ་བའི་གྲུབ་མཐའི་སྲོལ་ཕྱེ་སྟེ། ཁོང་ཉིད་ཀྱི་སྙན་གྲགས་ཀྱང་མདོ་དབུས་ཁམས་གསུམ་ཀུན་ཏུ་རླུང་ལྟར་གྲགས། ཁོང་གི་སྙན་གྲགས་ལ་དད་ཅིང་མོས་ཏེ་ཉ་མར་ཞུགས་པ་གྲངས་མེད་ལ། མ་རངས་པར་རྩོད་པ་གཏུགས་པར་ཡོང་བའང་སྔ་ཕྱིར་བྱུང་སྟེ། ཤོལ་པོ་ལོ་ཙྪ་བ་དཔོན་སློབ་18སྟོད་ལུང་པ་དཔོན་སློབ་35སོགས་ཟངས་རིར་ལྷགས་ཏེ་བརྩད་ཀྱང་དོ་ཟླ་མ་བྱུང་། དེ་ལྟ་བུའི་ནུས་རྩལ་ལ་ཀུན་མོས་ཏེ་སྟོང་སྡེ་ངག་གི་དབང་ཕྱུག་དང་། གྲོལ་སྡེ་རྒྱལ་བའི་འབྱུང་གནས་སོགས་སྡེ་སྣོད་གསུམ་ལ་མཁས་པའང་ཆོས་ཞུ་བར་ཕེབས། གཞན་གྲུབ་ཐོབ་ཆེན་པོ་ཕམ་ཏིང་པའི་ཆོས་ཀྱི་དྲི་བ་ཅི་རིགས་ལའང་མ་ཅིག་གིས་ཐོགས་འཕྱུག་མེད་པའི་ལན་མཛད་པས་བླ་མ་ཤིན་ཏུ་མོས་ཤིང་གུས་ཕྱག་ཕུལ། དེ་ནས་མ་ཅིག་གིས་བླ་མ་ཕམ་ཏིང་པའི་སྐུ་མདུན་ནསམངོན་པའིབཤད་པ་དང་།ཕྱག་རྒྱ་ཆེན་མོ་སྙན་བརྒྱུད་དྲི་མེད་མེ་ལོང་སོགས་གསན། གནས་སྐབས་དེར་མ་ཅིག་ལབ་སྒྲོན་གྱི་སྙན་པའི་གྲགས་པ་སྲིད་གསུམ་དུ་ཁྱབ་ཅིང་། ཀུན་གྱིས་མ་ལབ་སྒྲོན་ལ་ཆོས་ཕྱག་རྒྱ་ཆེན་པོ་གཅོད་བྱ་བའི་ནད་རིགས་བཞི་བརྒྱ་རྩ་བཞི་དང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུས་མི་ཚུགས་པའི་གདམས་པ་ཁྱད་པར་ཅན་ཞིག་ཡོད་ཅིང་། འབྲས་བུ་སངས་རྒྱས་ཀྱི་ས་ལ་འགོད་པར་བྱེད་པའི་ཆོས་ཁྱད་པར་ཅན་ཡོད།ཅེས་པའི་སྙན་པ་གངས་ལྗོངས་ཀུན་ཏུ་འབྲུག་ལྟར་གྲགས་སོ།།   

     བོད་རབ་བྱུང་དང་པོའི་ཆུ་མོ་གླང་སྤྱི་ལོ་1073ལོར་མ་ཅིག་དགུང་ལོ་42ལ་སོན་དུས། མ་ཅིག་གི་སྲས་ཆུང་བར་གྲུབ་ཆེན་སྨྱོ་འབོག་གི་ནད་ཀྱིས་ཟིན་པར་མ་ཅིག་གིས་དེ་ལསྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བྱེད་རིན་ཆེན་སྒྲོན་མེཞེས་པའི་ཐུན་མིན་གྱི་གདམས་པ་ཞིག་གནང་ཞིང་། དུར་ཁྲོད་དུ་ཞག་བདུན་ཉལ་དུ་བཅུག་རྗེས་སྨྱོ་འབོག་གི་ནད་ཡོངས་སུ་སངས་ཏེ་རྟོགས་པའང་ཁྱད་པར་བ་རྒྱུད་ལ་འཁྲུངས། དེ་ནས་དམ་པ་སངས་རྒྱས་ཟངས་རིར་སྤྱན་དྲངས། ཆོས་ཀྱི་སྟོན་མོ་རབ་ཏུ་བཤམས་ཏེ་དམ་པའི་དྲུང་དུ་གྲུབ་ཆེན་རབ་ཏུ་བྱུང་། ཆོས་མིང་ལ་ཐོད་སྨྱོན་བསམ་གྲུབ་ཏུ་བཏགས་ནས་རང་གི་ཆོས་རྒྱུད་འཛིན་མཁན་དུ་རེ་བའང་བཅོལ་ལོ།།  

    དམ་པ་སངས་རྒྱས་ནས་ཀྱང་སྲས་ལརྗེ་བཙུན་མ་ལྷ་ལྔདང་།སྒྱུ་འཕྲུལ་ཆེན་མོ་མ་ཧཱ་མ་ཡ་སོགས་ཀྱི་དབང་རྫོགས་པར་བསྐུར། མ་ཅིག་གི་བསྟན་པ་བཟུང་བའི་ལུང་བསྟན། དེ་ནས་མ་ཅིག་གིས་དམ་པ་སངས་རྒྱས་ལ་འབུད་ནོད་ཆེན་པོ་བྱས་རྗེས། དམ་པ་ལ་སྟོད་དུ་ཆིབས་ཁ་བསྒྱུར། མ་ཅིག་གི་སྲས་པོ་ཐོད་སྨྱོན་བསམ་གྲུབ་ནི་དམ་པ་དང་འགྲོགས་ཡུན་ཐུང་ཡང་དད་པ་ལྷག་ཏུ་ཐོབ་ནས་དམ་པ་ནི་ང་ཡི་ཕའོ་ཞེས་དང་དམ་པ་གཤེགས་པར་ཡིད་ཤིན་ཏུ་འཕྲེང་བར་བྱ་བ་སོགས་ཀྱིས། དུས་དེ་ནས་བཟུང་ཕ་དམ་པ་ཟེར་བའི་ཡིད་བརྩེ་བའི་འབོད་ལུགས་འདི་བོད་བརྒྱུད་སངས་རྒྱས་བསྟན་པ་སླར་གསོས་པ་ལ་དྲིན་ཆེ་བའི་སྐྱེས་ཆེན་དམ་པ་དེའི་མཚན་དུ་ས་མཐོའི་ཡུལ་ཀུན་ཏུ་གྲགས་སོ།།   

མ་ཅིག་ལབ་སྒྲོན་གྱི་སྐུ་ཚེའི་སྨད་དུ་གནས་ངེས་མེད་དུ་ཕེབས་ཤིང་། གནས་རི་དང་གཉན་ས་རྣམས་སུ་སྒོམ་སྒྲུབ་ལ་རེམས་པ་དང་། ཉ་མའི་ཚོགས་ལ་གཅོད་ལུགས་ཀྱི་གདམས་པ་ཟབ་མོ་ཁྱབ་སྤེལ་མཛད་པའི་ལས་གཉིས་ཁོ་ནར་གཞོལ། བོད་རབ་བྱུང་གཉིས་པའི་ས་མོ་བྱ་སྤྱི་ལོ་1129ལོར་མ་ཅིག་ལབ་སྒྲོན་དགུང་ལོ་99སྟེང་། ཡུམ་དམ་པ་འདི་ཉིད་དགོངས་པ་ཆོས་དབྱིངས་སུ་ཐིམ་མོ།།  །།

 

༄༅།།ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་།

      ༄༅།།ཁོང་ནི་རབ་བྱུང་མ་ཚུགས་གོང་གི་ལྕགས་མོ་ཕག་ལོ་སྟེ་སྤྱི་ལོ༡༠༡༡ལོར་སྐུ་འཁྲུངས། རབ་བྱུང་དང་པོའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ་༡༠༧༥ལོར་སྐུ་གཤེགསཁོང་དང་རྔོག་ལེགས་པའི་ཤེས་རབ་དང་། འབྲེ་ཆེན་པོ་ཤེས་རབ་འབར་རྣམས་འགྲོགས་ནས་ཁམས་སུ་ཕེབས་ཏེ་ཇོ་བོ་སེ་བཙུན་གྱི་ཞབས་ལ་གཏུགས་ཏེ་ཆོས་མང་དུ་གསན་པར་མཛད། དེ་ནས་མཁས་པར་གྱུར་ཏེ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་མངའ་རིས་སུ་ཕེབས་པའི་ཕྱི་ལོ་ལ་དབུས་སུ་ཆིབས་བསྒྱུར་མཛད། དེ་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཞབས་ལ་གཏུགས་ཤིང་༼བྱང་ཆུབ་ལམ་སྒྲོན༽གཙོ་མཛད་པའི་མདོ་སྔགས་ཀྱི་ཆོས་སྐོར་མང་དུ་གསན་པར་མཛད། དེ་ནས་ཐང་པོ་ཆེར་བྱོན་ཏེ་བཞུགས་པར་མཛད། སློབ་མ་རྣམས་ལ་ཕར་ཕྱིན་གྱི་འཆད་ཉན་མཛད། གྲྭ་པ་ཡང་མང་དུ་འདུས། དྭགས་པོ་དབང་རྒྱལ་གྱིས་ཀྱང་ཁོང་གི་ཞབས་ལ་གཏུགས་ཤིང་ཕར་ཕྱིན་ལེགས་པར་སྦྱངས་པ་མཛད། དུས་ཕྱིས་སུ་ཁོང་དང་ཚད་མ་རྙིང་པ་ལ་ཤིན་ཏུ་མཁས་པའི་ཁྱུང་པོ་གྲགས་སེ་གཉིས་ཀྱིས་ལྕགས་པོ་རི་དང་དམར་པོ་རི་གཉིས་ལ་ཕེབས་ཏེ་འགྲན་བཤད་མཛད་ཟེར། དེ་ནས་བསྟན་འགྲོའི་དོན་ཆེན་ལེགས་པར་གྲུབ་སྟེ། དགུང་ལོ་དྲུག་ཅུ་རྩ་ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གིས་གདན་ས་དབོན་པོ་འབྱུང་གནས་རྒྱལ་མཚན་ལ་གཏད་པ་མཛད། ཁོང་ནི་ཁུ་རྔོག་འབྲོམ་གསུམ་ཞེས་པའི་སྙན་གྲགས་ཆེ་བའི་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དེ་བ་ཡིན་ནོ།།  །།

         

༄༅།།ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།

     ༄༅།།རྫོགས་ཆེན་པའི་སྲོལ་གཏོད་པ་པོ་རྙིང་མའི་སློབ་དཔོན་ཀློང་ཆེན་པོ་དྲི་མེད་འོད་ཟེར་རམ། མིང་གཞན་ཚུལ་ཁྲིམས་བློ་གྲོས་ཞེས་པ་ནི། རབ་བྱུང་དྲུག་པའི་ས་ཕོ་སྤྲེའུ་སྤྱི་ལོ་༡༣༠༨ལོར་ཡབ་བསྟན་པ་སྲུང་དང་ཡུམ་འབྲོག་བཟའ་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ་དབུས་ལྷོ་གཡོ་རུ་གྲའི་ཆ་སྟོད་གྲོང་དུ་སྐུ་འཁྲུངས། དགུང་ལོ་ལྔའི་སྟེང་ནས་སློབ་གཉེར་གྱི་དབུ་བཙུགས། སྔ་གཞུག་ཏུ་ཀརྨ་པ་རང་བྱུང་རྡོ་རྗེ། ས་སྐྱ་བདག་ཆེན། རྙིང་མ་རིག་འཛིན་ཀུ་མཱ་རཱ་ཛ་སོགས་མཁས་གྲུབ་མང་པོ་སློབ་དཔོན་དུ་བསྟེན། གཡག་སྡེ་པཎ་ཆེན་གྱི་མདུན་དུ་དོགས་བཀྲོལ་མང་པོ་མཛད། མདོ་སྔགས་ཀྱི་གཞུང་ལུགས་མ་ལུས་པ་ཐུགས་སུ་ཆུད་དེ་མཁས་པའི་གོ་འཕང་བརྙེས། དབུས་གཙང་གི་དགོན་གནས་ཕལ་མོ་ཆེ་དང་། ཁྱད་པར་དུ་རྒྱ་གར་འཕགས་པའི་ཡུལ་གྱི་དཔལ་ཆུ་བོ་རི་དང་ཨོ་རྒྱན་ཡུལ་སོགས་སུ་ཞབས་ཀྱི་བཅགས། འཆད་རྩོད་རྩོམ་གསུམ་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ། ཆུ་སྟག་༼སྤྱི་ལོ་༡༣༦༢༽ལོར་༼ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད༽ཅེས་པ་ཕྱག་རྩོམ་མཛད།  དགུང་ལོ་ང་དྲུག་པ་རབ་བྱུང་དྲུག་པའི་ཆུ་ཡོས་༼སྤྱི་ལོ་༡༣༦༣༽ལོར་དཔལ་བསམ་ཡས་མཆིམས་ཕུ་རུ་སྐུ་གཤེགས། ཁོང་གི་གསུང་ཆོས་ནི། ཁམས་པ་ཆོས་གྲགས་བཟང་པོས་མཛད་པའི༼ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་རྣམ་ཐར་མཐོང་བ་དོན་ལྡན༽ཞེས་པ་ལྟར་ན། ཕྱིའི་གནས་ཐུན་མོང་གི་སྐོར་བསྟན་བཅོས་དགུ་བཅུ་གོ་ལྔ། ནང་གི་གནས་རྒྱ་ཆེར་བཤད་པའི་བསྟན་བཅོས་ཆིག་བརྒྱ་ཉེར་བརྒྱད། གསང་བའི་གནས་དེ་ཁོ་ན་ཉིད་སྟོན་པའི་བསྟན་བཅོས་སུམ་ཅུ་སྟེ་གསུང་ཆོས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་བཞུགས་པར་གྲགས་སོ།།  །།

                                                 

                                                    ༄༅།།ཇོ་ནང་ཏཱ་ར་ནཱ་ཐ།

     ༄༅།།འགྲོ་བའི་མགོན་པོ། ཀུན་དགའ་སྙིང་པོ། བཀྲ་ཤིས་རྒྱལ་མཚན་དཔལ་བཟང་། རྟག་བརྟན་སྤྲུལ་སྐུ་སོགས་མཚན་གྱི་རྣམ་གྲངས་མང་། སྤྱི་ལོ་༡༥༧༥ཤིང་མོ་ཕག་ལོའི་ཆུ་སྟོད་ཟླ་བའི་ཚེས་བརྒྱད་ལ་ཡབ་རྣམ་རྒྱལ་ཕུན་ཚོགས་དང་ཡུམ་རྡོ་རྗེ་བུ་དགའ་ལྷ་མོ་གཉིས་ཀྱི་སྲས་སུ་ཡུལ་དབུས་གཙང་ཁ་རག་འབྲང་ཕུ་ཞེས་དེང་ལྷོ་ཁ་སྣ་དཀར་རྩེ་རྫོང་དང་གཙང་རིན་སྤུངས་རྗོང་འབྲེལ་མཚམས་སུ་ཡོད་པར་སྐུ་འཁྲུངས།  ཆུང་དུས་མཚན་ལ་པདྨ་སྲི་གཅོད་རྡོ་རྗེ་གསོལ།  སྨྲ་ཤེས་ཙམ་ནས་ཆོས་ལུང་ཀུན་དགའ་གྲོལ་མཆོག་ཡིན་ཞེས་ཡང་ཡང་གསུངས་པ་དང་དགུང་ལོ་བཞི་པར་ཇོ་ནང་སྤོས་ཁང་མཁན་ཆེན་ལུང་རིགས་རྒྱ་མཚོས་ངོས་འཛིན་གྱིས་ཆོས་ལུང་བྱང་རྩེར། བོད་ལྗོངས་ལྷ་རྩེ་རྫོང་ཕུན་ཚོགས་གླིང་གི་ཉེ་འགྲམ་དུ་ཡོད། ཁྲི་སྟོན་ཞུས།  དགུང་ལོ་ཞེ་གཅིག་ལ་ཇོ་ནང་ཕུན་ཚོགས་གླིང་ཕྱག་བཏབ། འདི་ནི་རྒྱལ་བ་ཇོ་ནང་པའི་དགོན་སྡེ་རྩེ་ཆེན་ཞིག་ཡིན་ལ་བོད་ཡུལ་གྱི་ཤིང་པར་སྣ་ཚོགས་ཡོད་པའི་པར་ཁང་ཆེན་མོ་ཞིག་ཀྱང་ཡིན།  གསུང་རྩོམ་ལས་རྒྱ་གར་ཆོས་འབྱུང་ནི་འཛམ་གླིང་དུ་སྐད་གྲགས་ཆེ་ལ་མྱང་ཆོས་འབྱུང་སོགས་པུ་སྟི་བཞི་བཅུ་ལྷག་གི་བཀའ་རྩོམ་མཛད། དགུང་ལོ་དྲུག་ཅུ་རེ་གཅིག་པ་༡༦༣༥ཤིང་མོ་ཕག་ལོའི་ནག་ཟླའི་ཉེར་བརྒྱད་ལ་སྐུ་གཤེགས།  འདི་ནི་རྒྱལ་བ་ཇོ་ནང་པའི་བསྟན་པ་ལ་ཀུན་མཁྱེན་ཇོ་ནང་ལྟ་བུའི་མཛད་པ་ཆེར་བསྐྱངས་པས་ལྗོངས་འདིར་ཇོ་ནང་རྗེ་བཙུན་ཞེས་ཀུན་ལ་གྲགས་ཆེ་ཞིང་སོག་པོའི་ཡུལ་དུ་ཁལ་ཁ་རྗེ་བཙུན་དམ་པ་ཞེས་སྐུ་ཕྲེང་རིམ་པར་བྱོན་པ་ལས་སྐུ་ཕྲེང་བདུན་པ་རྗེ་བཙུན་འཇམ་དཔལ་རྣམ་གྲོལ་ཡང་རང་ཅག་རྣམས་ཀྱི་མགོན་སྐྱབས་སུ་བཞུགས་ཡོད་པའོ།། 

                                               

                                                     ༄༅།།བྲ་ཏི་རིན་ཆེན་དོན་གྲུབ།

     ༄༅།།མཁས་དབང་འདི་ནི་རབ་བྱུང་བཅུ་གཅིག་པ། ཕྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་སྨད་ཙམ་ལ་མདོ་སྨད་དཔའ་རིས་ཡུལ་གྱི་བྲ་ཏི་ཞེས་པའི་ཚོ་བར་སྐུ་འཁྲུངས། དགུང་ལོ་ཆུང་དུས་ནས་ཞོགས་དོན་ཡོད་མཁས་གྲུབ༼༡༦༧༡-༡༧༣༡༽ཀྱི་སྐུ་མདུན་ནས་རབ་ཏུ་བྱུང༌། སེ་རྭ་ཐེག་ཆེན་གླིང་གི་བྱེས་པ་གྲྭ་ཚང་དུ་བཞུགས། ལྷོ་པ་ཁང་ཚན་གྱི་ཕུར་ལྕོག་རྗེ་བཙུན་ངག་དབང་བྱམས་པ༼༡༦༨༢-༡༧༦༢༽སོགས་ཡོངས་སུ་གྲགས་པའི་དགེ་བའི་བཤེས་གཉེན་མང་དུ་བསྟེན་ཏེ། གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ནས་མཐར་དགེ་བཤེས་ཀྱི་མཚན་བཏགས་བཞེས་ཀྱང་དེ་ཙམ་གྱིས་མཁས་པའི་ཡང་རྩེར་སོན་པ་མ་བྱུང་བས། ཕུར་ལྕོག་ངག་དབང་བྱམས་པའི་དྲུང་ནས་འཇམ་དབྱངས་དཀར་པོའི་སྒྲུབ་ཐབས་ཀྱི་མན་ངག་ཞུས་ཏེ། སེ་རྭ་ནས་རྟ་ལམ་ཉིན་གཉིས་ཀྱི་ས་བྲག་ཡེར་པ་ཞེས་པར། སློབ་དཔོན་པདྨ་འབྱུང་གནས་ཀྱི་སྒྲུབ་ཁང་དུ་འཇམ་དབྱངས་དཀར་པོ་ཡུན་རིང་བསྒྲུབས། འོན་ཀྱང་རྟགས་དང་མཚན་མ་གང་ཡང་མ་བྱུང་བས། ཐུགས་སྐྱོ་ནས་ཕྱིར་ཕེབས་ཏེ་གངས་སྟོད་དུ་འབྱོར་བ་ན། གནས་དེར་བྲག་ཕུག་ཙོག་པུ་བའི་གནས་ལྟ་བུ་ཞིག་ཡོད་པ་དེར། ངལ་གསོས་ནས་བཞུགས་ཏེ་ཉིད་གཉིད་ཅུང་ཁུག་པ་ན། རྨི་ལམ་དུ་ཨ་ཡིག་དཀར་པོའི་ཆར་བབས་པ་དང༌། ཨ་ཡིག་རྣམས་གཅིག་ནས་གཅིག་ཏུ་འདུས་ཏེ་མཐར་ཨ་ཡིག་གཅིག་པུ་དེ་རང་ཉིད་ལ་ཐིམ་པ་རྨིས། གཉིད་ལས་སད་པ་ན། བྲག་དེར་ཨ་རང་བྱོན་ཞིག་གཟིགས། ད་ལྟའང་བྲག་དེར་ཨ་ཡིག་རང་བྱོན་མངོན་སུམ་དུ་མཇལ་རྒྱུ་ཡོད།

     དེ་ནས་སེར་སྨད་དུ་བྱོན་ནས་སླར་ཡང་ཕུར་ལྕོག་ངག་དབང་བྱམས་པའི་དྲུང་དུ་བཅར་ཏེ། རྟགས་དང་མཚན་མ་སོགས་གང་ཡང་མ་བྱུང་བའི་ལོ་རྒྱུས་བཅས་ཞུས་པར། ལན་དུ་སེམས་ཁྲལ་བྱེད་མི་དགོས། ཁྱེད་རང་གིས་བསྒྲུབས་ཡོད། སང་ཉིན་སྔ་དྲོ་ཇ་ཡག་པོ་ཞིག་བཟོས། དེ་བཏུང་ནས་ཕྱག་དཔེར་གཟིགས་གསུངས་པས། ཞོགས་ཆོས་དམ་བཅའ་ཆེན་མོ་ཡོད་ཀྱང་མ་ཕེབས་པར་བླ་མའི་བཀའ་བཞིན་ཕྱག་དཔེ་གཟིགས་ནས་བཞུགས་པས། སྔར་དང་མི་འདྲ་བའི་མྱོང་བ་ཁྱད་པར་ཅན་སྐྱེས། དགོང་མོ་དམ་བཅའ་ཆེན་མོར་ཕེབས་ནས་རྟགས་བསལ་བཏང་གནང་བས། མཁས་དབང་སུས་ཀྱང་གླགས་རྙེད་པ་མ་བྱུང་སྟབས། དེ་དག་གིས་བྲ་ཏི་དགེ་བཤེས་སྨྱོན་པས་རྟགས་བསལ་སྒྲིག་མ་བཟོས་ཕྱིན་འདུག་ཟེར་རོ།། དེ་ནས་མདོ་སྔགས་ཡོངས་སུ་རྫོགས་པའི་གཞུང་གི་གནད་དོན་མཐའ་དག་ལག་མཐིལ་གྱི་སྐྱུ་རུ་ར་བཞིན་དུ་གཟིགས་ཏེ་གང་ལའང་ཐོགས་པ་མེད་པར་མངའ་བའི་ཆོས་ཀྱི་བདག་པོར་གྱུར། བྲ་ཏི་འཇམ་དབྱངས་དཀར་པོ་ཞེས་མཚན་སྙན་ཡོངས་སུ་གྲགས། ཁོང་གི་གསུང་རྩོམ་ནི། བླང་དོར་རྣམ་པར་ཕྱེ་བའི་གཏམ་ཀུན་བཟང་ལམ་སྲོལ་དང༌། དྲང་ངེས་ཟིན་བྲིས། ཏིང་འཛིན་སྒྲུབ་ཐབས་ཏིང་འཛིན་རྒྱན་གྱི་སྣང་བ། བྱང་ཆུབ་ལམ་རིམ་གྱི་ཉམས་ཁྲིད་བྱང་ཆུབ་རྒྱན་གྱི་ཕྲེང་བ། བྱ་དཀའ་བའི་སྙན་ཚིག་དབྱངས་ཅན་ངག་གི་རོལ་མཚོ། བསྟན་འབར་མའི་ཚིག་དོན་གསལ་བར་བྱེད་པའི་རྣམ་བཤད་ཐེག་མཆོག་རྒྱན་གྱི་ཕྲེང་བ། བོད་ཀྱི་བརྡའི་བསྟན་བཅོས་སུམ་ཅུ་པའི་འགྲེལ་བ་ཀུན་ཏུ་བཟང་པོའི་དགོངས་རྒྱན། རྟགས་འཇུག་བཤད་སྦྱར་ཚིག་བཅད་མ། དག་ཡིག་སྨྲ་བའི་སྒྲོན་མེ། སྒྲའི་ང་རོ་འདྲེན་ཚུལ་རྨད་བྱུང་དོན་གྱི་བདུད་རྩིའི་རོ་འཛིན་པོད་གཅིག་བཅས་བཞུགས་སོ། །ཞེས་མཉམ་འགྲོགས་རྣམས་ཀྱིས་ཁྱོད་རང་གིས་མཁས་དབང་འདིའི་ལོ་རྒྱུས་ཤིག་བྲིས་ཐུབ་ན། མ་འོངས་པའི་དགེ་ལུགས་རྒྱུགས་སྤྲོད་པ་རྣམས་ལ་ཕན་པར་འདུག་ཅེས་བསྐུལ་བར་བརྟེན། ལོ་གྲངས་དུ་མའི་བར་དུ་བཙལ་ཀྱང་འདིའི་ལོ་རྒྱུས་ཤིན་ཏུ་བསྡུས་པ་ཞིག་མ་གཏོགས་མ་རྙེད། ད་ལྟ་འཚོ་བཞིན་བཞུགས་པའི་སྐྱེས་ཆེན་དམ་པ་སེར་བྱེས་ལྷོ་བ་སྤྲུལ་སྐུ་ཆོས་ལྡན་རིན་པོ་ཆེ་དང༌། བྲ་ཏི་དགེ་བཤེས་བྱམས་པ་ཆོས་འཕེལ་རྣམ་གཉིས་ལ་བཀའ་འདྲི་ཞུས་པ་དང༌། ཁྱད་པར་དུ་ཡང་མཆོད་ལྡན་རིན་པོ་ཆེས། སེར་བྱེས་ལྷོ་པ་ཁང་ཚན་དུ། འཇམ་དབྱངས་དཀར་པོའི་རྗེས་གནང་སྩོལ་སྐབས། རིན་པོ་ཆེ་རང་གི་བླ་རྒྱུད་བྲ་ཏི་འཇམ་དབྱངས་དཀར་པོ་ནས་བར་མ་ཆད་པར་རྒྱུད་པ་ཡིན་པ་དང༌། མཁས་དབང་འདི་ལ་འཇམ་དབྱངས་དཀར་པོ་ཞེས་བཏགས་པའི་རྒྱུ་མཚན་བཅས་བཀའ་སྩལ་གནང་བ་རྣམས་རང་གི་རྣ་ལམ་དུ་ཐོས་པ་བཞིན་འདིར་བཀོད་པ་མ་གཏོགས་ཁོ་བོས་རང་བཟོ་བྱས་པ་མ་ཡིན་ནོ།། །།

 

༄༅།།མཁས་དབང་དགེ་འདུན་ཆོས་འཕེལ།

     ༄༅།།ཁོང་ནི་མདོ་སྨད་རེབ་གོང་ཞོ་འཕང་ཞེས་བྱ་བ་ཡབ་སྔགས་འཆང་རྡོ་རྗེའི་མཚན་ཅན་ནམ་ཨ་ལགས་རྒྱལ་པོ་ཞེས་བྱ་བ་དང་ཡུམ་པད་མ་སྐྱིད་ཀྱི་སྲས་སུ་ཙོང་ཁ་སྐྱེས་རིར་རབ་བྱུང་བཅོ་ལྔ་ཆུ་མོ་ཡོས༼༡༩༠༣༽ ལོའི་ཧོར་ཟླ་བརྒྱད་པའི་ནང་སྐུ་བལྟམས། དགུང་ལོ༥༡ལས་མ་བཞུགས། དགུང་ལོ་བདུན་ཕེབས་སྐབས་ཡབ་གཤེགས་རྗེས་ཡ་མ་བཀྲ་ཤིས་འཁྱིལ་དུ་ཁོང་ཡུམ་སྲས་གསུམ་བཞུགས། དགུང་ལོ་བརྒྱད་ཕེབས་པར་ཡི་གེ་བསླབས་ནས་ལོ་བཅུའི་ཐོག་གྲྭ་གྲས་སུ་ཞུགས། དགེ་བཤེས་ཨ་ཁུ་ཚུལ་ཁྲིམས་ཀྱི་དྲུང་ནས་སུམ་རྟགས་དང་སྙན་ངག་སོགས་གསན། དགུང་ལོ་བཅུ་གཉིས་སྟེང་གཙོས་གཏེར་དགོན་གྱི་མདུན་ནས་རྩ་རླུང་འཁྲིད། དགུང་ལོ་བཅོ་ལྔ་སྟེང་རྡི་ཚ་དགོན་དུ་རིག་ལམ་གྱི་སྐོར་སོགས་སློབ་གཉེར་མཛད། དགུང་གྲངས་བཅུ་བདུན་ལ་ཕེབས་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་དུ་བཞུགས་ཏེ་བསྡུས་གྲྭ་ནས་བརྩམས་ཏེ་མཚན་ཉིད་རིག་པ་སྦྱངས། དགུང་གྲངས་ཉེར་ལྔའི་སྟེང་ལྷ་སར་ཕེབས། དེ་ནས་འབྲས་སྤུངས་སུ་དགེ་བཤེས་ཤེས་རབ་རྒྱ་མཚོ་སོགས་མཁས་པ་དུ་མ་བསྟེན་ནས་ལོ་བདུན་ཙམ་བཞུགས། དགུང་ལོ་སུམ་ཅུ་སོ་གཉིས་ཕེབས་པ་ཤིང་ཁྱི༼༡༩༣༤༽ལོར་འཕན་ཡུལ་དང་།རྭྭ་སྒྲེང་། གཙང་ཁུལ་སོགས་ལ་གནས་གཟིགས་དང་སྦྲགས་བལ་ཡུལ་བརྒྱུད་རྒྱ་གར་དུ་ཕེབས། སཾསྐྲྀ་ཏའི་སྐད་ལ་སྦྱངས་མཐར་གནས་བརྟན་སྡེ་བའི་མདོ༼ཆོས་ཀྱི་ཚིགས་སུ་བཅད་པ༽ལ་སོགས་པ་ཐོགས་མེད་དུ་བསྒྱུར་བར་མཛད། དེ་ནས་རབ་བྱུང་བཅུ་དྲུག་པའི་ས་སྟག༼༡༩༣༨༽ལོར་ཧུ་ལ་དང་རྒྱ་གར་རི་མོ་བ་གཅིག དཔར་འདེབས་མཁན་གཅིག་བཅས་ལྷན་དུ་བོད་དུ་ཕེབས་ནས་དཔལ་ལྡན་ས་སྐྱའི་དགོན་པ་སོགས་དབུས་གཙང་གི་གནས་དགོན་རྙིང་པ་ཁག་ལ་རྒྱ་དཔེ་ཇི་ཙམ་བཞུགས་པ་གཟིགས་ཞིབ་ཐོག་དཔེ་ཐོ་དཀར་ཆག་ཞིབ་ཚགས་བཀོད་པར་མཛད་དེ་སླར་རྒྱ་གར་དུ་ཕྱིར་ཕེབས་གནང་། སྐབས་དེར་དབྱིན་ཡིག་སློབ་སྦྱོང་རྒྱུན་དུ་མཛད་མུས་ནས་ ཨུ་རུ་སུ་རོག་རིས་ཞེས་པ་དེའི་སར་བཞུགས་ཏེ་དེབ་ཐེར་སྔོན་པོ་དབྱིན་ཡིག་ཏུ་བསྒྱུར་བའི་རོགས་མཛད་དེ་ཀུ་ལུར་ལོ་གསུམ་ཙམ་བཞུགས། བོད་ཤིང་བྱ༼༡༩༤༥༽ལོ་ནང་རྐྱེན་སྣ་ཚོགས་ཀྱིས་བོད་ལྗོངས་ལྷ་སར་ཞལ་ཕྱོགས་ཏེ། སྟོད་ལ་དྭགས་ག་ཤའི་རྒྱུད་དང་། དེ་ནས་རིམ་བཞིན་མོན་རྟ་དབང་བརྒྱུད་ལྷ་སར་ཕེབས། ལྷ་སར་བོད་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་ཞིབ་འཇུག་མཛད་དེ་ལྗགས་རྩོམ་མཛད་བཞིན་པའི་མུར་དབྱིན་ཇི་བཙན་རྒྱལ་པས་དེ་སྔའི་བོད་ཀྱི་སྲིད་གཞུང་ལ་ངན་སྐུལ་བྱས་ནས་མ་ཉེས་ཁ་གཡོགས་ཀྱིས་བོད་མེ་ཁྱི༼༡༩༤༦༽ལོའི་ཧོར་ཟླ་བཞི་བའི་ནང་ཙམ་ལ་གློ་བུར་འཛིན་བཟུང་གིས་ཁྲིམས་གཅོད་བྱས་ཐོག་ལོ་གསུམ་རིང་བཙོན་ཁང་དུ་བཞུགས་དགོས་བྱུང་ཞིང༼༡༩༤༩༽ལོར་བཙོན་གྲོལ་ཐོབ། ཁོང་གི་རྩོམ་པར་མཛད་པའི་བསྟན་བཅོས་ལ།༼རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ༽ ༼བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ༼སིང་ག་ལའི་ལམ་ཡིག༽ ༼རྒྱལ་པོ་ར་མ་ཎའི་རྟོགས་བརྗོད༼བྱ་ལེན་མའི་རྟོགས་བརྗོད༽ནག་མོ་ཁོལ་གྱིས་མཛད་པ་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བ༼སྒྲའི་ཟིན་བྲིས༽ ༼གངས་རིའི་སྐོར༽ ༼ཞང་དགའ་བའི་བློ་གྲོས་ལ་བྲིས་ལན༽༼རྟུལ་ཆུང་དཔྱད་པའི་སྐོར༽ ༼དབུ་ཚད་དཀའ་བའི་གནད༽ ༼ལུ་བྱེད་མཐའ་དཔྱད༽ ༼འདོད་པའི་བསྟན་བཅོས༽ ༼རྡི་ཚ་སྐམ་པོས་ཕུལ་བའི་ཞུ་ཡིག༽ ༼རྒྱ་གར་གྱི་གནས་ཆེན་བརྒྱད་ཀྱི་ལམ་ཡིགསྔ་རྗེས་གཉིས༽ ༼ཀེ་ཏ་ཀ་སོགས་ཀྱི་བཤད་པ༽ ༼ཞབས་བརྟན་འཆི་མེད་དབྱངས་སྙན༽ ༼ལེགས་ལྡན་ནག་པོའི་གླུ༽ ༼རང་བཞིན་གསུམ་ངེས་པ༽༼གཏམ་གྱི་ཚོགས་ཉིན་མཚན་བདུན་པ༽ ༼སིང་ག་ལའི་གནས་བརྟན་སྡེ་བའི་མདོ་དྷརྨ་པ་དཱ་ཞེས་བྱ་བ༽ཆོས་ཀྱི་ཚིགས་སུ་བཅད་པ་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བ། ༼ལེགས་སྦྱར་བང་མཛོད༽སུམ་རྟགས་ཀྱི་སྐོར་ཕྲན་བུ། སྙན་ངག་གི་དཀའ་གནད་ཕྲན་བུ་རྣམས་སོ། །དགུང་གྲངས་ཞེ་དགུར་ཕེབས་པ་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས༡༩༥༡ལོའི་ཧོར་ཟླ་བརྒྱད་པའི་ཚེས༡༤དགོང་དྲོའི་ཆུ་ཚོད་བཞི་པ་ཙམ་ལ་ལྷ་ས་དགའ་རུ་ཤར་དུ་སྐུ་གཤེགས་སོ།།  །།

 

༄༅།།རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ།

   ༄༅།།རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་ནི་བོད་ལུགས་རབ་བྱུང་བཅོ་ལྔ་བའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ༡༨༨༤ལོར་མདོ་སྨད་རྡོ་སྦིས་ཡུལ་ཏེ་མཚོ་སྔོན་ཞིང་ཆེན་ཡ་ཙི་རྫོང་ཁུངས་སུ་ཡབ་ལྷ་ལུང་སྐྱབས་དང་ཡུམ་ལྷ་ལུང་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ས་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ༡༩༦༨ལོར་མཚོ་སྔོན་ཟི་ལིང་དུ་སྐུ་གཤེགས། དགུང་གྲངས་བརྒྱད་ཅུ་གྱ་ལྔ་ཡིན།
  
དགུང་ལོ་སོ་བཞི་པར་རྒྱལ་བ་ཐུབ་བསྟན་རྒྱ་མཚོས་བཀའ་ལྟར་བུ་སྟོན་རིན་པོ་ཆེའི་གསུང་འབུམ་པོད་ཆེན་ཉི་ཤུ་རྩ་དྲུག་ཙམ་དཔེར་གཞི་གསར་བཞེངས་ཀྱི་ཞུ་དག་མཛད། དགུང་ལོ་བཞི་བཅུ་བར་རྒྱལ་བ་རིན་པོ་ཆེའི་བཀའ་ལྟར་བཀའ་འགྱུར་ལ་ལོ་བརྒྱད་རིང་དཔར་གཞི་གསར་བཞེངས་ཀྱི་ཞུ་དག་མཛད།  དགུང་ལོ་ང་ལྔ་པར་གོ་མིན་ཏང་སྲིད་གཞུང་གིས་གདན་འདྲེན་ཞུས་པ་ལྟར་རྒྱལ་ནང་དུ་ཕེབས་ནས་བོད་སོག་ཨུ་ཡོན་ཀྲང་གཞོན་པའི་འགན་བཞེས།   
    
དགུང་ལོ་རེ་བརྒྱད་པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་ནས་བཟུང་སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་དང་། རིག་གནས་སློབ་གསོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ནུབ་བྱང་དམག་དོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ནུབ་བྱང་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོ་དང་གཉིས་པའི་འཐུས་མི། རྒྱལ་ཡོངས་སྲིད་གྲོས་སྐབས་གཉིས་པ་དང་གསུམ་པའི་རྒྱུན་ལས་ཨུ་ཡོན།  རྒྱལ་ཡོངས་ནང་བསྟན་མཐུན་ཚོགས་ཀྱི་ཧོས་ཀྲང་། ནང་བསྟན་སློབ་གྲྭ་ཆེན་མོའི་ཡོན་ཀྲང་བཅས་ཀྱི་ཕྱག་འགན་བཞེས་པ་རེད།  ཁོང་གི་སློབ་མ་གྲགས་ཆེ་བ་ནི་ཁྲི་བྱང་རིན་པོ་ཆེ་དང་། དགེ་བཤེས་ལྷ་རམས་པ་བསྐལ་བཟང་རྒྱ་མཚོ། དགེ་བཤེས་གཞོང་པ་ཚུལ་ཁྲིམས། དགེ་འདུན་ཆོས་འཕེལ་སོགས་ཡིན།།

 

༄༅།།ཡབ་རྗེ་བླ་མ་ཚེ་ཏན་ཞབས་དྲུང་།

     ༄༅།།དེ་ཡང་བཅུ་ཕྲག་རིག་པའི་གཏེར་མཛོད་ཀྱི་ལྡེ་མིག་ཐོགས་པ་མཁས་དབང་རྗེ་འཇིགས་མེ་རིག་པའི་བློ་གྲོས་སམ་ངག་དབང་དབྱངས་ལྡན་རིག་པའི་འདོད་འཇོ་མཆོག་ནི། རྨ་ཀླུང་རིང་མོ་ལྷུང་ལྷུང་བཞུར་བའི་ཉེ་འགྲམ། གཡུ་འབྲུག་སྔོན་མོ་ཐང་ལ་བབས་འདྲའི་ལྷུན་པོ་ཙོང་ཁའི་སྐྱེས་རི་དང་མི་རིང་བའི་ཡུལ་མཚོ་སྔོན་ཞུན་ཧྭ་རྫོང་དུ་འཁྲུངས། ཁོང་མའི་མངལ་ན་ཟླ་གསུམ་གྱི་སྐབས་ཤིག་ལ་པྲ་མཁན་ཞིག་གི་མེ་ལོང་དུ། མའི་ཕྲག་པ་གཡས་པར་འཇའ་ཤར་བ་ཞིག་བབས་པ་དང་། སྟོན་དུས་གཡུལ་གཅོག་པའི་སྐབས། རྒྱ་ཞུར་ཚེ་ཐར་དོན་གྲུབ་ཀྱི་མེས་པོ་སྤོ་བོ་གཅོད་པ་ཚེ་རིང་ཡ་རྫིའི་ཡུལ་བར་ཡོང་སྐབས་ཁྱིམ་དུ་མི་གཅིག་ཀྱང་མེད་པ་ལ་ཁང་བའི་ནང་འཇའ་འོད་ཀྱིས་གང་བ་དངོས་སུ་མཐོང་བ་སོགས་མཚན་མ་མང་བོས་བསུ་མ་བྱས། དེ་ནས་རབ༡༥ཚེས་ལྕགས་ཁྱི་ལོ་སྟེ་སྤྱི་ལོ༡༩༡༠ལོར་ཧོར་ཟླ་བཞི་བའི་ཚེས་ཉེར་གཉིས་ཀྱི་མཚན་མོའི་ཐུན་སྟོད་ཀྱི་ཆ་ལ་བཙས་སོ།། བཙས་མ་ཐག་ཨ་མ་ཞེས་འབོད་པའི་སྐད་ཀྱིས་མ་ལ་སྔངས་སྐྲག་དང་ཡ་མཚན་སྐྱེས་པ་དང་། བཙས་སྐབས་བར་སྣང་ལས་འབྲུག་གྲགས་ཤིང་སྤྲང་ཆར་བསིལ་མའི་མེ་ཏོག་འཇོ་བ་སོགས་ཀྱིས་མཚན་བཟང་དུ་མ་བྱུང་།རེབ་གོང་རྙིང་མའི་བླ་མ་བ་ཨ་ལགས་ནམ་མཁའ་ཚང་གིས་མཚན་གྱི་མེ་ཏོག་བློ་བཟང་ཆོས་འཕེལ་དུ་དང་བོར་གཏོར། དགུང་གྲངས་བདུན་ལོན་པའི་དུས་སུ་མཐུ་བ་དགོན་དུ་མ་ཎི་པཎ་ཊི་ཏ་སྐུ་ཕྲེང་ལྔ་བ་དགེ་འདུན་བསྟན་འཛིན་རྒྱལ་མཚན་དང་མཉམ་དུ་བསྙེན་པར་རྫོགས་ཏེ་མཚན་ལ་དགེ་བདུན་བཤད་སྒྲུབ་རྒྱ་མཚོ་གསོལ།
    
འདི་ལྟར་དགུང་ལོ་དགུའི་ཐོག་ཏུ་ཕྱག་རྩོམ་གནང་བ་ཡང་། འཛུམ་འཛུམ་རླབས་ཕྲེང་གཡོ་བའི་དོ་ར་ན།། སྐབས་གསུམ་རྫ་རྔ་འཁྲོལ་བའི་གདངས་ལྟར་སྙན།། འོད་དཀར་གཞོན་ནུ་ལས་ཀྱང་དཀར་བའི་མདངས།། ངང་བའི་རྒྱལ་བོ་ཀུན་ལས་རྒྱལ་དེ་མཚར།། ཞེས་དང་། དྷྰིཿཉལ་འགྲོ་གྲེ་འགྱུར་དབྱངས་སུ་གྱེར་བའི་ངོགས།། དཀར་བ་དབྱངས་ལྡན་ཡིན་ནམ་ཐེ་ཚོམ་གྱིས།། བརྟགས་པས་པུཎཊ་རི་ཀའི་འཁྲི་ཤིང་ཞིག། རྐང་དྲུག་ཚོགས་རྣམས་གར་གྱིས་རོལ་བ་སྙམ།། ཞེས་པ་ལྟ་བུའི་མཛད་པ་ཡ་མཚན་པ་མང་པོ་ཡོད། ལྔ་རིག་སྨྲ་བའི་དབང་ཕྱུག་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་དྲུང་ནས་སྒྲ་རིག་པའི་ཡན་ལག་དང་བཅས་པ་ཐམས་ཅད་ཞིབ་ཁྲིད་གནང་བ་ཐོབ་སྟེ་ཀུན་བཤད་ཀྱི་མཚན་གསོལ་བ་འདི་ལྟར། ངག་གི་དབང་ཕྱུག་དབྱངས་ལྡན་རྒྱལ་བའི་ཡུམ།། བྱིན་རླབས་སྙེ་མ་ཁྱོད་ལ་དུད་པ་ལས།། རིག་པའི་གནས་ཀུན་མཐོང་བའི་པཎིཊ་ཏར།། གྲུབ་པས་འགྲོ་ལ་ཕན་བདེའི་འདོད་པ་འཇོ།། ཞེས་ངག་དབང་དབྱངས་ལྡན་རིག་པའི་འདོད་འཇོ་ཞེས་པའི་མཚན་གསོལ་བ་དང་། པཎཊ་ཏ་ཞེས་པའི་ཆོ་ལོ་ཡང་འདི་དུས་ཐོབ་པའི་སྐལ་བཟང་མངོན། རབ་བྱུང་བཅུ་དྲུག་པའི་ཆུ་སྤྲུལ་ལོ་སྟེ། སྤྱི་ལོ༡༩༥༣ལོར་མཚོ་སྔོན་ཞིང་ཆེན་རྩོམ་སྒྱུར་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བཞེས་ཤིང་སྒྱུར་རྩོམ་གྱི་ལས་སུ་ཞུགས། ཀྲོའུ་ཙུང་ལི་མཆོག་གིས་ཆོག་མཆན་གནང་བའི་གོ་གནས་ཀྱི་ཡི་གེ་དང་བཅས་མཚོ་སྔོན་ཞིང་ཆེན་མི་དམངས་ཨུ་ཡོན་ལྷན་ཁང་གི་གཞུང་ལས་དབང་གི་ཀྲུའུ་རིན་གཞོན་པར་བཞུགས། ས་ཕག་ལོ་སྟེ་སྤྱི་ལོ༡༩༥༩ནས་ཤིང་འབྲུག་ལོ་སྟེ་སྤྱི་ལོ་༡༩༦༤ལོའི་བར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་དུ་བཞུགས་ཏེ་དགེ་སློབ་མང་པོ་ལ་དཔེ་ཁྲིད་གནང་ནས་མི་རིགས་སློབ་གསོ་ལ་མཛད་རྗེས་ཆེན་པོ་བཞག
    
རིག་གནས་གསར་བརྗེའི་ལོ་བཅུའི་གོད་ཆག་གི་སྐབས་སུ། རྒྱལ་ཁབ་ཧྲིལ་བོའི་ཤེས་ཡོན་ཡོད་པའི་མཁས་པ་རྣམས་ལ་མནར་གཅོད་ཐེབས་པ་ནང་བཞིན་ཁོང་གིས་ཀྱང་འོ་བརྒྱལ་མི་ཉུང་བ་ཞིག་བཞེས་མྱོང་ངོ་།། ས་རྟ་ལོ་སྤྱི་ལོ༡༩༧༨ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཕེབས་ནས་དགེ་སློང་མང་པོར་རིག་གནས་ལོ་རྒྱུས་སྐོར་གྱི་སློབ་ཁྲིད་རྒྱ་ཆེར་གནང་། དེ་མིན་ཀན་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་གོ་མི་རིགས་སྐད་ཡིག་སློབ་ཚོགས་ཀྱི་ལས་འཛིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་པ་བཅས་ཀྱི་གོ་གནས་བཞེས་མྱོང་། ཁོང་གི་ཕྱག་རྩོམ་ལ་མདོ་སྔགས་གཉིས་ཀྱིས་བསྡུས་པའི་ནང་དོན་རིག་པ་དང་། རྣམ་ཐར། ལོ་རྒྱུས། བསླབ་བྱ། སྐར་རྩིས། སྙན་ངག སུམ་རྟགས་དག་གསུམ། ལཉྫདང་ཝ་རྟུའི་མ་ཕྱི་ལ་སོགས་པ་པོད་ཆེན་པོ་ལྔ་ལས་བརྒལ་བ་ལྔ་ཕྱི་གཉིས་ལ་པར་དུ་བསྐྲུན་ཟིན། རྗེ་འདི་ཉིད་རབ་རྒྱལ་ཤིང་གླང་ལོ་སྟེ་སྤྱི་ལོ༡༩༨༥ལོར་སྒོར་ཁྲི་ཕྲག་དུ་མ་སློབ་གྲྭ་དང་དགོན་པར་འབུལ་རྒྱུའི་ཞལ་ཆེམས་བཞགས་ནས་མདོ་སྨད་ཀྱི་དབུས་གཙང་གཉིས་པ་བླ་བྲང་བཀྲ་ཤིས་འཁྱིལ་དུ་དགོངས་པ་མི་མངོན་པའི་དབྱིངས་སུ་གཏད་དོ།། 
   
ཞེས་རྒན་འཇམ་དབྱངས་གྲགས་པས་བྲིས་པའི་ངོ་སྤྲོད་མདོར་བསྡུས་དང་། རང་གི་བྱུང་བ་བརྗོད་པ་བདེན་གཏམ་རྣ་པའི་བདུད་རྩི་གཞིར་བྱས་ནས་བྲིས་ལགས་སོ།། 

                   

༄༅།།དུང་དཀར་བློ་བཟང་འཕྲིན་ལས་མཆོག

     ༄༅།།དེ་ཡང་བོད་ཀྱི་མཁས་དབང་གྲགས་ཅན་དུང་དཀར་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་མཆོག་ནི་རབ་བྱུང་བཅུ་དྲུག་པའི་མེ་ཡོས༼༡༩༢༧༽ལོར་དགེ་མཚན་གྱི་ལྟས་དུ་མ་དང་བཅས་བོད་ལྗོངས་ཀོང་པོ་ཉིང་ཁྲི་ས་ཁུལ་ཉིང་ཁྲི་རྫོང་ཁོངས་ཇོ་མོ་ཤང་དུ་ཡབ་ཚེ་དབང་དང་ཡུམ་བཀྲ་ཤིས་མཚོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། མཚན་ཟླ་བ་ཞེས་གསོལ། དེ་ནས་རིང་པོར་མ་ཐོགས་པར་ཁྱབ་བདག་རྡོ་རྗེ་འཆང་ཕ་བོང་ཁ་པ་བདེ་ཆེན་སྙིང་པོས་ཆོས་མིང་བློ་བཟང་སྐལ་ལྡན་འཕྲིན་ལས་རྒྱ་མཚོ་ཞེས་གནང་། ཤིང་ཁྱི༼༡༩༣༤༽ལོར་དགུང་གྲངས་ལྔ་ལ་ཕེབས་སྐབས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོས་དུང་དཀར་སྐུ་ཕྲེང་བདུན་པའི་ཡང་སྲིད་དུ་ངོས་འཛིན་མཛད་ཐོག་ལོ་ཤས་རིང་ཡབ་ཡུམ་གྱི་གཟིགས་སྐྱོང་འོག་སྦྱོར་ཀློག་དང་ཆོས་ལུགས་དཔེ་ཆ་ཉུང་ཤས་སློབ་གཉེར་མཛད། ཤིང་ཕག༼༡༩༣༥༽ལོར་འཁྲུངས་ཡུལ་གཞིས་དགོན་དུ་ཁྲི་སྟོན་མཛད་དེ་སེར་སྨད་ཀོང་པོ་ཁང་ཚན་གྱི་འདུལ་བ་འཛིན་པ་ངག་དབང་ཡོན་ཏན་ཀློག་གི་སློབ་དཔོན་ལ་བསྟེན་ནས་གཞུང་ཆེན་པོ་ལྔའི་རྩ་བ་དང་འགྲེལ་པ་ཤོག་གྲངས་ཉིས་བརྒྱ་ལྷག་ཙམ་དང་། དགོན་པའི་ཚོགས་འདོན་ཡོངས་རྫོགས་ཐུགས་འཛིན་མཛད། མེ་བྱི༼༡༩༣༦༽ལོར་ཀོང་པོ་ནས་ལྷ་སར་ཐོག་མར་ཕེབས་ཏེ་སེར་སྨད་གྲྭ་ཚང་དུ་སྒྲིགས་ལ་ཞུགས་ནས་ཡོངས་འཛིན་གོང་གསལ་དང་སེར་བྱེས་གཙང་པ་ཁང་ཚན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་ངག་དབང་དགེ་འདུན་བསྟེན་ནས་ལོ་བཅུ་ལྷག་རིང་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་དཔྱིས་ཕྱིན་པ་མཛད་དེ་མེ་ཁྱི༼༡༩༤༦༽ལོར་ལྷ་ས་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞེས། དེ་མུར་རྒྱུད་ལ་ཞུགས་ཏེ་ལྕགས་སྟག༼༡༩༥༠༽ལོར་སྔགས་རམས་ཨང་གཉིས་པའི་མཚན་གནས་ཐོབ། ཤིང་རྟ༼༡༩༥༤༽ལོར་ལྷ་ལྡན་རྒྱུད་སྟོད་གྲྭ་ཚང་གི་དགེ་སྐོས་གནང་། དེ་ནས་ཤིང་ལུག༼༡༩༥༥༽ལོ་བར་བོད་ཀྱི་རིག་གནས་སློབ་གཉེར་མཛད་པ་དང་ཆབས་ཅིག་གོ་སྐབས་ནམ་བྱུང་ལ་གླིང་རིན་པོ་ཆེ་དང་། ཁྲི་བྱང་རིན་པོ་ཆེ། དགའ་ལྡན་ཁྲི་རིན་པོ་ཆེ་ལྷུན་འགྲུབ་བརྩོན་འགྲུས་སོགས་བླ་མ་བཅུ་ལྷག་ཙམ་བསྟེན་ནས་ཆོས་འབྲེལ་ཞུ་གནང་མཛད་པ་དང་། མཁས་དབང་ཚ་སྤྲུལ་རིན་པོ་ཆེའི་སྐུ་མདུན་ནས་སུམ་རྟགས་དང་། སྙན་ངག་ཆ་ཚང་གི་སློབ་ཁྲིད་དང་། མཁས་དབང་སྙེ་མོ་ཡེ་ཤེས་ཆོས་འཕེལ་གྱི་སྐུ་མདུན་ནས་སྐར་རྩིས་སྐོར་ལེའུ་ཁ་ཤས་བཅས་གསན་བཞེས་མཛད། བོད་ཞི་བས་བཅིངས་འགྲོལ་ཐོབ་རྗེས་ཀྱི་མེ་སྤྲེལ༼༡༩༥༦༽ལོར་གསར་བརྗེའི་ནང་ཞུགས་ཏེ་ཀོང་པོ་ཉིང་ཁྲི་ཀྲོན་ཆུས་དྭགས་ཀོང་ཡན་ལག་ཆོས་ཚོགས་ཀྱི་ཀྲུའུ་རེན་གཞོན་པའི་ཐུགས་འགན་བཞེས། ས་ཕག་༼༡༩༥༩༽ལོར་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་དུ་བསྐོ་བཞག་བྱས། ལྕགས་བྱི༼༡༩༦༠༽ལོར་པེ་ཅིན་དུ་ཐོག་མ་ཕེབས་འབྱོར་ཐོག་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་སྐད་ཡིག་ཚན་ཁག་ནང་ལོ་དྲུག་རིང་སྔ་ཕྱིར་བོད་ཡིག་ཞིབ་འཇུག་འཛིན་གྲྭ་ཁག་གཉིས་ལ་སུམ་རྟགས་དང་། སྙན་ངག་ལོ་རྒྱུས། སངས་རྒྱས་ཆོས་ལུགས་སྐོར་བཅས་སློབ་ཁྲིད་གནང་བ་མ་ཟད། དེའི་རིང་སྙན་ངག་སློབ་དེ༼སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད༽རྩོམ་སྒྲིག་དང་། ཚིག་མཛོད་འདིའི་མིང་ཚིག་འཚོལ་བསྡུ་དང་གསོག་འཇོག་མཛད་འགོ་ཐོག་མར་བརྩམས། ཤིང་སྦྲུལ༼༡༩༦༥༽ལོར་པེ་ཅིན་ནས་ལྷ་སར་ཕྱིར་ཕེབས་ཏེ་གཞིས་རྩེ་དང་རྒྱལ་རྩེ་བརྒྱུད་དུ་སློབ་གསོ་ཆེན་པོའི་ལས་དོན་རུ་ཁག་ནང་ཕྱག་ལས་ཟླ་ཤས་གནང་། རིག་གནས་གསར་བརྗེ་ཆེན་པོ་ཟེར་བ་འགོ་ཚུགས་རྗེས་ལོ་ངོ་བརྒྱད༼༡༩༦༦-༡༩༧༣༽རིང་ལྷ་ས་གྲོང་ཁྱེར་བྱང་ཕྱོགས་གྲོང་ལྷན་གཉིས་པའི་ཁོངས་སུ་ངལ་རྩོལ་བསྒྱུར་བཀོད་མཛད་དགོས་བྱུང་། ཤིང་ཡོས༼༡༩༧༥༽ལོར་གོང་རིམ་གྱི་བཀའ་ལྟར་ཟི་ཁྲོན་ཁྲེན་ཏུར་ཟླ་ཤས་རིང༼བོད་རྒྱ་ཚིག་མཛོད་ཆེན་མོ༽ཡི་རྩོམ་སྒྲིག་ཕྱག་ལས་གནང་བ་དང་། དེ་རྗེས་མེ་སྦྲུལ༼༡༩༧༧༽ལོ་བར་བོད་རང་སྐྱོང་ལྗོངས་རིག་དངོས་བདག་གཉེར་ཁང་དང་། བོད་ལྗོངས་ཡིག་ཚགས་བདག་གཉེར་ཁང་། བོད་ལྗོངས་གསར་བརྗེ་འགྲེམས་སྟོན་ཁང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་བཅས་ལ་དཀར་ཆག་དང་ལོ་རྒྱུས་རྩོམ་སྒྲིག་སོགས་ཀྱི་ལས་རོགས་མཛད། ས་རྟ༼༡༩༧༨༽ལོ་ནས་ཤིང་གླང༼༡༩༨༥༽ལོ་བར་ལོ་བརྒྱད་རིང་སླར་ཡང་པེ་ཅིན་ཀྲུང་དབྱང་མི་རིགས་སློབ་གྲྭར་ཕེབས་ནས་གཙོ་བོ་སློབ་ཁྲིད་དང་། སློབ་དེབ་རྩོམ་འབྲི། ཞོར་ལ་ཟུར་ལྟའི་དཔྱད་ཡིག་སྒྲིག་རྩོམ་བཅས་གནང་ནས་ལྕགས་སྤྲེལ༼༡༩༨༠༽ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གཞོན་པའི་མཚན་གནས་བཞེས་པ་དང་ཤིང་གླང༼༡༩༨༥༽ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོའི་མཚན་གནས་འབུལ་བཞེས་བསྐྱངས། ལོ་དེར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་མཚན་འཛིན་དབུ་འཛིན་དུ་བསྐོ་བཞག་ཞུས། ཤིང་གླང༼༡༩༨༥༽ལོར་པེ་ཅིན་ནས་བོད་དུ་ཕྱིར་ཕེབས་ཏེ་བོད་ལྗོངས་སློབ་གྲྭ་ཆེན་མོར་ཕྱག་ལས་གནང་། རབ་བྱུང་བཅུ་བདུན་པའི་ས་འབྲུག༼༡༩༨༧༽ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་སྐུ་གཞོན་པར་བསྐོ་བཞག་བྱུང་བ་དང་། རྒྱལ་ཁབ་མི་དོན་ལས་ཁུངས་ནས་རྒྱལ་ཁབ་རིམ་པའི་རིགས་གཅིག་མཁས་པའི་མཚན་གནས་ཕུལ། ལྕགས་ལུག ༼༡༩༩༠༽ལོར་ཀན་སུའུ་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཁང་གི་མཚན་འཛིན་དབུ་འཛིན་གྱི་མཚན་གནས་འབུལ་བཞེས་བསྐྱངས་པ་དང་སྦྲགས་ཞིབ་འཇུག་ཁང་དེའི་ཞིབ་འཇུག་མི་སྣ་རྣམས་ལ་སྣེ་ཁྲིད་མཛད་དེ་ཀན་སུའུ་དང་། མཚོ་སྔོན། ཟི་ཁྲོན་བཅས་ཀྱི་གནའ་ཤུལ་གྲགས་ཅན་གཙོ་གྲས་ཁག་གཅིག་ལ་དུས་ཡུན་ཟླ་བ་གསུམ་ཙམ་རིང་རྟོག་ཞིབ་དང་སྦྲགས་ས་གནས་དངོས་སུ་སློབ་ཁྲིད་བཀའ་དྲིན་བསྐྱངས། དམ་པ་གང་ཉིད་ཀྱིས་བོད་རིག་པའི་མཁས་པའི་ཁྱུ་མཆོག་ཅིག་གི་ངོས་ནས་སྔ་རྗེས་སུ་འཇར་མན་དང་། ནོར་ཝེ། དབྱི་ཊ་ལི། ཨའོ་སི་ཁྲུའུ་རི་ཡ། ཧྥ་རན་སི། དབྱིན་ལན་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་སློབ་ཁྲིད་དང་རྒྱལ་སྤྱིའི་བོད་རིག་པའི་ཞིབ་དཔྱད་ཚོགས་འདུར་ཐེངས་མང་ཕེབས་ཏེ་ཕུལ་བྱུང་གི་དཔྱད་རྩོམ་དུ་མ་སྒྲོགས་རྦུང་མཛད་པ་དང་སྦྲགས་རྒྱལ་ནང་གི་བོད་རིག་པའི་ཐད་ཀྱི་འཕེལ་ཚུལ་ངོ་སྤྲོད་མཛད། མཐར་མེ་བྱི༼༡༩༩༦༽ལོར་བོད་ལྗོངས་སློབ་གྲྭ་ཆེན་མོ་ནས་རྒས་ཡོལ་འབུལ་བཞེས་ཐོག དགུང་གྲངས་བདུན་ཅུར་ཕེབས་པ་མེ་གླང༼༡༩༩༧༽ལོའི་སྤྱི་ཟླ་བདུན་པའི་ཚེས་ཉེར་གཉིས༼བོད་ཟླ་ལྔ་པ་ཕྱི་མའི་ཚེས་བཅོ་བརྒྱད༽ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་གཅིག་པར་ཨ་རིའི་གྲོང་ཁྱེར་ལོ་ཧྲན་ཅི་རུ་གཟིམ་ཁྲི་མཐའ་ཅན་དུ་གྱུར། དམ་པ་འདི་ཉིད་སྐུ་འཚོ་བཞུགས་སྐབས་ད་དུང་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན། བོད་རང་སྐྱོང་ལྗོངས་བོད་རིག་པ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ། རྒྱལ་སྤྱིའི་བོད་རིག་པ་སློབ་ཚོགས་ཀྱི་ལས་འཛིན། རྒྱལ་ཡོངས་སྲིད་གྲོས་སྐབས་དྲུག་པ་དང་། བདུན་པ། བརྒྱད་པ་བཅས་ཀྱི་ཨུ་ཡོན། སྲིད་གྲོས་བོད་རང་སྐྱོང་ལྗོངས་སྐབས་བཞི་པའི་རྒྱུན་ལས་ཨུ་ཡོན་བཅས་གནང་བ་མ་ཟད། ཀྲུང་གོ་རྒྱལ་ཡོངས་ལོ་རྒྱུས་ཞིབ་འཇུག་ཚོགས་པ་དང་། ཀྲུང་གོ་འཛམ་གླིང་ཆོས་ལུགས་ཞིབ་འཇུག་ཚོགས་པ། ཀྲུང་གོ་གྲངས་ཉུང་མི་རིགས་ཀྱི་གནའ་རབས་སྐད་ཡིག་ཞིབ་འཇུག་ཚོགས་པ་སོགས་ཞིབ་འཇུག་ཚོགས་པ་མང་པོ་ཞིག་གི་སྒྲིག་ཁོངས་སུ་ཡོད། 
    
དམ་པ་འདི་ཉིད་འཛམ་གླིང་ཐོག་ཀུན་གྱིས་ཁས་ལེན་དང་གུས་བཀུར་ཞུ་ཡུལ་དུ་གྱུར་པའི་བོད་རིག་པའི་མཁས་དབང་གྲགས་ཅན་ཞིག་གི་ངོས་ནས་འཛམ་གླིང་གི་གྲགས་ཅན་མི་སྣའི་མཚན་དེབ་ཆེན་མོའི་ནང་ལའང་འཁོད་ཡོད་ལ། སྔ་རྗེས་སུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་གནང་ནས་ལོ་ངོ་སུམ་ཅུ་ལྷག་ཙམ་རིང་རྒྱལ་ཁབ་ཕྱི་ནང་དུ་བོད་རིག་པའི་ཆེད་ལས་མི་སྣ་ཧ་ཅང་འབོར་ཆེ་གསོ་སྐྱོང་གནང་བ་མ་ཟད། བོད་ཀྱི་སློབ་གསོ་དང་རིག་གནས་བྱ་གཞག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་རྒྱུའི་ཐད་ལེགས་སྐྱེས་ཤིན་ཏུ་ཆེན་པོ་ཕུལ་གནང་ཡོད། དེ་དང་ཕྱོགས་མཚུངས་དགེ་མཚན་ལྡན་པའི་སྒོ་ནས་མར་ཁེ་སི་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ་ཉམས་ལེན་མཛད་དེ་ལག་ལེན་དངོས་ནང་རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ལྟ་བ་དང་བྱེད་ཐབས་བེད་སྤྱོད་ཧུར་ཐག་མཛད་དེ་བོད་ཀྱི་ལོ་རྒྱུས་དང་རིག་གནས་ལ་དབྱེ་ཞིབ་དང་ཞིབ་འཇུག་གནང་ནས་བོད་མི་རིགས་ཀྱི་རིག་གནས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་དང་། གདེང་འཇོག རྒྱུན་འཛིན་བཅས་བྱ་རྒྱུའི་ཐད་མིག་དཔེ་བཟང་པོ་ཞིག་བསྟན་གནང་ཡོད་པ་མ་ཟད་མཛད་རྗེས་ཀྱང་ཤིན་ཏུ་ཆེན་པོ་བཞག་ཡོད་དེ། སྐུ་ཚེ་གཅིག་རིང་གསུང་རྩོམ་དུ་མ་ཡོད་པའི་ནང་གཙོ་བོ་ཚིག་མཛོད་འདི་ཕུད་ད་དུང༼བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ༽དང་། ༼དེབ་ཐེར་དམར་པོའི་མཆན་འགྲེལ༽དེ་གཉིས་རྒྱ་ཡིག་དང་དབྱིན་ཡིག་ཏུ་བསྒྱུར་ནས་འགྲེམས་སྤེལ་བྱས་ཡོད།༼སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད༽སོགས་དང་། དེ་བཞིན༼བོད་ཀྱི་དཀར་ཆག་རིག་པ༽དང་། ༼བོད་ཀྱི་སློབ་གསོ་རིག་པའི་འཕེལ་རྒྱས་སྐོར༽ ༼བོད་ཡིག་དཔེ་རྙིང་དཔར་སྐྲུན་སྐོར་གླེང་བ༽༼གནའ་རབས་བོད་ཀྱི་འཇལ་གཤོར་འདེགས་གསུམ་གྱི་འཕེལ་རྒྱས་སྐོར༽ཞེས་པ་སོགས་ཆེད་རྩོམ་དུ་མ་ཡོད་པ་དེ་དག༼ཀྲུང་གོའི་བོད་ཀྱི་ཤེས་རིག༽དང་།༼བོད་ལྗོངས་ཞིབ་འཇུ༽ ༼སྦྲང་ཆར༽སོགས་རིག་གཞུང་དུས་དེབ་ཐོག་འགྲེམས་སྤེལ་བྱས་ཡོད། དེ་ཡང་དམ་པ་འདི་ཉིད་ཀྱིས༼དུང་དང་འོ་མར་འགྲན་པའི་ལྷག་བསམ་མཐུ། །དམན་ཡང་དཀར་པོའི་བྱས་འབྲས་ཅུང་ཟད་ཅིག །བློ་དང་འདུན་པ་བཟང་བའི་རང་རིགས་ཀུན། །རྒྱལ་ཁའི་འཕྲིན་བཟང་ལས་དོན་འགྲུབ་ཕྱིར་འབད།།༽ཅེས་བསྩལ་བ་ལྟར་སྐུ་ཚེ་གཅིག་རང་གི་རྒྱལ་ཁབ་ལ་དགའ་ཞེན་དང་། རང་གི་མི་རིགས་ལ་དགའ་ཞེན། རང་མི་རིགས་ཀྱི་ཕུལ་དུ་བྱུང་བའི་ཤེས་རིག་ལ་དགའ་ཞེན་བཅས་མཛད་དེ་མི་རིགས་རིག་གནས་དར་རྒྱས་གོང་འཕེལ་གཏོང་ཕྱིར་ཐུགས་ནུས་ཡོད་རྒུ་འདོན་གནང་མཛད་དེ་རང་རྒྱལ་གྱི་སློབ་གསོ་དང་རིག་གནས་བྱ་གཞག་ཐད་ལེགས་སྐྱེས་ཤིན་ཏུ་ཆེན་པོ་འབུལ་གནང་མཛད་པ་མ་ཟད། ཚིག་མཛོད་འདི་ཁོ་ནར་ཡང་སྔ་དུས་༡༩༦༠ལོ་ནས་ད་བར་མི་ལོ་སུམ་ཅུ་སོ་དྲུག་ལྷག་རིང་དུས་ཚོད་བར་གསེང་ནམ་ཡོད་ལ་མིང་ཚིག་འཚོལ་བསྡུ་དང་། དཔྱད་གཞི་འཚོལ་ཞིབ། ཚིག་འགྲེལ་རྩོམ་འབྲི་སོགས་མཛད་མཐར་སྨན་ཁང་དུ་བསྙུན་གཞི་ཧ་ཅང་དོད་དྲག་པའི་སྐབས་སུའང་ཚིག་མཛོད་འདི་ཉིད་ཀྱི་མ་ཟིན་ཞུས་དག་མཛད་པ་མ་ཟད། སྐུ་ཁམས་སླར་གསོ་བྱུང་རྗེས་མུ་མཐུད་ཕྱག་ལས་གནང་རྒྱུའི་ཐུགས་རེ་སྐོམ་པ་ཆུ་འདོད་ལྟར་མཛད་པ་དེ་ནི་རང་ཅག་ཕྱི་རབས་པ་རྣམས་ཀྱིས་རྗེས་སུ་ཡི་རངས་དང་མིག་དཔེ་ཞུ་དགོས་པ་ཞིག་རང་དུ་ངེས་སོ།།   །།  

                                               

༄༅།།རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ།

    ༄༅།།གངས་ལྗོངས་ཀྱི་ཐོན་མི་གཉིས་པ་རྗེ་བཙུན་དམུ་དགེ་བསམ་གཏན་རྒྱ་མཚོ་མི་འཇིགས་དབྱངས་ཅན་དགའ་བའི་བློ་གྲོས་དཔལ་བཟང་བོ་མཆོག་ནི་མདོ་སྨད་རྟའི་ཆོལ་ཁའི་ལྷོ་རྒྱུད། དེང་སྐབས་ཀྱི་སི་ཁྲོན་རྔ་བ་ཁུལ་ཟུང་ཆུ་རྫོང་གི་ཁོངས་གཏོགས། དམོད་དགེའམ་དམུ་དགེ་རུ་གྲགས་པའི་སར་རོང་སྡེ་སོག་པོ་རུ་ཞེས་པའི་གྲོང་ཚོ་དེར་རབ་ཚེས་ཤིང་སྟག༼སྤྱི་ལོ༡༠༡༤༽ལོར་ཡབ་དགེ་འདུན་སྐྱབས་དང་ཡུམ་ཨ་ཚེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཆུང་ངུའི་དུས་ནས་སྐུ་ཞང་བླ་མ་རིན་པོ་ཆེ་དང་ཡབ་ཀྱི་དྲུང་ནས་ཡི་གེ་སྦྱོར་ཀློག་དང་སྐྱབས་འགྲོ་ལྟུང་བཤགས་སོགས་བསླབས། དགུང་ལོ་བཅུ་གཅིག་པར་རབ་ཏུ་བྱུང་སྟེ་འཇམ་མགོན་བློ་བཟང་གྲགས་པའི་དངོས་སློབ་ཚ་ཁོ་ངག་དབང་གྲགས་པས་ཕྱག་བཏབ་པའི་ཆོས་སྡེ་ཆེན་པོ་དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་དུ་ཞུགས། ཡིག་གཟུགས་དང་ཆོ་ག་ཆོས་སྤྱོད། བསྡུས་གྲྭ་དང་བློ་རྟོགས། ཕར་ཕྱིན་སོགས་ལ་ཐོས་བརྩོན་གནད་སྨིན་མཛད་དེ་འཛིན་གྲྭའི་སྐྱོར་དཔོན་ཡང་གནང་། དགུང་གྲངས་ཉི་ཤུའི་སྟེང་མདོ་སྨད་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་ལ་ཕེབས་ནས་མཁས་དབང་དགེ་འདུན་ཆོས་འཕེལ་སོགས་ཀྱི་རྩོད་ཟླ་རྗེ་དཀོན་མཆོག་བསམ་འགྲུབ་ཚང་དང་། ལྔ་རིག་སྨྲ་བ་ༀ་འཁྱིལ་བ་འཇམ་དབྱངས་ལེགས་བཤད་ཚང་། ཁྱབ་བདག་རྡོ་རྗེ་འཆང་དངོས་ཨ་ལགས་བླ་གོ་རིན་པོ་ཆེ་སོགས་ངེས་དོན་མཁས་པའི་དབང་ཕྱུག་དུ་མ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ། མདོ་སྔགས་རིག་གནས་ཀུན་ལ་གསན་སྦྱོར་རྡོ་རུས་ཐུག་པ་ལྟ་བུ་གནང་ཞིང་འཛིན་གྲྭའི་སྐྱོར་དཔོན་གྱི་ཁུར་བཟུང་སྟེ་ལོ་ངོ་དགུའི་རིང་ལ་ཕ་ཡུལ་མིག་གིས་མཐོང་བ་ཙམ་ཡང་མེད་པར་རྡོ་རམས་དམ་བཅའ་སོགས་དམ་བཅའ་ཆེ་ཕྲ་དང་ཚོགས་གླེང་། འཛིན་གྲྭ་གཏུགས་གང་ཡོད་ཀྱི་བགྲོ་གླེང་རྣམས་ཞིབ་ཆས་ཟུར་ཕྱིན་ཅིང་གོ་བས་གཏིང་ཕུག་པར་མཛད་པས་སྐབས་དེ་ཤེད་ནས་དམུ་དགེ་བསམ་གཏན་ཞེས་མཁས་པའི་གྲགས་སྙན་གྱིས་ས་ཆེན་ཁྱབ་པ་བྱུང་།  
   
སྐྱབས་མགོན་སྐུ་ཕྲེང་ལྔ་བས་བླ་བྲང་དུ་གསར་འཛུགས་གནང་བའི་སློབ་གྲྭའི་དགེ་རྒན་དུ་བཞུགས་ཤིང་ཁྲི་ཆེན་གུང་ཐང་དྲུག་པ་ཆེན་པོས་ཁོང་གི་དྲུང་ཆེན་མཁན་པོའི་གོ་མིང་བསྩལ། དུས་ཀྱི་འགྱུར་ལྡོག་དང་། སྤྱི་ཚོགས་ཀྱི་འཕོ་འགྱུར་རིམ་གྱིས་མཐོ་སྒང་དུ་མཆེད་པ་ན། བླ་མ་རྣམ་པས་བཀའ་ཁྲོལ་བྱུང་བ་བཞིན་རྡོ་སྦིས་ཤེས་རབ་རྒྱ་མཚོ་མཆོག་དང་མཉམ་པོར་པེ་ཅིན་དུ་ཕེབས་ཏེ་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཁང་དུ་ཕྱག་ལས་གནང་། སྐྱབས་མགོན་དྲུག་པ་ཆེན་པོའི་བཀའ་ལུང་བཞིན་ཕྱིར་རང་ཡུལ་དུ་ཕེབས་ཏེ་དམུ་དགེ་དགོན་གྱི་དགེ་རྒན་དུ་བཞུགས། རིག་གནས་གསར་བརྗེ་ཞེས་གནམ་ས་བླ་འོག་བསྒྱུར་བའི་དུས་སྐབས་སུ་ཁོང་གིས་ཀྱང་བློས་མི་དཔོག་པའི་མནར་གཅོད་དང་སྐུ་ཚེ་གས་མྱོང་དགོས་བྱུང་བར་མ་ཟད་གསུང་ཆོས་པོད་གཉིས་ཡོད་པ་དེ་ཡང་གར་སོང་ཆ་མེད་དུ་གྱུར། རིམ་གྱིས་སྲིད་ཇུས་ལྷོད་ཡངས་བྱུང་ཡང་ལོ་བཅུའི་གོད་ཆག་སོགས་ཀྱིས་བོད་མི་རིགས་ཀྱི་ཆོས་དང་རིག་གནས་ཀུན་ལ་ཉམས་ཉེས་ཆེན་པོ་ཐེབས་པ་ཐུགས་ཀྱིས་མ་བཟོད་པར། བརྡ་སྤྲོད་པའི་བསྟན་བཅོས་བློ་གསལ་འཇུག་ངོགས་གསར་རྩོམ་གནང་སྟེ་རྔ་བ་དང་། ཁྱུང་མཆུ། ཀླུ་ཆུ། མཛོད་དགེ་བཞག་ལྡོམ་སོགས་བོད་ཀྱི་ས་གནས་མང་པོ་ནས་བོད་ཡིག་གསོ་སྦྱོང་འཛིན་གྲྭ་བཙུགས་ཤིང་རིག་གནས་དང་འབྲེལ་བའི་ཆོས་ཀྱི་བག་ཆགས་བཟང་བོ་དང་མི་རིགས་ཀྱི་ལ་རྒྱ་སོགས་གཞོན་ནུ་ཕོ་མོ་དཔག་དུ་མེད་པའི་རྒྱུད་ལ་བསྐྲུན། 
   
ཁ་ཅིག་གིས་མང་ཚོགས་དང་ཐག་ཇེ་ཉེར་གཏོང་དགོས་སྐད་ཀྱིས་གནད་བསྡུས་ཞེས་བོད་ཀྱི་བརྡ་སྤྲོད་གཞུང་དུ་བསྙད་བཏགས་པའི་ལོག་ཡིག་ཅིག་གང་སར་སྤེལ་ཏེ་གངས་དཀར་སཱ་ལའི་སྨན་ལྗོངས་ཆེན་མོའི་སྤྱི་སྐད་རྨང་ནས་དཀྲུགས་པ་ན་སྤྱི་ལོ༡༩༨༡ལོར་པེ་ཅིན་དུ་འཚོགས་པའི་མི་རིགས་གྲངས་ཉུང་སྐད་ཡིག་ཚན་རིག་གྲོས་བསྡུར་སྟེང་ཁོང་ཉིད་ཆེད་ཕེབས་ཀྱིས་ཉིན་བཅུ་གཉིས་ལ་རྩོད་གླེང་བགྱིས་མཐར་གནད་བསྡུས་དེ་ནི་ལོག་བཤད་ཅིག་ཡིན་པར་ཐག་བཅད་ནས་སློབ་དཔོན་ཐོན་མིའི་དགོངས་དོན་རྨ་མེད་པ་དེ་ཉིད་སླར་ཡང་ལག་ལེན་དུ་བསྟར་ཐུབ་པ་བྱུང་བའི་སྐུ་དྲིན་གཅིག་བུ་ཡང་གཞལ་མཐའ་མེད་པའི་ཚོད་དུ་ཡོད། གཞན་ཡང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། པེ་ཅིན་མི་རིགས་སློབ་གྲྭ་ཆེན་མོ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་སོགས་ཀྱིས་གདན་དྲངས་པ་བཞིན་སློབ་གྲྭ་དེ་དག་ལ་སྒྲ་དང་སྙན་ངག སྐར་རྩིས་དང་ལོ་རྒྱུས་སོགས་ཀྱི་ཁྲིད་ལན་མང་གནང་། ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱིས་གཙོས་རྔ་ཡུལ་སྒོ་མང་དགོན་དང་ཨ་མཆོག་མཚན་ཉིད་དགོན། ཆབ་མདོ་དགོན་ཆེན་སོགས་ས་གནས་དང་གྲུབ་མཐའ་རིས་སུ་མ་མཆིས་པའི་ཆོས་སྡེ་བགྲངས་ལས་འདས་པར་མདོ་སྔགས་རིག་གནས་སྐོར་གྱི་འཆད་ཁྲིད་དང་། དབང་ལུང་མན་ངག་སྤེལ་བ། དགེ་ཚུལ་སློང་གི་སྡོམ་པ་ཕོག་པ་སོགས་ཡང་དར་སངས་རྒྱས་ཀྱི་བསྟན་པ་རྨང་ནས་གསོ་བར་བླ་ཆེན་པོ་དགོངས་པ་རབ་གསལ་ལྟ་བུ་དང་། མི་རིགས་རིག་གནས་དར་སྤེལ་ལ་སློབ་དཔོན་ཐོན་མི་ལྟ་བུའི་ཕྱག་རྗེས་གངས་ལྗོངས་ལོ་རྒྱུས་ཀྱི་རྡོ་རིང་ངོས་སུ་གསལ་ལེར་བརྐོས་ནས་ཡོད། 
   
སྤྱིར་བསྟན་འགྲོའི་གསོས་སྨན་དང་བྱེ་བྲག་གདོང་དམར་བོད་ལ་ལེགས་སྐྱེས་སུ་བཞག་པའི་གསུང་རྩོམ་ཀྱང་བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་དང་། རྗེ་བླ་ཁོ་རིན་པོ་ཆེ་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་རྣམ་ཐར། བོད་དུ་རིག་གནས་དར་ཚུལ་སོགས་ལོ་རྒྱུས་ཀྱི་སྐོར་དང་། བྱིས་པའི་དག་ཡིག་དང་ཨང་ཡིག་འབྲི་བའི་རེའུ་མིག བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས། བརྡ་སྤྲོད་བློ་གསལ་དགའ་སྟོན། སུམ་རྟགས་ཀྱི་འགྲེལ་བ་བསྟན་པའི་སྒྲོན་མེ། སྙན་འགྲེལ་ཡང་གསལ་སྣང་མཛོད། དབྱངས་ཅན་སྒྲ་མདོའི་ཚིག་འགྲེལ་ཟླ་བའི་འོད་ཟེར། དབྱངས་གསལ་གྱི་བརྡ་ཆད། བྱེད་མཐུན་གྱི་ཉི་ཟླ་གཟའ་འཛིན་རི་མོ་ནག་འགྲོས་སུ་བཀོད་པ་རིགས་ལྡན་མཆོད་པའི་མེ་ཏོག རིགས་ལྡན་མཆོད་པའི་འོད་སྣང་གི་ཟུར་རྒྱན་རིན་ཆེན་སྒྲོན་མེ་ལས་ཆུ་མིག་ཀླུ་མཚོའི་རེ་མིག་བསྡུས་པ་གཟའ་ཉིའི་སྤྱི་ནོར་སོགས་ཐུན་མོང་རིག་གནས་ཀྱི་སྐོར། ཤེས་བྱའི་རྣམ་གྲངས་བློ་གསལ་རིགས་སྒོ་དང་། ཤེས་བྱའི་རྣམ་གྲངས་བློ་གསལ་རིགས་མཛོད། ཀུན་མཁྱེན་ཕར་ཕྱིན་མཐའ་དཔྱོད་ཀྱི་སྙན་ངག་ཚིགས་བཅད་རྣམས་ཀྱི་ཚིག་འགྲེལ། ཕར་ཕྱིན་སྐབས་བརྒྱད་པའི་མཐའ་དཔྱོད། བསྡུས་དོན་ཆོས་མངོན་རྒྱ་མཚོར་འཇུག་པའི་གྲུ་གཟིངས་ཀྱི་ཚིག་འགྲེལ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་ཚིག་འགྲེལ་ཐུབ་བསྟན་ཡར་རྒྱས་སོགས་ནང་དོན་རིག་པའི་སྐོར་འཇམ་དབྱངས་དཀར་བོ་དང་དབྱངས་ཅན་མ་སྦྲགས་པའི་སྒྲུབ་ཐབས་སོགས་ཆོ་ག་ཆོས་སྤྱོད་ཀྱི་སྐོར་བཅས་ཁྱོན་པོད་ཆེན་པོ་དྲུག་ལྷག་བཞུགས།  
   
དེ་ལྟར་འཁོར་ལོ་གསུམ་གྱི་མཛད་འཕྲིན་ནམ་མཁའ་དང་མཉམ་པའི་མཁས་དབང་ཁོང་ནི་དགུང་གྲངས་བརྒྱུད་ཅུ་བཞེས་པ་རབ་གནས་ཆུ་བྱ་སྤྱི་ལོ༡༩༩༣ལོའི་ནག་པ་ཟླ་བའི་ཚེས་བཅོ་ལྔའི་ཐོ་རངས་ཁར་དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་མཛད་དོ།།

 

                                              ༄༅།།ཨ་རིག་དགེ་བཤེས་ཆེན་མོ།

   ༄༅། །རྗེ་འདི་པ་རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་སྨད་དང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་སྐུ་དུས། ཨ་མདོ་ནས་དབུས་ལ་སློབ་གཉེར་གནང་བར་ཕེབས་ཏེ་ངེས་པ་དོན་ལྡན་གྱི་མཁས་པར་གྱུར་པ་ཞིག་ཡིན། ཁོང་སྤྱི་ལོ་༡༧༢༨ལོར་མགོ་ལོག་གི་རྨ་ཆེན་སྤོམ་རའི་ལྷ་ཞོལ་དང་ཉེ་བའི་ཨ་རིག་ཁྱེབ་ངེས་ཞེས་པའི་ས་ཆར་འཁྲུངས། དགུང་ལོ་༡༧ལ་དབུས་སུ་ཕེབས་ནས་སེར་བྱེས་གྲྭ་ཚང་དུ་ཞུགས། ལོ་བཅུ་གསུམ་རིང་ཕར་ཕྱིན་འདུལ་མཛོད་སོགས་ལ་ཞིབ་ཏུ་སྦྱངས་པ་མ་ཟད། རྗེ་བཙུན་པའི་སྤྱི་ཐལ་ཕལ་མོ་ཆེ་ཐུགས་ལ་བཟུང་ནས་ལྷ་སའི་སྨོན་ལམ་རབ་འབྱམས་པའི་གྲྭ་སྐོར་མཛད། དེ་ནས་ཕུར་ལྕོག་ངག་དབང་བྱམས་པའི་ཞབས་ལ་ལོ་དྲུག་བསྟེན་ནས་བཀའ་ཆོས་གསན་པ་དང་སྒོམ་སྒྲུབ་མཛད་ཞོར་རྗེ་བླ་མའི་མདོ་སྔགས་ཀྱི་ལམ་རིམ་ཆེན་མོ་གཉིས་ཀ་ཐུགས་ལ་བྱང་བར་བཟུང་ནས་དགོངས་པ་མ་རྫོགས་བར་ཞལ་འདོན་རྒྱུན་འཁྱོངས་གནང་། ཡོངས་འཛིན་ཁྲི་ཆེན་ངག་དབང་ཆོས་གྲགས་༼རྒྱལ་བ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་གནང་༽ལ་བཀའ་འགྱུར་གྱི་ལུང་ཕུལ་བ་སོགས་ཁྲིད་ལུང་མན་ངག་གི་རྒྱུན་སྤེལ། པཎ་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་དུས་འཁོར་དབང་ཆེན་གནང་སྐབས། དབང་ཡོན་དུ་ལུས་ངག་ཡིད་གསུམ་བཅས་པ་སྙིང་ཐག་པ་ནས་འབུལ་རྒྱུའི་དམ་བཅའ་མཛད་དེ། སྤྱི་ལོ་༡༧༦༩ལོར་མགོ་ལོག་རྭ་རྒྱའི་བཀྲ་ཤིས་ལྗོངས་སུ་ར་རྒྱ་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་ཞེས་བྱ་བ་ཕྱག་བཏབ་ནས་པཎ་ཆེན་རིན་པོ་ཆེར་ཕུལ་བ་ཞལ་བཞེས་མཛད་པའི་བཀའ་ཤོག་ཞིབ་རྒྱས་བདག་རྐྱེན་དང་བཅས་པ་བསྩལ་བ་མ་ཟད། མཚན་ཉིད་ཀྱི་བཤད་གྲྭ་འཛུགས་དགོས་པའི་བཀའ་བསྒོས་བཞིན་སེར་བྱེས་མཁས་མང་གྲྭ་ཚང་གི་ཡིག་ཆ་ལྟར་འཆད་ཉན་བཙུགས་ཏེ་ལོ་ཉི་ཤུ་རྩ་བཞི་བར་ལེགས་པར་བསྐྱངས། སྤྱི་ལོ་༡༧༩༢ལོར་དགོན་པ་ཤིང་བཟའ་པཎྜི་ཏར་རྩིས་སྤྲད་དེ་མདོ་སྨད་ཀྱི་དབེན་གནས་སྒྲུབ་སྡེ་དང་ལྷག་དོན་སྟོང་སྐོར་ལུང་པའི་བྲག་ཕུག་དང་སྟོང་སྐོར་མཁར་ནང་ལ་དབྱར་དགུན་རེ་མོས་ཀྱིས་བཞུགས་ནས་ལྕང་སྐྱ་མཆོག་སྤྲུལ་དང་། བཙན་པོ་མཆོག་སྤྲུལ། སྟོང་འཁོར་རིན་པོ་ཆེ་སོགས་སྐྱེས་ཆེན་མང་པོའི་ཡོངས་འཛིན་མཛད། རི་བོ་དན་དིག་ཏུ་མཚམས་ཁང་དང་ཇོ་ཁང་སོགས་ཀྱང་གསར་དུ་བཞེངས་ནས་སྤྱི་ལོ་༡༨༠༣ལོར་སྐུ་གཤེགས་པ་བཅས་འཇམ་མགོན་བླ་མའི་མདོ་སྔགས་ཀྱི་བསྟན་པ་ཕྱོགས་བཅུར་སྤེལ་ཞིང་ཕྱི་ནང་གསང་གསུམ་གྱི་རྣམ་ཐར་བསམ་གྱིས་མི་ཁྱབ་པས་ཀུན་གྱིས་ཨ་རིག་དགེ་བཤེས་ཆེན་མོ་ཞེས་སྐྱབས་ཀྱི་དམ་པར་བཀུར་བ་གང་དེའི་མཚན་དངོས་ལ་ཨ་རིག་དགེ་བཤེས་མེར་གན་མཁན་པོ་རྒྱལ་མཚན་འོད་ཟེར་རམ་བྱམས་པ་དགེ་ལེགས་རྒྱལ་མཚན་དུ་གྲགས་སོ།   །།                                                                 


                                                    ༄༅།།ཆོས་རྗེ་དོན་གྲུབ་རིན་ཆེན།

    ༄༅།།མདོ་སྨད་བསྟན་པའི་མེས་པོ་འདི་ཉིད་རབ་བྱུང་ལྔ་པའི་ས་བྱ་༼སྤྱི་ལོ་༡༣༠༩༽ལོར་སྐུ་འཁྲུངས། སྐུ་འཁྲུངས་པའི་ཡུལ་ལ་རྨ་ཆུའི་ལྷོ་ངོས་རེབ་གོང་དང་སྣང་ར་སོགས་ངོས་འཛིན་ཚུལ་སྣ་ཚོགས་པ་ཡོད། སྐུ་ཆུང་དུས་ནས་རབ་ཏུ་བྱུང་སྟེ་དབུས་གཙང་དུ་བྱོན། སྙེ་ཐང་པ་བཀྲ་ཤིས་སེང་གེ་དང་སྡོང་སྟོན་རིག་པའི་སེང་གེ བླ་མ་ཡེ་ཤེས་དཔལ། མཆིམས་བློ་བཟང་གྲགས་པ་སོགས་མཁས་གྲུབ་མང་པོ་བསྟེན་ནས་མདོ་སྔགས་ཀྱི་གཞུང་མང་དུ་གསན། ཕར་ཕྱིན་དང་བྱམས་ཆོས་ཐམས་ཅད་མཁས་པར་གྱུར། དེ་ནས་གཙང་གི་སྣར་ཐང་ཆོས་གྲྭར་བྱོན་ཏེ་བཅོམ་ལྡན་རིགས་རལ་གྱི་བུ་ཆེན། བཅོམ་ལྡན་པ་རང་གི་གདན་ས་བ་ལྡོང་སྟོན་རིགས་པའི་སེང་གེ་ལས་ཚད་མ་རྣམ་ངེས་གསན། རིག་པའི་གནས་ལ་ཐོགས་པ་མེད་པར་གྱུར་ནས་རྩོད་པ་བཟང་པོའི་མཆོག་ཏུ་གྲགས་པ་བྱུང༌། ཞྭ་ལུར་གྲྭ་སྐོར་ལ་བྱོན་པ་ན་བུ་སྟོན་རིན་པོ་ཆེ་དང་ཚོགས་སུ་བགྲོ་གླེང་མཛད་པས་ལེགས་པར་ཟིན་ཏེ་ཤར་ཕྱོགས་པ་རིག་པའི་དཔའ་བོ་ཞེས་སྙན་པའི་གྲགས་པ་ཆེས་ཆེར་རྒྱས། དེ་ནས་རོང་དུ་བྱོན་ཏེ་རོང་གི་བླ་མ་ཡེ་ཤེས་དཔལ་པའི་དྲུང་ནས་གཤེད་སྐོར་སྤྱི་དང༌། ཁྱད་པར་འཇིགས་བྱེད་ཀྱི་དབངདང༌། རྒྱུད་འགྲེལ་གྱི་བཤད་པ། མན་ངག་ཐམས་ཅད་ལེགས་པར་གསན་ནས་ཐུགས་སུ་ཆུད། དེ་ནས་ཨ་མདོར་ཕེབས་ནས་ཤིང་ཀུན་སྡེ་གསར་གྱི་མཁན་པོ་མཛད་དེ་མདོ་སྔགས་ཀྱི་ཆོས་མང་དུ་གསུངས། འཆད་ཉན་གྱི་བསྟན་པ་སྤེལ། དེ་རྗེས་གདན་དྲངས་པ་ལྟར་དབུས་སུ་ཕེབས། ཆོས་རྗེ་བསམ་གཏན་དཔལ་གྱི་དྲུང་དུ་བྱོན་ཏེ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས་ཞི་གནས་ཀྱི་མྱོང་བ་ཁྱད་པར་ཅན་འཁྲུངས། མཁས་གྲུབ་ཆེན་པོ་མཆིམས་བློ་བཟང་གྲགས་པའི་དྲུང་དུ་ཆོས་གསན་པའི་སྐབས་ཤིག་བླ་མས་ཁྱོད་ཀྱི་གནས་དང་གདུལ་བྱ་མདོ་སྨད་དུ་ཡོད། བྲག་བྱ་ཁྱུང་དུ་འབོད་པར་སྒྲུབ་པ་ཉམས་བཞེས་ལ་འབད་པ་གྱིས། དེ་དུས་ཁྱོད་ལ་སློབ་མ་མང་དུ་འདུག་ཀྱང་འགྲན་ཟླ་དང་བྲལ་བ་གཅིག་བྱུང་བས་དེ་རབ་ཏུ་བྱུང་དུས་ངའི་མིང་འདི་ཐོགས་ཞེས་ལུང་བསྟན་བྱུང་བས། བླ་མའི་བཀའ་བཞིན་དུ་ཨ་མདོ་ལ་བྱོན། ཐོག་མར་ཤ་སྦྲང་དགོན་ཕྱག་བཏབ། སེ་གུ་བྱ་ཁྱུང་དུ་རི་ཁྲོད་བཟུང༌། སྣང་རའི་གསེར་ཁང་བཞེངས། རབ་བྱུང་དྲུག་པའི་ས་གླང་༼སྤྱི་ལོ་༡༣༤༩༽ལོར་བྱ་ཁྱུང་དགོན་པ་ཕྱག་བཏབ། གྲྭ་ཚོགས་བརྒྱ་ཕྲག་བརྒལ་བ་འདུས། དེ་རྣམས་ལ་ཕར་ཚད་ཀྱིས་ཐོག་དྲངས་བྱམས་ཆོས་རྣམས་དང༌། བརྟག་གཉིས་སྤྱོད་འཇུག་རྣམས་ཀྱི་བཤད་གྲྭ་རྒྱ་ཆེན་མཛད། རྗེ་ཙོང་ཁ་པ་ཆེན་པོ་སྐུ་བལྟམས་པའི་ཚེ་ཉེ་གནས་ཚུལ་ཁྲིམས་དང་ལྡན་པ་ཞིག་མངགས་ནས་བྱིན་རླབས་ཀྱི་དྲོད་མ་ཡལ་པའི་རྟེན་གསུམ་གྱི་ཆུན་པོ་དང༌། བུ་ཆུང་དོ་དམ་བྱེད་ལུགས་ཀྱི་ཕྱག་བྲིས་བཅས་ཡབ་ཡུམ་ལ་བསྐུར་གནང་མཛད། ཆུ་སྟག་༼སྤྱི་ལོ་༡༣༦༢༽ལོར་རྗེ་ཙོང་ཁ་པ་ལ་བདེ་མཆོག་དང༌། ཀྱཻ་རྡོར། འཁོར་ཆེན། རྩེ་མོ་སོགས་རྒྱུད་སྡེ་གོང་འོག་དུ་མའི་དབང་བསྐུར་ཏེ་གསང་མཚན་དོན་ཡོད་རྡོ་རྗེར་གསོལ། ཆུ་ཡོས་༼སྤྱི་ལོ་༡༣༦༣༽ལོར་རྗེ་ཙོང་ཁ་པ་ལ་དགེ་ཚུལ་བསྒྲུབས་ཏེ་བློ་བཟང་གྲགས་པར་མཚན་གསོལ། ཆུ་གླང་༼སྤྱི་ལོ་༡༣༧༣༽ལོར་རྗེ་ཙོང་ཁ་པ་དབུས་སུ་ཕེབས་པའི་རྫོང་བརྡ་གནང༌། དགུང་ལོ་དོན་བདུན་ལ་ཕེབས་པ་རབ་བྱུང་དུདྲུག་པའི་ཤིང་གླང་༼སྤྱི་ལོ་༡༣༨༥༽ལོར་སྐུ་མྱ་ངན་ལས་འདས་སོ།།       

 

༄༅།།ཞབས་དཀར་ཚོགས་དྲུག་རང་གྲོལ།

     ༄༅།།ཞབས་དཀར་ཚོགས་དྲུག་རང་གྲོལ་ནི། རབ་བྱུང་བཅུ་གསུམ་པ་ལྕགས་མོ་གླང༼སྤྱི་ལོ་༡༧༨༡༽གི་ལོར་མདོ་སྨད་རེབ་གོང༼ད་ལྟའི་མཚོ་སྔོན་ཞིང་ཆེན་ཐུན་རིན་རྫོང་གི་ཁོངས༽ཞོ་འོང་གཉན་རྒྱ་ཞེས་པའི་གྲོང་སྡེར་ཡུམ་བཀྲ་ཤིས་བརྩེགས་པའི་སྲས་སུ་འཁྲུངས། ཆུང་དུས་སུ་མཚན་ངག་དབང་བཀྲ་ཤིས་སུ་གསོལ། དགུང་ལོ་བརྒྱད་ཀྱི་སྟེང་ཨ་མེས་ངག་དབང་གི་མདུན་དུ་ཡི་གེ་སྦྱོར་ཀློག་སྦྱངས་ཤིང་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་པར་ཞོ་འོང་སྔགས་མང་ཆོས་ཐོག་གི་གྲལ་དུ་ཞུགས། དགུང་ལོ་བཅུ་བདུན་སྟེང་གླིང་རྒྱའི་ལྷ་བཟོ་བསྟན་པ་དར་རྒྱས་ལས་ལྷ་བྲིས་བསླབས་པས་རི་མོ་ལེགས་པོ་ཞིག་མཁྱེན།  ཆུ་དམར་དགེ་འདུན་བཀྲ་ཤིས་རྒྱ་མཚོ་ལ་ཆོས་འབྲེལ་གྱི་ཐོག་མ་ཞུས་ཤིང་། གཡའ་མ་བཀྲ་ཤིས་འཁྱིལ་བའི་བླ་མ་འཇམ་དབྱངས་རྒྱ་མཚོ་དང་ཨོ་རྒྱན་འཕྲིན་ལས་རྣམ་གཉིས་ཀྱི་ཞབས་པད་བསྟེན་ནས་མདོ་སྔགས་ཆོས་ཀྱི་གདམས་པ་མང་དུ་གསན། དགུང་ལོ་ཉེར་གཅིག་གི་སྟེང་དུ༼སྤྱི་ལོ༡༨༠༡༽རབ་བྱུང་དང་བསྙེན་རྫོགས་བསྒྲུབས། དེ་ནས་རྒྱལ་མཁན་ཆེན་དང་ལྷན་དུ་རྩེ་གཞུང་དབེན་པའི་དགའ་ཚལ་དུ་ཕེབས་ཏེ། ཆོས་རྒྱལ་ངག་གི་དབང་པོ༼ཆིང་ཝང་ངག་དབང་དར་རྒྱས༽སྤྱི་བོའི་ཅོད་པན་དུ་བསྟེན་ཏེ་མདོ་སྔགས་ཆོས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་དཔྱིས་ཕྱིན་པ་མཛད་ཅིང་། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལ་མངའ་བརྙེས། ཚོགས་དྲུག་གི་ཞེན་འཛིན་རང་སར་གྲོལ་བའི་བརྡར་མཚན་ལ་ཚོགས་དྲུག་རང་གྲོལ་དུ་གསོལ། རབ་བྱུང་བཅུ་གསུམ་པའི་མེ་སྟག༼སྤྱི་ལོ༡༨༠༦༽ནས་རྒྱལ་ཁམས་ཕྱོགས་མེད་འགྲེམས་ཏེ་སྒྲུབ་པ་སྙིང་པོར་མཛད། གངས་ཅན་བོད་ཀྱི་གནས་ཆེན་ཡོད་དོ་ཅོག་ལ་ཕལ་ཆེར་ཞབས་ཀྱིས་བཅགས་ཏེ། དབེན་གནས་བརྒྱ་ཕྲག་ཏུ་ལོ་སུམ་ཅུའི་རིང་ལ་སྒྲུབ་པ་ལྷུར་ལེན་མཛད་ནས་གྲུབ་པ་བརྙེས་ཤིང་འགྲོ་དོན་བསམ་གྱིས་མི་ཁྱབ་པ་མཛད། རང་གྲོལ་མཚན་ཅན་དྲུག་དང་། ཐུགས་སྲས་སངས་རྒྱས་རིན་ཆེན། སྤྱང་ལུང་སྤྲུལ་བའི་སྐུ་སོགས་གཙོས་མདོ་དབུས་གཙང་གསུམ་གྱི་གྲུབ་མཐའ་རིས་སུ་མ་མཆིས་པའི་སློབ་མ་ཁྲི་སྟོང་མང་པོ་ཞིག་བསྐྱངས་པས། ཁོང་གི་མཚན་སྙན་གྱི་རྔ་གསང་བོད་ཁམས་ལས་ཆེས་ཆེར་བརྒལ་ཏེ་བལ་ཡུལ་མཐིལ་དུའང་ཁྱབ།  ལྗགས་རྩོམ་གྱི་སྐོར་ལ༼རང་རྣམ༽དང༼མགུར་འབུམ༽སོགས་ཁྱོན་བསྡོམས་པོད་ཉེར་ལྔ་ཙམ་ཡོད་པར་གྲགས། དགུང་ལོ་དོན་གཅིག་པ་རབ་བྱུང་བཅུ་བཞི་པའི་ལྕགས་ཕག༼སྤྱི་ལོ༡༨༥༡༽ལོར་རང་ཡུལ་རེབ་གོང་ནས་གཟུགས་སྐུའི་བཀོད་པ་བསྡུས་སོ།།

                                               ༄༅།།བླ་ཆེན་དགོངས་པ་རབ་གསལ།  

    ༄༅།།རྗེ་འདི་ཉིད་བོད་ཆུ་བྱི་༨༩༢ལོར་ཙོང་ཁ་བདེ་ཁམས་སམ་འཕན་ཡུལ་ཞོགས་པར་འཁྲུངས། འདི་ཉིད་སྐྱ་བོའི་སྐབས་མཚན་ཀ་ར་འཕན་དང་། བོན་བསླབ་པས་བོན་མིང་མུ་གཟུ་གསལ། རབ་ཏུ་བྱུང་སྐབས་མཁན་སློབ་ཀྱི་མཚན་ལས་དྲངས་པས་དགེ་བ་རབ་གསལ་དང་ཕྱིས་ཐུགས་རབ་ཆེ་བས་དགོངས་བ་རབ་གསལ། བསྟན་པའི་མེ་རོ་བླངས་ནས་བླ་ཆེན་དུ་གྲགས་པ་བཅས་མཚན་གྱི་རྣམ་གྲངས་མང་། མཐར་དགུང་ལོ་ངབརྒྱད་ཅུ་གྱ་བཞི་པ་ཤིང་ཕག་ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན། ཁོང་གི་སློབ་མ་མཆོག་དྲུག་ནི་སྤ་གོར་ཡེ་ཤེས་གཡུང་དྲུང་དང་བར་གནས་བརྟན་གྲགས་པ་གཉིས་ལ་སྤ་གོར་གཉིས་དང་། ཇ་བ་གྲགས་པ་དང་བཙུན་པ་ཤེས་རབ་འབྱུང་གནས་གཉིས་ལ་ཇ་ཅོག་གཉིས། འལ་པ་རྡོ་རྗེ་དབང་ཕྱུག་དང་བསྣུབས་ལབ་ཤི་དཔལ་གྱི་དབང་ཕྱུག་གཉིས་ལ་འལ་བསྣུབས་གཉིས་བཅས་དང་། དེ་བཞིན་བཞད་སྲགས་གཉིས། ཟོང་འཚུར་གཉིས། དབུས་གཙང་མི་བཅུ་ལ་སོགས་སློབ་མ་མང་དུ་བྱུང་ངོ་།།  །།

 

   ༄༅།།ལྷ་ལུང་དཔལ་གྱི་རྡོ་རྗེར་དཔྱད་པ།

      ༄༅།།དུང་དཀར་ཚིག་མཛོདལས། ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་སྤྱི་ལོ་དུས་རབས་བརྒྱད་པ་ཡས་མས་སུ་འབྲོམ་སྟོན་གོང་མོ་ཆེར་སྐུ་འཁྲུངས། སྐྱ་མིང་དུ་སྟག་ཉ་བཟང་ཟེར་ཞིང་། རྒྱ་བོད་ས་མཚམས་བསྲུང་བའི་དམག་དཔོན་མཛད། བི་མ་ལ་མི་ཊ་ལས་རབ་ཏུ་བྱུང་ནས་མཚན་ལ་དཔལ་གྱི་རྡོ་རྗེ་བཏགས། སློབ་དཔོན་པདྨ་སམ་བྷ་ནས་བྱང་སེམས་ཀྱི་སྡོམ་པ་ཞུས། གྲིབ་ཀྱི་དཀར་མོ་རིང་དུ་སྒོམ་ལ་བཞུགས་སྐབས་ཆོས་གོས་རླུང་གིས་འཁྱེར་བའི་རྗེས་སུ་སྙེགས་ཏེ་ཡང་པར་བྱོན་ནས་སྒོམ་ཞིང་བཞུགས་པས་ཐུགས་དམ་གྱི་རྟེན་ཤཱཀྱ་ཐུབ་པ་སོགས་བཞེངས། དཔལ་གྱི་རྡེ་རྗེ་སོགས་མི་བཅུ་གསུམ་གྲུབ་པ་ཐོབ། སྤྱི་ལོ་དུས་རབས་དགུ་བའི་ནང་བཙན་པོ་གླང་དར་མས་ཆོས་སྣུབ་སྐབས་ལྷ་ལུང་དཔལ་རྡོར་ཡར་པའི་སྒོམ་སྒྲུབ་མཛད་བཞིན་ཡོད་པས་ལྷ་ལུང་དཔལ་རྡོར་ལྷ་སར་བྱོན་ནས་བཙན་པོ་གླང་དར་གྱིས་རྡོ་རིང་ཡི་གེ་ཀློག་པའི་སྐབས་དང་བསྟུན་ནས་མདའ་འཕང་ཏེ་བཙན་པོ་བཀྲོངས་ནས་མདོ་སྨད་མཚོ་སྔོན་དུ་བྲོས་ཏེ་སྒོམ་བརྒྱབ་ནས་བཞུགས། སྤྱི་ལོ་དུས་རབས་བཅུ་བའི་ནང་བླ་ཆེན་དགོངས་པ་རལ་གསལ་རབ་ཏུ་བྱུང་སྐབས་ཀྱང་ལྷ་ལུང་དཔལ་རྡོར་འཚོ་བཞུགས་ཡོད་ཚུལ་སོགས་ཆོས་འབྱུང་འགའ་ཞིག་ཏུ་གསལ། གོང་གསལ་ལྷ་ལུང་དཔལ་རྡོར་གྱི་འཁྲུངས་ཡུལ་ནི་དེང་སང་འབྲོམ་ཐོད་ཤང་སྙན་རོང་ཞེས་པའི་ཉེ་འདབས་སུ་གུར་བ་ཞེས་བྱ་བའི་ས་ཆ་ཞིག་ཡོད་པ་དེ་མིན་ནམ་སྙམ་། སྒྲུབ་པའི་གནས་མཆོག་ཡེར་བའི་དཀར་ཆག་དད་པའི་ས་བོན་དུ་ལྷ་ལུང་དཔལ་གྱི་རྡོ་རྗེའི་སྐྱེ་མིང་ལ། སྟག་ཉག་བཟང་བྱ་བ་ལགས། འབྲོམ་སྟོད་དགུང་ཆེར་སྐུ་སྐྱེ་བཞིས། རྒྱ་བོད་བྱེད་མ་ཐག་ཏུ་དམག་རྣམས་བསྡུས། རིན་ཆེན་གཡུང་དྲུང་རི་ལ་དམག་རྣམས་བོར་ཏེ། སྟོང་བདེ་ན་མི་བསྐྱོད་པ་ཡོད། ལྷས་ཀྱི་འཇང་ལྡང་ན་སྤྱན་རས་གཟིགས་ཡོད། དེ་མན་ཆད་ན་རྒྱ་ནག་པོ་ཡོད་དོ། དེ་མན་ཆད་ན་བོད་ཀྱི་དཔོན་སྟག་ཉ་བཟང་བྱ་བ་ཡོད་དོ། རྒྱ་དང་གཉིས་དམག་འཐབ་ནས་མདུང་ཕྲག་གཡས་ལ་བཀལ། རྨོག་ཕྲག་པ་གཡས་ལ་བཀལ་ནས་ཡོད་ཙ་ན་ཞེས་ཁོང་གི་འཁྲུངས་ཡུལ་ནི་ད་ལྟའི་བོད་རང་སྐྱོང་ལྗོངས་ཀྱི་སྟག་རྩེ་རྗེང་འབྲོམ་ཤང་ངམ་ཡང་ན་ཆུ་ཤུར་རྫོང་གི་ཉེ་འཁོར་ཡིན་པ་དང་། ཡང་དམངས་ཁྲོད་བཤད་རྒྱུན་དུ་ལྷོ་ཁ་བ་ཚོས་ལྷོ་བྲག་ཏུ་ལྷ་ལུང་དགོན་པ་ཟེར་བ་ཞིག་ཡོད་པ་དེའི་ཉེ་འདབས་སུ་ལྷ་ལུང་དཔལ་རྡོར་འཁྲུངས་པར་འདོད་པ་དང་། ཡང་གཉིས་རྩེ་རྣམ་རྫོང་གླིང་དུ་སྔོན་གྱི་རྫོང་རྙིང་རྒྱ་མཚོ་རྗེང་ཟེར་བའི་ཁོངས་སུ་ལྷ་ལུང་བླ་མ་ཚང་ཟེར་བའི་མི་ཚང་ཞིག་ཡིད་པ་དེ་ལྷ་ལུང་དཔལ་རྡོར་གྱི་མི་རྒྱུད་འཁྲུལ་མེད་དུ་འདོད་པ་དེ་ལས་ལྷ་ལུང་དཔལ་རྡོར་གྱི་འཁྲུངས་ཡུལ་ཡང་ཡིན་པར་བསྟན་ཡོད་ན་ངེས་པར་དཔྱད་དགོས་པ་ཞིག་རེད། དམངས་ཁྲོད་ཀྱི་ངག་རྒྱུན་འདི་གཉིས་ལ་ལོ་རྒྱུས་ཀྱི་ས་བོན་ངེས་ཅན་ཞིག་འདུག་ལ་འོན་ཀྱང་བོད་ཀྱི་ཆོས་འབྱུང་དང་ལོ་རྒྱུས་ཀྱི་ཡིག་ཆ་ལས་ཟུར་ཙམ་ཡང་མ་རྙེད་པས་ཁོང་གི་འཁྲུངས་ཡུལ་ཡིན་ཟེར་ན་ཡིད་ཆེས་དཀའ། ཡབ་ཡུམ་གྱི་མཚན་མི་གསལ་ཞིང་སྤུན་གསུམ་ཡོད་པར་སྣང་།  དེ་ཡབ་མཆོད་གཉིས། ཕ་སྤུན་གཉིས། ཁོང་རང་སྤུན་གསུམ་དང་བཅས་བཙུན་པ་དཔལ་ང་དབྱངས་དང་། དཔལ་གྱི་རྡེ་རྗེ། རབ་འབྱོར་དབང་བོ་གསུམ་སྐུ་མཆེད་ཡིན་ཞེས་དང་ལྷ་ལུང་དཔལ་རྡོར་གྱིས་གཟིགས་ནས་ཐུགས་དགོངས་ལ་ངེས་སྤུན་གསུམ་ཆེ་བ་དེ་རབ་འབྱོར་དབང་བོ་དབྱངས་ཡིན། ང་འབྲིང་བོ་ཡིན། ཆུང་བ་དེ་གྲགས་ཤེས་ཡིན། དེ་ན་ཁོང་གི་སྐྱ་མིང་ལ་སྟག་ཉ་བཟང་ངམ་སྟག་ཉག་བཟང་ཟེར་ཞིང་སྤུན་གསུམ་ལས་འབྲིང་བ་ཡིན། ཁོང་གི་རིགས་ནི་དམག་དཔོན་ནམ་རིགས་རུས་མཐོ་ཤོས་ཅིག་ཡིན་པ་སྨོས་མ་དགོས་པ་ཞིག་རེད། རུས་ནི་ག་འདྲ་ཞིག་ཡིན་པ་ཟེར་ན་ཧ་ཅང་དཀའ་མོ་ཞིག་འདུག སྦ་བཞེད་ལས། བཙན་པོའི་ཞལ་ནས། སློབ་དཔོན་ངའི་བོད་ལ་དགེ་སློང་མེད་པས་ངའི་ཞང་བློན་དག་ལ་དགེ་སློང་བཏུབ་བམ་ཅེས་ཞུས་པའི་ལན་དུ། བཏུབ་བམ་སད་པར་བྱ་གསུང་ནས་སྐད་ལོབས་པ་ཚོ་ལས་ཐོག་མར་བོད་ལ་དད་པ་ཆེ་བའི་སྦ་སང་ཤི་ཏ་ཡང་ཟེར། ཁྲི་གཟིགས་དགེ་སློང་བྱས་མ་ཐག་ཏུ་མཚན་སྦ་དཔལ་དབྱང་སུ་བཏགས། མངོན་པར་ཤེས་པ་ལྔ་དང་ལྡན་པས། བཙན་པོ་དགྱེས་ཏེ་དེའི་ཞབས་སྤྱི་བོར་བླངས་ཏེ་ཁྱོད་བོད་ཀྱི་རིན་པོ་ཆེ་ཡིན་ནོ་ཞེས་བཀའ་སྩལ་ནས་མཚན་ཀྱང་སྦ་རཏྣ་ཞེས་བཏགས་ཏེ། བོད་ཀྱི་རབ་ཏུ་བྱུང་བ་ལ་སྔ་བ་དེ་ཡིན་ནོ། བུ་སྟོན་ཆོས་འབྱུང་དུ་འབའ་ཁྲི་བཞེར་སང་ཤི་ཏ་དང་ཞེས་པ་གཉིས་མི་གཅིག་ཡིན་པར་འདོད། སྦ་དཔལ་དབྱངས་ནི་ལྷ་ལུང་དཔལ་རྡོར་གྱི་གཅེན་པོ་དང་སྐྱེ་མིང་ལ་སྦ་ཁྲི་གཟིགས་ཡིན་ན། སྦ་ཁྲི་གཟིགས་ནི་བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་ནས་བློན་ཆེན་ཞིག་ཡིན་ལ། སྦ་དེའང་ཏུན་ཧོང་ཡིག་རྙིང་སོགས་སུ་དབའང་དབང་སུ་འབྲི། དཔེར་ན་དབའས་ཁྲི་གཟིགས། དབའས་ཁྲི་སུམ་རྗེ། དབས་སྟག་སྒྲ་ཁོང་ལོད། ད་དུང་བཙན་པོ་རལ་བ་ཅན་ཀྲོང་མཁན་དབའས་སྟག་རྣ་སོགས་དང་། རུས་དབའས་ཡིན་པ་ན་ཁོང་གི་རུས་རྒྱུད་དེ་ནི་བཙན་པོ་རྒྱལ་རབས་ཀྱི་ཞང་བློན་གཙོ་བོའི་གྲས་ཡིན་པས་ཁོང་གི་རུས་རྒྱུད་ནི་བཙན་པོའི་རྒྱལ་རབས་ལ་གཉེན་གྱི་འབྲེལ་ངེས་ཅན་ཡོད་པ་མ་ཟད། ཁོང་སྤུན་གསུམ་ཡང་བཙན་པོའི་རུ་དམག་གི་མཐའ་མཚམས་སྲུང་བའི་དམག་དཔོན་ཡིན་འདུག ཡིན་ཡང་མི་ཉག་ཐུབ་བསྟན་ཆོས་འཕེལ་ལགས་ཀྱིས་སྟག་ཉག་བཟང་ཞེས་འབོད་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། སྔོན་བཙན་པོའི་དུས་སུ་དཔའ་བོ་ལ་སྟག་གིས་བསྟོད་པ། སྡར་མ་ལ་ཝ་ཡིས་སྨད་པ་སོགས་ཐོབ་དང་གོ་ས་འདྲ་མིན་སྣ་ཚོགས་སྟེར་སྲོལ་ཡོད་པས། ཁོང་གི་མཚན་ལ་སྟག་ཉག་བཟང་ཞེས་གསོལ་བ་མངོན་ཞེས་སྐབས་དེའི་བོད་བཙན་པོའི་དཔའ་བོའི་རིག་གནས་ཀྱིས་མིའི་མིང་འདོགས་ཚུལ་ལ་ཤན་ཤུགས་ཆེན་པོ་ཐེབས་པ་དང་ཁོང་གི་མིང་ཡང་དེ་ལྟར་ཐོགས་པར་སེམས། བྱས་རྗེས་ཤིན་ཏུ་ཆེ་བ་ལ་ངན་ལམ་སྟག་སྒྲ་ཀླུ་གོང་དང་དབའས་སྟག་སྒྲ་ཁོང་ལོད། འོན་ཀྱང་རིགས་རུས་དང་མིང་གཉིས་ནི་གཅིག་ལ་གཅིག་བརྟེན་ཡིན་རུང་དུས་ཡུན་ངེས་ཅན་ཞིག་གི་འོག་ནས་མ་གཏོགས་ཁྱིམ་རྒྱུད་ཀྱི་མིང་རུས་སུ་མི་འགྱུར། ལྷ་ལུང་ཞེས་པའི་མིང་འདི་བཙན་པོ་ཁྲི་སྲོང་བཙན་རིང་ལ་ལྷ་ལུང་རྡོ་རྗེ་དཔལ་ཞེས་པའི་ལོ་ཙཱ་བ་ཞིག་དང་། ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་སེང་མགོ་ལྷ་ལུང་གཟིགས། ༄།སས་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་ཤོག་བུ་མཐིང་ག་ལ་གསེར་གྱིས་བྲིས་ཏེ་འཕྲ་མེན་གྱི་སྒྲོམ་བུ་བསྩལ་ནས། བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་ཡབ་ཀྱི་ཟླ་ལ་བཞག་པ་ལས་དཔེ་བགྱིས་ཏེ་བྲིས་པ། ༄།དབང་བོ་དང་དམག་དཔོན་དང། ཕྱིས་བློན་བཀའ་ལ་གཏོགས་པ་ལ། ལྷ་ལུང་བློན་མང་བོ་རྗེ་སྐར་གོང་དང་ལྡེའུ་ཆོས་འབྱུང་ལས་བང་སོའི་སྐྱིན་པར་མཆོད་རྟེན་བརྩིགས་པ་ལ། ཅོག་རོ་བཟའ་དཔལ་གྱི་ངང་ཚུལ་མ་ལྷ་ལུང་བཟའ་དཔལ་རབ་འབྱམས་རྗེ། རྣམས་ཀྱང་མཆོད་རྟེན་བརྩིགས་པ་དང་ཆོས་འབྱུང་སྙིང་བོ་སྦྲང་རྩིའི་བཅུད་ལས་ཁྲི་གཙུག་ལྡེ་བཙན་མངའ་བདག་རལ་བ་ཅན། ཆུ་མོ་འབྲུག་ལ་འཁྲུངས། དགུང་ལོ་ལོན་པ་དང་། མེ་བྱའི་ལོ་ལ་རྒྱལ་ས་བཏོན། དབང་ལོ་ལོན་པ་དང་། མེ་བྱའི་ལོ་ལ་རྒྱལ་ས་བཏོན། དབང་བསྐུར་ནས་ཆབ་སྲིད་བཏད་དོ། ཅོག་རི་བཟའ་དཔལ་གྱི་ངང་ཚུལ་མ་དང་ལྷ་ལུང་བཟའ་མེ་ཏོག་མ་དང་ལྔ་ཁབ་ཏུ་བཞེས་སོ་ཞེས་པ་སོགས་ལ་འདང་རྒྱབ་ན་ལྷ་ལུང་ཞེས་པ་ནི་ཁོང་གི་ཁྱིམ་རྒྱུད་དམ་ཡང་ན་རུས་གང་རུང་ཡིན་པའི་སྔ་བ་ཞིག་སྟེར། ད་དུང་ཆོས་འབྱུང་ཁ་ཤས་ན་བཙུན་པ་དཔལ་གྱི་རྡོ་རྗེ་ཀྱང་འབོད་སྲོལ་དང་ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུས་ཡི་དམ་ལྷ་དང་བླ་མས་བདུད་འདུལ་དཔའ་བོར་ལུང་བསྟན་པར་ལྷས་ལུང་དུ་གྲགས། དེ་ནི་རྗེས་ཕྱོགས་པས་ལྷག་ཏུ་སངས་རྒྱས་ཆོས་ལུགས་པས་ཆེ་བར་བརྗོད་པའི་ཆེད་དུ་རྗེས་དཔག་གི་མིང་ཞིག་བཏགས་ནས་འགྲེལ་བཤད་བྱས་པ་ཙམ་ཡིན་འདུག་སེམས་པ་དང་ཁོང་རབ་ཏུ་བྱུང་བའི་དུས་ཀྱི་མཚན་ལ་དཔལ་གྱི་རྡོ་རྗེ་ཞེས་པ་ལས་ལྷ་ལུང་དཔལ་གྱི་རྡོ་རྗེ་མིན། གང་ལྟར་གང་གི་རུས་མིང་འདི་གསུམ་ནི་བཙན་པོའི་རྒྱལ་རབས་ལ་ནམ་ཡང་འབྲེལ་བ་དམ་པོ་ཆགས་པའི་ཁྱིམ་རྒྱུད་སྐུ་དྲག་ཆེན་པོ་ཞིག་ཡིན་པ་མ་ཟད་བར་སྐབས་རེར་བཙན་པོར་གཉེན་གྱི་འབྲེལ་བ་ཡོད་པའི་ཞང་བློན་ཡང་ཡིན།

     ཁོང་ནི་དུས་རབས་བརྒྱད་པའི་མཇུག་དང་དུས་རབས་དགུ་བའི་འགོ་ཙམ་ལ་འཁྲུངས་པའི་ལོ་རྒྱུས་ཀྱི་མི་ཞིག་ཡིན་པ་ལས་སྤྱི་ལོ་ག་འདྲ་ཞིག་ལ་འཁྲུངས་ཟེར་ན་ཧ་ཅང་དཀའ་མོ་འདུག བོད་སིལ་བུའི་བྱུང་བ་བརྗོད་པ་ལས་འབྲོམ་སྟོད་གུང་མོ་ཆེར་མེ་སྟག་སྤྱི་ལོ་༧༨༦ལོའམ་ཡང་ན་མེ་ཡོས་སྤྱི་ལོ་༧༨༧ཙམ་ལ་འཁྲུངས་པ་དང་ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུས་ལྷ་སྲས་མུ་རུབ་སྐུ་གཤེགས་མ་ཐག་ཏུ་སྐྱེ་བའི་ཉིན་མཚམས་སྦྱར་བ་ཡིན་ཞེས་བླ་མ་དགོངས་འདུས་ཀྱི་ལུང་བསྟན་བཀའ་རྒྱ་མར་གསལ་བར་གསུངས་པས། དེ་ཚེ་མེ་སྟག་གམ་མེ་ཡོས་གང་རིག་ཏུ་འཁྲུངས་དགོས་ལ། རྒྱལ་བོ་སྡིག་ཅན་སྒྲོལ་དུས་དགུང་ལོ་ང་བརྒྱད་ཙམ་དུ་ཕེབས་པ་དང་། ནོར་བྲང་ཨོ་རྒྱན་གྱི་བཞེད་པ་འདི་ནི་ཀ་ཐོག་རིག་འཛིན་ཆེ་དབང་ནོར་བུའི་གདུང་རབས་ཚིག་ཉུང་ལས་བྱུང་བར་ཡིན་པ་དང་། ཁོང་གིས་ཁྲི་དར་མ་སྤྱི་ལོ༨༤༦ལ་བཀྲོངས་པར་བཤད། ད་ལྟ་ཡོངས་གྲགས་ཀྱི་བཞེད་པ་ནི་བཙན་པོ་ཁྲི་དར་མ་སྤྱི་ལོ༨༤༢ལོར་བཀྲོངས་པ་དང་། དེ་དུས་ལྷ་ལུང་དཔལ་རྡོར་དགུང་ལོ་ང་བརྒྱད་ཙམ་ཡིན་ན་སྤྱོ་ལོ་༧༧༤ལོར་འཁྲུངས་པ་དང་ཤིང་སྟག་ཡིན་དགོས་པ་དང་། ཡང་གཅིག་བཤད་ན་དགུང་ལོ་ང་བརྒྱད་ཙམ་ཞེས་པའི་ཐེ་ཚོམ་བཟུང་ཡོད། ཡང་ལྷ་སྲས་མུ་རུ་སྐོར་ལའང་བོད་ལོ་རྒྱུས་ཏེ་སེ་འོད་ལས་མུ་རུ་བཙན་པོས་རྒྱལ་སྲིད་ལོ་དྲུག་ལ་བསྐྱངས་ནས་ཤིང་ཕོ་སྤྲེལ་གྱི་ལོ་ལ་སྐུ་གཤེགས་པའི་ཚུལ་གསལ་བར་བསྟན་པ་ཡིན་ཞེས་ལྷ་སྲས་མུ་རུ་སྐུ་གཤེགས་པའི་ལོ་ནི་༨༠༤ལོར་ཡིན་པར་གསལ་བོ་བསྟན་ཡོད་པས་ལྷ་ལུང་དཔལ་རྡོར་གྱི་འཁྲུངས་ལོ་ཡང་དེའི་ཡར་མར་དུ་སྐུ་འཁྲུངས་པར་འདོད། མི་ཉག་ཐུབ་བསྟན་ཆོས་འཕེལ་གྱིསཁོང་འཁྲུངས་པའི་དུས་ཕལ་ཆེར་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་སྲས་ཁྲི་ལྡེ་སྲོང་བཙན༧༦༤ནས་༨༠གྱི་སྐུ་ཚེ་སྨད་ཙམ་ལ་འཁྲུངས་ཤིང་དུས་རབས་དགུ་བའི་འགོ་ཙམ་ལ་རབ་ཏུ་བྱུང་ཡོད་པ་མངོན་ནོ། གོང་གསལ་གྱི་འདི་དག་ལས་ང་ཚོས་ཤེས་པ་ནི་ལྷ་ལུང་དཔལ་གྱི་རྡོ་རྗེ་འདི་ནི་དུས་རབས་བརྒྱད་པའི་མཇུག་དང་དུས་རབས་དགུ་བའི་འགོར་བཙན་པོ་ཁྲི་ལྡེ་སྲོང་བཙན་སྐུ་དུས་སུ་སྤྱི་ལོ་༧༧༤ནས་༨༠་བར་འཁྲུངས།། ཞེསམཚོ་སྔོན་ཉིན་རེའི་ཚགས་པརལས་བཏུས་སོ།།

 

༄༅།།དཔལ་ལྡན་ཟླ་བ་གྲགས་པ།

     ༄༅།།དཔལ་ལྡན་ཟླ་བ་གྲགས་པའམ་ཨཱཙཱརྱ་ཙནྡྲ་ཀཱིརྟི་ནི། དེ་ཡང་སྔོན་འཕགས་ཡུལ་ན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་སྐུ་འདས་པའི་ཚེ་གྲོང་ཁྱེར་ཀྱི་སྐྱེ་བོ་རྣམས་ཀྱིས་ད་ནི་འཇིག་རྟེན་ན་ཉི་མ་ནུབ་བོ་ཞེས་ཆོ་ངེ་ཆེན་པོ་བཏབ་པ་ན་ནམ་མཁའི་དབྱིངས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་མགྲིན་གཅིག་ཏུ། ད་ནི་འདི་ནས་ལོ་ནི་ལྔ་བརྒྱ་ན། །སོ་ན་ཞེས་བྱའི་གྲོང་ཁྱེར་ཆེན་པོ་རུ། ཉི་མ་ནུབ་ཀྱང་ཟླ་བས་མུན་སེལ་བ། །རྣམ་དག་རིགས་ལས་འཁྲུངས་པའི་པཎྜི་ཏ། །ཟླ་བ་གྲགས་པ་ཞེས་བྱའི་མཁས་པ་འབྱུང༌། །ཞེས་ཀུན་ཀྱིས་གོ་བར་ནུས་པའི་ལུང་གིས་བསྟན་པ་ལྟར་ཟླ་གྲགས་སྔ་ཕྱི་གཉིས་ལས་ཕྱི་མ་གྲུབ་ཆེན་བརྒྱད་བཅུའི་ནང་ཚན་ངོ་མཚར་བའི་རྣམ་ཐར་བཅོ་ལྔས་ཁྱད་པར་དུ་འཕགས་ཤིང༌། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ་ཡོངས་སུ་གྲགས་པ་དེ་ཉིད། སྤྱི་ལོའི་དུས་རབས་བདུན་ཙམ་ལ་ལྷོ་ཕྱོགས་ས་མནྟ་ཞེས་བྱ་བར་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། སྤྲུལ་བའི་མཚན་རྟགས་དང་ལྡན་པ་ཞིག་བྱུང་ནས་མཚན་མཁན་རྣམས་ལ་བསྟན་པས་འདི་ནི་མཚན་ཤིན་ཏུ་བཟང་སྟེ་འདི་བསྟན་པར་ཞུགས་ནས་བསྟན་འཛིན་ཆེན་པོ་ཞིག་ཏུ་འགྱུར་རོ་ཞེས་ལུང་བསྟན། ཇི་ལྟར་ལུང་གིས་བསྟན་པ་ལྟར་ཕ་མ་གཉིས་ཀྱིས་ཀྱང་གནང་སྟེ་རབ་ཏུ་བྱུང༌། དཔལ་ན་ལེནྡྲའི་མཁན་པོ་ཟླ་བ་མགོན་པོ་ཞེས་བྱ་བ་ལས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་པས་མཁན་པོ་ཉིད་ཀྱི་མཚན་ལས་དྲངས་ཏེ་ཟླ་བ་གྲགས་པ་ཞེས་བཏགས། དེ་ནས་རིམ་གྱིས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སྦྱངས་པས་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་ཏེ་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུ་ལ་གསན་པ་མཐར་སོན། འཕགས་པ་ཀླུ་སྒྲུབ་ཀྱི་ཞབས་རྡུལ་སྤྱི་བོས་བླངས་ཏེ། མདོ་སྔགས་ཀྱི་མན་ངག་ཡོངས་སུ་རྫོགས་པར་གསན། ཇི་ལྟར་གསན་པ་ལྟར་མདོ་སྔགས་གཉིས་ཀའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་རྟོགས་པ་མཆོག་ཏུ་ཐོབ། ཕྱི་ནང་གི་སྤྲོས་པ་ཐམས་ཅད་དོར་ནས་ཉིན་མཚན་ཁོར་ཡུག་ཏུ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྒོམ་བཞིན་བཞུགས་པས་མ་དག་པའི་སྐྱེ་བོ་འགའ་ཞིག་ཡི་མ་རང་ནས་གནས་ལས་དབྱུང་བར་རིགས་བྱས་པའི་ཚེ། མཁན་པོས་ཟླ་བ་གྲགས་པ་རང་ཉིད་ཐུགས་དམ་ལས་གཡོ་བ་མེད་ཀྱང་དགེ་འདུན་གྱི་ཁྲོད་ན་ཐ་མལ་པ་མང་པོ་ཞིག་ཉིད་ཀྱི་ངང་ཚུལ་ལ་མ་བཟོད་ནས་སྡིག་གསོག་པར་འདུག་པས། ཁྱོད་ཀྱིས་སྤྱི་གཉེར་གཅིག་གྱིས། ཉི་མ་གྲགས་པ་རོགས་ལ་བཏང་གི་གསུངས་པས་གཉེར་མཛད་ནས་མ་ཧེ་དང་བ་ལང་ཐམས་ཅད་རི་ལ་ཡན་དུ་བཅུག་སྟེ་རི་མོའི་བ་ལས་འོ་མ་བཞོས་ཏེ་དགེ་འདུན་ལ་ཕུལ་བས། ཉི་མ་གྲགས་པས། དཔལ་ལྡན་ཟླ་བ་གྲགས་པ་ཡིས།  རི་མོའི་བ་ལས་ཞོ་བཞོས་ནས།  དགེ་འདུན་འཚོ་བ་ལེགས་པར་བསྒྲུབས།  བྱས་པས་མཁན་པོས་སེམས་ལ་དབང་ཐོབ་པས་དེ་ལྟར་མཛད་པ་ངོ་མཚར་ཆེ་གསུངས་པ་དང༌། ཡང་ལན་ཅིག་ཏུ་རུཥྐའི་དམག་བྱུང་བ་ན་ལེནྡྲར་ཟླ་བ་ཕྱེད་ན་སླེབས་ཟེར་བ་ལ་ན་ལེནྡྲའི་ཆོས་སྐྱོང་གི་ཐུགས་ཀ་ནས་བྱ་རོག་གཅིག་བྱུང་ནས་ཟླ་བ་གྲགས་པ་ལ་ཟློག་ཐབས་ཞུས་ཟེར་བ་ལྟར་ཞུས་པས། ཐབས་ཡོད་གསུངས་ནས་རྡོ་ཡི་སེངྒེ་བསྐུལ་ཏེ་དམག་ཐམས་ཅད་བསྐྲད་པས། རྒྱལ་པོ་སྟོབས་ལྡན་གཞོན་ནུས། དཔལ་ལྡན་ཟླ་བ་གྲགས་པ་ཡིས། །སྟོབས་ལྡན་རྡོ་ཡི་སེངྒེ་བསྐུལ། །ཏུ་རུཥྐའི་ཡི་དམག་ཟློག་ཀྱང༌། །ཤི་རྨས་མེད་པ་ངོ་མཚར་ཆེ། །ཞེས་ཟེར་རོ།།

  ཡང་སློབ་དཔོན་ནགས་ན་སྒོམ་གྱིན་བཞུགས་སྐབས་ཤིག་ནགས་ལ་མེ་ཤོར་བས་ཡུལ་མི་རྣམས་བལྟ་རུ་ཕྱིན་པ་ན། ཤིང་གི་ལྷ་མོ་ཞིག་གིས་རོ་སྟོད་བཏོན་ནས། བྱམས་མགོན་སྙིང་རྗེའི་བདག་ཉིད་ཅན། །མེ་ཡིས་མི་ཚིག་ཆུས་མི་འཁྱེར། །རླུང་གིས་འཐོར་བར་ག་ལ་ནུས། །ཞེས་གསུང་སློབ་དཔོན་གྱི་རྩྭའི་སྤྱིལ་བུའི་འདོམ་གང་ཚུན་ཆད་མེས་མ་ཚིག་པར་འདུག་ཅིང༌། ཉིད་ཀྱི་ཞལ་ནས། ང་ཡི་བླ་མ་ཀླུ་སྒྲུབ་ཀྱིས།  སྐྱེ་བ་མེད་པའི་མེ་ཆེན་གྱིས།  དངོས་པོའི་བུད་ཤིང་བསྲེགས་པ་ཡིན།  མཁན་པོ་ཡིས་ཀྱང་བསྲེགས་པ་ཡིན།  ངས་ཀྱང་སྐྱེ་བ་མེད་པའི་མེས། དངོས་པོའི་བུད་ཤིང་བསྲེགས་པ་ཡིན།  དངོས་པོའི་མེ་ཡིས་ག་ལ་ཚུག། ཞེས་གསུངས་སོ།།
    
མངོན་ཤེས་ཀྱང་ཐོགས་པ་མེད་པ་སྟེ་མུ་སྟེགས་ཀུ་མ་རི་ཀ་བྱ་བས། བརྒྱ་བྱིན་ད་ལྟ་ཅི་བྱེད་དྲིས་པས། དངོས་ནི་སུམ་ཅུ་རྩ་གསུམ་ན་ཡོད་ལ།  སྤྲུལ་བ་གཅིག་དགའ་ལྡན་ན་བྱམས་པ་ལས་ཆོས་ཉན་གྱིན་ཡོད་གསུངས་པས། ཀུ་མ་རི་ཡིད་མ་ཆེས་པ་ལ། སློབ་དཔོན་གྱིས་ཕྱག་གཡབ་མཛད་པས་བརྒྱ་བྱིན་དངོས་འོངས་པ་ཁོས་མ་མཐོང༌། ཡང་ཕྱག་གཡབ་མཛད་པས། སྤྲུལ་པ་འོངས་པ་ཁོས་མཐོང་ནས། ཁྱོད་བརྒྱ་བྱིན་ཡིན་ནམ་བྱས་པས་དངོས་མིན། དངོས་ཡིན་ན་མིག་སྟོང་ཡོད་པ་ལས་ང་ལ་རྗེས་ལས་མེད་ཟེར་བ་བལྟས་པས་རྗེས་ལས་མི་འདུག་པས་ཁོ་ཡིད་ཆེས་སོ།།
  དེས་ན་སློབ་དཔོན་འདི་ཉིད་པཎྜི་ཏ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཡིན་ཏེ། མཁས་པ་ཙནྡྲ་གོ་མི་དང་ལོ་བདུན་བར་ལ་ཕན་ཚུན་ཆོས་ཀྱི་བརྒལ་བརྟག་འགྲན་ཞིང་འཇིགས་བྲལ་སྨྲ་བའི་སེང་གེའི་གནས་སུ་དམ་བཅའ་བ་མཛད་པ་དང༌། སློབ་དཔོན་འདིས་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ལྟར་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་ཟབ་པ་དང་རྒྱ་ཆེ་བའི་ལམ་འབྲས་བུ་དང་བཅས་པ་སྟོན་པའི་གཞུང་དབུ་མ་ལ་འཇུག་པ་རང་འགྲེལ་དང་བཅས་པ་མཛད་ཅིང༌། གནས་ལུགས་སྟོང་པ་ཉིད་རིགས་པ་བརྒྱ་ཕྲག་གི་སྒོ་ནས་གཏན་ལ་འབེབས་པ་དབུ་མ་རྩ་བའི་འགྲེལ་བ་ཚིག་གསལ་དང༌། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་རྩ་རྒྱུད་ཀྱི་འགྲེལ་བ་སྒྲོན་མ་གསལ་བ་མཛད་པས་སྔོན་གྱི་མཁས་པ་རྣམས་ཀྱིས་མཁའ་ལ་ཉི་ཟླ་གཉིས་ས་ལ་གསལ་བ་གཉིས་ཞེས་བསྔགས་པར་གྲགས། གཞན་ཡང་བཞི་བརྒྱ་པའི་འགྲེལ་བ་དང༌། རིག་པ་དྲུག་ཅུའི་འགྲེལ་བ་དང༌། དབུ་མ་ཕུང་པོ་ལྔ་པ། སྟོང་ཉིད་བདུན་ཅུ་པའི་འགྲེལ་བ། སྐྱབས་འགྲོ་བདུན་ཅུ་པ། ཐུགས་རྗེ་ཆེན་པོ་ལ་སྨྲེ་སྔགས་སུ་གསོལ་བ། གསང་བ་འདུས་པའི་སྦྱོར་པ་ཡན་ལག་དྲུག་པའི་འགྲེལ་བ། གསང་བ་འདུས་པའི་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། ཁྲོ་བོ་བདུད་རྩི་འཁྱིལ་བའི་སྒྲུབ་ཐབས། སྒྲོལ་མའི་བསྟོད་པ་རྣམས་མཛད་དོ།།
     
སྤྱིར་ཡང་སློབ་དཔོན་འདི་ནི་རྡོ་རྗེའི་སྐུ་བརྙེས་ནས་ད་ལྟ་འཛམ་བུའི་གླིང་ན་གདུལ་བྱའི་དོན་མཛད་བཞིན་བཞུགས་པ་སྟེ། སྔོན་པཱ ་ཚབ་ལོ་ཙཱ་བས་སློབ་དཔོན་འདི་ལ་དད་ཅིང་གུས་པས་ཡུན་དུ་གསོལ་བ་བཏབ་ཏེ་ཁ་བ་ཅན་གྱི་ལྗོངས་འདིར་དབུ་མའི་ལམ་སྲོལ་བཟང་པོ་རྒྱ་ཆེར་འཕེལ་ན་ཅི་མ་རུང་སྙམ་སྟེ་རྒྱ་གར་དུ་ཕེབས་པས། སློབ་དཔོན་ཟླ་བ་གྲགས་པས་དངོས་སུ་ཞལ་བསྟན་ཏེ་གདམས་པ་དང་རྗེས་སུ་བསྟན་པ་རྒྱ་ཆེར་བསྩལ་ཅིང་བོད་དུ་དབུ་མའི་ལམ་སྲོལ་རྒྱ་ཆེར་སྤེལ་ནུས་པར་བྱིན་གྱིས་བརླབས་པ་ལྟར་རོ།།  །།

 

༄༅།།བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ།

     ༄༅།།བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་འདི་ཉིད་ནི་ཞང་ཞུང་ངམ་སྟག་གཟིག་ཅེས་པའང་སྣང་བའི་ཡུལ་གྱི་འོལ་མོ་ལུང་རིང་དུ་ཡབ་རྒྱལ་པོ་ཐོད་དཀར་དང་ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ལོ་རྒྱུས་ཡིག་ཚང་འགར་འདི་ཉིད་སྤྱི་ལོའི་དུས་རབས་མ་ཚུགས་གོང་གི་ལོ་དྲུག་བརྒྱ་ཡས་མས་ཤིག་ལ་བྱོན་པ་གསུངས། བོན་གྱི་བསྟན་པ་ནི་བོད་ཀྱི་གདོད་མའི་ཆོས་ལུགས་ཡིན་པ་དེ་སྟོན་པ་གཤེན་རབ་མི་བོ་ཆེས་གསུངས་པ་དེ་ལ་གཡུང་དྲུང་བོན་ཞེས་གྲགས། གཡུང་དྲུང་གི་རྟགས་འདི་བོད་ཀྱི་བསྟན་པ་མཚོན་བྱེད་ཀྱི་བསྟན་རྟགས་ཏེ་མི་འགྱུར་རྟག་བརྟན་གྱི་མཚོན་དོན་ཡིན། སྤྱིར་བོན་གྱི་བསྟན་པ་ལ་ཕྱི་ནང་གསང་གསུམ་གྱི་དབྱེ་བ་ཡོད་དེ། སྟོན་པ་གཤེན་རབ་ཀྱི་ཡར་སྔོན་དུ་བོན་སྐུའི་སྟོན་པ་ཀུན་ཏུ་བཟང་པོས་གྲོལ་ལམ་རྫོགས་པ་ཆེན་མོའི་བསྟན་པ་སྤེལ་བ་སྔ་རྒྱུད། ཕྱིས་སུ་སྤྲུལ་སྐུའི་སྟོན་པ་གཤེན་རབ་མི་བོས་སྤེལ་བའི་མདོ་ཕྱོགས་ཀྱིས་གཙོས་པའི་བསྟན་པ་ལ་ཕྱི་རྒྱུད་ཟེར། ཕྱི་རྒྱུད་བོད་གྱི་གཞུང་ལུགས་ཚང་མ་ཐེག་པ་རིམ་པ་དགུའམ། བོད་སྒོ་བཞི། མཛོད་སོགས་སུ་འདུས་པ་ལོ་རྒྱུས་ཡིག་ཚང་འགའི་ནང་བོད་རྒྱལ་པུ་དེ་གྲུང་རྒྱལ་གྱི་སྐུ་དུས་སུ་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེས་ཁམས་ཆེན་པོ་བརྒྱད་ལ་སོགས་པ་བོན་པོའི་ཆོས་ཐམས་ཅད་ཞང་ཞུང་གི་ཡུལ་ནས་བསྒྱུར་ནས་དར་ཞིང་རྒྱས་པ་མཛད། དེའི་དུས་སུ་གཡུང་དྲུང་གི་བོན་བྱུང་ཞེས་པའང་སྣང་ཟེར་ཏོ།།

 

                              ༄༅༅།།བོད་བརྒྱུད་ནང་བསྟན་གསར་རྙིང་གྲུབ་མཐའ་རེས་མེད་ཀྱི་ཞལ་འདོན་བསྡུས་པ་

                                             ཁག་ཅིག་ཕྱོགས་གཅིག་ཏུ་བསྒྲིགས་ནས་བཞུགས་སོ།

    ༄༅༅།།ཇོ་བོ་རིན་པོ་ཆེའི་གསོལ་འདེབས། གནས་མཆོག་པོ་ཏ་ལ་ཡི་ཕོ་བྲང་ནས།། སྤྱན་རས་གཟིགས་དབང་རྒྱལ་བ་རིན་པོ་ཆེ།། ཇོ་བོ་ལོ་ཀི་ཤྭ་ར་ལ་སོགས་པའི།། སྐུ་གསུང་ཐུགས་རྟེན་རྣམས་ལ་གསོལ་བ་འདེབས།། ཆོས་སྒྲ་ཆེན་པོ་བཀྲ་ཤིས་ལྷུན་པོ་རུ།། སྣང་བ་མཐའ་ཡས་པཎ་ཆེན་ཐམས་ཅད་མཁྱེན།། དེར་བཞུགས་དགེ་འདུན་འདུས་དང་སྐུ་གསུང་ཐུགས།། སྐུ་གདུང་མཆོད་རྟེན་རྣམས་ལ་གསོལ་བ་འདེབས།། ར་མོ་ཆེ་དང་ར་ས་འཕྲུལ་སྣང་ན།། བཞུགས་པའི་རྟེན་དུ་ཇོ་ཤཱཀ་རྣམ་པ་བརྒྱད།། རྗེ་བཙུན་ང་འདྲ་མ་དང་དཔལ་ལྷ་མོ།། སྐུ་གསུང་ཐུགས་རྟེན་རྣམས་ལ་གསོལ་བ་འདེབས།། གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་དང་།། རྒྱུད་གྲྭ་སྟོད་སྨད་རྣམས་ཀྱི་གྲྭ་ཚང་སོགས།། ལྷ་སའི་གླིང་བཞིར་བཞུགས་པའི་དགེ་འདུན་ཚོགས།། སྐུ་གསུང་ཐུགས་རྟེན་རྣམས་ལ་གསོལ་བ་འདེབས།། བྱུ་རུའི་ཚེ་དཔག་མེད་དང་གཡུ་སྒྲོན་མ།། དུང་གི་ཐུགས་རྗེ་ཆེན་པོ་ལ་སོགས་པ།། གཡུ་ར་ལྷ་རི་བསམ་ཡས་གཙུག་ལག་ཁང་།། དབུས་གཙང་རུ་བཞི་རེ་སྒྲེང་སྟག་ལུང་སོགས།། བཞུགས་པའི་སྐྱབས་གནས་རྣམས་ལ་ཕྱག་འཚལ་ལོ།། ད་ལྟ་ཕྱག་འཚལ་གསོལ་བ་བཏབ་པའི་མཐུས།། འཆི་ཁར་མནར་གཅོད་བར་དོའི་འཇིགས་སྐྲག་སེལ།། ཕྱི་མ་ངན་སོང་སྡུག་བསྔལ་མི་མྱོང་བའི།། ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ་བར་ཤོག། མགོན་པོ་འོད་དཔག་མེད་ལ་གསོལ་བ་འདེབས།། ཅེས་སོ།།

     ༄༅༅།།སངས་རྒྱས་སྣང་བ་མཐའ་ཡས་ཀྱི་གསོལ་འདེབས། ཨེ་མ་ཧོ༔ ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང་༔གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་༔ གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་ལ༔ སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར༔ བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི༔ བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར༔ བདག་གཞན་འདི་ནས་ཚེ་འཕོས་གྱུར་མ་ཐག༔ སྐྱེ་བ་གཞན་གྱི་བར་མ་ཆོད་པ་རུ༔ དེ་རུ་སྐྱེས་ནས་སྣང་མཐའི་ཞལ་མཐོང་ཤོག༔ དེ་སྐད་བདག་གིས་སྨོན་ལམ་བཏབས་པ་བཞིན༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས༔ བགེགས་མེད་འགྲུབ་པར་བྱིན་གྱིས་བརླབས་དུ་གསོལ༔ ཏདྱཐཱཿཔཉྩནྡྲི་ཡ་ཨ་བོ་ངྷ་ནི་སྭཱ་ཧཱཿ ཞེས་སོ།།

     ༄༅༅།།འཕགས་པ་བཟང་པོ་སྤྱོད་པའི་ཡན་ལག་བདུན་པ་བཞུགས། རྒྱ་གར་སྐད་དུ། ཨཱརྱ་བྷ་དྲ་ཙཱ་རྱ་པྲ་ཎི་དྷཱ་ན་རཱ་ཛཱ། བོད་སྐད་དུ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ།། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན།། དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན།། བདག་གིས་མ་ལུས་དེ་དག་ཐམས་ཅད་ལ།། ལུས་དང་ངག་ཡིད་དྭངས་བས་ཕྱག་བགྱིའོ།། བཟང་བོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས།། རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ།། ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས།། རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ།། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས།། སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག། དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པར།། ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས།། དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས།། དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས།། རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌།། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད།། མེ་ཏོག་དམ་པ་འཕྲེང་བ་དམ་པ་དང༌།། སིལ་སྙན་རྣམས་དང་ཕྱུག་པ་བདུག་མཆོག་དང༌།། མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས།། རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི།། ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང༌།། ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང༌།། བཀོད་པར་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས།། རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི།། མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ།། དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས།། བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས།། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི།། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི།། ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང༌།། སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ།། དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས།། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས།། རང་རྒྱལ་རྣམས་དག་སློབ་དང་མི་སློབ་དང༌།། འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང༌།། དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང༌།། གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས།། བྱང་ཆུབ་རིམ་པར་སངས་རྒྱས་མ་ཆས་བསྙེས།། མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ།། འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ།། མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ།། འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར།། བསྐལ་བ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང༌།། བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི།། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌།། རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི།། དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ།། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ།། ཞེས་སོ།།

    ༄༅༅།།དམིགས་བརྩེ་མའི་འདོད་གསོལ་བཞུགས་སོ། དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།། དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས།། བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག། གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་བ།། བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།། ཞེས་སོ།།

    ༄༅༅།།བཀའ་འགྱུར་སྙིང་པོ་བཞུགས་སོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ ན་མ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་ནུ་ག་ཏེ༔ ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ༔ ཞེས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཚར་གཅིག་ཀློག་པའི་ཕན་ཡོན་དང་མཉམ་པས་སོ།།

    ༄༅༅།།ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྙིང་པོ་ནི། རྒྱ་གར་སྐད་དུ༔ ཤ་ཏ་ས་ཧ་སྲི་ཀ་པྲ་ཛྙཱ་པཱ་ར་མི་ཏཱ་གརྦྷེ༔ བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་སྙིང་པོ༔ བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་བསྡུས་པ་ལ་ཕྱག་འཚལ་ལོ༔ ཏདྱ་ཐཱ༔ ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི་དྷརྨ་ས་ཀ་ཧཱ༔ དྷརྨེ་ཤཱ་སེ་ནི་རི་སརྦ་ཀཱརྻ་ས་རི་ཏྲ་མེ་དྷརྨཱ༔ ཏདྱ་ཐཱ༔ ཧྲི་སུ་ཧྲི་སྨྲྀ་ཏི༔ ཛ་ཡ་བི་ཛ་ཡ༔ དྷཱིཿདྷ་ར་ཎི་པྲ་ཛྙཱ་སཱ་རེ་སྭཱ་ཧཱ༔ སྔགས་འདི་བརྗོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་བཏོན་པ་དང་མཉམ་མོ༔ ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྙིང་པོ་རྫོགས་སོ།།

    ༄༅༅།།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་ཁྲིའི་སྙིང་བོ་ནི། རྒྱ་གར་སྐད་དུ༔ པཉྩ་བིཾ་ཤ་ཏི་ས་ཧ་སྲི་ཀ་པྲ་ཛྙཱ་པཱ་ར་མི་ཏཱ་གརྦྷ༔ བོད་སྐད་དུ༔ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་སྙིང་པོ༔ བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་སྙིང་པོ་ལ་ཕྱག་འཚལ་ལོ༔ ཏདྱ་ཐཱ༔ ཨོཾ་པྲ་ཛྙཱེ་པྲ་ཛྙཱེ་མ་ཧཱ་པྲ་ཛྙཱེ་སརྦ་བྷ་རེ༔ པྲ་ཛྙཱ་སརྦ་ཛྙཱ་ན་དུན་ཏ་རེ་པྲ་ཛྙཱ་པྲེ་ཏ༔ སུ་ཀ་རེ་སུ་ཀ་རེ་སུ་ཀ་ར་སིདྡྷི༔ བུདྡྷ་བུདྡྷ༔ ཀམྤ་ཀམྤ༔ ས་ར་ས་ར༔ དྷ་ར་དྷ་ར༔ བ་ར་བ་ར༔ གརྫ་གརྫ༔ གརྫ་ཡ་ཏི་སྭཱ་ཧཱ༔ སྔགས་འདི་བརྗོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་ཁྲི་བཏོན་པ་དང་མཉམ་མོ༔ ཞེས་སོ།།

    ༄༅༅།།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་སྙིང་པོ་ནི། རྒྱ་གར་སྐད་དུ༔ ཨཱརྻ་ཨཥྚ་ས་ཧ་སྲི་ཀ་པྲ་ཛྙཱ་པཱ་ར་མི་ཏཱ་གརྦྷ༔ བོད་སྐད་དུ༔ འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་སྙིང་པོ༔ བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ༔ ཏདྱ་ཐཱ༔ ཨོཾ་ཧྲཱིཿཤྲུ་ཏི་སྨྲྀ་ཏི་ཛ་ཡ་བི་ཛ་ཡེ་སྭཱ་ཧཱ༔ སྔགས་འདི་བརྗོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་བཏོན་པ་དང་མཉམ་མོ༔ ཞེས་སོ།།

    ༄༅༅།།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པའི་སྙིང་པོ་ནི། རྒྱ་གར་སྐད་དུ༔ ཨཥྚ་ཨ་ཡུ་ཏཾ་ས་ཧ་སྲི་ཀ་པྲ་ཛྙཱ་པཱ་ར་མི་ཏཱ་དྷཱ་ར་ཎི༔ བོད་སྐད་དུ༔ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པའི་གཟུངས༔ ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ༔ པྲ་ཛྙཱ་པཱ་ར་མི་ཏཱ་ཡེ་སྭཱ་ཧཱ༔ སྔགས་འདི་བརྗོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་བཏོན་པ་དང་མཉམ་མོ༔ ཞེས་སོ།།

    ༄༅༅།།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ནི། རྒྱ་གར་སྐད་དུ༔ སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ནཱ་མ༔ བོད་སྐད་དུ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ༔ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་ནུ་ག་ཏེ༔ ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ༔ ལན་གཅིག་བརྗོད་པས་བསྐལ་པ་འབུམ་ཕྲག་སྟོང་དུ་བསགས་པའི་སྒྲིབ་པ་ཡང་མ་ལུས་པ་ཟད་པར་འགྱུར་རོ༔ ཞེས་སོ།།

    ༄༅༅།།འཕགས་པ་སྡུད་པའི་སྙིང་པོ་ནི། རྒྱ་གར་སྐད་དུ༔ ཨཱརྻ་པྲ་ཛྙཱ་པཱ་ར་མི་ཏཱ་སཉྩ་ཡ་ག་ཐཱ་གརྦྷ༔ བོད་སྐད་དུ༔ འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པའི་སྙིང་པོ༔ འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ༔ ཏདྱ་ཐཱ༔ ཨོཾ་ག་ཏེ་ག་ཏེ༔ པཱ་ར་ག་ཏེ༔ པཱ་ར་ག་ཏེ༔ སཾ་ག་ཏེ༔ བྷོ་དྷི་ཡེ་སྭཱ་ཧཱ༔ འཕགས་པ་སྡུད་པ་བཏོན་པ་དང་མཉམ་མོ༔ ཞེས་སོ།།

    ༄༅༅།།བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་པའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པའི་སྙིང་པོ་ནི། རྒྱ་གར་སྐད་དུ༔ ཨཱརྻ་མཉྫུ་ཤྲཱི་ཏནྟྲ་གརྦྷ༔ བོད་སྐད་དུ༔ འཕགས་པ་འཇམ་དཔལ་གྱི་རྒྱུད་ཀྱི་ཡང་སྙིང༔ འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ༔ འདི་ལྟར་སངས་རྒྱས་བཅོམ་ལྡན་འདས༔ ཡེ་ཤེས་སྐུ་སྟེ་རང་བྱུང་བ༔ ཡེ་ཤེས་མིག་གཅིག་དྲི་མ་མེད༔ ཡེ་ཤེས་སྣང་བ་ལམ་མེ་བ༔ ཨ་ར་པ་ཙ་ན་ཡ་ཏེ་ན་མ༔ ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད༔ རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད༔ བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་པའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པའི་སྙིང་པོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་ཞལ་ནས་གསུངས་པ་ཟླ་བ་གཅིག་གིས་གྲུབ་པ་རྫོགས་སོ༔ ཞེས་སོ།།

    ༄༅༅།།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡི་གེ་གཅིག་མ་ཞེས་བྱ་བ་ནི། རྒྱ་གར་སྐད་དུ༔ བྷ་ག་ཝ་ཏཱི་པྲ་ཛྙཱ་པཱ་ར་མི་ཏཱ་ཧྲྀ་ད་ཡ༔ བོད་སྐད་དུ༔ བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྙིང་པོ༔ བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ༔ འདི་ལྟ་སྟེ༔ ཨ༔ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡི་གེ་གཅིག་མ་ཞེས་བྱ་བ་རྫོགས་སོ༔ ཞེས་སོ།།

    ༄༅༅།།བཀའ་འགྱུར་རོ་ཅོག་གི་གཟུངས་བསྡུས་པའི་སྙིང་པོ་སོགས་ནི། རྒྱ་གར་སྐད་དུ༔ ཨུ་པ་རི་ཤུདྡྷ་ནཱ་མ་དྷཱ་ར་ཎི༔ བོད་སྐད་དུ༔ ཡོན་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་གཟུངས༔ ན་མཿས་མནྟ་བྷ་དྲཱ་ཡ༔ བོ་དྷི་སཏྭཱ་ཡ༔ མ་ཧཱ་སཏྭཱ་ཡ༔ མ་ཧཱ་ཀཱ་རུ་ཎི་ཀཱ་ཡ༔ ཏདྱ་ཐཱ༔ ཨོཾ་ན་མོ་བྷ་ར་བྷ་ར་སཏྭཱ་ཡ་སྭཱ་ཧཱ༔ ལན་གསུམ་བརྗོད་ན་མཚམས་མེད་པ་ལྔའི་སྡིག་པ་འདག་པར་འགྱུར་རོ༔ བཀའ་འགྱུར་རོ་ཅོག་གི་གཟུངས་བསྡུས་པའི་སྙིང་པོ་རྫོགས་སོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འོད་ཀྱི་རྒྱལ་པོ་མེ་འོད་རབ་ཏུ་གསལ་བ་ལ་ཕྱག་འཚལ་ལོ༔ ཞེས་བརྗོད་པས་སྲོག་བཅད་པའི་སྡིག་པ་འདག་གོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་མེ་ཏོག་དབང་གི་སྟོབས་ལ་ཕྱག་འཚལ་ལོ༔ མི་ཚངས་པར་སྤྱད་པའི་སྡིག་པ་འདག་གོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་འོད་སྐྱབས་གནས་དམ་པ་དགྲ་ལས་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ༔ མནའ་ཐོན་པའི་སྡིག་པ་འདག་སྟེ་ཚེ་འཕེལ་ལོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་རབ་ཏུ་བརྟན་ཅིང་རབ་ཏུ་དུལ་བ་ཕ་རོལ་གྱི་སྟོབས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ༔ ཚུལ་ཁྲིམས་འཆལ་བའི་སྡིག་པ་འདག་གོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་བརྩེགས་པ་བྱེ་བ་ཕྲག་བརྒྱའི་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པ་ལ་ཕྱག་འཚལ་ལོ༔ བཀའ་འགྱུར་ཆེན་པོ་ཀློག་པའི་དགེ་བ་དང་མཉམ་མོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ༔ ཚོང་ཁེ་སྤོགས་བྱས་པའི་སྡིག་པ་འདག་པར་འགྱུར་རོ༔ མདོར་ན་དམ་པའི་ཆོས་སྤངས་པ་དང་༔ དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་༔ ཕ་མ་ལ་མི་འཚམ་པའི་ལས་བགྱིས་པ་དང་༔ འདོད་ལོག་སྤྱད་པ་དང་༔ དད་ཟས་འཚལ་བ་དང་༔ གསུང་རབ་ཀྱི་གླུད་ཟོས་པ་སོགས༔ སྡིག་པའི་ལས་བགྱིས་པ་དེ་དག་ཐམས་ཅད་སངས་རྒྱས་སྟོང་གི་སྤྱན་སྔར་བཤགས་ཀྱང་སྡིག་པ་འདག་པར་གསུངས་ཏེ༔ གཟུངས་འདི་དང་སངས་རྒྱས་ཀྱི་མཚན་འདི་རྣམས་བྲིས་ཀློག་བྱས་པས་སྡིག་པ་ཐམས་ཅད་བཤགས་ནས༔ སྒྲིབ་པ་མ་ལུས་པ་འདག་པར་འགྱུར་རོ༔ མ་ཧཱ་གུ་རུ་པདྨ་འབྱུང་གནས་ལྷོ་ནུབ་རྔ་ཡབ་ཏུ་གཤེགས་ཁར་དུས་སྙིགས་མར་བོད་ཀྱི་མི་རྣམས་རིམ་གྲོར་བཀའ་འགྱུར་ཀློག་འདོན་ལ་མི་ཐོན་པ་རྣམས་ཀྱི་དོན་དུ་ཡི་གེར་བཀོད་ནས་ལྷོ་བྲག་གནམ་སྐས་ཅན་དུ་སྦས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཕྱིས་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་གཏེར་ནས་བཏོན་ཏེ་འགྲོ་དོན་རྒྱ་ཆེན་པོ་མཛད་པ་འདི་ལགས་སོ། མངྒ་ལཾ།།  

     ༄༅༅།།འབུམ་འགྱུར་གཟུངས་སྔགས་ནི། ༀ་གཎྜྷ་ར་བྷིནྡྷ་ར་སྭཱ་ཧཱཿ རཊྣ་ཤ་ཀྵོ་ན་ཏ་ཐཱ་ག་ཏ་ཡ་ཧྲི་ཏདྱ་ཨ་ནི་ག་ཏེ་ༀ་ཀུ་རུཾ་ཀུ་ནི་སྭཱ་ཧཱཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། ཏདྱཐཱཿཔཉྩནྡྲི་ཡ་ཨ་བོ་ངྷ་ནི་སྭཱ་ཧཱཿ ཞེས་སོ།།

    ༄༅༅།།སངས་རྒྱས་ཀྱི་མཚན་ནི། ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་སུ་འཁྲུངས།། གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ།། གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ།། ཤཱཀྱའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། ཞེས་སོ།།

    ༄༅༅།།སྟོན་པ་ཐུགས་རྗེ་ཅན་གྱི་མཚན་ནི། བླ་མ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།། མཆོད་དོ།། སྐྱབས་སུ་མཆིའོ།། ཞེས་སོ།།

     ༄༅༅།།འོད་དཔག་མེད་གྱི་མཚན་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ།། མཆོད་དོ།། སྐྱབས་སུ་མཆིའོ།། ཞེས་སོ།།

     ༄༅༅།།སྨན་བླའི་མཚན་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། མཆོད་དོ།། སྐྱབས་སུ་མཆིའོ།ཞེས་སོ།།

     ༄༅༅།།སྤྱན་རས་གཟིགས་ཀྱི་མཚན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། མཆོད་དོ།། སྐྱབས་སུ་མཆིའོ།། ཞེས་སོ།།

     ༄༅༅།།ཐུགས་རྗེ་ཆེན་པོའི་མཚན་སྔགས་ནི། ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང་།། སྤྱན་སྟོང་བསྐལ་པ་བཟང་བོའི་སངས་རྒྱས་སྟོང་།། གང་ལ་གང་འདུལ་དེ་ལ་དེར་སྟོན་པའི།། བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་སོ།།

     ༄༅༅།།ས་ཡི་སྙིང་པོའི་མཚན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོ་ལ་ཕྱག་འཚལ་ལོ།། མཆོད་དོ།། སྐྱབས་སུ་མཆིའོ།། ཞེས་སོ།།

     ༄༅༅།།སངས་རྒྱས་ཤཱཀྱ་ཐུབ་པའི་གཟུངས་ནི། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་སོ།།

     ༄༅༅།།སངས་རྒྱས་འོད་དཔག་མེད་ཀྱི་གཟུངས་ནི། ཨོཾ་ཨ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿ ཞེས་སོ།།

     ༄༅༅།།ཚེ་གཟུངས། ༀ་ན་མོ་བྷ་ག་ཝ་ཏེེེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ༀ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ།  ཞེས་སོ།།

     ༄༅༅།།ཚེ་བསྙེན། ཨོཾ་གུ་རུ་ཨཱ་ཡུཿསིདྡྷི་ཧཱུྃ་ཧྲཱིཿ ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཞེས་སོ།།

     ༄༅༅།།སངས་རྒྱས་སྨན་བླའི་གཟུངས་ནི། ཨོཾ་ན་མོ་བྷ་ག་ཝ་ཏེ། བྷཻ་ཥ་ཛྱེ་གུ་རུ་བཻཌཱུརྱ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ། མ་ཧཱ་བྷཻ་ཥ་ཛྱེ། བྷཻ་ཥ་ཛྱེ་རཱ་ཛཱ་ཡ། ས་མུདྒ་ཏེ་སྭཱ་ཧཱ། ཞེས་སོ།།

     ༄༅༅།།སངས་རྒྱས་སྨན་བླའི་གཟུངས་ཐུང་ནི། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ། མ་ཧཱ་བྷཻ་ཥ་ཛྱེ། རཱ་ཛཱ་ས་མུདྒ་ཏེ་སྭཱ་ཧཱ། ཞེས་སོ།།

     ༄༅༅།།མི་འཁྲུགས་པའི་བསྙེན་པ། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་ས་ཏྭ་ནཉྩ་སྭཱ་ཧཱ། ཞེས་སོ།།

     ༄༅༅།།རྡོར་སེམས་ཀྱི་ཡི་གེ་བརྒྱ་པ་ནི། ཨོཾ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མ་མེ་མུཉྩ། བཛྲི་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ ཞེས་སོ།།

     ༄༅༅།།རྡོ་རྗེ་སེམས་དཔའི་སྙིང་པོ་ནི། ཨོཾ་བཛྲ་ས་ཏྭ་ཧཱུྃ། ཞེས་སོ།།

     ༄༅༅།།སློབ་དཔོན་པདྨའི་བསྙེན་པ་ནི། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་སོ།།

     ༄༅༅།།འཇམ་དཔལ་གྱི་བསྙེན་པ་ནི། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཞེས་སོ།།

    ༄༅༅།།སྤྱན་རས་གཟིགས་ཀྱི་སྙིང་པོ་ནི། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ ཞེས་སོ།།

    ༄༅༅།།ཕྱག་རྡོར་བསྙེན་པ། ༀ་བཛྲ་པཱ་ཎི་ཧཱུྃ། ཞེས་སོ།།

    ༄༅༅༎སྒྲོལ་མ་ཉེར་གཅིག་གི་རྩ་སྔགས་ནི། ལྷ་དང་ལྷ་མིན་ཅོད་པན་གྱིས།། ཞབས་ཀྱི་པདྨོ་ལ་བཏུད་དེ།། ཕོང་པ་ཀུན་ལས་སྒྲོལ་མཛད་མ།། སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ།། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭ་ཧཱ། ཞེས་སོ།།

    ༄༅༅།།སྒྲོལ་དཀར་ཚེ་གཟུངས་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཏཱྃ་ཧྲཱིཿཨཱཿཡུར་ཛྙཱ་ན་སརྦ་སིདྡྷི་ཧྲཱིཿབྷྲཱུྃ་ཨཱཿཎི་ཧཱུྃ་ཛ་སྭཱ་ཧཱ། ཞེས་སོ།།

    ༄༅༅།།གདུགས་དཀར་བསྙེན་པ་ནི། བདེ་གཤེགས་ཐུགས་རྗེའི་གཙུག་ཏོར་ལས་འཁྲུངས་ཤིང་།། བདེ་འབྱུང་བསྟན་ལ་གནོད་བྱེད་ཚར་བཅད་ནས།། བདེ་ལེགས་འབྲས་བུ་ཉེ་བར་སྩོལ་མཛད་པ།། བདེ་མཆོག་གདུགས་དཀར་ཅན་ལ་ཕྱག་འཚལ་ལོ།། ཧཱུྃ་མ་མ་ཧཱུྃ་ནི་སྭཱ་ཧཱ། ཞེས་སོ།།

༄༅༅།།ཆོས་སྐུ་ཡུམ་ཆེན་མོའི་གཟུངས་ནི། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན།། མ་སྐྱེས་མ་འགགས་ནམ་མཁའི་ངོ་བོ་ཉིད།། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ།། དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ། བོ་དྷི་ཡེ་སྭཱ་ཧཱ། ཞེས་སོ།།

    ༄༅༅༎འོད་ཟེར་ཅན་མའི་བསྙེན་པ་ནི། ཨོཾ་མཱ་རི་ཙྱཻ་སྭཱ་ཧཱ། ཞེས་སོ།།

    ༄༅༅༎སེངྒེ་སྒྲའི་གཟུངས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཊཾ་ཀ་ཊེ། ཀ་རོ་ཊེ། ཙི་ཏི་ཛྭ་ལ་ཀ་རོ་ཊི་བཱི་ར་ཡེ་སྭཱ་ཧཱ། ཞེས་སོ།།

    ༄༅༅༎དབྱངས་ཅན་མའི་བསྟོད་པ་བཞུགས་སོ། ཆུ་འཛིན་དཀར་པོ་གློག་ཕྲེང་དྲ་བ་ཅན།། མཁའ་ཡི་མཛེས་བྱེད་འདྲ་བའི་ཡིད་འཕྲོག་མ།། དྲི་ཟའི་ན་ཆུང་དབུས་ན་འཇོ་སྒེག་མཁན།། རིང་ནས་བརྩེ་བའི་ལྷ་མོ་ད་ཚུར་བྱོན།། པདྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག། མཐོན་མཐིང་རལ་པའི་རྩེ་ན་འོད་དཀར་ཅན།། རོལ་སྒེག་གར་གྱིས་འགྱིང་བའི་དབྱངས་ཅན་མ།། ད་དུང་བདག་ལ་ངག་གི་དབང་ཕྱུག་སྩོལ།། རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག། མིག་གིས་ལྟ་བས་མི་ངོམས་ཡིད་འཕྲོག་མ།། མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག། ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།། སྟོན་ཟླ་རྒྱས་པའི་དཔལ་ལས་ལྷག་པར་མཛེས།། ཚངས་དབྱངས་སྙན་པའི་གདངས་ཀྱང་ཟིལ་གྱིས་གནོན།། ཟབ་ཡངས་རྒྱ་མཚོའི་འཇིང་ལྟར་དཔག་དཀའ་བ།། དབྱངས་ཅན་ལྷ་མོའི་སྐུ་གསུང་ཐུགས་ལ་འདུད།། ཨོཾ་སྭ་རཱ་སིད་དྷེ་ཧྲཱིཾ་ཧྲ། ཅེས་སྒྲ་དབྱངས་ལྷ་མོ་སྤྱན་དྲངས་ནས་བསྟོད་ཅིང་གསོལ་བ་གདབ་པ་ཡུལ་བྱང་ཕྱོགས་ཀྱི་སྙན་དངགས་མཁན་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ།།

    ༄༅༅༎བཟླས་ཆོག་རྡོ་རྗེ་གོ་ཁྲབ་བཞུགས་སོ། མ་ཧཱ་གུ་རུ་པད་མ་ཐོད་ཕྲེང་རྩལ།། ཆེ་མཆོག་མཐིང་ནག་རྡོ་རྗེ་གོ་ཁྲབ་དཔལ།། ནད་གདོན་བགེགས་རིགས་འཇོམས་པའི་སྟོབས་ཀྱི་ལྷར།། གསོལ་བ་འདེབས་སོ་སྲུང་ཞིང་བསྐྱབ་པར་མཛོད།། ཨོཾ་པད་ཤ་བ་རི་ཕཊ༔ ནན་པར་ཤིག༔ ནཱ་ག་ནན༔ ཏདྱ་ཐཱ༔ སརྦ་ཝི་རི་ཏ༔ ཧ་ན་ཧ་ན་བཛྲེ་ན་རཀྵ་རཀྵ་སྭཱ་ཧཱ༔ ཞེས་སོ།།

    ༄༅༅།།རྟ་མགྲིན་གཟུངས་སྔགས་བཞུགས་སོ། ཐུའུ་བཀན་ཆོས་ཀྱི་ཉི་མའི་གསུངས།། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི།། གསུང་གི་རང་བཞིན་མཐུ་སྟོབས་བདག། དབང་དྲག་ཁྲོས་པའི་གར་མཛད་པ།། པདྨ་དབང་ཅན་ཕྱག་འཚལ་ལོ།། ཨོཾ་ཧྲཱིཿཔདྨཱ་ནྟཀྲི་ཏ་བཛྲ་ཀྲོ་ངྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། བཅོམ་ལྡན་རྟ་མཆོག་རོལ་བ་ཡི།། བདག་གི་སྒོ་གསུམ་ཕྱིན་གྱིས་རློབས།། ནད་དང་བར་ཆད་ཞི་བ་དང་།། མཆོག་དང་ཐུན་མོང་དངོས་གྲུབ་སྩོལ།། དགེ་བ་འདི་ཡི་མྱུར་དུ་བདག། །རྟ་མཆོག་རོལ་བ་གྲུབ་གྱུར་ནས།། འགྲོ་བ་གཅིག་ཀྱང་མ་ལུས་པར།། དེ་ཡི་ས་ལ་འགོད་པར་ཤོག། ཅེས་སོ།།

     ༄༅༅།།མཁའ་འགྲོ་སེང་གདོང་མའི་བསྙེན་པ་བཞུགས་སོ། མཁའ་ལ་བསྐྱོད་པའི་གནས་མཆོག་དམ་པ་ན།། མངོན་ཤེ་རྫུ་འཕྲུལ་མངའ་བའི་མཐུ་སྟོབས་ཅན།། སྒྲུབ་པ་པོ་ལ་མ་ཡིས་བུ་བཞིན་གཟིགས།།གནས་གསུམ་མཁའ་འགྲའི་ཚོགས་ལ་ཕྱག་འཚལ་ལོ།།ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ། ཅེས་སོ།།

     ༄༅༅།།མཁའ་འགྲོ་སེང་གདོང་མའི་ཟློག་བསྒྱུར་བཞུགས་སོ། དཔལ་ལྡན་ལྷ་མོ་རྡོ་རྗེ་ནི།། དྲག་མོ་སེང་གེ་གདོང་བ་ཅན།། ཡེ་ཤེས་མེ་ཡི་འོད་ཟེར་འབར།། སེང་གེ་གགདོང་ཅན་ལྷ་མོར་འདུད།། ཨཿ ཀཿ སཿ མཿ རཿ ཙཿ ཤཿ དཿ རཿ སཿ མཿ རཿ ཡཿ ཕཊ། དཔལ་ལྡན་ལྷ་མོ་དྲག་མོ་སེང་གེ་གདོང་བ་ཅན།། ཁྱེད་ཀྱི་རིགས་སྔགས་ཟབ་མོ་འདི་བཟློས་པའི་མཐུ་ལ་བརྟེན་ནསབདགཅག་དཔོན་སློབ་འཁོར་བཅས་རྣམས་ལ་སྡང་པར་བྱེད་པའི་དགྲ་གནོད་པར་བྱེད་པའི་བགེགས་བར་དུ་གཅོད་པའི་རྐྱེན་མདོར་ན་བཀྲ་མི་ཤེས་པའི་ཕྱོགས་རིགས་ངན་པ་ཐམས་ཅད་ཕྱིར་ཟློག་པར་གྱུར་ཅིག མེད་པར་གྱུར་ཅིག ཞི་བར་གྱུར་ཅིག ཁྲོ་མོ་འབར་བའི་ཚོགས་རྣམས་ཀྱིས།། དགྲ་བགེགས་བྱད་མ་ཐམས་ཅད་ཀྱི།། ལུས་ངག་ཐལ་བའི་རྡུལ་དུ་བརློགས།། རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས།། ཞེས་ལན་གསུམ་རེ་འདོན་པ་དང་ཚིག་རེའི་རྗེས་སུ་ཟློག་རེ་རྒྱོབ། མཁའ་ལ་བསྐྱོད་པའི་གནས་མཆོག་དམ་པ་ན།། མངོན་ཤེ་རྫུ་འཕྲུལ་མངའ་བའི་མཐུ་སྟོབས་ཅན།། སྒྲུབ་པ་པོ་ལ་མ་ཡིས་བུ་བཞིན་གཟིགས།། གནས་གསུམ་མཁའ་འགྲོའི་ཚོགས་ཀྱི་བཀྲ་ཤིས་ཤོག། དགེ་བ་འདི་ཡི་མྱུར་དུ་བདག།། སེང་གེ་གདོང་ཅན་གྲུབ་གྱུར་ནས།། འགྲོ་བ་གཅིག་ཀྱང་མ་ལུས་པར།། དེ་ཡི་ས་ལ་འགོད་པར་ཤོག། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་།། མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་།། མཐུན་པར་གྱུར་ཞིང་ཕུན་སུམ་ཚོགས་པ་ཡི།། བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། ཅེས་ས་པཎ་གྱིས་མཛད་པའོ།།

     ༄༅༅།།ལྷ་མོ་ལོ་གྱོན་མའི་གཟུངས་བཞུགས་སོ། རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཡི།། ཆོ་འཕྲུལ་རྣམ་པར་རོལ་བ་ལས་བྱུང་བ།། ལྷ་མོ་གང་གི་བསྒྲུབས་པའི་ནད་གདོན་བགེགས།། ཀུན་ཏུ་ཞི་མཛད་མ་ལ་ཕྱག་འཚལ་ལོ།། ཨོཾ་བི་ཤ་ཙཱི་པརྞ་ཤ་ལྦ་རི་སརྦ་ཛྭ་ར་པྲ་ཤ་མ་ན་ཡེ་སྭཱ་ཧྭ། ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས།། བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར།། ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ།།

     ༄༅༅།།རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ནི། ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ། དབྱངས་གསལ་ནི། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཞེས་སོ།།

     ༄༅༅།།རྟེན་འབྲེལ་སྙིང་པོའི་གཟུངས་ནི། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། ཞེས་སོ།།

     ༄༅༅།།ཚུལ་ཁྲིམས་རྣམ་དག་གི་གཟུངས་ནི། ཨོཾ་ཨཱ་མོ་གྷ་ཤཱི་ལ། སཾ་བྷ་ར་སཾ་བྷ་ར། བྷ་ར་བྷ་ར་མ་ཧཱ་ཤུདྡྷ་ས་ཏྭ་པདྨ་བི་བྷུ་ཥི་ཏ་བྷུ་ཛ། དྷ་ར་དྷ་ར། ས་མནྟ། ཨ་ཝ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་སོ།།

     ༄༅༅།།ཕྱག་འཚལ་བའི་འགྱུར་སྔགས། ན་མོ་མཉྫུ་ཤྲི་ཡེ། ན་མོ་སུ་ཤྲི་ཡེ། ན་མོ་ཨུཏྟ་མ་ཤྲི་ཡེ་སྭཱ་ཧཱ། ཞེས་སོ།།

     ༄༅༅།།བསྐོར་བ་བྱེད་པའི་འགྱུར་སྔགས། ༀ་ན་མོ་བྷ་ག་ཝ་ཏེ་རཏྣ་ཀེ་ཏུ་ར་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སཾ་མྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་རཏྲཱེ་རཏྲཱེ་མ་ཧཱ་རཏྲཱེ་རཏྣ་བི་ཛ་ཡེ་སྭ་ཧཱ། ཞེས་སོ།།

     ༄༅༅།།ཡེ་ཤེས་སྐར་མདའི་སྙིང་པོ་ནི། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿ ས་མནྟ་སྥ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲཱྀ་ད་ཡ་ཛྭ་ལ་ན་ཧཱུྃ། ཞེས་པ་འབབ་ཆུའམ་མཚོ་འགྲམ་དུ་ལག་གཡས་པའི་ཁྱོར་བར་ཆུ་བླུགས་ལ་ཡེ་ཤེས་སྐར་མདའི་སྙིང་པོ་འདི་ལན་བདུན་བཟླས་ཏེ་ཆུ་ཁྱོར་བ་བདུན་སླར་ཆུར་བླུགས་ན་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པའི་ཡི་དྭགས་ཇི་སྙེད་ཡོད་པ་དེ་དག་གིས་ལྷའི་ཞལ་ཟས་ཀྱི་རོ་དང་བཏུང་བའི་རོ་མཆོག་དང་ལྡན་པ་ཐོབ་ཅིང་ཡི་དྭགས་རེ་རེ་ལའང་ཁ་ཟས་དང་བཏུང་བ་ཡུལ་མགྷ་དྷའི་བྲེ་བདུན་གྱིས་ཚིམ་པར་བྱས་པར་འགྱུར་ཞིང༌། ཆུ་དེ་འཐུང་བ་ཙམ་གྱིས་དེ་ཐམས་ཅད་ཡི་དྭགས་ཀྱི་སྐྱེ་གནས་ལས་ཐར་ཅིང་བདེ་འགྲོ་མཐོ་རིས་ཀྱི་སྐྱེ་གནས་སུ་སྐྱེ་བར་འགྱུར་རོ།། སྐྱེས་པ་དང་བུད་མེད་བུ་དང་བུ་མོ་གཞན་ཡང་བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་ཡི་དྭགས་སམ་བྱའམ། ཆུ་གནས་ལ་སོགས་པ་གང་གིས་ཆུ་དེ་འཐུང་བ་ཐམས་ཅད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་བདེ་འགྲོའི་ལམ་དུ་འགྲོ་བར་འགྱུར་རོ།།

     ༄༅༅།།བླ་མཆོད་བསྡུས་པ། ཕུན་ཚོགས་བདེ་ལེགས་འབྱུང་གནས་དུས་གསུམ༌གྱི།། རྩ་བརྒྱུད་བླ་མ་ཡི་དམ་དཀོན་མཆོག་གསུམ།། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་ཚོགས་བཅས།། ཐུགས་རྗེའི་དབང་གིས་འདིར་གཤེགས་བརྟན་པར་བཞུགས།། ཆོས་རྣམས་རང་བཞིན་འགྲོ་འོང་ཀུན་བྲལ་ཡང༌།། སྣ་ཚོགས་གདུལ་བྱའི་བསམ་པ་ཇི་བཞིན་དུ།། ཅིར་ཡང་འཆར་བའི་མཁྱེན་བརྩེའི་འཕྲིན་ལས་ཀྱིས།། སྐྱབས་མགོན་དམ་པ་འཁོར་བཅས་གཤེགས་སུ་གསོལ།། ཨོཾ་རཏྣ་གུ་རུ་སརྦ་བུད་དྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། བཛྲ་ས་མ་ཡ་ཛ་ཛཿཛཿཧཱུཾ་བཾ་ཧཾཿ པདྨ་ཀ་མ་ལ་ཡེསྟྭཾ།། ཅེས་སོ།།

     ༄༅༅།།བསྔོ་སྨོན་བསྡུས་པ། འདི་ལྟར་བགྱིས་པའི་རྣམ་དཀར་དགེ་བ་ཡང།། དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི།། མཛད་པ་སྨོན་ལམ་མ་ལུས་བསྒྲུབ་པ་དང༌།། ལུང་རྟོགས་དམ་ཆོས་འཛིན་པའི་རྒྱུ་རུ་བསྔོ།། དེ་ཡི་མཐུ་ལས་ཚེ་རབས་ཀུན་ཏུ་བདག། ཐེག་མཆོག་འཁོར་ལོ་བཞི་དང་མི་འབྲལ་ཞིང༌།། ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་དང༌།། རིམ་གཉིས་ལམ་གྱི་བགྲོད་པ་མཐར་ཕྱིན་ཤོག། ཞེས་པ་འདི་ནི་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའོ།། 

     ༄༅༅།།བཀྲ་ཤིས་བརྩེགས་པ་བསྡུས་པ། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ།། ཕྱོགས་བཅུའི་བཀྲ་ཤིས་ལྷ་རྣམས་ལ།། བཀྲ་ཤིས་དོན་དུ་ཕྱག་འཚལ་ལོ།། རྟག་ཏུ་བཀྲ་ཤིས་དཔལ་འབར་ཤོག། ཅེས་སོ།།

     ༄༅༅།།སྒྲོལ་མ་བསྡུས་པ། ན་མོ་ཨཱརྱ་ཏཱ་རེ་ཡེ། ཨོཾཿབཅོམ་ལྡན་འདས་མ་ལྷ་མོ་སྒྲོལ་མ་ལ་ཕྱག་འཚལ་ལོ།། ཕྱག་འཚལ་སྒྲོལ་མ་ཏཱ་རེ་དཔལ་མོ།། ཏུཏྟཱ་རེ་ཡིས་འཇིགས་ཀུན་སེལ་མ།། ཏུ་རེས་དོན་རྣམས་ཐམས་ཅད་སྟེར་མ།། སྭཱ་ཧཱ་ཡི་གེ་བཅུ་ལ་རབ་འདུད།། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ།། འདི་ནི་ཇོ་བོ་དཔལ་ལྡན་ཨ་ཏི་ཤ་ཉེ་ཐང་ངོར་བཞུགས་པའི་ཚེ།། ལེགས་པའི་ཤེས་རབ་གློ་བུར་དུ་བསྙུང་བ་ལ།། འབྲོམ་སྟོན་པས་པྲ་ཕབས་པར་དུས་གཅིག་ལ་སྒྲོལ་མ་ཁྲི་ཚར་བཏོན་ན་ནད་ལས་གྲོལ་ཞེས་བྱུང་བ་ན།། ཇོ་བོས་སྒྲོལ་མར་གསོལ་བ་བཏབ་པས།། སྒྲོལ་མས་འདི་གསུངས་པས་དགེ་མཚན་མངོན་སུམ་དུ་བྱུང་།། བྱིན་རླབས་ཆེ་ཞིང་མྱུར་བས།། འདི་ཚར་རེ་བརྗོད་ན་སྒྲོལ་མ་ཚར་རེ་བཏོན་པ་དང་མཉམ་པར་གསུངས་སོ།།

     ༄༅༅།།ཨོཾཿའཇིགས་པ་བརྒྱད་སྐྱོབ་མ་ལ་ཕྱག་འཚལ་ལོ།། བཀྲ་ཤིས་དཔལ་འབར་མ་ལ་ཕྱག་འཚལ་ལོ།། ངན་སོང་སྒོ་བཀག་མ་ལ་ཕྱག་འཚལ་ལོ།། མཐོ་རིས་ལམ་འདྲེན་མ་ལ་ཕྱག་འཚལ་ལོ།། རྟག་ཏུ་ཁྱོད་ཀྱིས་སྟོངས་པར་མཛོད།། ད་དུང་ཐུགས་རྗེས་བསྐྱབ་ཏུ་གསོལ།། ཞེས་པ་འདི་ནི་ཇོ་བོ་གསེར་གླིང་དུ་བྱོན་དུས་གསུངས་སོ།།

     ༄༅༅།།སྒྲོལ་མའི་མཎྜལ་བཞི་བ་བསྡུས་པ། ཆོས་སྐུ་ཤེར་ཕྱིན་བཅོམ་ལྡན་ཀུན་བཟང་མོ།། ལོངས་སྤྱོད་ཡོངས་རྫོགས་བཛྲ་ཝ་ར་ཧི།། སྤྲུལ་བའི་རྣམ་རོལ་རྗེ་བཙུན་སྒྲོལ་མ་ཡུམ།། གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ།། སངས་རྒྱས་གཉིས་པ་པདྨ་ཀ་ར་དང་།། གསང་སྔགས་མཛོད་འཛིན་ཌཱ་ཀྐི་འབུམ་གྱི་རྗེ།། བྱང་ཆུབ་སེམས་དཔའ་ལྷ་སྲས་རོལ་བ་རྩལ།། གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ།། ཟབ་གཏེར་སྒོ་འབྱེད་མཆོག་གྱུར་བདེ་ཆེན་གླིང་།། བཀའ་བབ་བདུན་ལྡན་རྡོ་རྗེ་གཟི་བརྗིད་རྩལ།། རྒྱལ་བསྟན་གསལ་མཛད་པདྨ་གར་གྱི་དབང་།། གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ།། གཞན་ཡང་ཟབ་གཏེར་སྨིན་གྲོལ་མཛོད་འཛིན་པ།། རྩ་རྒྱུད་བླ་མ་འཕགས་མ་མྱུར་མཛད་ལྷ།། རྩ་གསུམ་རྡོ་རྗེ་ཆོས་སྲུང་རྒྱ་མཚོ་ལ།། གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ།། ངེས་པར་འབྱུང་བའི་བློ་རྒྱུད་ཞིང་ས་བརླན།། ལྷག་བསམ་དག་པའི་ལྗོན་འཁྲུངས་ཚར་དུ་མངར།། ཡེ་ཤེས་ཆེན་པོའི་འབྲས་བུ་གཡུར་ཟ་བའི།། དོན་གཉིས་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ།། ཅེས་སོ།།

     ༄༅༅།།ཁ་མཆུ་ནག་པོ་ཞི་མདོ་བསྡུས་པ། བླ་མ་དཀོན་མཆོག་གསུམ་གྱི་བདེན་པའི་མཐུས།། གྱོད་དང་ཁ་མཆུའི་མི་ཁ་ལ་སོགས་པའི།། བདག་ལ་ངན་བྱ་ཀུན་ཏུ་མི་འབྱུང་ཞིང་།། མཐོང་ཐོས་ཀུན་ལ་དགའ་བ་བསྐྱེད་པར་ཤོག། བདག་ལ་མཆོག་དམན་ཀུན་གྱིས་བསྙེན་ཞིང་བཀུར།། རབ་སྙན་གྲགས་པའི་བ་དན་ཕྱོགས་བཅུར་གཡོ།། གཞན་ཕན་རྣམ་དག་འཕྲིན་ལས་རབ་སྐྱེས་ཏེ།། ཆོས་སྲིད་དཔལ་འབྱོར་ལོངས་སྤྱོད་གོང་འཕེལ་ཤོག། ཅེས་སོ།།

     ༄༅༅།། བཀྲ་ཤིས་བརྩེགས་པ་བསྡུས་པ། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ།།ཕྱོགས་བཅུའི་བཀྲ་ཤིས་ལྷ་རྣམས་ལ།།བཀྲ་ཤིས་དོན་དུ་ཕྱག་འཚལ་ལོ།།རྟག་ཏུ་བཀྲ་ཤིས་དཔལ་འབར་ཤོག །ཞེས་དཔའ་བོ་ཆོས་དབྱིངས་རྡོ་རྗེས་མཛད་པའོ།། ཡང་ན་འཕགས་པ་བཀྲ་ཤིས་བརྩེགས་པ་ལས། ན་མོ་དབུ་ལ་བཀྲ་ཤིས་གདུགས་ལྟར་སྐྱོབས།། སྐུ་ལ་མི་ནུབ་བཀྲ་ཤིས་རྒྱལ་མཚན་མཆོག། གསུང་ལ་བཀྲ་ཤིས་ཆོས་དུང་གཡས་སུ་འཁྱིལ།། ཐུགས་ལ་བཀྲ་ཤིས་དཔལ་གྱི་བེའུ་གསལ།། སྤྱན་ལ་བཀྲ་ཤིས་རིན་ཆེན་གསེར་གྱི་ཉ།། ལྗགས་ལ་བཀྲ་ཤིས་པདྨོ་ལོ་འདབས་རྒྱས།། མགུལ་ལ་བཀྲ་ཤིས་རིན་ཆེན་བུམ་པ་འཁྱིལ།། ཕྱག་ལ་བཀྲ་ཤིས་ཡོན་ཏན་ནོར་བུ་མཆོག། ཞབས་ལ་བཀྲ་ཤིས་འཕྲིན་ལས་འཁོར་ལོ་མངའ།། བཀྲ་ཤིས་རྫས་བརྒྱད་དངོས་གྲུབ་དམ་པའི་མཆོག། རྫས་མཆོག་བརྒྱད་ཀྱི་བཀྲ་ཤིས་གང་ཡིན་པ།། དེང་འདིར་བདག་ཅག་རྣམས་ལ་བཀྲ་ཤིས་ཤོག། བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། ཅེས་སོ།

     ༄༅༅།།ཕྱོགས་བཅུའི་མུན་སེལ་བསྡུས་པ། ཕྱོགས་བཅུའི་མུན་སེལ་ཕྱོགས་བཅུའི་འཇིག་རྟེན་ན།། ཕྱོགས་བཅུའི་སངས་རྒྱས་རྣམས་ལ་སྐྱབས་སུ་མཆི།། བདག་ནི་ཕྱོགས་དེར་དོན་གཉེར་འགྲོ་བ་ན།། དོན་དེ་འགྲུབ་ནས་སླར་ཡང་བཟློག་པར་ཤོག། ཅི་ལྟར་བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས།། ཤཱཀྱ་གཞོན་ནུ་རབ་ཏུ་གསལ་བ་ལ།། ཕྱོགས་བཅུའི་མུན་སེལ་བཀྲ་ཤིས་མཛད་པ་བཞིན།། བདག་སོགས་འཁོར་བཅས་བཀྲ་ཤིས་དོན་གྲུབ་ཤོག། ཅེས་སོ།།

     ༄༅༅།།ཤེར་སྙིང་བདུད་ཟློག་བཞུགས། འདི་ལྟར་ན་མོ་བླ་མ་ལ་ཕྱག་འཚལ་ལོ།། སངས་རྒྱས་ལ་ཕྱག་འཚལ་ལོ།། ཆོས་ལ་ཕྱག་འཚལ་ལོ།། དགེ་འདུན་ལ་ཕྱག་འཚལ་ལོ།། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། ཏདྱ་ཐཱཿཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭ་ཧཱཿ དེ་རྣམས་ལ་ཕྱག་འཚལ་བ་ལ་བརྟེན་ནས།། བདག་གི་བདེན་པའི་ཚིག་རྣམས་འགྲུབ་པར་གྱུར་ཅིག། ཇི་ལྟར་སྔོན་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཡིད་ལ་བསམ་ཞིང་ཚིག་ཁ་ཏོན་དུ་བྱས་པ་ལ་བརྟེན་ནས།། བདུད་སྡིག་ཏོ་ཅན་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་ཟློག་པ་དེ་བཞིན་དུ་བདག་གིས་ཀྱང་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཡིད་ལ་བསམ་ཞིང་ཚིག་ཁ་ཏོན་དུ་བྱས་པ་ལ་བརྟེན་ནས།། བདག་གིས་ཆོས་འཆད་ཉན་ཐོས་བསམ་སྒོམ་གསུམ་ལ་བར་དུ་གཅོད་པའི་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་བླ་མ་དང་འཕགས་པ་སྐྱབས་གནས་དཀོན་མཆོག་གསུམ་གྱི་བཀའ་བདེན་པའི་སྟོབས་ཀྱིས་ཕྱིར་ཟློག་པར་གྱུར་ཅིག། མེད་པར་གྱུར་ཅིག། ཞི་བར་གྱུར་ཅིག། རབ་ཏུ་ཞི་བར་གྱུར་ཅིག། ཅེས་པའི་འཇུག་ཏུ། དགྲ་ཐམས་ཅད་བྱམས་པའི་སེམས་དང་ལྡན་ཞིང་། མི་མཐུན་ཕྱོགས་ངན་པ་ཐམས་ཅད་ཤནྟཾཀུར་ཡེ་སྭཱ་ཧཱ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་།། མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་།། མཐུན་པར་གྱུར་ཅིང་ཕུན་གསུམ་ཚོགས་གྱུར་པས།། བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག།‍‍‍‍‍‍‍‍ ཅེས་སོ།

     ༄༅༅།།གདུགས་དཀར་བསྡུས་པ་བཞུགས། བཅོམ་ལྡན་གདུགས་དཀར་ལྷ་ཚོགས་རྣམས།། མཐུ་སྟོབས་ཐོགས་པ་མི་མངའ་ཞིང་།། ཐུགས་རྗེའི་སྨོན་ལམ་མཐུ་བཙན་པས།། བདག་གིས་གསོལ་བ་བཏབ་པ་བཞིན།། སངས་རྒྱས་བསྟན་པ་དར་བ་དང་།། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག། རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི།། ཆགས་ཆེ་ཉམ་ང་བཟློག་ཏུ་གསོལ།། རྨི་ལམ་མཚན་མ་ངན་པ་བཟློག། རྟགས་དང་རྟེན་འབྲེལ་ངན་པ་བཟློག། དགྲ་འདྲེའི་བསམ་སྦྱོར་ངན་པ་བཟློག། ལྟས་ངན་བརྒྱད་ཅུ་རྩ་བཞི་བཟློག། ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་བཟློག། ནད་རིགས་བཞི་བརྒྱ་རྩ་བཞི་བཟློག། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག། དུས་མིན་འཆི་བ་རྣམ་བརྒྱད་བཟློག། ཡས་ཀྱི་བདུད་དུ་གཡོས་པ་བཟློག། མས་ཀྱི་སྲི་རུ་ལངས་པ་བཟློག། དཔྲལ་བའི་གཤེད་དུ་བརྐོས་པ་བཟློག། ཕ་མེས་དུར་སྲི་ལངས་པ་བཟློག། མི་ལ་ནད་དུ་གཏོང་བ་བཟློག། ཕྱུགས་ལ་གོད་ཁ་བྱེད་པ་བཟློག། གནམ་གྱི་དལ་ཁ་ཐེབས་པ་བཟློག། ས་ཡི་དུག་མདའ་གཡོས་པ་བཟློག། སྨེ་བ་སྤར་ཁ་ངན་པ་བཟློག། སྐེག་དང་ཕུང་སྲི་ལངས་པ་བཟློག་ཏུ་གསོལ༎ ཅེས་ཟློག་པ་གྲུབ་ཆེན་ལས་ཀྱི་རྡོ་རྗེས་མཛད་པའོ།།

     ༄༅༅༎འཇམ་དཔལ་མཚན་བརྗོད་བསྡུས་པ། ༀ་ཨ་ར་པ་ཙ་ན་དྷཱིཿ ཞེས་གང་མང་འདོན། བརྩེ་ལྡན་ཁྱེད་ཀྱིས་མཁྱེན་རབ་འོད་ཟེར་གྱིས།། བདག་བློའི་གཏི་མུག་མུན་པ་རབ་གསལ་ནས།། བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི།། བློ་གྲོས་སྤོབས་པའི་སྣང་བ་སྩལ་དུ་གསོལ།། ཞེས་སོ།།

    ༄༅༅།།ཡན་ལག་བདུན་པའི་གསོལ་འདེབས།  གང་གི་ཐུགས་རྗེས་བདེ་བ་ཆེན་པོའི་དབྱིངས།། སྐུ་གསུམ་གོ་འཕང་མཆོག་ཀྱང་སྐད་ཅིག་ལ།། སྩོལ་མཛད་བླ་མ་རིན་ཆེན་ལྟ་བུའི་སྐུ།། རྡོ་རྗེ་ཅན་ཞབས་པདྨོར་ཕྱག་འཚལ་ལོ།། རབ་འབྱམས་རྒྱལ་བ་ཀུན་གྱི་ཡེ་ཤེས་ནི༌།། གང་འདུལ་ཅིར་ཡང་འཆར་བའི་ཐབས་མཁས་མཆོག། ངུར་སྨྲིག་འཛིན་པའི་གར་གྱི་རྣམ་རོལ་བ།། སྐྱབས་མགོན་དམ་པའི་ཞབས་ལ་ཕྱག་འཚལ་ལོ།། ཉེས་ཀུན་བག་ཆགས་བཅས་པ་དྲུངས་ཕྱུང་ཞིང༌།། དཔག་མེད་ཡོན་ཏན་རིན་ཆེན་ཚོགས་ཀྱི་གཏེར།། ཕན་བདེ་མ་ལུས་འབྱུང་བའི་སྒོ་གཅིག་པུ།། རྗེ་བཙུན་བླ་མ་འི་ཞབས་ལ་ཕྱག་འཚལ་ལོ།། ལྷར་བཅས་སྟོན་པ་སངས་རྒྱས་ཀུན་གྱི་དངོས།། བརྒྱད་ཁྲི་བཞི་སྟོང་དམ་ཆོས་འབྱུང་བའི་གནས།། འཕགས་ཚོགས་ཀུན་ཀྱི་དབུས་ན་ལྷང་ངེ་བ།། དྲིན་ཅན་བླ་མ་རྣམས་ལ་ཕྱག་འཚལ་ལོ།། དུས་གསུམ་ཕྱོགས་བཅུར་བཞུགས་པའི་བླ་མ་དང༌།། རིན་ཆེན་མཆོག་གསུམ་ཕྱག་འོས་ཐམས་ཅད་ལ།། དད་ཅིང་མོས་པས་བསྟོད་དབྱངས་རྒྱ་མཚོར་བཅས།། ཞིང་རྡུལ་མཉམ་པའི་ལུས་སྤྲུལ་ཕྱག་འཚལ་ལོ།། ཞེས་སོ།།

     ༄༅༅།།གཅོད་ཀྱི་གོ་དོན་བསྡུས་པ། ཇི་སྐད་དུ། ལྷ་མེད་འདྲེ་མེད་ལྟ་བའི་གདིང༌།། ཡེངས་མེད་འཛིན་མེད་སྒོམ་པའི་གནད།། བླང་མེད་དོར་མེད་སྤྱོད་པའི་གནད།། རེ་མེད་དོགས་མེད་འབྲས་བུའི་གནད།། ཟེར་བ་ལྟར། གཅད་བྱ་གཅོད་བྱེད་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་ཀྱི་ཀློང་དུ་གདལ་ན། ནང་སྙེམས་བྱེད་གདོན་གྱི་རྩ་བ་ཆོད་དེ་མཐར་ཐུག་དོན་གྱི་ཆོད་ཚད་མངོན་དུ་འགྱུར་བ་ཡིན་ནོ།།

      ༄༅༅།།གསོལ་འདེབས་བསམ་པ་མྱུར་འགྲུབ་མ་བཞུགས་སོ། ཨེ་མ་ཧོ༔ མཚོ་དབུས་གེ་སར་པདྨའི་སྡོང་པོ་ལ།། སྐུ་ལྔ་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ལྷ།། རང་བྱུང་ཆེན་པོ་པདྨ་ཡབ་ཡུམ་ནི།། མཁའ་འགྲོ་སྤྲིན་དཔུང་འཁྲིགས་ལ་གསོལ་བ་འདེབས།། བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས།། ཅེས་སོ།།

     ༄༅༅།།ཧྲཱིཿཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་བོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔ བྱིན་གྱིས་བརླབས་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་སོ།།

     ༄༅༅།།བར་ཆད་ལམ་སེལ་ཤིན་ཏུ་བསྡུས་པ་བཞུགས། ཨོཾ་ཨཱཿཧཱུཾཿཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས།། སྤྲུལ་སྐུ་པདྨ་འབྱུང་གནས་དྲག་པོ་རྩལ།། གསོལ་བ་འདེབས་སོ་ཐུགས་རྗེ་ཤུགས་ཕྱུངས་ལ།། ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལ།། དུས་ངན་སྙིགས་མའི་འགྲོ་བ་སྡུག་བསྔལ་ཚེ།། ཁྱེད་ལས་རེ་ས་མེད་དོ་སྙིང་ཁུངས་ནས།། མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས།། འགལ་རྐྱེན་ཕྱི་ནང་གསང་བའི་བར་ཆད་བཟློག༔ ཚེ་བསོད་སྤེལ་ལ་རླུང་རྟ་དར་རྒྱས་ཤོག། ཅེས་པའང་གཏེར་མིང་འཇའ་ལུས་རྡོ་རྗེས་སོ།།

    ༄༅༅།།བསམ་ལྷུན་བསྡུས་པ་ཐུགས་རྗེ་གློག་ཞགས་བཞུགས། ཨེ་མ་ཧོཿ དཀོན་མཆོག་རྩ་གསུམ་བདེ་གཤེགས་ཀུན་འདུས་དཔལ༔ སྙིགས་དུས་འགྲོ་བ་མགོན་མེད་སྐྱབས་ཅིག་པུ༔ ཐུགས་རྗེ་གློག་ལྟར་མྱུར་བའི་ཐོད་ཕྲེང་རྩལ༔ མ་ཧཱ་གུ་རུ་པདྨ་ཧེ་རུ་ག༔ མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ དགྲ་གདོན་བགེགས་དང་བར་ཆད་བྱད་ཕུར་བཟློག༔ མ་རུང་རྒྱལ་སྲིན་འབྱུང་བོ་དམ་ལ་ཐོག༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་བརློབས༔ ཞེས་གཏེར་བདག་འཇའ་ལུས་རྡོ་རྗེས་སོ།།

     ༄༅༅།།གསོལ་འདེབས་དུས་གསུམ་སངས་རྒྱས་བཞུགས། དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས༔ བར་ཆད་ཀུན་སེལ་བདུད་འདུལ་དྲག་པོའི་རྩལ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང༌༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པས་སེང་ཆེན་གནམ་བྲག་གི་གཡས་ཟུར་བྲག་རི་རིན་ཆེན་བརྩེགས་པ་ནས་སྤྱན་དྲངས་པ་དུས་བབས་ཀྱི་གསོལ་འདེབས་འདི་ཉིད་བྱིན་རླབས་ཤིན་ཏུ་ཆེ་བས་ཀུན་གྱིས་ཁ་ཏོན་དུ་གཅེས་པར་ཟུངས་ཤིག། ནད་གདོན་བར་ཆད་ཞི་བར་མཛད་པ་དང༌།། འཆི་མེད་ཚེ་དབང་མཆོག་གི་དངོས་གྲུབ་སྩོལ།། ཅེས་སོ།།

     ༄༅༅།།ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས།། འགལ་རྐྱེན་པར་ཆད་མི་འབྱུང་ཞིང༌།། མཐུན་རྐྱེན་བསམ་པ་འགྲུབ་པ་དང༌།། མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ།། ཞེས་པ་འདི་ཡང་གྲུབ་ཆེན་འཇིགས་མེད་འཕྲིན་ལས་འོད་ཟེར་མཁའ་སྤྱོད་དཔལ་གྱི་ཙ་རི་ཏྲར་ཕེབས་སྐབས་ཨོ་རྒྱན་རིན་པོ་ཆེས་དངོས་སུ་ཞལ་གཟིགས་པའི་དུས་སུ་ཐོལ་བྱུང་དུ་གསུངས་པའི་གསོལ་འདེབས་བྱིན་རླབས་ཅན་ཏོ།། མངྒ་ལཾ།  

     ༄༅༅།།གསོལ་འདེབས་དངོས་གྲུབ་ཀུན་འབྱུང༌བཞུགས། སྤྲུལ་པའི་གུ་རུ་མཚན་བརྒྱད་དང༌།། གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད།། བྱང་སེམས་ཉེ་བའི་སྲས་བརྒྱད་དང༌།། སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་ལ།། གསོལ་བ་འདེབས་སོ་བྱིན་གྱིས་རློབས།། ཕྱི་ནང་གསང་བའི་བར་ཆད་སོལ།། བསམ་པ་ཡིད་བཞིན་འགྲུབ་པ་དང༌།། མཆོག་དང་ཐུན་མོང་དངོས་གྲུབ་སྩོལ།། ཞེས་གསེར་འཕྱང་མེ་བྱ་སྨིན་ཟླའི་དམར་ཕྱོགས་དགའ་བ་དང་པོའི་ཉི་ཤར་ལ་འཇམ་དཔལ་རྡོ་རྗེའི་ཡིད་མཚོ་ལས་རྡོལ་བའོ།། ཅེས་སོ།།

     ༄༅༅།།གསོལ་འདེབས་བསམ་པ་ལྷུན་གྲུབ་མ་བཞུགས། ཧཱུཾཿདཀོན་མཆོག་རྩ་གསུམ་བདེ་གཤེགས་ཀུན་འདུས་དཔལ།། མ་ལུས་འགྲོ་བའི་སྐྱབས་མགོན་པདྨ་འབྱུང།། གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ།། བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།། ཞེས་སོ།།

     ༄༅༅།།རྗེ་བཙུན་པདྨ་ཐོད་ཕྲེང་རྩལ།། དྲག་པོ་ཡེ་ཤེས་རབ་འབར་ལ།། སྙིང་ནས་གུས་པའི་གསོལ་བ་འདེབས།། གེགས་ཞི་བསམ་དོན་མྱུར་འགྲུབ་མཛོད།། ཅེས་སོ།།

     ༄༅༅།།སྐྱབས་གནས་བསླུ་མེད་དཀོན་གཆོག་རིན་པོ་ཆེ།། ཐུགས་རྗེ་མངའ་བའི་ཨོ་རྒྱན་པདྨ་ལ།། བདག་གིས་ཇི་ལྟར་གསོལ་བ་བཏབ་པའི་མཐུས།། མྱུར་དུ་འགྲུབ་པར་བྱིན་གྱིས་བརླབ་དུ་གསོལ།། ཞེས་སོ།།

     ༄༅༅།།གཟའ་རྒོད་ཁྱབ་འཇུག་ཆེན་པོའི་བསྐང་གསོལ་བསྡུས་པ།  ཧྲཱིདྲང་སྲོང་ཁྱབ་འཇུག་ཆེན་པོ་ར་ཧུ་ལ སྤྲུལ་བ་རྣམ་རྒྱལ་གདོང་མོ་མཆེད་བཞི་དང་༔ གཟའ་དང་རྒྱུ་སྐར་དྲག་པ་སྡེ་བརྒྱད་ཚོགས༔ གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད།། ཅེས་སོ།།