博客西藏在最高处过一种生活

日志

༄༅།།རོང་ཆེན་ལྷ་རྒྱལ་དཔལ་གྱི་རྩོམ་བསྡུས་ཕ ...

已有 2361 次阅读2021-2-8 11:21 |系统分类:文化



                ༄༅།།རོང་ཆེན་ལྷ་རྒྱལ་པལ་གྱི་རྩོམ་བསྡུས་ཕྱོགས་བསྒྲིགསབཀྲ་ཤིས་དར་དཀར་རིང་མོ་ཞེས་བྱ་བ་བཞུགས་སོ།། 
                                                      དེབ་ལྔ་བ།
 
                      

                              ༄༅།།རྒྱ་ནག་གི་གནས་མཆོག་བཞི་ངོ་སྤྲོད་མདོར་བསྡུས་ཞེས་བྱ་བ་བཞུགས་སོ།

     ༄༅།།འདིར་ཡང་སི་ཁྲོན་གླང་ཆེན་འགྱིང་རི་དང་། ཀྲེ་ཅཱང་རི་བོ་གྲུ་འཛིན། ཧྲན་ཞི་རྒྱ་ནག་རི་བོ་རྩེ་ལྔ། ཨན་ཧོས་དཔལ་རི་རྩེ་དགུ་སོགས་ལྷན་ཅིག་ཏུ་རྒྱ་ནག་གི་གནས་མཆོག་བཞི་ཞེས་པའི་སྙན་གྲགས་ཕྱོགས་བཅུར་ཁྱབ་ཅིང། རང་རེའི་རྒྱལ་ཁབ་ཀྱི་ནང་བསྟན་གནས་མཆོག་བཞི་རུ་གྲགས་པས། བསྐལ་བ་ཡག་པོ་རྫོགས་ལྡན་གྱི་དཔལ་ལ་བསྙེགས་པའི་དེང་འདིར་གོང་གི་གནས་མཆོག་འདི་དག་ལ་དད་ལྡན་གནས་མཇལ་བ་རྣམ་པས་གནས་མཇལ་ཡག་པོ་ཡོང་པའི་སྨོན་ལམ་གྱི་མདུན་བསུས་ཏེ། གནས་མཆོག་བཞི་ལ་རེ་རེ་བཞིན་གནས་ཡིག་སོགས་གནས་ཀྱི་བཀོད་པ་ངོ་སྤྲོད་མདོར་བསྡུས་བྱས་པ་གཤམ་གསལ་ལྟར།  

      དང་པོ། རྒྱ་ནག་གནས་མཆོག་གླང་ཆེན་འགྱིང་རི།

     རྒྱ་ནག་གི་གནས་མཆོག་གླང་ཆེན་འགྱིང་རི་ནི་ཟི་ཁྲོན་ཞིང་ཆེན་གླང་འགྱིང་གྲོང་ཁྱེར་གྱི་ཁོངས་སུ་ཡོད་ཅིང་། དབུ་རྩེར་རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲེ་3090ཡོད་ཅིང་། དེ་ནི་བླ་ཆེན་དྲན་པ་ནམ་མཁའ་དང་འགྲོ་མགོན་ཚེ་དབང་རིག་འཛིན་ཆེན་པོ་སོགས་ཀྱིས་བྱིན་གྱིས་བརླབས་པ་དང་། རྒྱ་ནག་གླང་ཆེན་འགྱིང་རིའི་དཀར་ཆག་དག་སྣང་མཁའ་འགྲོ་རྒྱ་མཚོའི་ཞུས་ལེན་ཞེས་བྱ་བ་ལས། ཨཿ སྤྲོས་བྲལ་བློ་འདས་རང་རིག་བོན་གྱི་སྐུ།། འོད་གསལ་ལྷུན་གྲུབ་རང་སྣང་ལོངས་སྤྱོད་རྫོགས།། གང་འདུལ་ཐུགས་རྗེ་སྲིད་འགྲོ་ཐར་པ་འདྲེན།། རྒྱལ་བ་སྲས་དང་བཅས་ལ་གུས་ཕྱག་འདུད།། རྒྱ་ནག་ཡུལ་གྱི་བྱང་ཤར་མཚམས།། གནས་མཆོག་གླང་ཆེན་འགྱིང་རིའི་མདུན།། ཝན་གཉན་ཞེས་པའི་དགོན་པ་རུ།། ནུབ་གཅིག་འདུག་པའི་འོད་གསལ་མཚམས།། རང་སྣང་མཁའ་ལྟར་དག་པའི་ངང་།། རང་རིག་སྒོམ་མེད་གཡེང་མེད་ཀློད།། རང་གདངས་ལྷག་མཐོང་སྐུ་བཞེངས་པ།། རིག་འཛིན་ཚེ་དབང་ཆེན་པོ་ནི།། པད་དཀར་འདབ་མ་བརྒྱད་ཀྱི་སྟེང་།། གཞོན་ཚུལ་འཛུམ་བག་ཞལ་མདངས་བསྟན།། དབུ་སྐྲ་དབུ་ཐོད་རིན་ཆེན་རྒྱན།། སྐུ་སྟོད་རྒོད་ཀྱི་ཐུལ་པ་གསོལ།། རུས་རྒྱན་རིན་ཆེན་མགུལ་ཆུས་བརྒྱན།། ཕྱག་གཡས་སྐྱེ་མེད་ཨ་དཀར་འཛིན།། གཡོན་པས་གསེར་གྱི་གཡུང་དྲུང་ནི།། འོད་དུ་འཕྲོ་བ་ཐུགས་ཀར་བསྣམས།། སྐུ་སྨད་སྟག་ཤམ་ཞབས་ཕྱེ་དཀྱིལ།། ཡུམ་ཆེན་ཐུགས་རྗེ་ཀུན་གྲོལ་མ།། དམར་མོ་རྒྱ་ཚལ་ཐིག་པའི་མདོག། གཅེར་བུ་དར་དང་རུས་པའི་བརྒྱན།། ཡབ་ཀྱི་པང་གཡས་འཁྲིལ་བཞིན་བཞུགས།། མཁྱེན་བརྩེ་ནུས་གསུམ་རང་བཞིན་ཅན།། ཞལ་གྱིས་བདག་ལ་ཕྱོགས་ཞིང་བཞད།། བདག་བློ་མོས་འདུན་གུས་པ་ཡིས།། ཕྱི་ནང་ཚོགས་ཀྱི་མཆོད་པ་ཕུལ།། གསོལ་བཏབ་དབང་བཞི་བྱིན་རླབས་ཞུས།། ཡབ་ཡུམ་དེ་གཉིས་འོད་དུ་ཞུ།། མི་དམིགས་རང་ཡལ་ངང་དུ་སོང་།། སླར་ཡང་སྟོང་བའི་སྒྲ་ཡི་བརྒྱུད།། ཌཱཀྐི་བརྡ་ཡིག་ཚིག་འདི་ཐོས།། མ་མ་ཌཱཀྐི་ས་མ་ཡ། ཡེ་ཤེས་དབྱིངས་ལས་སྒྱུ་འཕྲུལ་གར།། ཐུགས་རྗེ་ཚད་མེད་མཁྱེན་པའི་མ།། ཐུགས་རྗེ་ཀུན་གྲོལ་འགྲོ་ཀུན་གསོ།། རིགས་ལྔའི་མཁའ་འགྲོ་འཁོར་དང་བཅས།། མཁའ་སྤྱོད་བདེ་ལྡན་གསང་གནས་སུ།། ཚོགས་ཀྱི་འཁོར་ལོ་བསྐོར་བའི་དུས།། བདག་ནི་ཁྱེད་ཉིད་བསུ་མར་མངགས།། སྐལ་ལྡན་རིགས་མཆོག་སྔགས་ཀྱི་སྲས།། སྐྱེ་བ་གོང་ནས་ལས་འཕྲོ་སད།། ད་ལྟ་གསང་གནས་འདི་རུ་མཇལ།། བདག་ནི་ཁྱེད་དང་དམ་ཚིག་གཅིག། སྔོན་འབྲེལ་བཟང་བོའི་མཐུ་བརྟན་ནས།། རྟེན་འབྲེལ་དབང་བཞི་སྒོ་ཡང་འབྱེད།། གསང་སྔགས་སྒྲུབ་པའི་དངོས་གྲུབ་དང་།། ཌཱཀྐི་མཁའ་འགྲོའི་ལུང་བསྟན་རྣམས།། རིགས་མཆོག་སྐལ་ལྡན་ཁྱེད་ལ་གཏད།། ཟབ་ལམ་སྔགས་ཀྱི་ཐེག་པ་དང་།། རྫོགས་ཆེན་བོན་གྱི་ཟབ་གདམས་རྣམས།། གསང་རྒྱ་ཡོལ་ནས་བཀའ་རྒྱ་ཁྲོལ།། ཟབ་མོ་བདེན་ཚིག་གཡུང་དྲུང་རིས།། ཌཱཀྐི་གྲོགས་ཀྱི་རྟེན་འབྲེལ་གནད།། དགའ་བཞི་ཐབས་སྦྱོར་རླུང་སེམས་བཟུང་།། དེ་ཡིས་གསང་བའི་བརྡ་ལས་ཁྲོལ།། ཞེས་གསུངས་ཤིང་། གྲགས་སྟོང་རང་ཡལ་སོང་། ཡུད་ཙམ་གཏད་མེད་ཧ་རེར་ལུས་སོ།།

     སླར་ཡང་སྟོང་བའི་རང་སྒྲ་གྲགས།། འོད་ཟེར་སྨུག་པོ་མདའ་གང་ཞིག། ནུབ་ཀྱི་ཕྱོགས་ནས་ཐལ་ལེར་བྱུང་།། མཁའ་འགྲོ་སྔོན་མོ་རུས་རྒྱན་ཅན། །ཞལ་ནས་བདག་ལ་འདི་སྐད་གསུངས།། རིགས་མཆོག་སྐལ་ལྡན་ལྷ་ཡི་སྲས།། གསང་སྔགས་དམ་ལྡན་དབང་བཞི་མཛོད།། ཟབ་མོ་རྫོགས་ཆེན་དགོངས་ཀློང་རྡོལ།། ཡང་རྩེ་རྣལ་འབྱོར་བདག་ལ་གསོན།། ད་ལྟ་བཞུགས་པའི་གནས་མཆོག་འདི།། རི་ནི་གླང་ཆེན་འགྱིང་བའི་རི།། ཕོ་བྲང་དགའ་ལྡན་ཝན་གཉན་ཞེས།། སྔོན་ཚེ་ཚེ་དབང་ཆེན་པོ་ཡིས།། གནས་མཆོག་འདི་རུ་སྒྲུབ་པ་མཛད།། རྒྱ་ལྕམ་མཁའ་འགྲོ་གྲོགས་སུ་བསྟེན།། གསང་སྔགས་ཟབ་མོའི་དངོས་གྲུབ་བརྙེས།། གཞན་ཡང་མཁས་བཞི་ལོ་པཎ་རྣམས།། མཁའ་ལ་འཕུར་ནས་གནས་འདིར་བབས།། མི་འགྱུར་བཀའ་རྟགས་རེ་རེ་བཞག། གནས་མཆོག་གླང་ཆེན་འགྱིང་རི་འདི།། རྩེ་མོ་རིན་ཆེན་གཡུ་སྟེང་ཚལ།། སྐེད་པ་ཚལ་རི་དབལ་གྱི་བྲག། རྩ་བ་སེང་གེ་བརྒྱད་བསྣོལ་ཚུལ།། ཤར་གྱི་རི་ནི་གཡུང་དྲུང་དབྱིབས།། རིག་འཛིན་མཁའ་འགྲོའི་ཚོགས་གནས་ཡོད།། བྱང་གི་ཕྱོགས་སུ་ཁྲག་མཚོ་འཁྲུགས།། བསྟན་སྲུང་དམ་ཅན་སྤྲིན་བཞིན་འདུ།། ནུབ་ཀྱི་ཕྱོགས་སུ་སྦས་པའི་གནས།། སྟོང་ཚོ་ལྔ་ཤོངས་གྲོང་ཁྱེར་ཡོད།། ལྷོ་ཡི་ཕྱོགས་སུ་ནེའུ་གསིང་ཐང་། །རྒྱ་ཡི་གྲོང་ཁྱེར་ཆེན་པོ་ཡོད།། སྦས་ཚུལ་དཔའ་བོ་མཁའ་འགྲོ་ནི།། རྒྱུན་ཆད་མེད་པ་བཞུགས་པ་ཡོད།། ཀོའུ་གཉན་ཞེས་པའི་རི་བོ་ན།། རྒྱ་བོན་ཟིང་བའི་སྐུ་རྗེས་ཡོད།། ཝན་གཉན་ཞེས་པའི་དགོན་པ་རུ།། ཚེ་དབང་ཆེན་པོའི་སྐུ་གཟུགས་དང་།། སངས་རྒྱས་སྟོང་གི་རིང་བསྲེལ་ཡོད།། མི་མིན་སྔགས་སྒྲ་སྒྲོག་པ་དང་།། ཁ་རག་བདུད་རྩིའི་ཆུ་མིག་ཡོད།། ཚོགས་འབྲེལ་ངན་སོང་སྐྱེ་སྒོ་ཁེགས།། གཞན་ཡང་ལས་དག་སེམས་དཔའ་དང་།། མཐོང་ལམ་ཐོབ་པའི་རིག་འཛིན་གྱིས།། རི་རྩེར་འཇའ་འོད་ལས་གྲུབ་པའི།། ལྷ་ཡི་གཞལ་ཡས་ཆེན་པོ་ན།། རིག་འཛིན་མཁའ་འགྲོས་ཚོགས་འཁོར་བསྐོར།། རྟོགས་པའི་ཡེ་ཤེས་འཕེལ་བ་ཡོད།། ཤར་དུ་ཨར་མོའི་རྡོ་ལེབ་ལ།། ཟིང་བ་མཐུ་ཆེན་ཕྱག་བྲིས་ཡོད།། གཞན་ཡང་གནས་ཀྱི་བྱང་ཤར་ན།། སྦས་པའི་རིག་འཛིན་བརྒྱད་རྣམས་ཀྱིས།། བྲག་ལ་ཟང་ཐལ་ཕུག་པ་ཡོད།། ཧུང་གང་ཞེས་པའི་ཤིང་ཐོག་ན།། ཨ་ཡིག་རང་བྱོན་གསལ་བ་ཡོད།། སྔོན་ཚེ་ཀོང་ཙེ་འཕྲུལ་རྒྱལ་གྱི།། སྨོན་ལམ་སྟོབས་ལས་བྱུང་བ་ཡི།། གཤེན་རབ་སྐུ་ཚད་ཁྲུ་གང་ཡོད།། ཞལ་མཇལ་རིགས་དྲུག་སྐྱེ་སྒོ་ཁེགས།། གཞན་ཡང་གནས་མཆོག་འདི་ཉིད་ན།། ཚོགས་འབྲེལ་བྱུང་ན་དངོས་གྲུབ་ཐོབ།། དར་ཟབ་ཕུལ་ན་དབུལ་འཕོངས་སེལ།། རྣམ་ལྔ་ཕུལ་ན་མཚམས་མེད་འབྱོང་།། ཞལ་མཇལ་ཡི་དྭགས་ལུས་མི་ལེན།། སྨོན་ལམ་གང་བཏབ་མྱུར་དུ་འགྲུབ།། ཞེས་གསུངས་པ་དང་། ཌཱཀྐི་སྔོན་མོ་ཡང་གར་སོང་མེད་པ་རང་ཡལ་དེངས་སོ།།

     བདག་ཀྱང་ཉམས་དགའ་ཤེས་པ་སྤྲོ།། དེ་ཡི་ནུབ་མོ་ནམ་གྱི་ཕྱེད།། མཁའ་འགྲོ་དཀར་མོ་རུས་རྒྱན་ཅན།། ཞལ་ནས་བདག་ལ་འདི་སྐད་གསུངས།། མ་འོངས་ཡུལ་གྱི་ཐ་མ་ན།། རྒྱ་ནག་ཡུལ་དུ་གཡུ་མོ་བཞད།། གཡས་འཁྱིལ་དུང་གི་རང་སྒྲ་གྲགས།། ཞྭ་སེར་ཅན་གྱི་མགོ་ཡང་དམའ།། ཁུ་བྱུག་གླང་བོའི་རི་ལ་དབང་།། རྒྱ་ཡི་ཡུལ་དུ་བོན་བསྟན་དར།། དེ་དུས་སྐལ་ལྡན་རྣལ་འབྱོར་ཁྱེད།། བཀའ་གཏེར་བསྟན་པའི་སྨིན་ཚད་ཡིན།། འབྲེལ་ཐོགས་འདྲེན་པ་གདོན་མི་ཟ།། ད་རེས་རྟེན་འབྲེལ་གནད་ཆེའོ།། མཐའ་རུ་ཕྱིན་ན་དངོས་གྲུབ་འབྱུང་།། ང་ནི་ཨུ་རྒྱན་མཁའ་འགྲོའི་གཙོ།། ཟླ་འོད་གཟི་འབར་ཞེས་བྱ་ཡིན།། གསུངས་ནས་ནུབ་ཀྱི་ཕྱོགས་སུ་ཡལ།། བདག་ཀྱང་དགའ་སྤྲོ་དཔག་མེད་སྐྱེས།། བདག་གིས་སྨོན་ལམ་འདི་ལྟར་བཏབ།། མི་བསླུ་ངེས་པའི་སྐྱབས་ཀྱི་མཆོག། གནས་བཞིའི་ལྷ་ཚོགས་ཐུགས་རྗེ་དང་།། བདག་གི་བསམ་པ་རྣམ་དག་གིས།། ཡངས་པའི་ཞིང་ཁམས་ཐམས་ཅད་དུ།། ཕྱོགས་མེད་གདུལ་བྱ་གྱུར་བར་ཤོག། ཐེག་དམན་ནོར་ལ་ཞེན་པ་དང་།། མཐའ་འཁོབ་གཡེང་བའི་ཡུལ་རྣམས་སུ།། བོན་གྱི་བསྟན་པ་དར་བ་དང་།། ཐེག་ཆེན་བཀའ་འཁོར་བསྐོར་བར་ཤོག། ནམ་ཞིག་ལྷོ་རྒྱལ་འཛམ་གླིང་འདིར།། ཕྱོགས་མེད་བོན་བསྟན་འཕེལ་རྒྱས་ནས།། འགྲོ་རྣམས་འཁོར་བ་ལས་གྲོལ་ཏེ།། ཐར་པའི་གྲོང་ཁྱེར་འཇུག་པར་ཤོག། ཅེས་རིག་འཛིན་ཚེ་དབང་ཆེན་པོ་མཇལ་སྣང་དང་། རྒྱ་ནག་གླང་ཆེན་འགྱིང་རིའི་དཀར་ཆག་དག་སྣང་མཁའ་འགྲོ་རྒྱ་མཚོའི་ཞུས་ལན་ཞེས་པ་འདི་ཉིད་དུས་མཐའི་ཞིག་པོའི་རུས་ཐོབ་སྔགས་འཆང་ཅོལ་ཆུང་བ་ཀུན་བཟང་བསྟན་འཛིན་ནམ་ཌཱཀྐི་མཁའ་འགྲོའི་གསང་མཚན་གསང་བདག་མུ་ལ་རང་གྲོལ་རྩལ་གྱིས་རྒྱ་ནག་གླང་ཆེན་འགྱིང་རི་ཝན་གཉན་ཞེས་པའི་དགོན་པར་དག་སྣང་གིས་ཕབས་པ་དང་། ཨེ་མ་ཧོ། དུས་གསུམ་རྒྱལ་བ་སྲས་བཅས་ངོ་བོ་ཉིད།། གསང་བ་འདུས་པའི་ཐུགས་ལས་སྤྲུལ་བ་ཡི།། བླ་ཆེན་སྲས་མཆོག་ཚེ་དབང་འགྲོ་བའི་མགོན།། གནས་བརྒྱད་དཔའ་བོ་མཁའ་འགྲོས་འགྲོ་དོན་མཛད།། མི་དང་མི་མིན་གདུལ་བྱ་ཐབས་ཀྱིས་འདུལ།། རྒྱ་ནག་ཡུལ་གྱི་གླང་ཆེན་འགྱིང་རི་ན།། དགའ་ལྡན་ཝན་གཉན་ཞེས་པའི་དགོན་པ་རུ།། གསང་སྔགས་ཟབ་མོ་སྒྲུབ་པའི་དངོས་གྲུབ་བརྙེས།། མོས་གུས་གདུང་བ་དྲག་པོས་གསོལ་བ་འདེབས།། དབང་བཞི་བྱིན་རླབས་རྟོགས་པའི་ཡེ་ཤེས་ཕོབས།། དོན་གཉིས་མཐའ་རུ་ཕྱིན་པར་མཛད་དུ་གསོལ།། ཅེས་ཚེ་དབང་ཐུགས་སྒྲུབ་སྙིང་གི་རྒྱ་ཅན་ལས། ཡུལ་ནི་ཤར་ཕྱོགས་རྒྱ་ནག་ཡུལ་གྱི་གནས་མཆོག་གླང་ཆེན་འགྱིང་བའི་རི་གྲོང་ཁྱེར་ཆེན་པོ་ཝོ་མི་ཞན་ཕོ་བྲང་དགའ་ལྡན་ཝན་གཉན་དགོན་ཅེས་དག་སྣང་ལུང་གིས་ཟིན་པའི་གནས་མཆོག་དེར། ཚེ་དབང་རིག་འཛིན་ཆེན་པོའི་སྐུ་བརྙན་རྒྱ་ནག་གི་ལུགས་སུ་བཞེངས་པའི་མདུན་དུ་སྙིགས་དུས་རིག་འཛིན་མུ་ལ་རང་གྲོལ་རྩལ་གྱིས་རྟེན་འབྲེལ་གསང་རྒྱ་བཏབས་ཏེ་ཤར་གྲོལ་གྱི་བརྡ་ལས་ཕབ་པ་དགེ་ཞིང་བཀྲ་ཤིས་འཕེལ་བར་གྱུར་ཅིག། ཅེས་གསུངས་སོ།།   

     འཕགས་པ་ཀུན་ཏུ་བཟང་པོའི་གནས་མཆོག་གླང་ཆེན་འགྱིང་རི་འདི་སི་ཁྲོན་ཞིང་ཆེན་གྱི་ལྷོ་ནུབ་ལོ་ཧྲན་ས་ཁུལ་དུ་ཡོད་པས། ཤར་ལྷོ་ནུབ་བྱང་བཞི་ལ་རྫོང་ཁག་བཞི་ཡིས་བསྐོར་ཞིང་། ཤར་དུ་ལོ་ཧྲན་དང་ལྷོ་རུ་ཨོ་པན། ནུབ་དུ་ཧུང་ཡཱ་དང་བྱང་དུ་ཇཱ་ཅང་ཅེས་རྫོང་གནས་བཞི་བཅས་ཡིན་ན་སྲིད་འཛིན་གྱི་ཁུངས་བཏོགས་སར་ལོ་ཧྲན་གྲོང་ཁྱེར་ཡིན། གླང་ཆེན་འགྱིང་རི་འདི་རྒྱ་ནག་རང་གི་སྐད་དུ་ཨོ་མེའི་ཧྲན་ཞེས་རི་བོ་མཐོ་ཞིང་བརྗིད་ལ་ཤིན་ཏུ་མཛེས་པ་ཡིད་དབང་འཕྲོག་པའི་དོན་དུ་ཡིན། ལོ་རྒྱུས་སྟེང་དུ་རི་བོ་འདི་ལ་མིང་མི་འདྲ་བ་མང་ཙམ་ཡོད་ཅིང་། མདོ་སྡེ་ཕལ་ཆེན་ལས་བསྟན་པའི་རི་བོ་འོད་ཟེར་ཅན་དང་རྒྱ་ནག་གདོད་མའི་ཏོ་ལུགས་གཞུང་དུ་རི་བོ་རྩེ་རྒྱལ་དང་། སྒྲུབ་གནས་བདུན་པ། དེ་མིན་སངས་རྒྱས་ཁྲི་ཡི་རི་བོ། སངས་རྒྱས་འབུམ་གྱི་རི་བོ། ཡང་ན་ཨོ་མེའི་རི་བོ་ཅེས་བརྗིད་མཛེས་རི་བོ། བོད་པས་གླང་ཆེན་འགྱིང་རིའམ་རྒྱ་ནག་གླང་ཆེན་ཞེས་འབོད། ཆེས་སྔ་བའི་བོན་གཞུང་ཁག་ཏུ་རིའི་རྒྱལ་པོ་འོད་ཟེར་ཅན་ཞེས། གང་ལྟར་གནས་རི་འདི་ལ་དད་ལྡན་སྐྱེ་བོ་མང་པོ་ཞིག་དགའ་མགུ་ཡི་རངས་དེ་བློ་བརྟན་དབང་མེད་དུ་འཕྲོག་འདུག་ཅིང་། ཁྱད་པར་དུ་རི་བོ་འདི་ནི་རྒྱ་ནག་ནང་བ་སངས་རྒྱས་ཆོས་ལུགས་ཀྱི་གནས་རི་གྲགས་ཅན་བཞིའི་ཡ་གྱལ་དུ་ངོས་འཛིན་ལུང་དང་རྟོགས་སོ།།

     རྒྱ་གཞུང་རང་གི་འགྲེལ་ལུགས་སུ་བལྟོས་ན་གནས་ཆེན་པོ་བཞི་ནི་ས་ཆུ་མེ་རླུང་གི་ཁམས་བཞི་རུ་བསྡུས་པ་ལས་གྲངས་ཀ་རྐྱང་པ་བཞི་ཁོ་ན་ལ་བརྟེན་ནས་མ་ཡིན་གསུངས། དཔལ་རི་རྩེ་དགུ་ནི་གཤིན་རྗེའི་ཞིང་དུ་བཏོགས་པས་ན་ཁམས་ས། རི་བོ་པོ་ཏ་ལ་འམ་རི་བོ་གྲུ་འཛིན་ནི་བཻཌཱུཪྱ་ཡི་ཞིང་དུ་བཏོགས་པས་ན་ཁམས་ཆུ། རི་བོ་རྩེ་ལྔ་ནི་སེར་པོ་གསེར་མདོག་གི་མཚན་པས་ན་རླུང་གི་ཁམས། གླང་ཆེན་འགྱིང་རི་འདི་ནི་དངུལ་མདོག་གི་ཞིང་ལ་མཚན་པས་ན་མེ་ཡི་ཁམས་བཅས་གནས་ཆེན་བཞི་ཡི་བཀོད་པ་དེ་ལྟར་བསྒྲིགས་ཡོད། ལོ་ལྟར་གནས་ཆེན་བཞི་ལ་རྒྱལ་ཁབ་ཕྱི་ནང་གི་གནས་བསྐོར་བྱེད་མཁན་མང་ལ་གནས་ཆེན་བཞིའི་ཡུལ་ལྗོངས་ལ་མོས་ཞིང་། ཡང་ན་གནས་ཆེན་བཞིའི་བྱིན་བརླབས་ལ་མོས་པའི་སྐྱེ་བོ་སོ་སོས་ཐད་དུ་ཉིད་ཀྱི་རེ་འདོད་སྐོང་དེ་སྤྲོ་བ་དང་དགའ་བ་དང་དུ་བསྐྱེད་ཐུབ། སྔོན་གྱི་ལོ་རྒྱུས་ཁག་ཏུ་སྙན་ངག་པ་མང་པོ་ཞིག་གླང་ཆེན་འགྱིང་རི་ལ་བཅར་ཏེ་སོ་སོས་ཚོར་སྣང་ལས་བསྟོད་ཚིག་དུ་མ་ཞིག་ཀྱང་ཡོད་ལ། དཔེར་ན། ཟུང་རྒྱལ་རབས་སྐབས་ཀྱི་མཁན་ཆེན་སུའུ་ཏོང་ཕོའོ་ནས། འགྱིང་རིའི་ནུབ་ངོས་གངས་དཀར་བརྗིད།། བྱང་བལྟས་ཁྲི་འདུ་ཁྲོན་པའི་གཏིང་།། ཅེས་གསུངས་པས། ནུབ་ངོས་ཀྱི་གངས་དཀར་དེ་བོད་ཀྱི་མི་ཉག་གངས་དཀར་ལ་གཟིགས་པ་ཡིན་ཞིང་། གླང་ཆེན་འགྱིང་རི་འདི་ཁུ་ལུན་རི་བོའི་རི་བརྒྱུད་བྱང་མའི་ཆིན་ལིང་དང་མིང་ཧྲན་རི་བོ་གཉིས་ལས། མིང་ཧྲན་ཆང་ནས་རི་བརྒྱུད་ཀྱི་ཁོངས་སུ་བཏོགས། རི་རྩེ་འབུར་མ་གསུམ་དེ་རྒྱ་ནག་སྐད་དུ་ཅིན་ཏེན་ཞེས་པ་ནི་གསེར་ཏོག་གི་དོན་དང་སངས་རྒྱས་ཁྲི་དང་འབུམ་གྱི་རྩེ་འབུར་གཉིས་བཅས། རི་རྩེ་མཐོ་ཤོས་དེ་རྒྱ་མཚོ་ངོས་ལས་སྨིའི་སུམ་སྟོང་བརྒྱ་མེད་དགུ་བཅུ་གོ་དགུ་དང་རི་འདི་བསྐོར་བ་ཚར་གཅིག་ལ་སྤྱི་ལེ་བརྒྱ་དང་སུམ་ཅུ་ཡོད་པར་གྲགས། ཁྱད་པར་དུ་བོད་ཀྱི་ཡིག་ཚགས་དུ་མ་ཞིག་ནས་རི་བོ་འདི་ནི་འཕགས་པ་ཀུན་ཏུ་བཟང་པོའི་གནས་ཡིན་པས་ན་འཕགས་པས་གླང་དཀར་མཆེ་བ་དྲུག་ལྡན་ཞིག་ཆིབས་པའི་རྒྱུ་མཚན་དང་རི་བོ་དེ་ཡང་གླང་ཆེན་རང་གི་གཟུགས་སུ་གནས་པས་ན་ཤིན་ཏུ་ངོ་མཚར་བའི་བཀོད་པ་ལྟར། དཔྱད་ལྡན་མཁས་པ་རྣམ་པས་མཚན་ཉིད་ལྔ་ནས་མཆོད་པ་མཛད་ཅིང་། བརྗིད་པ། མཛེས་པ། མཚར་བ། དབེན་པ། གཟར་བ་བཅས་རྣམ་བཞག་ལྔ་བསྟན་ཡོད། རྒྱ་ནག་རང་གི་བསྟན་བཅོས་ཁ་ཤས་སུ་ཡང་ནུབ་ཕྱོགས་བདེ་ལྡན་ཞིང་བཀོད་དང་། རི་རྒྱལ་ལྷུན་པོ། འོད་ཟེར་རྫ་རི། མདུན་སོ་དཀར་མོའི་རི་རྒྱུད་སོགས་མང་དུ་གྲགས་ཤིང་རི་རྒྱལ་ལྷུན་པོ་ཡོངས་སུ་ལེ་བར180དང་མཐའ་འཁོར་དུ་ལེ་བར600ཡས་མས། མཚོ་ངོས་ལས་མཐོ་ཚད་ལ་སྨི3990ཡིན་པས། ཁ་དཔེ་ལ་གླང་ཆེན་འགྱིང་རིས་གནམ་འོག་མཛེས་པར་རྒྱན་ཞེས་ཡོངས་སུ་གྲགས། གླང་ཆེན་འགྱིང་རིར་སྔ་མོའི་དུས་སུ་རྒྱ་ནག་ཧ་ཤིང་འཛིན་པའི་རིང་ལུགས་ཀྱི་ཏོ་ཀྱཱའོ་ཞེས་པའི་ཆོས་ལུགས་དར་ཞིང་། སྟོན་པ་ཀྲང་ཏོ་ལིན་གྱིས་མཛད་པའི་གླང་ཆེན་འགྱིངས་རིའི་ཁྱད་མཚར་ཟིན་བྲིས་ལས། ཏོ་ལུགས་པས་སྒྲིབ་པ་རྣམ་པར་སྦྱངས་པར་ཕུག་པ36དང་། གནས་མཆོག72ཡོད་ཞེས་གསུངས། ཕྱིས་སུ་ཏོ་ལུགས་པའི་གནས་དེ་དག་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་གདན་ས་རུ་གྱུར་ནས། ཏོ་ལུགས་དང་ནང་བསྟན་ཆོས་ལུགས་མཉམ་གནས་སུ་གྱུར། ཐ་མར་ཏོ་ལུགས་པ་ཉམས་ཏེ། བོད་བརྒྱུད་ནང་བསྟན་ཆོས་ལུགས་དར་ཞིང་རྒྱས་པར་མཛད། ཆིན་རྒྱལ་རབས་ཀྱི་གོང་མ་ཐབས་སྐྱོང་རྒྱལ་པོའི་དུས་སུ་ལྷ་ཁང་དང་མཆོད་ཁང170བཞེངས་ཡོད་ཅིང་། ད་ལྟ་ང་ཚོའི་མིག་དབང་གི་བདུད་རྩིར་གྱུར་པ་ནི་རྒྱ་ནག་སྐད་དུ་ཝན་གཉན་ཟི་ཞེས་པ་ཁྲི་ལོ་ལྷ་ཁང་དང་། པཱའོ་གོ་ཟི་ཞེས་པ་རྒྱལ་ཁམས་དྲིན་འཇལ་ལྷ་ཁང་། ཧྥུའུ་ཧུའུ་ཟི་ཞེས་པ་རྒྱལ་སྟག་ཚང་ཉལ་ལྷ་ཁང་། ལོས་ཡུན་ཟི་ཞེས་པ་འབྲུག་སྒྲ་སྟོང་ལྡིར་ལྷ་ཁང་། ཧྲན་ཀྱཱའོ་ཟི་ཞེས་པ་རྒྱལ་བསྟན་དགེ་ལྡན་ལྷ་ཁང་། ཆིན་ཡུན་ཀི་ཞེས་པ་སྙན་མོ་སྒྲ་དབྱངས་ལྷ་ཁང་། ཀོང་ཞཱང་ཟི་ཞེས་པ་དྲི་མེད་འོད་གསལ་ལྷ་ཁང་སོགས་དགོན་པ་གང་མང་མངོན་པར་བཞུགས་སོ།། 

      གཉིས་པ། རྒྱ་ནག་གནས་མཆོག་རི་བོ་གྲུ་འཛིན།

     རྒྱ་ནག་ཡུལ་གྱི་ནང་བསྟན་གནས་རི་གྲགས་ཅན་བཞིའི་ཡ་གྱལ་རི་བོ་གྲུ་འཛིན་ནམ་རྒྱ་གར་བས་འདི་ལ་གནས་མཆོག་རི་བོ་པོ་ཏ་ལ་ཞེས་ཟེར་ཞིང་། འཛམ་གླིང་གི་ནང་བསྟན་གནས་རི་གྲགས་ཅན་ལྔ་ཡི་ཡ་གྱལ་ཞིག་ཀྱང་ཡིན། གནས་འདི་ནི་སྟོན་པ་ཤཱཀྱ་ཐུབ་པས་འཕགས་པ་སྤྱན་རས་གཟིགས་ཀྱི་གནས་རི་ཡིན་པར་ལུང་གིས་ཟིན་ཞིང་། སྔོན་ཡར་གནས་འདིར་རྒྱ་གར་གྱི་གྲུབ་ཆེན་ཞིག་གིས་ཡུན་རིང་བཞུགས་ནས་སྒྲུབ་པ་ལ་གནས་མཐར་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་དངོས་སུ་མཇལ་བ་ནས་བཟུང་སྟེ། རྒྱ་ནག་པ་རྣམས་ཀྱིས་གནས་འདིར་འཕགས་པ་སྤྱན་རས་གཟིགས་དངོས་སུ་བཞུགས་པའི་གནས་ཉིད་དུ་ངོས་བཟུང་པ་དང་། རྒྱལ་རབས་སོ་སོའི་རིང་ལ་གནས་དེར་དགེ་འདུན་པའི་སྡེ་བཙུགས་ཤིང་རྟེན་བཞེངས་མང་དུ་གནང་། གནས་མཆོག་རྒྱ་ནག་རི་བོ་གྲུ་འཛིན་འདི་ལ་ད་ལྟ་ཡོངས་ཁྱབ་ཏུ་ནན་ཧེ་པོ་ཏ་ལ་ཞེས་ཟེར་བ་དང་། དེ་ནི་རྒྱ་གར་ལྷོ་ཕྱོགས་རི་བོ་ཞིག་གི་མིང་ལ་ཟེར། ཧ་ལམ་ཐང་རྒྱལ་རབས་ཀྱི་གོང་མ་ཞོན་ཙོང་ཁྲི་ལོ་དང་པོ847ལོ་ནས་བཟུང་རྒྱ་ནག་གོང་མ་རིམ་བྱོན་གྱིས་གནས་མཆོག་འདིར་ཐུགས་ཁུར་ཆེན་པོ་མཛད་ནས་གཙུག་ལག་ཁང་དང་ལྷ་ཁང་མང་པོ་བཞེངས་ཤིང་རི་བོ་གྲུ་འཛིན་གྱི་གནས་ཡིག་ལས། སུན་ཡོན་མིན་ཆིན་རྒྱལ་རབས་བཞིའི་དུས་སུ་རྒྱ་ནག་གོང་མ13དང་། བཙུན་མོ19ཡིས་གནས་མཆོག་རི་བོ་གྲུ་འཛིན་ལ་གསེར་དངུལ་དང་། ས་ཞིང་། གསུང་རབས་སོགས་འབོར་ཆེན་གནང་བར་མཛད་ཅེས་གསུངས་ཤིང་། རྒྱལ་རབས་རིམ་བྱོན་ཁག་གིས་སྔོན་གཞུག་ཏུ་དགོན་པ་བཞེངས་ཏེ། རི་བོ་གྲུ་འཛིན་ཆེས་དར་བའི་དུས་སུ་དགོན་པ་དང་། ལྷ་ཁང་། གྲྭ་ཤག་སོགས300ཙམ། གྲྭ་ཚང3000ལ་སླེབས་མྱོང་ཟེར། དེའི་ནང་དུ་ཕུའུ་ཅི་ཟི་ཞེས་པ་ཁྱབ་སྦྱིན་དགོན་པ་དང་། ཧྥ་ཡཱས་ཟི་ཞེས་པ་ཆོས་འཕེལ་དགོན་པ། ཧོས་ཅིས་ཟི་ཞེས་པ་ཤེས་རབ་དགོན་པ་སོགས་ཆེས་མིང་དུ་གྲགས་སོ།།

     གནས་མཆོག་འདི་ནི་རྒྱ་ནག་གི་ལྷོ་ཕྱོགས་སུ་རྒྱ་མཚོའི་གླིང་གི་གླིང་ཕྲན་ཞིག་ཏུ་བཞུགས་པ་ཡིན་ཕྱིན་ཕྱོགས་བཞི་རྒྱ་མཚོས་ཡོངས་སུ་བསྐོར་ཞིང་། བྲག་ཆུ་ཤིང་གསུམ་འཛོམ་པའི་ཉམས་དགའ་བའི་གནས་མཆོག་དེའི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ13ལྷག་ཡོད་པའི་རྒྱ་མཚོའི་གླིང་ཕྲན་ཞིག་ཡིན། ད་དུང་མི་རྣམས་ཀྱིས་འདི་ལ་མཚོ་གླིང་ཆོས་ཀྱི་ཞིང་ཁམས་ཞེས་ཀྱང་འབོད། ད་ལྟ་རྒྱ་ནག་གི་ལྷོ་ཕྱོགས་ཀྲེ་ཅིང་ཞིང་ཆེན་གྱི་ཁོངས་གཏོགས་སུ་ཡོད་ལ། ད་སྐབས་གནས་འདིར་དགོན་པ82དང་དགེ་འདུན་པ་4000ལྷག་ཙམ་བཞུགས་པར་བཤད། སྤྱན་རས་གཟིགས་ཀྱི་བཞེངས་སྐུ་སོགས་རྟེན་གྱི་གཙོ་བོའང་མང་དུ་བཞུགས་སོ།།

      གསུམ་པ། རྒྱ་ནག་གནས་མཆོག་རི་བོ་རྩེ་ལྔ།

     རྗེ་བཙུན་འཇམ་པའི་དབྱངས་ཀྱི་གནས་མཆོག་རྒྱ་ནག་རི་བོ་རྩེ་ལྔ་ནི་ཧྲན་ཞི་ཞིང་ཆེན་ཝུའུ་ཐེ་རྫོང་གི་ཤར་བྱང་དུ་ཧ་ལམ་ལེ་བར་ཉི་ཤུའི་མཚམས་སུ་བཞུགས་ཤིང་། འཛམ་གླིང་གི་ནང་བསྟན་གནས་རི་གྲགས་ཅན་ལྔ་ཡི་ཡ་གྱལ་ཞིག་ཀྱང་ཡིན། གནས་མཆོག་འདིར་རྫ་རི་མཐོན་པོ་རྩེ་མོ་ལྔ་ཡིས་བསྐོར་ནས་གྲུབ་ཅིང་། རི་རྩེ་མཐོ་ཞིང་རྔམ་བརྗིད་ལྡན་པ་དང་མཐའ་འཁོར་ལ་ལེ་བར་ལྔ་བརྒྱ་ཡོད་པ་སྟེ། ཤར་ཕྱོགས་སུ་ཝང་ཧཱའེ་ཞེས་པའི་མཚོ་གཟིགས་རྫ་རི་དང་། ནུབ་ཕྱོགས་སུ་ཀཱན་ཡོ་ཞེས་པའི་ཟླ་གཟུགས་རྫ་རི། ལྷོ་ཕྱོགས་སུ་ཅིན་ཞིག་ཅེས་པའི་ལེགས་མཛེས་རྫ་རི། བྱང་ཕྱོགས་སུ་ཡཱའེ་ཏིག་ཞེས་པའི་ལྗོན་ལོ་རྫ་རི། དབུས་ཕྱོགས་སུ་ཚཱས་ཡཱན་ཞེས་པའི་བྲག་མཆོག་རྫ་རི་སོགས་ཡོད། བྱང་ཕྱོགས་ཀྱི་རྫ་རི་ཆེས་མཐོ་ལ་ཧྭ་པེ་ཡུལ་གྲུ་ཆེན་པོའི་དབུ་རྩེར་བསྔགས། རྒྱལ་ཡོངས་སུ་སྙན་གྲགས་དང་ལྡན་པའི་གནས་ཆེན་གྲགས་པ་ཅན་ཞིག་ཡིན་པར་མ་ཟད། ནང་པ་སངས་རྒྱས་པའི་ཆོས་ལུགས་པ་རྣམས་ཀྱིས་རྗེ་བཙུན་འཇམ་དཔལ་དབྱངས་དངོས་སུ་བཞུགས་པའི་གནས་དང༌། དགེ་ལུགས་པ་རྣམས་ཀྱིས་རྗེ་ཙོང་ཁ་པ་སྐུ་མྱ་ངན་ལས་འདས་རྗེས། རྗེ་གཟིགས་པ་ལྔ་ལྡན་ལས་སྤྲུལ་པ་གཅིག་གནས་འདིར་དངོས་སུ་བཞུགས་ཡོད་ཟེར་བ་བཅས་སོ། རི་འདི་ལ་རྩེ་ལྔ་ཟེར་བའི་རྒྱུ་མཚན་ནི་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ཉིས་སྟོང་བརྒྱད་བརྒྱ་དགུ་བཅུ་གོ་དྲུག་གིས་མཐོ་ཞིང༌། རིའི་རྩ་བ་གཅིག་ལ་རྩེ་མོ་ལྔར་གྱེས་པའི་དབུས་རི་སེང་གེ་འགྱིང་འདྲ། ཤར་རི་གླང་ཆེན་འགྱིང་འདྲ། ལྷོ་རི་རྟ་མཆོག་ཉལ་འདྲ། ནུབ་རི་རྨ་བྱ་གར་བྱེད་པ་འདྲ་བ། བྱང་རི་ཤང་ཤང་བསྣོལ་འདྲ། དེ་དག་གི་བར་གསེང་དུ་བྲག་ཕུག་དང༌། ལྷ་ཁང༌། དགོན་པ། མཆོད་རྟེན་སོགས་སྔ་རབས་ཀྱི་རྗེས་ཤུལ་མང་པོ་ཡོད་པས། རི་དེའི་རྒྱུད་དུ་གནའ་དུས་དགོན་སྡེ360ལྷག་ཡོད་ཚུལ་ས་གནས་དེ་གའི་བཙུན་པ་ཚོའི་ངག་ལས་ཐོས་ཀྱང་ཧྲན་ཞི་ཞིང་ཆེན་རིག་རྫས་ཁང་གིས་བཀྲམ་པའི་དེབ་ཆུང་ཞིག་གི་ནང་དུ་བཅིངས་འགྲོལ་བྱས་་མ་ཐག་པའི་སྐབས་སུ་རྒྱ་བརྒྱུད་ནང་བསྟན་དགོན་པ97དང་། བོད་བརྒྱུད་ནང་བསྟན་དགོན་པ23ཡོད་ཚུལ་གསལ་ཞིང༌། ད་ལྟ་ཡང་དགོན་སྡེ40ཙམ་ཡོད་པའི་ནང་ནུབ་ཕྱོགས་ཀུན་འདུས་གླིང་དང་ལྕང་སྐྱའི་སྒར་བ་སོགས་བོད་སོག་བཙུན་པ་བཞུགས་པའི་དགོན་པ་ལྔ་དྲུག་ཙམ་ཡོད། ལོ་རྒྱུས་ཡིག་ཆའི་ནང་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་མཆོག་རྗེ་ཙོང་ཁ་པའི་སྐུ་ཚབ་ཏུ་གོང་མའི་ཕོ་བྲང་ལ་ཕེབས་སྐབས་དྭངས་བསིལ་རི་བོར་དགོན་པ་དྲུག་བཏབ་ནས་གནས་འདིར་དགེ་ལུགས་ཀྱི་བསྟན་པ་ཐོག་མར་སྤེལ་གནང་མཛད་པའི་སྐོར་གསལ་བོ་ཡོད་པ་དང༌། གཞན་ཡང་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་དང་ལྕང་སྐྱ་རོལ་པའི་རྡོ་རྗེ་སོགས་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོས་གནས་འདིར་ཕེབས་ནས་ཡུན་རིང་སྒྲུབ་པ་མཛད་པའི་སྒྲུབ་ཁང་སོགས་ཀྱང་ད་ལྟ་མཇལ་རྒྱུ་ཡོད། གནས་འདིའི་ལོ་རྒྱུས་ཞིབ་པར། རི་བོ་རྩེ་ལྔའི་མཁན་པོ་དཔལ་ལྡན་གྲགས་པས་མཛད་པའི༼རྩེ་ལྔའི་དཀར་ཆག༽དང་། ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི༼རི་བོ་དྭངས་བསིལ་གྱི་དཀར་ཆག༽དང་། སོག་པོ་ལོ་ཆེན་མགོན་པོ་སྐྱབས་ཀྱིས་བརྩམས་པའི༼རི་བོ་རྩེ་ལྔའི་དཀར་ཆག༽བཅས་སུ་གསལ། དེ་ཡང་སངས་རྒྱས་ཀྱི་གནས་བསྟན་པ་སོགས་རྒྱ་ནག་གི་བསྟན་བཅོས་ཁ་ཤས་སུ་ལྷ་སངས་རྒྱས་འབུམ་ཕྲག་བཞུགས་པའི་བླ་རི་ཡིན་ཞེས་གསུངས་པས། རྒྱལ་རབས་ལྷོ་མ་དང་བྱང་མའི་དུས་ནས་བཟུང་སྟེ་སངས་རྒྱས་བསྟན་པ་དར་ཞིང་གཙུག་ལག་ཁང་དང་ལྷ་ཁང་མང་པོ་གསར་བཞེངས་བྱས་ཏེ། ཚིང་ཚིང་གནའ་མཁར་བཀོད་པའི་རི་བོ་གྲགས་ཅན་ཞིག་ཏུ་གྱུར། ཐང་རྒྱལ་རབས་གྱི་སྐབས་སུ་རྒྱ་ནག་རི་བོ་རྩེ་ལྔའི་སྙན་གྲགས་ཕྱོགས་ཀུན་ཁྱབ་ཅིང་། རིམ་བཞིན་དུ་རྒྱལ་རབས་སོ་སོའི་སྐུ་རིང་ལ་ཆོས་སྡེ་མང་པོ་བཏབས། ཁྱད་པར་དུ་རྒྱ་ནག་གོང་མ་རྒྱལ་མོ་ཝུའུ་ཙེ་ཐེན་ཀྱི་སྐབས་སུ་ཆིན་ལེང་ཟི་འམ་བསིལ་ལྡན་ལྷ་ཁང་གསར་བཞེངས་མཛད་ཅིང་། གོང་མ་མིན་ཀྲིན་ཏེ་ཁྲི་ལོ་གཉིས་པ1507ལོར་ཀོང་ཙོང་ཟི་ཞེས་པ་ཟངས་ཏོག་ལྷ་ཁང་སོགས་གསར་དུ་བཞེངས། གོང་མ་ཝན་ལིས་སྐབས་སུ་མཆོད་རྟེན་དཀར་པོའམ་མཆོད་རྟེན་ལྷ་ཁང་ཞེས་བྱ་བ་གསར་དུ་བཞེངས། བསིལ་ལྡན་རི་བོའི་གནས་ཡིག་ལས། སྐབས་དེར་གནས་མཆོག་འདིར་ཞཱན་ཐོང་ཟི་ཞེས་པ་མངོན་གསལ་ལྷ་ཁང་དང་། ཏཱ་པོ་ཐཱ་ཡོན་ནམ་རིན་ཆེན་མཆོད་རྟེན་ལྷ་ཁང་། ཏཱ་ཡོན་ཀྲོ་ཟི་ཞེས་པ་རྫོགས་ལྡན་ལྷ་ཁང་ཆེན་མོ་སོགས་ཆོས་སྡེ66བཞུགས་ཡོད་ཅེས་བཀོད་ཅིང་། ད་དུང་ཕྱོགས་བཞིའི་རྫ་རིའི་སྟེང་དུ་ཆོས་སྡེ་སྣ་ཚོགས་36དང་། བསྡོམས་པས་ཆོས་སྡེ102བཞུགས་པར་གྲགས་སོ།། ཆིན་རྒྱལ་རབས་དུས་སུ་གོང་མ་བདེ་སྐྱིད་རྒྱལ་པོ་དང་། ལྷ་སྐྱོང་རྒྱལ་པོ། བསྔགས་སྨོན་རྒྱལ་པོ་སོགས་ཀྱིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཏེ། རྟེན་བཞེངས་གང་མང་མཛད་པ་མ་ཟད་ཡཱས་ཧྲིག་ཟི་ཞེས་པ་ཚེ་རིང་ལྷ་ཁང་སོགས་བཞུགས་ཤག་ཕོ་བྲང་ལྔ་བཞེངས་ཤིང་། ལོ་རྒྱུས་ཐོག་ཏུ་གནས་འདིར་བོད་བརྒྱུད་ནང་བསྟན་ཆོས་ལུགས་དར་པ་དང་། གོང་མ་ཡོན་ལོ་ཁྲི་ལོ་བཅུ་བཞི་བ1416ལོ་ནས་བཟུང་སྟེ་བོད་བརྒྱུད་ནང་བསྟན་དགེ་ལུགས་པ་ཧ་ཅང་དར་པས་ད་ལྟ་རྒྱ་ནག་རི་བོ་རྩེ་ལྔ་རུ་ཆོས་སྡེ122ཡོད་ཅིང་དེའི་ནང་ན་རྒྱ་ནག་གི་ལྷ་ཁང11དང་། བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆོས་སྡེ25ཡོད། རྒྱ་ནག་རི་བོ་རྩེ་ལྔ་ནི་ཀྲེ་ཅཱང་རི་བོ་གྲུ་འཛིན་དང་། སི་ཁྲོན་གླང་ཆེན་འགྱིང་རི། ཨན་ཧོས་དཔལ་རི་རྩེ་དགུ་སོགས་ལྷན་ཅིག་ཏུ་སྙན་པར་གྲགས་ཤིང། རང་རེའི་རྒྱལ་ཁབ་ཀྱི་ནང་བསྟན་གནས་མཆོག་བཞི་ཡི་ཡ་གྱལ་དུ་གྱུར་ཏོ།། 

      བཞི་བ། རྒྱ་ནག་གནས་མཆོག་དཔལ་རི་རྩེ་དགུ། 

     རྒྱ་ནག་ཡུལ་གྱི་ནང་བསྟན་གནས་རི་གྲགས་ཅན་བཞིའི་ཡ་གྱལ་དཔལ་རི་རྩེ་དགུ་ནི། འཛམ་གླིང་གི་ནང་བསྟན་གནས་རི་གྲགས་ཅན་དུ་མའི་ཡ་གྱལ་ཞིག་ཀྱང་ཡིན་ལ། སྟོན་པ་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ནས་ལོ་ཆིག་སྟོང་ལྔ་བརྒྱ་ཡས་མས་ཤིག་ལ་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་འཁྲུངས་ནས་གནས་དེར་ཕེབས་ཏེ་སྒྲུབ་པ་ལ་ཡུན་རིང་དུ་བཞུགས་པའི་གནས་མཆོག་ཅིག་ཡིན་པ་དང་། ངོ་མཚར་བའི་གནས་མི་འདྲ་བའི་རི་བོ་དགུ་ཡོད་པས་མིང་ལའང་དཔལ་རི་རྩེ་དགུ་ཞེས་སུ་་འབོད། རི་དེའི་མཐོ་ཚད་ལ་མཚོ་ངོས་ནས་སྨི1342ཙམ་ཞིག་ཡོད་ཟེར།།

     རྒྱ་ནག་ཐང་རྒྱལ་རབས་དང་མིང་རྒྱལ་རབས་ཀྱི་སྐབས་སུ་གནས་དེར་དགོན་པ་མང་དུ་བཏབ་ནས་མཆོད་གནས་སུ་བཀུར། ད་སྐབས་གནས་འདིར་དགོན་པ་བརྒྱད་ཅུ་ལྷག་ཡོད་ཅིང་། རྟེན་གྱི་གཙོ་བོ་ས་ཡི་སྙིང་པོའི་སྐུ་བརྙན་དམར་བརྡུང་དང་། ས་ཡི་སྙིང་པོའི་བཞེངས་སྐུ་སོགས་མང་དུ་བཞུགས་སོ།།

     འཕགས་པ་སའི་སྙིང་པོའི་གནས་མཆོག་དཔལ་རི་རྩེ་དགུ་ཞེས་བྱ་བ་ནི་ཨན་ཧོས་ཞིང་ཆེན་ཆིན་ཡཱང་རྫོང་གི་ནུབ་ལྷོའི་ལེ་བར20ཡི་མཚམས་སུ་བཞུགས་ཤིང་། ཅིག་ཙི་ཧྥིན་ཞེས་པ་རྒྱལ་སྲས་དཔལ་དགུ་རི་བོ་ཞེས་མིང་དུ་ཐོགས། དཔལ་རི་རྩེ་དགུའི་གནས་ཡིག་སོགས་རྒྱ་ནག་གི་ཡིག་ཚང་ཁ་ཤས་སུ་བཀོད་པ་ལྟར་ན། རི་རྒྱལ་ལྷུན་པོར་མཛེས་སྡུག་ལྡན་ཞིང་དབུ་རྩེ་མཁའ་རུ་བསྙེགས།། རྫ་རི་སྨུག་པོ་ཆགས་ཚུལ་མི་གཅིག་རྩེ་མོ་དགུ་འཛོམས་ཅན།། ཞེས་རི་རྩེ་དགུ་བཅུ་གོ་དགུར་གྲགས་ཀྱང་ཐེན་ཐཱའེ་རི་བོ་འམ་གནམ་སྟེགས་རི་བོ་དང་ལེན་ཧཱ་རི་བོའམ་པད་མ་རི་བོ། ཐེན་ཀྲིའུ་རི་བོའམ་གནམ་འདེགས་ཀ་བ་རི་བོ། ཧྲི་ཝང་རི་བོ་འམ་སྟོབས་བཅུ་ཚངས་སྲས་རི་བོ་སོགས་དཔལ་རི་རྩེ་དགུ་ནི་ཆེས་བརྗིད་ཉམས་ལྡན་པ་དང་། རྒྱ་ནག་ཐང་རྒྱལ་རབས་ཀྱི་དུས་སུ་ཧ་ཤིང་རིང་ལུགས་འཛིན་པའི་ཏོ་ལུགས་པས་བྱ་རྒྱལ་ཁྱུང་ཆེན་རི་བོ་ནས་ཆོས་ར་བཙུགས་ཤིང་། རི་བོ་ཡོངས་སུ་ཏོ་ལུགས་པ་ཆེས་དར་བའི་སྐབས་སུ་ཆོས་ར་ཉི་ཤུ་ལྷག་ཙམ་བཞུགས། ཕྱིས་སུ་གནས་འདིར་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆོས་ལུགས་དར་ཞིང་རྒྱལ་ཁབ་ཕྱི་ནང་གི་སྐྱེས་ཆེན་དམ་རྣམས་ཀྱིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཏེ། ལྷ་ཁང་བཞེངས་ནས་ཆོས་སྡེ་བཏབས། རྒྱ་ནག་གོང་མ་ཅན་ཀྲོང་ཁྲི་ལོ་གཉིས་པ781ལོའི་ཚུན་ལ་རིམ་བཞིན་དུ་ཆོས་སྡེ་ཆེ་ཆུང300ལྷག་ཙམ་དང་། གྲྭ་བཙུན4000ལྷག་ལ་སླེབས་མྱོང་བ་དང་བཅས་སོ།།

     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་འབྲེལ་ཡོད་དྲ་ལམ་ཡིག་ཚང་སོགས་དཔྱད་གཞི་ལས་བཏུས་པ་གཞིར་བཟུང་ནས་གང་བསམ་དུ་རང་གི་བློ་རྟེན་ལྟ་བུ་བསྒྲིགས་པ་སརྦ་ཛ་ཡནྟུ།།

 

                                     ༄༅།།རྒྱ་ནག་གི་བརྩམས་སྒྲུང་གྲགས་ཅན་བཞི་ངོ་སྤྲོད་ཅུང་ཙམ་

                                                    བྱས་པ་ཞེས་བྱ་བ་བཞུགས་སོ།
     དང་པོ། འདིར་ཡང༼ནུབ་ཕྱོགས་སུ་བསྐྱོད་པའི་ཟིན་བྲིས༽ཞེས་པ་དེ་གཞི་གང་ལས་བརྩམས་པ་ལས་སྔོན་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བའི་རྒྱ་ནག་གི་སློབ་དཔོན་ཞིག་རྒྱ་གར་དུ་གནས་སྐོར་དང་སློབ་སྦྱོང་དུ་ཕྱིན་པའི་གཏམ་རྒྱུད་ཅིག་ལས་འཕྲོས་པ་ཡིན་ཞིང་། དེ་ཡང་ལོ་ངོ་སྟོང་ཕྲག་གི་ཡར་སྔོན་ཏེ་དུས་རབས་བདུན་པའི་ནང་དུ་རྒྱ་ནག་ཐང་རྒྱལ་རབས་ཀྱི་སྐབས་སུ་བློན་ཆེན་ཞིག་གི་ཁྱིམ་རྒྱུད་ལས། སྤྱི་ལོ602ལོར་རྒྱ་ནག་གི་སློབ་དཔོན་འདི་བ་སྐུ་འཁྲུངས་ཤིང་། ཕྱིས་སུ་མཚན་ལ་མ་ཧཱ་ཡཱ་ན་དེ་ཝ་རུ་གྲགས་པ་། དགུང་ལོ15སོན་པ་ན་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ་རྒྱལ་བའི་གསུང་རབ་སོགས་ལ་བློ་གྲོས་ཀྱི་སྦྱངས་བ་མི་དམན་པ་ཐོབ། ཁོང་གིས་ད་དུང་རྒྱ་གར་དུ་དངོས་སུ་ཕེབས་ཏེ། སློབ་སྦྱོང་མཐར་ཕྱིན་པ་ཞིག་བྱེད་པར་དགོངས་ནས་གོང་མར་སྙན་ཞུ་ཡང་ཡང་ཕུལ། སྤྱི་ལོ629ལོར་གོང་མས་ཆོག་མཆན་ཐོབ་ནས་བཀའ་གནང་ཞིང་ལམ་ཡིག་སྤྲད་དེ་ཁོང་དངོས་སུ་འཕགས་ཡུལ་དུ་ལམ་ལ་ཆས། རྒྱ་གར་ནས་དཔལ་ནཱ་ལེན་དྲ་སོགས་སུ་ཕེབས་ཏེ་སློབ་དཔོན་མང་དུ་བསྟེན་ནས་སློབ་གཉེར་བྱས། དེ་ནས་ལོ་མང་ཙམ་སྦྱང་བ་བྱས་མཐར་ཁོང་རྒྱ་གར་དུ་མཁས་པའི་གྲགས་པ་རྒྱས་ཏེ། རྒྱ་གར་བས་སློབ་དཔོན་འདིའི་མཚན་ལ་མ་ཧཱ་ཡཱ་ན་དེ་ཝ་ཞེས་ཤིན་ཏུ་གཙིགས་ཆེན་དུ་འཛིན་པའི་མཁས་པ་ཞིག་ཏུ་གྱུར། ཕལ་ཆེར་ཡིག་ཚང་ལྟར་ན་ལོ་ངོ14རིང་ལ་སློབ་གཉེར་བྱས། མཐར་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱལ་པོ་དྷ་རུ་བྷ་དྲས་སྐྱེལ་མ་བྱུང་བར་བརྟེན། ཁོང་གིས་རྒྱ་གར་ཡུལ་ནས་ཆོས་གཞུང་གི་སྐོར་སོགས་གླེགས་བམ657དང་། གཞན་སྐུ་གསུང་ཐུགས་རྟེན་སོགས་གླང་ཆེན་ལ་བཀལ་ཏེ་ཕྱིར་རྒྱ་ནག་ཏུ་ལོག་སྐབས་སུ་དེར་གོང་མ་ཐའེ་ཙུང་གིས་བསུ་བ་རྒྱ་ཆེར་བྱས་པར་བརྟེན་ཁོང་གི་མཚན་སྙན་ལྷག་ཏུ་འབར། དེ་ནས་ཁོང་གིས་གཙོས་རྒྱ་ནག་གི་མཁས་པ་ཚོ་ཕྱོགས་བསྡུས་བྱས་ཏེ། བྱམས་ཆོས་སྡེ་ལྔ་སོགས་དང་བཀའ་བསྟན་གྱི་གླེགས་བམ་དྲུག་བརྒྱ་ལྷག་རྒྱ་ནག་གི་སྐད་དུ་བསྒྱུར། གོང་མས་རམ་འདེགས་འོག་ཏུ་དགོན་པ་སོ་སོའི་སློབ་དཔོན་གྱི་ཁུར་བཞེས་ཏེ་རབ་བྱུང་གི་སྡེ་ཧ་ཅང་དར་རྒྱས་སུ་སོང་བར་མ་ཟད་སློབ་དཔོན་འདི་ཉིད་ནི་མ་ཧཱ་ཙི་ནའི་རྒྱ་ཆེན་སྤྱོད་རྒྱུད་ཀྱི་ཤིང་རྟ་ཆེན་པོར་གྱུར་བ་སོགས་རྒྱ་ནག་གི་ལོ་རྒྱས་ཁག་ཏུ་གསལ། མཐར་དགུང་ལོ65པ་སྤྱི་ལོ664པར་སྐུ་གཤེགས། དེས་རྗེས་སུ་དུས་རབས་འགའ་ཞིག་རྫོགས་པ་ན་མིང་རྒྱལ་རབས་ཀྱི་དུས་སུ་རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་ཝུའུ་ཁྲེང་ཨེན་ཞེས་པས་དངོས་ཡོད་ལོ་རྒྱུས་འདི་གཞིར་བཟུང་ནས། རྟོག་བཏགས་སྣ་ཚོགས་ཀྱིས་ཟུར་བརྒྱན་བྱས་ཏེ་༼ནུབ་ཕྱོགས་སུ་བསྐྱོད་པའི་ཟིན་བྲིས༽ཞེས་པའི་སྒྲུང་གཏམ་ཞིག་བརྩམས། བརྩམས་སྒྲུང་དེ་བརྗོད་བྱ་དང་རྗོད་བྱེད་གང་གི་ཐད་ནས་ཀྱང་ཕུལ་དུ་སོན་པ་ཞིག་ཡིན་གཤིས། ཕྱིས་སུ་རྒྱ་ནག་གི་བརྩམས་སྒྲུང་གྲགས་ཅན་བཞིའི་ཡ་གྱལ་གྱི་གོ་གནས་ཟིན་ཡོད་པར་མ་ཟད། 1985ལོར་རྒྱ་ནག་གིས་སྒྲུང་རྩོམ་འདི་འཁྲབ་སྟོན་ཐོག་མ་བྱས་པ་དང་། དེའི་ནང་གི་མི་སྣ་གཙོ་བོ་ནི་ཐང་སིན་བླ་མ་ཞེས་པ་མ་ཧཱ་ཡཱ་ན་དེ་ཝ་ཁོང་དང་། མཁའ་མཉམ་འཕགས་པ་ཞེས་པའི་སྤྲེལ་མགོ་ཅན། དགེ་བསྙེན་ཚུལ་ཁྲིམས་ཞེས་པའི་ཕག་མགོ་ཅན། ཀླུ་ཡུལ་ནས་བྱོན་པའི་དགེ་སློང་ཤྲཱ་སིན་དང་གཡུ་འབྲུག་ལྷ་རྟ་དཀར་བོ་སོགས་དགེ་ཕྲུག་དག་ལ་འབྲེལ་ནས། འཁྲབ་སྟོན་སྣ་ཚོགས་ཀྱི་ལམ་ནས་ཧ་ཅང་མཆོག་ཏུ་གྱུར་ཞིང་རིན་ཐང་ལྡན་པའི་ལོ་རྒྱུས་ཤིག་ཏུ་གྱུར་ཏོ།།
     
གཉིས་པ། དེ་ཡང་རྒྱ་ནག་གི་བརྩམས་སྒྲུང་གྲགས་ཅན་བཞི་ལས་༼རྒྱབ་ཁབ་གསུམ་གྱི་གཏམ་རྒྱུད༽ཞེས་པ་ནི་ཡོན་རྒྱལ་རབས་དང་མིང་རྒྱལ་རབས་ཀྱི་མཚམས་སུ་བྱུང་བའི་རྩོམ་པ་པོ་ལོ་ཀཱོན་ཀྲུང་གིས་དུས་རབས་བཅུ་བཞི་བའི་དུས་མཇུག་ཡས་མས་སུ་ལོ་བཅུ་ཕྲག་ལྷག་ལ་ཧྭན་ཕྱི་མའི་དཔེ་ཆ་དང་དམངས་ཁྲོད་ངག་རྒྱུན་གཞིར་བཟུང་སྟེ་བཞེངས་བསྐྲུན་སྣ་ཚོགས་ཀྱིས་བརྩམས་པ་ཞིག་ཡིན་ལ། 1990ནས1994བར་ལ་རྒྱ་ནག་གིས་དམངས་སྒོར་དུང་ཕྱུར་1.7བཏང་སྟེ་འཁྲབ་སྟོན་བྱས། གཏམ་རྒྱུད་འདི་ནི་མི་སྣ་གསུམ་གྱིས་མནའ་ཤག་སྒྲིག་པའི་གཏམ་རྒྱུད་ལས་མགོ་བརྩམས་ཏེ་ཝུའུ་རྒྱལ་ཁབ་སྙོམ་སྒྲིག་བྱས་པའི་དོན་རྐྱེན་ནས་མཇུག་བསྒྲིལ་བ་ཡིན། ཧྭན་ཤར་མའི་དུས་མཇུག་དང་རྒྱལ་ཁབ་གསུམ་ཀྱི་དུས་རབས་ཝེས་དང་། ཧྲུའུ། ཝུའུ་རྒྱལ་རབས་སྟེ་རྒྱལ་ཁབ་གསུམ་བར་གྱི་དམག་དོན་དང་ཆབ་སྲིད་འཐབ་རྩོད་སོགས་བཞེངས་འབྲི་བྱས་ཡོད་ཅིང་། ཡིག་འབྲུ་ཉུང་ཞིང་དོན་གསལ་བ། མི་སྣའི་སྣང་བརྙན་བཞེངས་འབྲི་གཏིང་ཟབ་ཅིང་གསོན་ཉམས་དོད་པ། བརྒྱུད་རིམ་ཀྱག་ཀྱོག་ཆེ་བ། གྲུབ་ཆ་གཏོས་ཆེ་བ། མི་སྣ2000ཙམ་གྱི་སྣང་བརྙན་བཞེངས་འབྲི་བྱས་ཡོད་པར་མ་ཟད་ཕུལ་དུ་བྱུང་བའི་མི་སྣ་གྲགས་ཅན་ཀྲོའུ་ཀི་ལང་དང་། ཚོ་ཚོའོ། ཀཱོན་ཡུས། ལིའུ་པེ་སོགས་ཀྱི་སྣང་བརྙན་ཧ་ཅང་ཞིབ་འབྲི་བྱས་ཡོད། དེ་ལས་ཀྲོའུ་ཀི་ལང་ནི་རྩོམ་པ་པོ་ཞིག་གི་སེམས་དབུས་སུ་ཁྱད་པར་དུ་འཕགས་པའི་མི་སྣ་ཤིག་ལ་ངོས་བཟུང་ཡོད་པར་མ་ཟད། ཁོའི་སྟོབས་ཤུགས་དང་དཔའ་གདེངས་དྲག་རྩལ་སྤྲུགས་བྱས་ཡོད། ཚོ་ཚོའོ་ནི་ཐབས་བཀོད་འཛོམས་ལ་དཔའ་ངར་ཆེ་བ། བློ་སྒོ་ཡངས་བ། ཁྲ་མར་མཁས་ལ་སྡིག་རྩུབ་ཆེ་བ། འདོད་ཧམ་དང་གཡོ་ཁྲམ་གསུམ་ལ་མཁས་པའི་ཆབ་སྲིད་པ་ཞིག་ཀྱང་ཡིན་པའི་སྣང་བརྙན་གསལ་བོ་བསྟན་ཡོད། ཀཱོན་ཡུས་ནི་འོས་འགན་རི་ལྟར་ལྗིད་རུང་ཕྲག་ཏུ་ལེན་ཐུབ་པ། དཔའ་ཉམས་ལྡན་ལ་བློ་བརྟན་འགྱུར་མེད་ཅན་གྱི་དཔའ་རྒོད་ཞིག་ཡིན་པ་དང་། ཡིན་ནའང་ཁོའི་དཔའ་ཉམས་དེ་རང་ཉིད་ཀྱི་ཞེ་འཁོན་གྱིས་བསླངས་པ་ལས་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་མིན་པ་ལྟར་བཞེངས་ཡོད། ལིའུ་པེ་ནི་དམངས་ལ་བྱམས་ཤིང་གོང་བཀུར་གུས་ཞབས་ལྡན་པའི་སྣང་བརྙན་ཞིག་དང་། ཀུན་གྱིས་མིག་དཔེ་བགྲངས་བའི་སྐྱེས་ཆེན་དམ་པ་ཞིག་ཏུ་བཞེངས་འབྲི་བྱས་ཤིང་གསོན་ཉམས་ལྡན་པའི་རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་འདི་ནི་དམངས་ཁྲོད་ན་ཧ་ཅང་སྐད་གྲགས་ཆེ་བའི་ལོ་རྒྱུས་བརྩམས་སྒྲུང་ཞིག་ཏུ་གྱུར་སོང་བ་ཡིན་ནོ།།     

     གསུམ་པ། དེ་ཡང་རྒྱ་ནག་གི་བརྩམས་སྒྲུང་གྲགས་ཅན་བཞི་ལས༼ཆུ་ངོགས་གཏམ་རྒྱུད༽ཞེས་པ་ནི། ཡོན་རྒྱལ་རབས་དང་མིང་རྒྱལ་རབས་ཀྱི་མཚམས་སུ་བྱུང་ཞིང་དུས་རབས་བཅུ་བཞི་པའི་ནང་གི་རྩོམ་པ་པོ་ཧྲི་ནཱེ་ཨན་གྱིས༼ཆུ་ངོགས་མཏམ་རྒྱུད༽འདི་སུང་རྒྱལ་རབས་ཀྱི་སྐབས་སུ་བྱུང་བའི་དམངས་ཁྲོད་ཀྱི་ལོ་རྒྱུས་ཤིག་སྟེ། ཞིང་སྡེ་ནས་རྨང་བཏིང་བའི་དམག་འཁྲུག་གི་གཏམ་རྒྱུད་དངོས་ཀྱིས་གཞིར་བཟུང་སྟེ་རྒྱུ་ཆ་གསར་གཏོད་བྱས་ནས་བྲིས་པ་ཞིག་ཡིན་ལ། 1994ལོ་ནས་བཟུང་འཁྲབ་སྟོན་བྱས། གཏམ་རྒྱུད་འདིས་རི་བོ་ལིང་ཧྲན་མཚོ་གླིང་དུ་ཐོབ་ཐང་དང་གཤིས་རྒྱུད་སོགས་ས་ཕྱོགས་མི་གཅིག་པའི་དཔའ་རྒོད108ཀྱིས་འཐབ་འཁྲུག་གི་བརྗོད་བྱ་གཞིར་བཟུང་ནས་ཁོ་ཚོ་ལ་ཁྱད་ཆོས་མི་འདྲ་བའི་ཡོན་ཏན་དག་གཟེངས་སུ་བཏེགས་ཏེ་བྲིས་ཡོད་ལ། མི་སྣ་གཙོ་བོ། སུང་ཅང། ཝུའུ་ཡོན། ལིས་ཁཱས། ཝུའུ་སུང། ལེན་ཁྲུང་། ལོའུ་ཀྲུང་ཧྲིན་སོགས་ལིང་ཧྲན་རི་བོའི་དཔའ་རྒོད་དག་བཞེངས་བསྐྲུན་བྱས་ཏེ་དེའི་སྐབས་ཀྱི་སྤྱི་ཚོགས་ཀྱི་འགལ་ཟླ་སྔོགས་འདོན་དང་། གཙོ་འཛིན་སུང་ཅང་གིས་སྤུན་ཟླ་ཡོངས་ཀྱི་མ་འོངས་པའི་མདུན་ལམ་བསམ་ནས་གོང་མ་ཚང་ལ་ལྷག་བསམ་ཟོལ་མེད་ཀྱིས་མགོ་བཏགས་བྱས་ནས་ཞབས་ཞུ་ཧུར་ཐག་གིས་བསྒྲུབས་ཏེ། དབང་སྒྱུར་གྲལ་རིམ་ལའང་གཡོ་འགུལ་ཆེས་ཆེར་བཟོས། ཡིན་ནའང་གོང་མའི་དམག་དོན་དང་ཆེས་མཐོའི་དབང་ཆ་སོགས་བློན་ངན་མ་རུང་བ་དག་གིས་ཤི་འཐམས་བྱས་འདུག་པས་ཁོ་ཚོ་དང་གོང་མའི་དབང་སྒྱུར་བར་ལ་ཕྲ་མ་དང་གཡོ་ཟོལ་གྱི་དུག་མདའ་འཕངས་ཏེ། མཇུག་མཐར་དཔའ་རྒོད་བཞི་ལྔ་ཙམ་མ་གཏོགས་ཐམས་ཅད་ལྔ་ལམ་དུ་མཇུག་བསྡུས་སོང་བའི་དངོས་བྱུང་ལོ་རྒྱུས་ཀྱི་བྱུང་རིམ་དང་། ཁོ་ཚོས་རྒྱལ་ཁབ་གཅིག་གྱུར་དང་མི་དམངས་བདེ་འཇགས་ཀྱི་ཕྱིར་དུ་རང་ཉིད་ཤི་དགོས་ཀྱང་ཕངས་སེམས་མེད་པའི་གཟི་བརྗིད་ཀྱི་ལམ་དེར་ཞུགས་པ་དང་། ཀྱག་ཀྱོག་གི་ལམ་ཕྲེང་། རྙོག་འཛིང་གི་མི་སྣའི་བཞེངས་བསྐྲུན། ལྷུག་བརྗོད་ཀྱི་སྐད་ཆ་དག་ལ་གསོན་ཉམས་ལྡན་ཕྱིར། ཆུ་ངོགས་གཏམ་རྒྱུད་འདི་ནི་དམངས་ཁྲོད་ན་ཧ་ཅང་སྐད་གྲགས་ཆེ་བའི་ལོ་རྒྱུས་བརྩམས་སྒྲུང་འདོར་མི་ཐུབ་པ་ཞིག་ཏུ་གྱུར་ཏོ།།

     བཞི་བ། རྒྱ་ནག་གི་བརྩམས་སྒྲུང་གྲགས་ཅན་བཞི་ལས་ཕུལ་བྱུང་བརྩམས་སྒྲུང་༼ཐོག་ཁང་དམར་པོའི་རྨི་ལམ༽ཞེས་པ་ནི། ཆིང་རྒྱལ་རབས་ཀྱི་སྐབས་སུ་བྱུང་བའི་རྩོམ་པ་པོ་གྲགས་ཅན་ཚོ་ཞའོ་ཆིན་གྱིས་དུས་རབས་བཅོ་བརྒྱད་པའི་ནང་སྟེ་ཆིང་རྒྱལ་རབས་ཀྱི་སྐབས་སུ་དམངས་ཁྲོད་ནས་བྱུང་བའི་སྐྱོ་གར་གྱི་དུང་ཞེན་རིང་མོ་ཞིག་གིས་རྣམ་པ་གཞིར་བཟུང་སྟེང་། ཅྭ་དང་། ཧྲི། ཝང་། ཞོའུ་སྟེ་ཁྱིམ་རྒྱུད་ཆེན་མོ་བཞིའི་དར་རྒུད་ལ་རྐང་བཙུགས་ནས་བརྩམས་པའི་༼ཐོག་ཁང་དམར་པོའི་རྨི་ལམ༽ཞེས་བརྩམས་སྒྲུང་ཆེས་གྲགས་ཅན་ཞིག་ཡིན་ལ། 1987ལོ་ནས་བཟུང་དངོས་སུ་འཁྲབ་སྟོན་བྱས་ཤིང་། ད་དུང་ཁོད་ཡངས་པའི་སྤྱི་ཚོགས་འཚོ་བའི་མཐོང་རྒྱ་དང་སྣང་ཚུལ་མཐའ་དག་འདུས་ཤིང་མི་ཆོས་རིང་ལུགས་ཀྱི་བརྩེ་སེམས་སྣ་ཚོགས་འདུས་ཡོད་ཕྱིན། མང་ཚོགས་ཀྱིས་༼ཐོག་ཁང་དམར་པོའི་རྨི་ལམ༽དུ་དུས་རབས་ཤིག་གི་ལོ་རྒྱུས་འདུ་ཞིང་བཀས་བཀོད་རྒྱུ་འཛིན་རིང་ལུགས་པས་དུས་མཇུག་གི་ཤེས་བྱ་ཀུན་བསྡུས་ཤིག་རེད་ཅེས་ཡང་ཡང་བསྔགས་མྱོང་། རྩོམ་པ་པོ་ཚོ་ཞའོ་ཆིན་ནི་དང་ཐོག་རྒྱུ་ཆེན་དཔོན་ཆེན་ཞིག་གི་ཁྱིམ་ནས་འཚར་ལོངས་བྱུང་ཞིང་། བཀས་རྒྱུད་ལམ་ལུགས་གྲལ་རིམ་ལ་ནང་ཁུལ་ནས་འཐབ་རྩོད་བསྟུན་མར་བྱུང་བ་དང་ཆབས་གཅིག་ཚོ་ཚང་ཁྱིམ་རྒྱུད་ལའང་ཐེངས་དུ་མར་ཆག་སྒོ་སྣ་ཚོགས་བྱུང་དེ་རྒྱུ་ནོར་འགའ་ལས་མ་ལྷག་པར་པེ་ཅིན་དུ་གནས་སྤོར་དགོས་བྱུང་། དུས་དེ་ནས་བཟུང་ཁྱིམ་རྒྱུད་ཆེན་པོ་དེ་ཉིན་རེར་བཞིན་ཉམས་རྒུད་བྱུང་བས། ཀྱག་ཀྱོག་གི་འགག་ཕྲེང་དང་སྐྱོ་སྡུག་གི་མི་ཚེ་ལ་ཚོ་ཞའོ་ཆིན་རྦད་དེ་ཞེན་པ་ལོག་ཅིང་། དེ་ནས་བཟུང་ནན་གྱིས་རྩོམ་འབྲི་ལ་ཞུགས་ཏེ་རྒྱ་ནག་གི་གནའ་རབས་བརྩམས་སྒྲུང་གི་ཡང་རྩེར་བསྒྲེངས་བའི་རྩོམ་རིག་བརྩམས་ཆོས་གྲགས་ཆེན༼ཐོག་ཁང་དམར་པོའི་རྨི་ལམ༽འདི་ལེགས་གྲུབ་བྱུང་པ་ཡིན།།

     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་འབྲེལ་ཡོད་དྲ་ལམ་ཡིག་ཚང་དཔྱད་གཞི་ལྟར་བོད་ཡིག་ཏུ་ལོ་ཙཱ་བསྒྱུར་ནས་རགས་ཙམ་བསྒྲིགས་པ་སརྦ་ཛ་ཡནྟུ།།

 

                              ༄༅།།ཀྲུང་གོའི་རི་འགོག་དམག་འཁྲུག་དང་མི་དམངས་་བཅིངས་འགྲོལ་དམག་འཁྲུག་

                                           འཚམས་སྦྱོར་རགས་ཙམ་བྱས་པ་ཞེས་བྱ་བ་བཞུགས་སོ།

    ༄༅།།ཀྲུང་གོའི་རི་འགོག་དམག་འཁྲུག་ནི1937ལོའི་ཟླ9པ་ནས1945ལོའི་ཟླ8པའི་བར་དུ་ཀྲུང་གོ་མི་དམངས་ཀྱིས་འཇར་པན་བཙན་འཛུལ་རིང་ལུགས་ལ་འགོག་རྒོལ་བྱས་པའི་དམག་འཁྲུག་ཆེན་མོ་ཡིན་ལ། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའང་ཟེར་ཞིང་། ཁྱད་པར་དུ1937ལོའི་ཟླ7པའི་ཚེས7ཉིན་ལོའུ་ཀུག་ཟམ་པའི་དོན་རྐྱེན་འབྱུང་པའི་རྗེས་སུ་ཀྲུང་རི་དམག་འཁྲུག་དངོས་སུ་མགོ་བརྩམས་ཤིང་། ཁྱད་པར་དུ1937ལོའི་ཟླ12པའི་ཚེས13ཉིན་ནས་བཟུང་སྟེ་འཇར་པན་བཙན་འཛུལ་རིང་ལུགས་ཀྱིས་ནན་ཅིན་བཙན་བཟུང་བྱས་ཤིང་། ཉིན་ཞག་འགའི་རིང་ལ་ཀྲུང་གོ་བའི་མི་གྲངས་སུམ་འབུམ་ལྷག་རི་དམག་གིས་དམར་གསོད་བྱས་པ་དང་། ལོ་རྒྱུས་ཐོག་ཏུ་ནན་ཅིན་དམར་གསོད་ཆེན་པོ་ཞེས་སུ་གྲགས། དུས་མཚུངས་སུ་ཀྲུང་གོའི་བུད་མེད་ཉིས་ཁྲི་ལྷག་ལ་རི་དམག་གིས་བཙན་གཡེམ་བྱས་པ་དང་། ནན་ཅིན་གྲོང་ཁྱེར་གྱི་སུམ་ཆའི་གཅིག་རི་དམག་གིས་མེར་བསྲེགས་པ་སོགས་ཡ་ང་བའི་དོན་རྒྱེན་བཟོས་པས། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་པ་ལོའུ་ཅུན་དམག་དཔུང་གིས་དགྲ་བོའི་རྒྱབ་ཕྱོགས་སུ1938ལོའི་ཟླ10བའི་བར་ལ་དམག་འཁྲུག་ཐེངས་ཆིག་སྟོང་ལྔ་བརྒྱ་ལྷག་བརྒྱབ་ཅིང་། རྒྱལ་ཡོངས་ཀྱི་རི་འགོག་གཙོ་ཤུགས་དམག་དཔུང་དུ་གྱུར་བ་མ་ཟད། ཀྲུང་གོ་མི་དམངས་དང་ཀྲུང་གོ་དམག་དཔུང་གིས་དཔའ་འཛིང་རྟུལ་ཕོད་ཀྱིས་འཇར་པན་བཙན་འཛུལ་རང་ལུགས་པ་དང་ལོ་བརྒྱད་རིང་ལ་དམག་འཁྲུག་བརྒྱབ་ནས། མཇུག་མཐར་དམག་འཁྲུག་འདིའི་ནང་དུ་བསྡོམས་པས་རང་དམག་སུམ་འབུམ་ལྔ་སྟོང་གིས་རང་སྲོག་བློས་བཏང་ནས་བཙན་འཛུལ་པ་དང་དམར་འཛིང་བྱས་པ་དང་། རི་དམག་གིས་ཀྲུང་གོ་བའི་མི་སེར་དྐྱུས་མ་ཉིས་ཁྲི་ཡན་ཆད་ཡ་ང་བའི་གཤེན་ལམ་དུ་བཅུག 1945ལོའི་ཟླ8པའི་ཚེས15ཉིན་ལ་འཇར་པན་གྱིས་ཀྲུང་གོ་དང་། དབྱིན་ཇི། ཨ་རུ་སོགས་མནའ་འབྲེལ་རྒྱབ་ཁབ་ལ་ཆ་རྐྱེན་མེད་པའི་སྒོ་ནས་མགོ་འདོགས་བྱས་ཤིང་ཀྲུང་གོ་མི་དམངས་ཀྱིས་རླབས་ཆེན་རྒྱལ་ཁ་བླངས་པ་དང་ལྷན་ཅིག་ཏུ་རི་འགོག་དམག་འཁྲུག་གི་མཇུག་བསྡུས་པ་རེད།།    

     མི་དམངས་བཅིངས་འགྲོལ་དམག་འཁྲུག་ནི1945ལོའི་ཟླ་8པ་ནས1950ལོའི་ཟླ་6པའི་བར་ལ་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྒྱབ་རོགས་འོག་ཏུ། གོ་མིན་ཏང་གི་དབང་སྒྱུར་ལམ་ལུགས་རྩ་རྫོགས་བྱས་ཏེ་ཀྲུང་གོ་ཡོངས་སུ་བཅིངས་འགྲོལ་བྱས་པའི་དམག་འཁྲུག་ཆེན་པོ་ཞིག་ཡིན་ཞིང་། ཀྲུང་གོའི་སྐམ་ས་ཆེན་པོ་དང་ལྷོ་ཕྱོགས་རྒྱ་མཚོའི་གླིང་ཕྲན་དུ་བྱུང་བའི་ནང་འཁྲུག་ཀྱང་ཟེར། གོ་མིན་ཏང་གི་དམག་དཔུང་ས་ཡ་བརྒྱད་ཙམ་མེད་པར་དུ་བཏང་ནས། གོ་མིན་ཏང་གི་རིམ་པ་སོ་སོའི་སྲིད་དབང་རྩ་བ་ནས་གཏོར་ཞིང་། བཙན་རྒྱལ་རིང་ལུགས་དང་། བཀོས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་མ་རྩ་རིང་ལུགས་གིས་ཀྲུང་གོར་དབང་སྒྱུར་བྱས་པའི་སྲིད་དབང་མཇུག་རྫོགས་སོ།།

     མི་དམངས་བཅིངས་འགྲོལ་དམག་འཁྲུག་ནང་དུ་ཧ་ལམ་དུས་རིམ་གསུམ་དུ་བྱས་ཏེ། དུས་རིམ་དང་པོ་ལེའོ་ཧྲིན་དམག་འཐབ་ནང་དུ་རང་དམག་དྲུག་འབུམ་དགུ་སྟོང་གིས་ཚེ་སྲོག་བློས་བཏང་བའི་རིན་ཐང་གིས་གོ་མིན་ཏང་གི་ཇག་ཚོགས་སྤྱི་ཁྱབ་བཀའ་འཛིན་པུའུ་ཡི་བཀོད་འདོམ་ཁང་གཅིག་དང་། སྟོང་དཔོན་པུའུ་བཞི། དམག་དཔུང་པུའུ་བཅུ་གཅིག ཁྲི་དཔུང་པུའུ་སུམ་ཅུ་སོ་གསུམ་སོགས་དམག་མི་བཞི་འབུམ་བདུན་ཁྲི་ཉིས་སྟོང་ཚར་གཅོད་བྱས་ཤིང་། དེའི་ནང་དུ་འཛིན་བཟུང་བྱས་པའི་དགྲ་དམག་སུམ་འབུམ་ཁྲི་མེད་དྲུག་སྟོང་ཉིས་བརྒྱ་དང་། ཤི་རྨས་སུ་བཏང་བའི་དགྲ་དམག་ལྔ་འབུམ་དྲུ་ཁྲི་བརྒྱད་བརྒྱ་དང་། འོས་ལངས་བྱས་པའི་དམག་མི་ཉིས་ཁྲི་དྲུག་སྟོང་དང་། འགོ་འདོགས་བྱས་པའི་དམག་མི་བརྒྱད་ཁྲི་སུམ་སྟོང་བཅས་སོ།།

     དུས་རིམ་གཉིས་པ་ཕེན་ཅིན་དམག་འཐབ་ནི1949ལོའི་ཟླ1པའི་ཚེས10ཉིན་ལ་ཀྲུང་གུང་ཀྲུང་དབྱང་གིས་ལིན་པའོ་དང་། ལོ་རུང་ཧིན། ཉེ་རུང་ཀྲིན་གསུམ་པོས་ཕེན་ཅིན་གཡུལ་སའི་སྤྱི་ཁྱབ་གཡུལ་ཨུ་འཛུགས་དགོས་པའི་ཆོད་དོན་གནང་བ་བཞིན་ཟླ1པའི་ཚེས14ཉིན་ལ་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ཤར་བྱང་ཐང་འཐབ་དམག་གི་གཞུང་སྒྲིག་རུ་ཁག་ལྔ་སྟེ། ཁྲི་དཔུང་ཉེར་གཉིས་དང་དམག་མི་སུམ་འབུམ་བཞི་ཁྲི་ཡིས་ལིའུ་ཡཱ་ལོས་བཀོད་འདོམ་འོག་ཏུ་དུས་ཚོད་ཉེར་བཞིས་ནང་དུ་དམར་འཛིང་དྲག་པོ་བྱས་ནས་གྲོང་ཁྱེར་ཆེན་པོ་བླངས་ཤིང་། ཕེན་ཅིན་གོ་མིན་ཏང་གི་ཁྲི་དཔུང་བཅུ་ཐམ་པ་དང་དམག་མི་ཆིག་འབུམ་སུམ་ཁྲི་ཡོངས་རྫོགས་ཚར་གཅོད་བྱས་པ་མ་ཟད། ཕེན་ཅིན་ཉེན་རྟོག་བདེ་སྲུང་བཀའ་འཛིན་པ་ཁྲིན་ཁྲང་ཅེ་འཛིན་བཟུང་བྱས། ཕེན་ཅིན་དམག་འཐབ་ལས་ཉིན་མོ་དྲུག་ཅུ་རེ་བཞིའི་རིང་ལ་དགྲ་དམག་མི་ལྔ་འབུམ་ཉིས་ཁྲི་ལྷག་ཚར་གཅོད་བྱས་ཤིང་། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་དཔོན་དམག་ཆིག་འབུམ་ཁྲི་བཞི་སྟོང་གིས་ཚེ་སྲོག་བློས་བཏང་བ་རེད།།

    དུས་རིམ་གསུམ་པ་ཧོའེ་ཧེ་དམག་འཐབ་ནི1948ལོའི་ཟླ11པའི་ཚེས6ཉིན་ལ་འགོ་བརྩམས་པ་དང་། 1949ལོའི་ཟླ1པའི་ཚེས10ཉིན་ལ་ཡོངས་སུ་མཇུག་བསྡུས་པ་རེད། དེར་ཡང་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་དམག་མི་དྲུག་འབུམ་འཐབ་འཁྲུག་ལ་ཞུགས་པ་དང་། གོ་མིན་ཏང་གིས་སྔ་བཞུག་ཏུ་དམག་མི་བརྒྱད་འབུམ་འཐབ་འཁྲུག་ལ་ཞུགས་ནས། ཉིན་དྲུག་ཅུ་རེ་ལྔའི་རིང་ལ་གོ་མིན་ཏང་གི་དམག་མི་ལྔ་འབུམ་ལྔ་ཁྲི་ལྔ་སྟོང་ཤི་རྨས་སུ་བཏང་ཞིང་། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་དམག་མི་ཆིག་འབུམ་སུམ་ཁྲི་བཞི་སྟོང་ལྷག་གིས་ཚེ་སྲོག་བློས་བཏང་པ་རེད།།

     མདོར་ན་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་འཁྲུག་ནི1945ལོའི་ཟླ་བ་8པ་ནས་བཟུང་སྟེ1950ལོའི་ཟླ་བ6པའི་བར་ལོ་ལྔའི་རིང་ལ་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཏུ། དུས་རིམ་གསུམ་དུ་བྱས་ནས་གོ་མིན་ཏང་གི་དམག་དཔུང་དང་དམག་འཁྲུག་བརྒྱབ་ཅིང་། གཙོ་བོ་ནི་དུས་རིམ་དང་པོར་ལེའོ་ཧྲིན་དམག་འཐབ་ནང་དུ་བཅིངས་འགྲོལ་དམག་མི་དྲུག་ཁྲི་དགུ་སྟོང་གིས་ཚེ་སྲོག་བློས་བཏང་ནས། དགྲ་དམག་བཞི་འབུམ་བདུན་ཁྲི་ཉིས་སྟོང་ཚར་གཅོད་བྱས་པ་དང་། དུས་རིམ་གཉིས་པ་ཕེན་ཅིན་དམག་འཐབ་ནང་དུ་བཅིངས་འགྲོལ་དམག་མི་སུམ་འབུམ་བཞི་ཁྲི་ཡིས་དགྲ་དམག་ཆིག་འབུམ་སུམ་ཁྲི་ཚར་གཅོད་བྱས་པ་མ་ཟད། བསྡོམས་པས་དགྲ་དམག་ལྔ་འབུམ་ཉིས་ཁྲི་ཚར་གཅོད་བྱས། དུས་རིམ་གསུམ་པ་ཧོའེ་ཧེ་དམག་འཐབ་ནང་དུ་བཅིངས་འགྲོལ་དམག་མི་དྲུག་འབུམ་འཐབ་འཁྲུག་ལ་ཞུགས་པ་དང་། གོ་མིན་ཏང་གིས་སྔ་བཞུག་ཏུ་དམག་མི་བརྒྱད་འབུམ་འཐབ་འཁྲུག་ལ་ཞུགས་པར་གྲགས་ཤིང་། ལྷག་པར་དུ་བཅིངས་འགྲོལ་དམག་མི་ཆིག་འབུམ་སུམ་ཁྲི་བཞི་སྟོང་གིས་ཚེ་སྲོག་བློས་བཏང་ནས་དགྲ་དམག་བཞི་འབུམ་བདུན་ཁྲི་ཉིས་སྟོང་ཚར་གཅོད་བྱས་པ་སོགས་བསྡོམས་པས་བཅིངས་འགྲོལ་དམག་མི་ས་ཡ་གཅིག་དང་བདུན་འབུམ་དང་། དགྲ་དམག་ས་ཡ་བཞི་དང་ཉིས་འབུམ་དམག་འཁྲུག་ལ་ཞུགས་ནས། བཅིངས་འགྲོལ་དམག་མི་ས་ཡ་གཅིག་དང་ལྔ་འབུམ་ཉིས་ཁྲིས་རང་སྲོག་བློས་བཏང་ནས་དགྲ་དམག་ས་ཡ་བཞི་ལྷག་ཙམ་ཚར་གཅོད་བྱས་ནས། ཀྲུང་གོའི་མི་དམངས་ཀྱི་བཅིངས་འགྲོལ་དམག་འཁྲུག་ལ་རླབས་ཆེ་བའི་རྒྱལ་ཁ་ཡོངས་སུ་བླངས་ཏེ། 1949ལོའི་ཟླ10པའི་ཚེས1ཉིན་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་ཁྱབ་བསྒྲགས་བྱས་ཤིང་། དུས་མཚུངས་སུ་གོ་མིན་ཏང་ལོག་སྤྱོད་ཅན་ཕམ་ནས་ཐེ་ཝན་དུ་ཕྱིར་སྣུར་བྱས་པ་དང་བཅས་སོ།།

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་འབྲེལ་ཡོད་དྲ་ལམ་ཡིག་ཚང་དཔྱད་གཞིར་བཟུང་ནས་བོད་ཡིག་ཏུ་ལོ་ཙཱ་བསྒྱུར་ཏེ་རགས་ཙམ་བསྒྲིགས་པ་སརྦ་ཛ་ཡནྟུ།།

 

                              ༄༅།།དཔལ་ལྡན་ས་སྐྱ་བ་ནས་རྒྱ་བཟའི་ཏཱ་མིན་ཆེན་ཧུ་ཚང་གི་གདུང་

                                         རབས་སུམ་ཅུ་སོ་དྲུག་ཙམ་གསལ་བོར་བརྗོད་པའི་ཚུལ།

     ༄༅།།འདིར་ཡང་རོང་ཆེན་ལྷ་རྒྱལ་དཔལ་ཞེས་འབོད་པ་ཁོ་བོས་བརྩམས་པའི༼ རྒྱ་བཟའི་ཏཱ་མིན་ཆེན་ཧུ་ཚང་གི་རུས་མཛོད་བསྡུས་པ་ཁ་བ་དཀར་པོའི་མེ་ཏོག་ཅེས་བྱ་བ༽ལས་དཔལ་ལྡན་ས་སྐྱ་བའི་དབུ་ཚུགས་པ་ནས་རྒྱ་བཟའི་ཏཱ་མིན་ཆེན་ཧུ་ཚང་གི་གདུང་རབས་རིམ་བྱོན་སུམ་ཅུ་སོ་དྲུག་ཙམ་གསལ་བོར་བརྗོད་པའི་ལེའུ་སྟེ་བརྒྱད་པ་ལས། རྒྱ་བཟའི་ཏཱ་མིན་ཆེན་ཧུ་ཚང་གི་གདུང་རྒྱུད་ཀྱི་ཐོག་མ་ནི་དཔལ་ལྡན་ས་སྐྱ་བ་ཡིན་ལ། རྗེ་བཙུན་ཆེན་པོའི་རིགས་ཏེ་གནམ་ལྷ་ལྕེ་རིང་དང་གཡུ་རིང་། གཡུ་བསེ་སྐུ་མཆེད་བྱོན་པ་གསུམ་ལས། ཆུང་བས་མི་རྗེ་མཛད་དེ་གཡུ་བསེ་ཕྱི་ལ་བུ་བཞི་བྱུང་བ།  ལྡོང་གི་རུས་ཆེན་བཅོ་བརྒྱད་དང་འཁྲུགས་པས་གནམ་ལྷ་གཡུ་རིང་གིས་གྲོགས་མཛད་ནས་བྲན་དུ་བཀོལ་བ་སོགས་གདུང་རབས་ཀྱི་ཐོག་མ་བྱོན་པ་དང་། གནམ་ལྷ་གཡུ་རིང་གིས་དབུའི་བུ་མོ་དམུ་བཟའ་ལྡེམ་ཞེས་པ་ཁབ་ཏུ་བཞེས་ནས་སྲས་མིང་སྲིང་བདུན་བྱུང་བའི་ཆེ་བ་དྲུག་དང་ཡབ་ལྷ་ཡུལ་དུ་བྱོན་ཞིང་། ཆུང་བར་སྲས་ཐོག་ཚ་དཔའ་བོ་སྟག་ཅེས་བྱ་བ་བྱུང་བར་མོན་བཟའ་མཚོ་མོ་རྒྱལ་ཟེར་བ་ཁབ་ཏུ་བསུས་ནས། སྲས་གཡའ་སྤང་སྐྱེས་འཁྲུངས་པ་དེས་སྲིན་པོ་སྐྱ་རེངས་ཁྲག་མེད་བཏུལ།  གཡའ་གྲུམ་བསིལ་མ་འཕྲོག་ནས་ཁབ་ཏུ་བཞེས་པར་སྲས་གཅིག་བྱུང་བ་སྲིན་པོ་དང་འཁོན་པའི་བར་དུ་སྐྱེས་པས། མིང་ལ་འཁོན་བར་སྐྱེས་ཞེས་འབོད་ཅིང་། རྗེ་བཙུན་ཆེན་པོ་འཁོན་གྱི་གདུང་རྒྱུད་དུ་གྲགས་པ་སོགས་གདུང་རབས་གཉིས་པ་བྱོན་ནོ།།

     ཆོས་རྗེ་དཀོན་མཆོག་ལྷུན་གྲུབ་ཞལ་སྔ་ནས། དེ་ལྟར་འཆི་མེད་འོད་གསལ་ལྷ་ཡི་རིགས།། མ་རིགས་ལས་འཁོན་འཇམ་དབྱངས་སྤྲུལ་བའི་སྐུ།། ཞེས་གསུངས་པ་ཡང་གཟུར་གནས་ཀྱིས་བལྟས་ན་རང་བཞིན་བརྗོད་པའི་རྒྱན་དུ་མཆིས་སོ།། འཁོན་བར་སྐྱེས་དང་ཇོ་མོ་བཟའ་ལྕེ་སྨན་གཉིས་ལ་སྲས་དཔའ་བོ་ཆེ་ཞེས་བྱ་བ་འཁྲུངས་ཤིང་། ཡབ་ཀྱིས་ཡུལ་གང་བཟང་ལ་ལྟ་རུ་བཏང་བས་གཙང་ལ་སྟོད་གཉན་སེ་ཐར་གྱི་ཡ་ཚངས་ལ་ཡུལ་གྱི་དགེ་མཚན་བརྒྱད་མཐོང་ཞིང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་མདུན་ན་འདོན་དུ་གྱུར་ཏེ། རླངས་ལོ་ཙཱ་བའི་བུ་མོ་ལྷ་ས་ཁྲམ་བུ་ཁབ་ཏུ་བཞེས་པར་སྲས་ཆེ་བ་ཁམ་མཛེས་དང་། གཉིས་པ་ལྷ་ལེགས། གསུམ་པ་ཚེ་ལྷ་དབང་ཕྱུག བཞི་བ་འཁོན་ཀླུའི་དབང་པོ་མཁན་ཆེན་བོ་ངྔྷི་ས་ཏྭའི་དྲུང་དུ་རབ་ཏུ་བྱུང་ཞིང་། སློབ་དཔོན་ཆེན་པོའི་བྱིན་རླབས་ཀྱི་བདུད་རྩི་སྙིང་ལ་ཞུགས། གཅུང་གི་སྲས་རྡོ་རྗེ་རིན་ཆེན་སློབ་དཔོན་ཆེན་པོའི་དཀྱིལ་འཁོརདུ་སྨིན་པར་མཛད། གྲུབ་པའི་དབང་ཕྱུག་ཆེན་པོ་དེ་ལ་སྲས་དྲུག་བྱོན་པའི་ལྔ་བ་ཡན་ཆད་རུས་ཚོ་མང་དུ་གྱེས་ཤིང་། དྲུག་པ་ཤེས་རབ་ཡོན་ཏན་ལ་སྲས་གཉིས་བྱུང་བའི་ཆུང་བ་བྱང་དུ་མཆེད་པ་འཁོན་ཚོ་སྟོད་སྨད་གཉིས་སུ་གྱེས་པ་སོགས་གདུང་རབས་གསུམ་པ་བྱོན་ནོ། ཆེ་བ་འབྱུང་གནས་ལ་སྲས་གསུམ་བྱུང་བའི་འབྲིང་བ་ཚུལ་ཁྲིམས་རྒྱལ་པོར་སྲས་གསུམ་བྱུང་བའི་ཆེ་བ་རྡོ་རྗེ་གཙུག་ཏོར་ཤེས་རབ་སོགས་གདུང་རབས་བཞི་བ་བྱོན་ནོ།། 

     རྡོ་རྗེ་གཙུག་ཏོར་ཤེས་རབ་ལ་སྲས་བདུན་བྱུང་བའི་ཆུང་བ་དགེ་སྐྱབས་སོགས་གདུང་རབས་ལྔ་བ་བྱོན་པ། དགེ་སྐྱབས་ཀྱི་སྲས་དགེ་མཐོང་ཟེར་བ་སོགས་གདུང་རབས་དྲུག་པ་བྱོན་ནོ། དགེ་མཐོང་གི་སྲས་བལ་བོ་ཞེས་བྱ་བས་རྒྱལ་མོ་ཚ་བ་རོང་གི་བྲག་ལ་སྒྲུབ་པ་མཛད་པས་ཡི་དམ་གྱི་ལྷ་རྡོ་རྗེ་ཕུར་བས་ཞལ་གཟིགས་པ་སོགས་གདུང་རབས་བདུན་པ་བྱོན་པ། དེའི་སྲས་ཤཱཀྱ་བློ་གྲོས་ཀྱིས་གཡའ་ལུང་འཇག་གཤོང་བཏབ་པ་སོགས་གདུང་རབས་བརྒྱད་པ་བྱོན་ནོ།།

     ཤཱཀྱ་བློ་གྲོས་ཀྱི་སྲས་གཉིས་ལས་གཅེན་འཁོན་རོག་ཤེས་ཚུལ་ཁྲིམས་ཡན་ལ་ཡི་དམ་གྱི་ལྷས་ཞལ་གཟིགས་ཤིང་། མཆོག་ཐུན་གྱི་དངོས་གྲུབ་ཐོབ་པའི་རྡོ་རྗེ་འཛིན་པ་བརྒྱུད་མར་བྱོན་ཞིང་། གཅུང་འཁོན་དཀོན་མཆོག་རྒྱལ་པོ༡༠༣༤_༡༡༠༢མཆོག་གིས་སྐུ་ན་ཕྲ་དུས་སུ་ཡབ་གཅེན་གཉིས་ལས་གསང་སྔགས་རྙིང་བའི་གདམས་པ་མ་ལུས་སྦྱངས་ཤིང་། ཕྱིས་སུ་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་སོགས་མཁས་གྲུབ་ཀྱི་བླ་མ་རྣམས་ལས་ལམ་འབྲས་སོགས་གསང་སྔགས་ཕྱི་འགྱུར་པའི་བཀའ་ཆོས་ཡོངས་སུ་སྦྱངས་ནས། མཁས་པའི་སྙན་གྲགས་ཕྱོགས་ཀུན་རྒྱས་པ་དང་། བོད་རབ་བྱུང་དང་པོའི་ཆུ་མོ་གླང༡༠༧༣ལོར་ད་ལྟའི་བོད་ལྗོངས་གཞིས་ཀ་བསམ་འགྲུབ་རྩེའི་ས་སྐྱ་རྫོང་དུ་དགོན་པ་ཕྱག་འདེབས་མཛད་ཅིང་། དེ་ལ་ལྷོ་བྱང་གཉིས་སུ་གྱེས་ཏེ་བྱང་མ་དེ་ནི་དབོན་པོ་རིའི་ས་དཀར་གྱི་དབུས་སུ་ཡོད་པ་དང་། ལྷོ་མ་དེ་ནི་ཁྲོམ་ཆུའི་ལྷོ་འགྲམ་ན་ཡོད་པས། དུས་རབས་དེ་ནས་བཟུང་དཔལ་ལྡན་ས་སྐྱ་བའི་དབུ་བརྙེས་པ་སོགས་གདུང་རབས་དགུ་བ་བྱོན་ནོ།། 

     འཁོན་དཀོན་མཆོག་རྒྱལ་པོའི་ཇོ་མོ་མ་གཅིག་ཞང་མོ་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་བླ་མ་ས་ཆེན་ཀུན་དགའ་སྙིང་པོ་སྐུ་འཁྲུངས་པ་སོགས་གདུང་རབས་བཅུ་བ་བྱོན་ནོ།། དེར་ཡང་བདག་ཅག་གི་མེས་པོ་དམ་པ་ས་ཆེན་ཀུན་དགའ་སྙིང་པོ་མཆོག་ལ་སྲས་བཞི་དང་སྲས་མོ་ལྔ་འཁྲུངས་པ་ལས། ཆེ་བ་འཁོན་ཀུན་དགའ་འབར་ཞེས་བྱ་བ་རྒྱ་གར་དུ་བྱོན་པ་ཚད་པས་སྐུ་གཤེགས་ཟེར་ཤིང་། གཉིས་པ་མི་ཐུབ་ཟླ་བའི་སྤྲུལ་བ་འཁོན་རྗེ་བཙུན་བསོད་ནམས་རྩེ་མོ་མཆོག་གིས་ཡབ་མེས་ཀྱི་ཆོས་ལམ་འབྲས་དང་གསང་ཕུར་ཚད་མ་སོགས་ཐོས་བསམ་མཛད་ཅིང་། གསུམ་པ་འཁོན་རྗེ་བཙུན་གྲགས་རྒྱལ་མཚན་མཆོག་ནི་རྡོ་རྗེ་འཛིན་པའི་ཆོས་ཀྱི་རྒྱལ་སྲིད་ལ་མངའ་བསྒྱུར་བའི་གྲུབ་པའི་དབང་ཕྱུག་ཆེན་པོ་དང་། ཐོས་བསམ་སྒོམ་པའི་གྲུ་གཟིངས་ལ་བརྟེན་ནས་ཟུང་འཇུག་ནོར་བུའི་གླིང་དུ་གཤེགས་པ། ཡོན་ཏན་གྱི་དངོས་པོ་བརྗོད་པའི་མཐའ་དང་བྲལ་ཞིང་ཁ་ཆེ་པ་ཆེན་གྱིས་ཉི་ཟླ་གཟའ་འཛིན་འབྱུང་བ་ལུང་བསྟན་པར། རྗེ་བཙུན་གྲགས་པ་རྒྱལ་མཚན་ས་རྩ་རླུང་ལ་གཟིར་བས་མ་བྱུང་བ། རྡོ་རྗེ་དང་དྲིལ་བུ་ནམ་མཁར་འཇོག་ནུས་ཤིང་རང་སྒྲ་འཁྲོལ་བ། མ་མགོན་ལྕམ་དྲལ་བྲན་དུ་འཁོལ་ནུས་པ་སོགས་ངོ་མཚར་མཛད་རྗེས་མང་དུ་གྲགས་པས། བླ་མ་ས་ཆེན་ཀུན་དགའ་སྙིང་པོ་དང་། རྗེ་བཙུན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན་ཡབ་སྲས་གསུམ་ལ་ས་སྐྱ་གོང་མ་དཀར་པོ་རྣམ་གསུམ་དུ་གྲགས་ཤིང་། བཞི་བ་འཁོན་དཔལ་ཆེན་འོད་པོ་ཆེ་སོགས་གདུང་རབས་བཅུ་གཅིག་པ་བྱོན་ནོ།།

     འཁོན་དཔལ་ཆེན་འོད་པོ་ཆེ་ལ་སྲས་གཉིས་བྱུང་བ་ལས། ཆེ་བ་འཁོན་དཔལ་ལྡན་དོན་གྲུབ་ནི་སྐྱེ་བ་ཉི་ཤུ་རྩ་ལྔ་ལ་མིའི་སྲིད་པ་བཟུང་ཞིང་། འཕགས་པ་འཇམ་དཔལ་དབྱངས་ཀྱི་བྱིན་རླབས་ག་བུར་གསར་བའི་ཐིགས་པ་སྙིང་ལ་སིམ་པས་མི་ཤེས་པའི་ཚ་གདུང་རྒྱང་རིང་པོར་བསྲིངས་ཏེ། སྐུ་ན་ཕྲ་བའི་དུས་ནས་སཾ་སྐྲྀ་ཏའི་སྐད་སྨྲ་བ། ལཉྫ་དང་ཝརྟུའི་ཡི་གེ་འབྲི་བ་སོགས་སྔོན་གྱི་བག་ཆགས་སད་པའི་རྣམ་འགྱུར་དུ་མ་མཛད་ཅིང་། རྗེ་བཙུན་གྲགས་རྒྱལ་མཚན་མཆོག་གི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས་པའི་མཚན་ལ་ཀུན་དགའ་རྒྱལ་མཚན་ཞེས་གསོལ་ཞིང་། བཟོ་རིག་དང་གསོ་བ་རིག་པ། སྒྲ་རིག་པ། གཏན་ཚིགས་རིག་པ། ནང་རིག་པ་སྟེ་རིག་པའི་གནས་ཆེ་བ་ལྔ་དང་། སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་ཏེ་རིག་གནས་ཆུང་བ་ལྔ་དང་བཅས་པའི་གནས་བཅུ་ལ་མཁས་པར་སྦྱངས་པས། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་གངས་ལྗོངས་ཡུལ་དུ་བྱོན་པའི་པཎྜི་ཏ་ཐོག་མར་གྱུར་ཞིང་། ཁོང་གི་གཅུང་ཟངས་ཚ་བསོད་ནམས་རྒྱལ་མཚན་སོགས་ནི་གདུང་རབས་བཅུ་གཉིས་པ་བྱོན་ནོ།།

     ཟངས་ཚ་བསོད་ནམས་རྒྱལ་མཚན་གྱི་སྲས་ལྕམ་སྲིང་བརྒྱད་བྱུང་བའི་མ་གཅིག་ཀུན་དགའ་སྐྱིད་ཀྱི་སྲས་ཆེ་བ་བླ་མ་འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ནི་ཁུ་བོ་ས་པ་མཆོག་གི་ཆོས་རྒྱུད་འཛིན་པའི་བདག་པོར་བསྐོས་ཤིང་། བོད་ཁྲི་སྐོར་བཅུ་གསུམ་ལ་གཅིག་གྱུར་གྱིས་མངའ་དབང་མཛད་པ་སོགས་དཔལ་ལྡན་ས་སྐྱ་པའི་གདུང་རབས་བཅུ་གསུམ་བྱོན་པའི་སྐབས་སོ།། 

     ལོ་རྒྱུས་ཐོག་ཏུ་ས་ཆེན་ཀུན་དགའ་སྙིང་པོ་ཡབ་སྲས་གསུམ་ལ་ས་སྐྱ་དཀར་པོ་རྣམ་གསུམ་དང་། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དང་ཁོང་གི་ཚ་བོ་འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་རྣམ་པ་གཉིས་ལ་རབ་བྱུང་ངུར་སྨྲིག་ཅན་གྱི་ས་སྐྱ་དམར་པོ་རྣམ་གཉིས་སུ་གྲགས་ཤིང་། ཁོང་རྣམ་པའི་བསྡུས་མིང་ལ་ས་སྐྱ་གོང་མ་རྣམ་ལྔ་ཞེས་ཡོངས་སུ་གྲགས་སོ།།

     དུས་མཚུངས་སུ་ངེད་ཅག་གི་གདུང་རྒྱུད་བྱོན་པ་ལས། རྗེ་བཙུན་ཆེན་པོ་དཔལ་ལྡན་ས་སྐྱ་པའི་འཁོན་རིགས་རུས་སུ་འཁོན་ཤེས་རབ་ཡོན་ཏན་ཞེས་བྱ་བར་སྲས་གཉིས་འཁྲུངས་པའི་ཆེ་བ་ཡོན་ཏན་འབྱུང་གནས་ལ་སྲས་གསུམ་བྱུང་པ་དང་འཁོན་ཚོ་སྟོད་དཔལ་ལྡན་ས་སྐྱ་པར་མངའ་དབང་མཛད་ཅིང་། ཆུང་བ་བསྟན་པ་ནམ་མཁའ་ལངས་པ་ལ་སྲས་བདུན་བྱུང་ཞིང་འཁོན་ཚོ་སྨད་རོང་བོ་འདམ་ཁོག་ཡུལ་དབུས་གཉན་ཆེན་ཐང་ལྷའི་མདུན་ཞོལ་རོང་བོ་འདམ་ཤོག་ཆེན་བརྒྱད་ཅུར་མངའ་དབང་མཛད་པ་རེད། དེ་ཡང་འཁོན་ཤེས་རབ་ཡོན་ཏན་ནི་ས་ཆེན་ཀུན་དགའ་སྙིང་པོའི་སྲས་ཏེ། དཔལ་ལྡན་ས་སྐྱ་པའི་གདུང་རབས་བཅུ་གཅིག་པ་རྗེ་བཙུན་བསོད་ནམས་རྩེ་མོ་དང་། རྗེ་བཙུན་གྲགས་པ་རྒྱལ་མཚན། འཁོན་དཔལ་ཆེན་འོད་པོ་ཆེ་སོགས་དང་དུས་མཉམ་ཡིན་ཞིང་། འཁོན་བསྟན་པ་ནམ་མཁའ་ལངས་པས་ས་ཆེན་ཀུན་དགའ་སྙིང་པོར་སྲས་མིང་སྲིང་དགུ་ཡོད་པའི་ནང་གི་ལྕམ་སྔོན་མའི་སྲས་མོ་མ་ཅིག་མཁའ་འགྲོ་འབུམ་ཞེས་བྱ་བ་ཁབ་ཏུ་བཞེས་པ་ལས་སྲས་བདུན་བྱུང་པའི་ཆེ་བ་སྟེ། བདག་ཅག་གི་མེས་པོ་དམ་པ་རོང་ཆེན་ཀུན་དགའ་དོན་གྲུབ་ལྷ་རྗེ་བྲག་སྣ་བ་ཆེན་པོ་ཞེས་བྱ་བ་བྱོན་ཞིང་། འཁོན་ཤེས་རབ་ཡོན་ཏན་གྱི་སྲས་ཡོན་ཏན་འབྱུང་གནས་དང་བསྟན་པ་ནམ་མཁའ་ལངས་པ་གཉིས་ནི་དཔལ་ལྡན་ས་སྐྱ་པའི་གདུང་རབས་བཅུ་གཉིས་པ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དང་ཟངས་ཚ་བསོད་ནམས་རྒྱལ་མཚན་སྐུ་མཆེད་དང་དུས་མཉམ་ཡིན་པས། ས་པ་མཆོག་ནི་རོང་ཆེན་ཀུན་དགའ་དོན་གྲུབ་ལྷ་རྗེ་བྲག་སྣ་བ་ཆེན་པོའི་ཨ་ཁུ་ཡིན་ཞིང་། དཔལ་ལྡན་ས་སྐྱ་པའི་གདུང་རབས་བཅུ་གསུམ་པ་འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་མཆོག་ནི་རོང་ཆེན་ཀུན་དགའ་དོན་གྲུབ་ལྷ་རྗེ་བྲག་སྣ་བ་ཆེན་པོའི་ཚ་བོ་ཡིན་ནོ།།

      འདི་རུ་རོང་ཆེན་ཀུན་དགའ་དོན་གྲུབ་ལྷ་རྗེ་བྲག་སྣ་བ་ཆེན་པོ་ཨ་མདོའི་གསེར་ལྗོངས་ཡུལ་དུ་བྱོན་པ་ནས་བཟུང་གདུང་རབས་བཅུ་གསུམ་ཙམ་འདས་པའི་སྐབས་ཏེ་གཤམ་གསལ་ལྟར།  གདུང་རབས་ཀྱི་ཐོག་མ་ནི་རོང་ཆེན་ཀུན་དགའ་དོན་གྲུབ་ལྷ་རྗེ་བྲག་སྣ་བ་ཆེན་པོ་དང་བལ་བཟའ་ཀླུ་མོ་ཚེ་རིང་ཡབ་ཡུམ་གཉིས་ཀྱི་སྲས་ཆེ་བ་རོང་བོ་ལྷ་རྒྱལ་དཔལ་དང་། འབྲིང་བ་རོང་བོ་ཀླུ་རྒྱལ་དཔལ། ཆུང་བ་རོང་བོ་ཚེ་རིང་འབུམ་སྐུ་མཆེད་གསུམ་འཁྲུངས་པ་ནི་ལྷ་རིགས་གསུམ་མགོན་པོའི་རྣམ་སྤྲུལ་དུ་ཡོངས་སུ་གྲགས་ཤིང་། དཔལ་ལྡན་ས་སྐྱ་པའི་གདུང་རབས་བཅུ་གསུམ་པ་འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་མཆོག་དང་དུས་མཉམ་ཡིན་ནོ།།

      གདུང་རབས་གཉིས་པ། ཡབ་རྗེ་རོང་ཆེན་ཀུན་དགའ་དོན་གྲུབ་ལྷ་རྗེ་བྲག་སྣ་བ་ཆེན་པོ་སོགས་དཔལ་ལྡན་ས་སྐྱ་བའི་གདན་ས་ཆེན་པོ་ནས་ཨ་མདོར་བྱོན་རྗེས། ལྷ་རིགས་གསུམ་མགོན་པོའི་རྣམ་སྤྲུལ་རོང་བོ་ལྷ་རྒྱལ་དཔལ་དང་རྒྱ་གར་་ལེནྡྲ་ནས་མཆེད་པའི་གཙང་ལ་སྟོད་ཆོས་དབྱངས་ཀླུ་ཁྲོད་ཀྱི་སྲས་མོ་ལ་བཟའ་ཆོས་འཛིན་སྒྲོལ་མ་ཡབ་ཡུམ་གཉིས་ལ་སྲས་བཞི་དང་སྲས་མོ་གཉིས་འཁྲུངས་པ་ལས། སྲས་ཆེ་བ་ནི་མཚན་སྙན་གྱི་བ་དན་དཀར་པོ་ཨ་སྔོན་དབྱངས་སུ་གཡོ་བའི་སྒར་བའི་བླ་མ་ས་དཔྱད་པ་ལྷ་རྗེ་བསེར་བུ་རྟོགས་པ་འཇམ་དབྱངས་ཤེས་རབ་ཞེས་བྱ་བ་བྱོན་པ་དང་། ཡབ་རྗེ་རོང་ཆེན་ཀུན་དགའ་དོན་གྲུབ་མཆོག་གི་སྲས་ཆུང་བ་རོང་བོ་ཚེ་རིང་འབུམ་དང་རེབ་རོང་བ་བསྟན་པ་རྒྱལ་མཚན་གྱི་བུ་མོ་ཆོས་སྒྲོན་སྐྱིད་གཉིས་ལ་སྲས་རོང་བོ་སྤྱི་དཔོན་ནང་སོ་རོང་ཆེན་མདོ་སྡེ་འབུམ་འཁྲུངས་པ་སོགས་དང་དུས་མཉམ་ཡིན་ནོ།།

     གདུང་རབས་གསུམ་པ།  སྒར་བའི་བླ་མ་ས་དཔྱད་པ་ལྷ་རྗེ་བསེར་བུ་རྟོགས་པ་འཇམ་དབྱངས་ཤེས་རབ་མཆོག་གི་སྲས་སུ་འཁྲུངས་པའི་ཆེ་བ་སྒར་བའི་བླ་མ་ཆོས་སྐྱོང་སྐྱབས་ཀྱིས་རེབ་གོང་རོང་བོ་བློན་ཆོས་ཕྱོགས་སུ་སྟོང་དཔོན་ཐོག་མའི་ཞལ་བཞེས་པ་དང་། རོང་བོ་ནང་སོ་རོང་ཆེན་མདོ་སྡེ་འབུམ་གྱི་དྲུང་ཡིག་ཆེན་མོར་མཛད་ཅིང་། ད་དུང་སྲས་འབྲིང་བ་སྒར་བའི་ཏིང་འཛིན་འབུམ་སོགས་འཁྲུངས་སོ།།     

     གདུང་རབས་བཞི་བ། སྒར་བའི་སྟོང་དཔོན་ཆོས་སྐྱོང་སྐྱབས་ལ་སྲས་གསུམ་བྱུང་བ་ལས་སྲས་ཆེ་བ་དང་འབྲིང་བ་གཉིས་རབ་ཏུ་བྱུང་ཞིང་། ཆུང་བ་སྒར་བའི་བླ་མ་བསྟན་སྐྱོང་མཆོག་གིས་བློན་སོག་དམག་འཁྲུག་སྐབས་སུ་དམག་དཔོན་ཆེན་མོ་མཛད་ཅིང་། ཧ་ལམ་དུས་སྐབས་དེར་སྒར་བའི་བླ་མ་བསྟན་སྐྱོང་གི་མེས་པོ་སྒར་བའི་བླ་མ་ས་དཔྱད་པ་ལྷ་རྗེ་བསེར་བུ་རྟོགས་པ་འཇམ་དབྱངས་ཤེས་རབ་མཆོག་གི་ཡང་ཚ་རུ་སྒར་བའི་སྟོང་དཔོན་མཐུ་སྟོབས་རྡོ་རྗེ་ཞེས་བྱ་བ་བྱོན་ནས་རོང་བོ་བློན་ཆོས་ཕྱོགས་སུ་དཔོན་འགོ་བསྐྱངས་པར་སེམས། དུས་མཚུངས་སུ་སྒར་བའི་ཏིང་འཛིན་འབུམ་གྱི་སྲས་སྒར་བའི་འཇམ་དབྱངས་འབུམ་སོགས་འཁྲུངས་སོ།།  

      གདུང་རབས་ལྔ་བ། སྒར་བའི་བླ་མ་བསྟན་སྐྱོང་གི་སྲས་སྐལ་བཟང་རྐང་རིང་ཞེས་སྐྱེས་བུ་གཟུགས་རིང་ཞིག་འཁྲུངས་ཞིང་། སྐལ་བཟང་རྐང་རིང་གིས་མ་ཧཱ་ཙི་ནའི་རིགས་ཀྱི་བུ་མོ་ཞིག་ཁབ་ཏུ་བཞེས་ནས། སྲས་གསུམ་དང་སྲས་མོ་གཅིག་བྱུང་ཞིང་། དུས་རབས་དེ་ནས་བཟུང་རྒྱ་བཟའི་དཔོན་ཚང་གིས་ཁ་དཔེ་ལ། ངའི་ཨ་མའི་མ་ཞང་རྒྱ་ཡིན།། རྒྱ་ནག་པོའི་ཁ་ཞང་ལྕགས་ཡིན།། ཞེས་ཟེར་ཞིང་། དུས་མཚུངས་སུ་སྒར་བའི་འཇམ་དབྱངས་འབུམ་གྱི་སྲས་སྒར་བའི་བླ་མ་ཉི་འཛིན་དང་གྲུབ་ཐོབ་བདག་ཆེན་སོགས་འཁྲུངས་སོ།།

     གདུང་རབས་དྲུག་པ། སྐལ་བཟང་རྐང་རིང་གི་སྲས་ཆེ་བ་རྒྱ་བཟའི་སྟོང་དཔོན་བསེར་བུ་བསྟན་འཛིན་གྱིས་ཕ་ཁྱིམ་བཟུང་སྟེ་ད་ལྟའི་བར་དུ་ཚོ་མིང་ལ་རྒྱ་བཟའ་ཞེས་འབོད་པ་ཡོངས་སུ་གྲགས་ཤིང་། དུས་མཚུངས་སུ་སྒར་བའི་བླ་མ་ཉི་འཛིན་ལ་སྲས་བཞི་འཁྲུངས་པའི་ཆེ་བ་ཐུགས་རྗེ་ཉ་གོར་དང་། གཉིས་པ་ཏིང་འཛིན་ལག་གོར། གསུམ་པ་མགོན་ལོ། བཞི་བ་སྔགས་པ་འབུམ་ལོ་སོགས་ནི་རང་རེའི་རོང་བོ་བློན་ཆོས་སུ་དར་ཁྱབ་ཆེ་བའི་ཚོ་ཆེན་ཁག་གི་མེས་པོ་ཡིན་ནོ།།

      གདུང་རབས་བདུན་པ།  རྒྱ་བཟའི་སྟོང་དཔོན་བསེར་བུ་བསྟན་འཛིན་གྱིས་བལ་བཟའི་ལྷ་སྐྱབས་ཟེར་བའི་བུ་མོ་ལྷ་སྒྲོན་སྐྱིད་བཙུན་མོར་བླངས་ནས། སྲས་དྲུག་བྱུང་བའི་ཆེ་བ་གཡང་སྐྱབས་དང་། གཉིས་པ་དབང་བྱམས་རྒྱལ། གསུམ་པ་རྟ་མགྲིན་སྐྱབས། བཞི་བ་གསང་བདག་རྡོ་རྗེ། ལྔ་བ་རྒྱལ་མཚན་འབུམ། དྲུག་པ་རྒྱ་བཟའི་སྟོང་དཔོན་གྲགས་པ་འབྱུང་གནས་བཅས་ཡིན་ཞིང་། དུས་མཚུངས་སུ་རྒྱ་བཟའི་སྟོང་དཔོན་གཡང་སྐྱབས་ཞེས་བྱ་བ་བྱོན་ནས་སྲིད་བསྐྱངས་པས། རྒྱ་བཟའི་སྟོང་དཔོན་རྣམ་གཉིས་ཞེས་གྲགས་སྙན་ཧ་ཅང་ཆེ་བ་དང་། སྔགས་པ་འབུམ་ལོའི་བུ་བསྟན་པ་སོགས་ལ་སྔགས་ས་ཞེས་རོང་བོ་བློན་ཆོས་ཚོ་ཆེན་ཞིག་གི་མེས་པོར་གྱུར་ཏོ།།

      གདུང་རབས་བརྒྱད་པ། རྒྱ་བཟའི་སྟོང་དཔོན་གྲགས་པ་འབྱུང་གནས་དང་བོང་སྟག་སྒྲོན་དཀར་སྐྱིད་རྣམ་གཉིས་ལ་སྲས་གྲགས་ཅན་བཞི་བྱུང་བས། ཆེ་བ་རྒྱ་བཟའི་བཀའ་རྡོ་དང་། གཉིས་པ་ཆོས་སྐྱབས་རྒྱལ། གསུམ་པ་བསོད་ནམས་རྡོ་རྗེ། བཞི་བ་ཁྲོ་ཆེན་རྣམ་རྒྱལ་སོགས་ཡིན་ལ། དུས་མཚུངས་སུ་སྔགས་སའི་བསྟན་པ་ལ་བུ་གསུམ་བྱུང་བའི་རྣལ་འབྱོར་བ་ཆེན་པོ་སྔགས་སའི་ཁྱ་མོ་སིལ་སིལ་དང་། འབྲིང་བ་ཉི་མ་འབུམ། ཆུང་བ་རྡོ་རྗེ་ཐར་སོགས་འཁྲུངས་སོ།།

      གདུང་རབས་དགུ་བ། རྒྱ་བཟའི་སྟོང་དཔོན་ཁྲོ་ཆེན་རྣམ་རྒྱལ་དང་སྒོ་དམར་པདྨ་སྐྱིད་རྣམ་གཉིས་ལ་སྲས་འཇམ་དབྱངས་སྐྱབས་དང་། སྲས་མོ་ཀུན་དར་འཚོ། སྲས་འཇིགས་མེད་རབ་བརྟན་བཅས་འཁྲུངས་ཤིང་། དུས་མཚུངས་སུ་རྡོ་རྗེ་ཐར་ལ་བུ་གསུམ་བྱུང་བ་ལས་ཆེ་བ་པདྨ་ཚེ་རིང་གིས་གཉའ་ཚོ་བ་དང་། འབྲིང་བ་དཔལ་འབྱོར་ཚེ་རིང་གིས་མ་མགོ་ཚོ་བའི་གཞི་བཟུང་ཞིང་། ཆུང་བ་རོང་བོ་སོག་རུ་སྡེ་བར་མག་པ་སོང་བ་དང་བཅས་སོ།།

      གདུང་རབས་བཅུ་བ། རྒྱ་བཟའི་སྟོང་དཔོན་འཇིགས་མེད་རབ་བརྟན་དང་།  རོང་བོ་དར་སྒྲོན་དབང་མོ་རྣམ་གཉིས་ལ་སྲས་རྡོ་རྗེ་འགྱུར་མེད་དབང་རྒྱལ་དང་། ལྷ་ཆེན་དོན་གྲུབ། བཀྲ་ཤིས་གཡང་འཁྱིལ། སྐལ་བཟང་རྡོ་རྗེ། སྲས་མོ་འཇམ་དབྱངས་སྒྲོན་མ་བཅས་བྱུང་བ་དང་། དུས་མཚུངས་སུ་ཉི་མ་འབུམ་གྱི་བུ་སྔགས་སའི་འཇམ་དཔལ་དང་། རྡོ་རྗེ་ཐར་གྱི་བུ་ཆེ་བ་པདྨ་ཚེ་རིང་། འབྲིང་བ་དཔལ་འབྱོར་ཚེ་རིང་སོགས་འཁྲུངས་སོ།།

      གདུང་རབས་བཅུ་གཅིག་པ། རྒྱ་བཟའི་སྟོང་དཔོན་ཆེན་པོ་སྐལ་བཟང་རྡོ་རྗེ་དང་འཁྱམ་རུའི་དཔོན་པོའི་སྲས་མོ་ཡེ་ཤེས་བསྟན་འཛིན་དབང་མོ་རྣམ་གཉིས་ལ་སྲས་བདུན་བྱུང་བས། རྒྱ་བཟའི་སྟོང་དཔོན་སྐལ་བཟང་བུ་བདུན་ཞེས་གྲགས་ཤིང་། ཆེ་བ་ལྷ་བྷོ་དང་། གཉིས་པ་རིག་སྐྱབས། གསུམ་པ་འོད་དགེ བཞི་བ་དཔའ་རྡོ། ལྔ་བ་སེངྒེ། དྲུག་པ་པདྨ་སྟོབས་རྒྱས། བདུན་པ་གྲགས་པ་རྡོ་རྗེ་བཅས་སོ།།

      གདུང་རབས་བཅུ་གཉིས་པ། རྒྱ་བཟའི་སྟོང་དཔོན་ལྷ་བྷོ་ཞེས་བྱ་བར་གྲགས་པའི་རིགས་རྒྱུད་ལ། རྒྱ་བཟའི་བྱམས་པ་བུ་བདུན་ཞེས་བྱ་བ་ཞིག་ཡོངས་སུ་གྲགས་ཏེ། སྲས་ཆེ་བ་ཨ་ཀྱཱ་བསེར་བུ་བསྟན་འཛིན་དང་། གཉིས་པ་རྒྱ་བཟའི་སྟོང་དཔོན་ཚགས་ལོ། གསུམ་པ་འབྲུག་རྩེ་རྒྱ་ལྡང་། བཞི་བ་རྒྱ་བཟའི་པད་རིས། ལྔ་བ་ཚེ་ལོ་རྒྱ་རྒན། དྲུག་པ་ཚེ་བརྟན། བདུན་པ་དཀོན་མཆོག་སོགས་དང་། སྲས་མོ་བསོད་ནམས་སྒྲོལ་མ་སོགས་རིགས་རྒྱུད་མང་དུ་བྱོན་ནོ།།

      གདུང་རབས་བཅུ་གསུམ་པ། རྒྱ་བཟའི་སྟོང་དཔོན་ཚགས་ལོ་དང་བཙུན་མོ་བདེ་སྐྱིད་སྒྲོལ་མ་ཡབ་ཡུམ་གཉིས་ཀྱི་སྲས་ཆེ་བ་སྐུ་གཞོགས་རྒྱ་ལི་སྐུ་ཕྲེང་དང་པོ་བྱོན་པ་དང་། སྲས་གཉིས་པ་གུར་མགོན་སྲས་མཆོག་ཐོག་འབེབས་རྒྱ་བཟའི་སྐལ་ལོ་བྱོན་པ། གསུམ་པ་གྲུབ་པའི་དབང་ཕྱུག་ཆེན་མོ་བླ་མ་འཇང་ཆེན་ཚང་ཞེས་བྱ་བ་འཁྲུངས་པ་སོགས་གདུང་རབས་བཅུ་གསུམ་ཙམ་འདས་པའི་སྐབས་སོ།།

      བོད་རབ་བྱུང་བཅུ་གསུམ་པའི་མེ་ཕོ་ཁྱི༡༧༦༦ལོའི་ཚུན་ལ། རྒྱ་བཟའི་དཔོན་ཚང་ཞེས་རྒྱ་བཟའི་ཏཱ་མིན་ཆེན་ཧུ་ཞེས་ཚང་གི་མི་རབས་བཅུ་ཕྲག་འདས་པའི་གནས་ཚུལ་བཀོད་པ་གཤམ་གསལ་ལྟར། དེ་ཡང་མི་རབས་ཐོག་མ་རྒྱ་བཟའི་སྟོང་དཔོན་ཚགས་ལོ་ཡིན་པ་དང་། ཁོང་གི་སྐུ་རིང་ལ་རོང་བོ་བློན་ཆོས་ཆད་སྟངས་གསུམ་པོ་རྨ་རྒྱལ་གངས་རིའི་ཉེ་འདབས་སུ་མཆེད་པའི་ས་འཛིན་གྱི་ཐོག་མ་དང་། གདུང་རྒྱུད་ཀྱི་ཐོག་མ། མི་རབས་ཀྱི་ཐོག་མ་བཅས་ཡིན་ནོ།།

      མི་རབས་གཉིས་པ་རྒྱ་བཟའི་སྟོང་དཔོན་ཆེན་པོ་ཚགས་ལོའི་སྲས་རྒྱ་བཟའི་ཏཱ་མིན་ཆེན་ཧུ་ཐོག་མ་གུར་མགོན་སྲས་མཆོག་ཐོག་འབེབས་རྒྱ་བཟའི་སྐལ་ལོ་དང་། སྐུ་གཞོགས་རྒྱ་ལི་སྐུ་ཕྲེང་དང་པོ། བླ་མ་འཇང་ཆེན་ཚང་སྐུ་མཆེད་རྣམ་པ་ནི་རྨ་རྒྱལ་གངས་རིའི་ཉེ་འདབས་སུ་རོང་བོ་བློན་ཆོས་ཆད་སྟེང་གསུམ་པོ་མཆེད་པའི་མི་རབས་གཉིས་པ་ཡིན་ནོ།།

      མི་རབས་གསུམ་པ་རྒྱ་བཟའི་ཏཱ་མིན་ཆེན་ཧུ་གུར་མགོན་སྲས་མཆོག་ཐོག་འབེབས་སྐལ་ལོ་ལ་སྲས་གཉིས་འཁྲུངས་པའི་ཆེ་བ་ནི་རྒྱ་བཟའི་ཁྲི་བ་རིན་པོ་ཆེའམ་རྒྱ་བཟའི་ཁྲི་རྒན་ཚང་སྐུ་ཕྲེང་དང་པོ་རྗེ་བཙུན་དགེ་འདུན་ཕུན་ཚོགས་དཔལ་བཟང་པོ་དང་། སྲས་གཉིས་པ་རྒྱ་བཟའི་དཔལ་མཁར་ཡག་ཅེས་བྱ་བའམ་ཐོ་བ་སྐྱབས།  དཔལ་ཆེན་མགོན་སོགས་མི་གཅིག་ལ་མིང་གསུམ་དུ་གྲགས་པ་སྟེ། རྒྱ་བཟའི་ཏཱ་མིན་ཆེན་ཧུ་དཔོན་རབས་གཉིས་པ་ཐོ་བ་སྐྱབས་སྐུ་མཆེད་རྣམ་གཉིས་ནི་རེབ་གོང་གསེར་མོ་ལྗོངས་ནས་ཨ་མྱེས་རྨ་རྒྱལ་གངས་འདབས་སུ་མཆེད་པའི་རྗེས་སུ་མི་རབས་གསུམ་པའོ།།

      མི་རབས་བཞི་བ་རྒྱ་བཟའི་སེང་ཆེན་དུ་གྲགས་པའི་རྒྱ་བཟའི་ཏཱ་མིན་ཆེན་ཧུ་དཔོན་རབས་གསུམ་པ་ཐོ་བ་སྐྱབས་ཀྱི་སྲས་ཆེ་བ་སྐུ་གཞོགས་རྒྱ་ལི་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་དར་ཚང་དང་། གཉིས་པ་རྒྱ་བཟའི་ཏཱ་མིན་ཆེན་ཧུ་དཔོན་རབས་གསུམ་པ་ཨ་ལགས་གཟུངས་ཤུལ་ཚང་། གསུམ་པ་ཨ་དགའ་བླ་བྷོ། བཞི་བ་རྭ་རྒྱའི་བླ་མ་ཆོས་མཛད་ཚང་སོགས་སྐུ་མཆེད་རྣམ་པ་ནི་རྒྱ་བཟའི་དཔོན་ཚང་གི་མི་རབས་བཞི་བའོ།། 

      མི་རབས་ལྔ་བ་རྒྱ་བཟའི་ཏཱ་མིན་ཆེན་ཧུ་དཔོན་རབས་གསུམ་པ་ཨ་ལགས་གཟུངས་ཤུལ་ཚང་གི་སྲས་རྒྱ་བཟའི་ཏཱ་མིན་ཆེན་ཧུ་དཔོན་རབས་བཞི་བ་ཨ་དགའ་ཡི་ལོ་མཆོག་ནི་རྒྱ་བཟའི་དཔོན་ཚང་གི་མི་རབས་ལྔ་བའོ།།

      མི་རབས་དྲུག་པ་རྒྱ་བཟའི་ཏཱ་མིན་ཆེན་ཧུ་དཔོན་རབས་བཞི་བ་ཨ་དགའ་ཡི་ལོའི་སྲས་ཆེ་བ་སྐུ་གཞོགས་རྒྱལ་བ་ཚང་དང་། གཉིས་པ་རྒྱ་བཟའི་ཏཱ་མིན་ཆེན་ཧུ་དཔོན་རབས་ལྔ་བ་དཔོན་ཚང་རབ་ལོ་དང་། གསུམ་པ་རྒྱ་བཟའི་ཏཱ་མིན་ཆེན་ཧུ་དཔོན་རབས་དྲུག་པ་དཔོན་ཚང་དགྲ་འདུལ་སོགས་ནི་རྒྱ་བཟའི་དཔོན་ཚང་གི་མི་རབས་དྲུག་པའོ།།

      མི་རབས་བདུན་པ་རྒྱ་བཟའི་ཏཱ་མིན་ཆེན་ཧུ་དཔོན་རབས་ལྔ་བ་དཔོན་ཚང་རབ་ལོས་ཡུལ་སྐྱོང་དཔོན་པོ་གཅོད་རྒན་གྱི་སྲས་མོ་ཁབ་ཏུ་བཞེས་ནས། སྲས་སྲས་ཆེ་བ་དཔོན་ཚང་བསོད་རྒྱ་དང་། གཉིས་པ་དཔོན་ཚང་བཤད་སྒྲུབ། གསུམ་སྲས་མོ་དཔལ་མོ། བཞི་བ་མཁའ་འགྲོ་ཐར་སོགས་ཡོད་ཅིང་། ཕྱིས་སུ་གཡོན་གཞིས་དཔོན་པོ་མཁས་ཆེན་བུ་མོ་ལྷ་རིས་སྐྱིད་ཁབ་ཏུ་བསུས་ནས། སྲས་ཆེ་བ་དཔོན་ཚང་དགེ་འཕེལ་དང་། གཉིས་པ་དཔོན་ཚང་ཆོས་གྲུབ། གསུམ་པ་དཔོན་ཚང་ལོ་བརྒྱ། བཞི་བ་དཔོན་ཚང་ཚུལ་ཁྲིམས། ལྔ་བ་དཔོན་ཚང་ཆོས་འབྱོར་སོགས་སྐྱེས་ཤིང་། དྲུག་པ་སྲས་མོ་རྟ་མོ་དང་བདུན་པ་ཕག་མོ་ཐར་སོགས་སྲས་མིང་སྲིང་བདུན་བྱུང་བ་ལས། བསྡོམས་པས་སྲས་དང་སྲས་མོ་བཅུ་གཅིག་བྱུང་བ་དང་། དེའི་དུས་སུ་རྒྱ་བཟའི་ཏཱ་མིན་ཆེན་ཧུ་དཔོན་རབས་དྲུག་པ་དཔོན་ཚང་དགྲ་འདུལ་དང་ལྕམ་སྔོན་མའི་སྲས་ཆེ་བ་དཔོན་ཚང་དབུ་ལོ་དང་། གཉིས་པ་དཔོན་ཚང་རྟ་རྒྱལ། གསུམ་པ་དཔོན་ཚང་སྐུ་ལོ་སོགས་དང་། ཕྱིས་སུ་དཔོན་ཚང་དགྲ་འདུལ་དང་དཔོན་མོ་གཡུ་ཁོ་གཉིས་ཀྱི་སྲས་ཆེ་བ་དཔོན་ཚང་སྐལ་བཟང་། གཉིས་པ་དཔོན་ཚང་བན་འགྲོ། གསུམ་པ་སྲས་མོ་ལྷ་པོ་སོགས་ནི་རྒྱ་བཟའི་དཔོན་ཚང་གི་མི་རབས་བདུན་པའོ།།

      མི་རབས་བརྒྱད་པ་དཔོན་ཚང་བཤད་སྒྲུབ་ཀྱིས་རྐང་ཚའི་ཆེན་ཧུ་དཔལ་བཟང་གི་ཚ་མོ་དབང་མོ་ཁབ་ཏུ་བཞེས་ནས་སྲས་ཆེ་བ་མགོན་པོ་སྐྱབས་དང་། གཉིས་པ་སྟག་ལྷ་རྒྱལ། གསུམ་པ་ཚེ་དབང་རིག་འཛིན། བུ་མོ་ལྷ་མོ་འཚོ་སོགས་བྱུང་བ་ས་ཁྱི་ལོའི་དམག་འཁྲུག་ནང་དུ་ཡོངས་སུ་ཚེ་ལས་འདས་ཤིང་། ཁོང་དང་སེར་འགོག་དཔོན་པོའི་ཚ་མོ་བསོད་ནམས་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས་པའི་རོང་ཆེན་ལྷ་རྒྱལ་དཔལ་དང་། དཔོན་ཚང་ཆོས་གྲུབ་ཀྱི་སྲས་དཔོན་ཚང་སྐལ་བཟང་རྒྱལ། དཔོན་ཚང་ཆོས་འབྱོར་གྱི་སྲས་དཔོན་ཚང་ཚེ་སྟོབས། ཐུབ་བསྟན་བློ་བཟང་ཆོས་ཀྱི་རྒྱལ་མཚན། གདུགས་དཀར་འབུམ་སོགས་དང་། དཔོན་ཚང་ཚུལ་ཁྲིམས་ཀྱི་སྲས་དཔོན་ཚང་ལྷ་ཆེན་རྒྱལ་དང་མགོན་རྒྱལ་སོགས། དཔོན་ཚང་དབུ་ལོའི་སྲས་ཆེ་བ་དཔལ་ཆེན་དང་། གཉིས་པ་སྐལ་པེ། གསུམ་པ་ངག་དབང་། བཞི་བ་འབྲུག་འབུམ་རྒྱལ་སོགས། དཔོན་ཚང་སྐལ་བཟང་གི་སྲས་ཆེ་བ་དཔོན་ཚང་དབང་རྒྱལ་དང་། གཉིས་པ་ཀླུ་པོ་འམ་དཔལ་ལྡན་རྒྱལ། གསུམ་པ་དཔལ་ལོ། བཞི་བ་ཀུན་མཁྱེན་སོགས། དཔོན་ཚང་བན་འགྲོའི་སྲས་ཆེ་བ་སངས་བྷོ་དང་། གཉིས་པ་པདྨ་ཚེ་རིང་། གསུམ་པ་རིག་ཡག་སོགས་ནི་རྒྱ་བཟའི་དཔོན་ཚང་གི་མི་རབས་བརྒྱད་པ་དང་དུས་མཉམ་གྱི་བུ་སྤུན་དུ་གྱུར་ཏོ།།

      མི་རབས་དགུ་བ་རོང་བོ་ལྷ་རྒྱལ་དཔལ་གྱི་སྲས་ཆེ་བ་རོང་བོ་ལྷ་མཁར་ཡག་དང་། གཉིས་པ་རོང་བོ་ལྷ་འབུམ་བྱམས། གསུམ་པ་རོང་བོ་ཁྲི་སྲོང་ནོར་བུ། སྲས་མོ་ཆེ་བ་ལྷ་མཚོ་སྐྱིད། གཉིས་པ་ལྷ་མོ་གཡུ་སྒྲོན་སོགས། དཔོན་ཚང་སྐལ་བཟང་རྒྱལ་གྱི་སྲས་དགེ་འདུན་ཆོས་འཕེལ་སོགས། དཔོན་ཚང་གདུགས་དཀར་འབུམ་གྱི་བུ་ཆེ་བ་སྟག་འབུམ་ཐར་དང་། ཆུང་བ་ཀརྨ་ཐུབ་བསྟན་སོགས།  དཔོན་ཚང་དབང་རྒྱལ་གྱི་སྲས་ཟོན་ཐར་རྒྱལ་དང་ཁམས་ཐར་རྒྱལ། དཔོན་ཚང་དཔལ་ཆེན་གྱི་སྲས་ཆེ་བ་ཀི་པོ་དང་། གཉིས་པ་ཚེ་མགོན་རྒྱལ། གསུམ་པ་ཕྱུགས་སྐྱབས་རྒྱལ། བཞི་བ་ཤེར་སེང་སྐྱབས་སོགས། དཔོན་ཚང་སྐལ་བྷེའི་སྲས་ཆེ་བ་ཟོན་ཐར་མགོན་དང་། གཉིས་པ་ལྕགས་དགེ། གསུམ་པ་རྟ་ལོ་སོགས། དཔོན་ཚང་འབྲུག་འབུམ་རྒྱལ་གྱི་སྲས་ཆེ་བ་རྟ་སེང་རྒྱལ་དང་། གཉིས་པ་གནམ་བྱམས་ཐར་སོགས། དཔོན་ཚང་དབང་རྒྱལ་གྱི་བུ་ཟོན་ཐར་རྒྱལ་དང་བུ་མོ་ལྕགས་མོ་སྐྱིད་། དཔོན་ཚང་པདྨ་ཚེ་རིང་གི་བུ་མོ་ཕག་མོ་བདེ་སྒྲོན་དང་ཚེ་རིང་འཚོ། དཔོན་ཚང་རིག་ཡག་གི་བུ་བཀྲ་ཤིས་སྡེ་སྣོད་འཛིན་སོགས་ནི་རྒྱ་བཟའི་དཔོན་ཚང་གི་མི་རབས་དགུ་བའོ།།

      མི་རབས་བཅུ་བ་དཔོན་ཚང་བཤད་སྒྲུབ་ཀྱི་ཚ་བོ་དོན་གྲུབ་དང་། བློ་བཟང་། ཆབ་ཁོ་སོགས། དཔོན་ཚང་ཆོས་གྲུབ་ཀྱི་ཚ་བོ་གཡང་འབུམ་དང་གནམ་བྱམས་སོགས། དཔོན་ཚང་ལོ་བརྒྱའི་ཚ་བོ་ལྷ་དབང་དང་། ཀུན་ཐར་རྒྱལ། སྟག་འབུམ་ཐར། ཀརྨ་ཐུབ་བསྟན་སོགས་། རོང་བོ་ལྷ་རྒྱལ་དཔལ་གྱི་ཚ་བོ་རོང་བོ་ཚེ་རིང་དོན་གྲུབ་དང་། རོང་བོ་སྐལ་བཟང་ནོར་བུ་སོགས། དཔོན་ཚང་ཆོས་འབྱོར་གྱི་ཚ་བོ་གཡང་སྟོབས་རྒྱལ་དང་། ཟླ་བ་གྲགས་པ། ཚེ་དཔག་སྐྱབས་སོགས། དཔོན་ཚང་ཚུལ་ཁྲིམས་ཀྱི་ཚ་བོ་པདྨ་རིག་འཛིན་དང་། དཔོན་ཚང་ཀི་པོའི་བུ་ལྷ་བཙན་རྒྱལ་དང་ཀུན་ཐར་རྒྱལ། དཔོན་ཚང་ཚེ་མགོན་རྒྱལ་གྱི་བུ་བསོད་སྟོབས་རྒྱལ། དཔོན་ཚང་ཟོན་ཐར་མགོན་གྱི་བུ་གཡང་འབུམ་རྒྱལ་དང་། དཔོན་ཚང་འབྲུག་འབུམ་རྒྱལ་གྱི་ཚ་བོ་ཀུན་བཟང་རྒྱལ་དང་། ལྕགས་བྱམས་རྒྱལ་སོགས་ནི་རྒྱ་བཟའི་དཔོན་ཚང་གི་མི་རབས་བཅུ་བ་ཡིན་ཞིང་དུས་མཉམ་གྱི་སྤུན་མཆེད་ཡིན་པ་དང་བཅས་སོ།།

      དེ་བས་ན་དཔལ་ལྡན་ས་སྐྱ་པའི་གདུང་རྒྱུད་བྱོན་པ་ལས། རྗེ་བཙུན་ཆེན་པོའི་རིགས་ཏེ་གནམ་ལྷ་ལྕེ་རིང་དང་གཡུ་རིང་། གཡུ་བསེ་སྐུ་མཆེད་གསུམ་བྱོན་པ་ལས། ཆུང་བས་མི་རྗེ་མཛད་དེ་གཡུ་བསེ་ཕྱི་ལ་བུ་བཞི་བྱུང་བ། ལྡོང་གི་རུས་ཆེན་བཅོ་བརྒྱད་དང་འཁྲུགས་པས་གནམ་ལྷ་གཡུ་རིང་གིས་གྲོགས་མཛད་ནས་བྲན་དུ་བཀོལ་བ་སོགས་གདུང་རབས་ཐོག་མ་བྱོན་པ་ནས་བཟུང་སྟེ། ས་ཆེན་གོང་མ་འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་སྐུ་རིང་བར་ལ་གདུང་རབས་བཅུ་གསུམ་བྱོན་པ་དང་། ཡབ་རྗེ་རོང་ཆེན་ཀུན་དགའ་དོན་གྲུབ་ལྷ་རྗེ་བྲག་སྣ་བ་ཆེན་པོ་དང་བལ་བཟའ་ཀླུ་མོ་ཚེ་རིང་ཡབ་ཡུམ་གཉིས་ཀྱི་སྲས་ཆེ་བ་རོང་བོ་ལྷ་རྒྱལ་དཔལ་དང་། འབྲིང་བ་རོང་བོ་ཀླུ་རྒྱལ་དཔལ། ཆུང་བ་རོང་བོ་ཚེ་རིང་འབུམ་སྐུ་མཆེད་གསུམ་འཁྲུངས་པ་དང་། དཔལ་ལྡན་ས་སྐྱ་པའི་གདུང་རབས་བཅུ་གསུམ་པ་འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་མཆོག་དང་དུས་མཉམ་ཡིན་པ་ནས་བཟུང་སྟེ། རྒྱ་བཟའི་སྟོང་དཔོན་ཚགས་ལོ་དང་བཙུན་མོ་བདེ་སྐྱིད་སྒྲོལ་མ་ཡབ་ཡུམ་གཉིས་ཀྱི་སྲས་ཆེ་བ་སྐུ་གཞོགས་རྒྱ་ལི་སྐུ་ཕྲེང་དང་པོ་བྱོན་པ་དང་། སྲས་གཉིས་པ་གུར་མགོན་སྲས་མཆོག་ཐོག་འབེབས་རྒྱ་བཟའི་སྐལ་ལོ་བྱོན་པ། གསུམ་པ་གྲུབ་པའི་དབང་ཕྱུག་ཆེན་མོ་བླ་མ་འཇང་ཆེན་ཚང་ཞེས་བྱ་བ་འཁྲུངས་པ་སོགས་གདུང་རབས་བཅུ་གསུམ་ཙམ་འདས་པར་སེམས་ཞིང་། ཕྱིས་སུ་རྒྱ་བཟའི་དཔོན་ཚང་གི་མི་རབས་ཐོག་མ་རྒྱ་བཟའི་སྟོང་དཔོན་ཚགས་ལོ་ནས་བཟུང་སྟེ།  ད་ལྟ་དུས་རབས་ཉེར་གཅིག་པ་བོད་རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་སྟག་གི་དུས་སུ་རོང་ཆེན་ལྷ་རྒྱལ་དཔལ་གྱི་ཚ་བོ་ཚེ་རིང་དོན་གྲུབ་དང་སྐལ་བཟང་ནོར་བུ་སོགས་ཀྱི་བར་ལ་མི་རབས་བཅུ་ཙམ་འདས་ཤིང་ཧ་ལམ་དཔལ་ལྡན་ས་སྐྱ་པའི་གདུང་རབས་སུམ་ཅུ་སོ་དྲུག་ཙམ་འདས་པའི་དུས་སུ་སླེབས་སོ།།

      གཞན་ཡང་རྒྱ་བཟའི་ཏཱ་མིན་ཆེན་ཧུ་དཔོན་ཚང་དགྲ་འདུལ་ཀྱི་ཚ་བོ་རྭ་རྒྱའི་ཨ་ལགས་སྨན་ཤུལ་ཚང་དང་། གཉིས་པ་བཙན་གུའི་བླ་ཐོ། གསུམ་པ་བཙན་གུའི་པ་ཆེན། བཞི་བ་བཙན་གུའི་བསོད་གྲགས།  ལྔ་བ་བཙན་གུའི་བུ་བྷོ་སོགས་དང་། སྔགསསའི་དཔོན་སྐོར་ཚེ་བརྟན་དང་། བསྟན་འགྲུས། ཡུལ་སྐྱོང་སྟག་ལོ་རྒྱལ་སོགས་དང་། དཔོན་ཚང་དབུ་ལོའི་ཚ་བོ་བལ་བཟའི་ཆོས་འབུམ་ཐར་དང་། ཐབས་མཁས། ཡི་དམ། གསང་བདག རོང་སྐོར་རབ་བརྟན་དབང་ཕྱུག་དང་། སྒྲོལ་མ་འབུམ། དོན་གྲུབ་རྒྱལ། བློ་གསལ། དཔོན་ཚང་སངས་བྷོའི་ཚ་བོ་ཆེ་བ་བསྟན་གསལ་དང་། གཉིས་པ་སངས་རྒྱས་འབུམ། གསུམ་པ་ཟོན་ཐར་མགོན་སོགས་བུ་རབས་ཚ་རྒྱུད་གྲངས་ལས་འདས་པ་བྱུང་དང་འབྱུང་བཞིན་ཡོད་ཅིང་། མདོར་ན་ད་ལྟ་རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་སྟག༢༠༡༠ལོའི་བར་ལ། བོད་ཆོལ་ཁ་གསུམ་གྱི་བླ་རི་ཡུལ་སྐྱོང་རྨ་རྒྱལ་སྦོམ་རའི་གངས་འདབས་སུ་མཆེད་ཡོད་པའི་རྨ་ཡུལ་རོང་བོ་བློན་ཆོས་ཆད་སྟངས་གསུམ་པོ་སྟེ། རྒྱ་བཟའ་ལོ་བ་སྔགས་ས་གསུམ། བལ་བཟའ་སྐྱ་ར་དམེ་གླང་གསུམ། རྟ་བོ་དམེ་ཚང་སྒུར་རུ་ཚོ་དྲུག་གསུམ་སོགས་ཤོག་ཆེན་དགུ་དང་ཤོག་ཆུང་བརྒྱད་ཅུ་རྩ་གྲངས། ཁྱིམ་གྲངས་ཉིས་སྟོང་ལྷག་ཙམ། མི་གྲངས་ཆིག་ཁྲི་ཡས་མས་སོགས་འཕེལ་རྒྱས་སུ་སོང་འདུག་པ་དང་། རྗེ་བཙུན་ཆེན་པོ་འཁོན་གྱི་གདུང་རྒྱུད་བྱོན་པ་ནས་འགྲོ་མགོན་ཆོས་རྒྱལ་འཕགས་པ་བར་ལ་དཔལ་ལྡན་ས་སྐྱ་བའི་གདུང་རབས་བཅུ་གཅུ་གསུམ་ཙམ་དང་། ཡབ་རྗེ་རོང་ཆེན་ཀུན་དགའ་དོན་གྲུབ་ལྷ་རྗེ་བྲག་སྣ་བ་ཡབ་སྲས་ནས་རྒྱ་བཟའི་སྟོང་དཔོན་ཚགས་ལོའི་སྐུ་རིང་བར་ལ་གདུང་རབས་བཅུ་གསུམ་ཙམ། རྒྱ་བཟའི་ཏཱ་མིན་ཆེན་ཧུ་གུར་མགོན་སྲས་མཆོག་ཐོག་འབེབས་སྐལ་ལོ་ནས་ད་ལྟ་རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་སྟག༢༠༡༠ལོའི་བར་ལ་རྒྱ་བཟའི་ཏཱ་མིན་ཆེན་ཧུ་ཚང་གི་གདུང་རབས་དང་མི་རབས་སུམ་ཅུ་སོ་དྲུག་ཙམ་བྱོན་ཟིན་པའི་སྐབས་སོ།།

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་བརྩམས་པའི་༼རྒྱ་བཟའི་ཏཱ་མིན་ཆེན་ཧུ་ཚང་གི་རུས་མཛོད་བསྡུས་པ་ཁ་བ་དཀར་པོའི་མེ་ཏོག༽ཅེས་བྱ་བ་ལས་དཔལ་ལྡན་ས་སྐྱ་བ་དབུ་བརྙེས་པ་ནས་རྒྱ་བཟའི་ཏཱ་མིན་ཆེན་ཧུ་ཚང་གི་གདུང་རབས་རིམ་བྱོན་སོགས་སུམ་ཅུ་སོ་དྲུག་གསལ་བོར་བརྗོད་པའི་ལེའུ་སྟེ་བརྒྱད་པ་ལས་བཤུས་སོ།།

 

                                     ༄༅།།མགོ་ལོག་ཚ་ཁོ་ལྷ་སྡེ་ཕྱུག་མོའི་ལོ་རྒྱུས་རགས་བསྡུས་རིན་ཆེན་མུ་ཏིག་

                                                    ནོར་བུའི་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ།

      ༄༅།།དེ་ཡང་འཛམ་གླིང་ས་འཛིན་བུ་མོའི་ཁྱོན་ཡོངས་སུ་གངས་རི་ར་བའི་བསྐོར་བའི་ཞིང་ཁམས་སུ་ཚ་ཁོ་ལྷ་སྡེ་ཕྱུག་མོ་ཞེས་བྱ་བ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མཛོ་རྒན་ར་བར་གྲོང་རྡལ་གྱི་མངའ་ཁུངས་སུ་བེར་རྒན་རུ་ཆེན་དང་ཅེར་མེ་རུ་ཆེན་གཉིས་སུ་གྱིས་ཤིང་། ད་ལྟ་ཁྱིམ་གྲངས་སུམ་བརྒྱ་ལྷག་དང་མི་གྲངས་ཉིས་སྟོང་ལྷག་ཙམ་ཡོད་པ་དང་། ཐོག་མར་ཤར་རྒྱལ་མོ་ཚ་བ་རོང་གི་ལྕགས་ལ་དང་། མགོ་སྨད་དམ་ཀ་ལ། མགོ་སྟོད། དགེ་ཤིས་རྩ། པ་ཝམ། བྲག་སྟེང་། མུ་ཕྱི། མདའ་མདོ། འོག་གཞི། བཙན་ལྷ། ལུང་དགུ། རྒྱལ་ཁ། སོ་མང་། ཅོག་ཙེ། རྫི་འགག བསྟན་པ། ཁྲོ་སྐྱབས། ཆུ་ཆེན་སོགས་ཀྱི་དབུས་སུ་ལྷ་རི་རྒྱལ་མོ་དམུ་རྡོ་ལྷིང་ངེར་བཞུགས་ཤིང་། མདུན་ན་རྒྱལ་མོ་རྔུལ་ཆུ་ལྷུང་ལྷུང་འབབ་ཞིང་བཀྲ་ཤིས་དགེ་མཚན་ཕུན་སུམ་ཚོགས་པའི་མཁའ་མཉམ་ཀྱི་ནོར་འཛིན་ཡོངས་སུ་གཡོས་པའི་མཐའ་འཁོར་དུ་རྒྱལ་མོ་ཚ་བ་རོང་གི་རྒྱལ་ཕྲན་བཅོ་བརྒྱད་ཅེས་སུ་གྲགས་པའི་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་རྒྱལ་མོ་ཚ་བ་རོང་གི་རྒྱལ་པོ་ཐོག་མ་མདོ་བཞེར་ནག་པོ་ཞེས་བྱ་བའི་གདོང་རིགས་ལས་མཆེད་ཅིང་། བོད་ཀྱི་ལོ་རྒྱུས་མདོ་སྨད་ཆོས་འབྱུང་ལས་རྒྱལ་མོ་ཚ་བ་རོང་གི་བོད་མིའི་རུས་ནི་སྦྲ་ཡིན་ཏེ། རིགས་དེར་ཚ་ཁོ་རང་སྐད་ལ་ཤྩི་ཟེར། དེ་ཡང་བོད་ཀྱི་རིགས་ལ་བསྭེ། དམུ། ལྡོང་། སྟོང་དང་བཞི། རིགས་བཟང་རྣམས་ལ་སྔར་ཞང་པོ་ཟེར་ལ་ཕྱིས་སུ་ལྷ་རིགས་ཟེར། བསྭེ་རིགས་བཟང་རྣམས་ལ་བསྭེ་ཆུང་སྦྲ་ཟེར། དམུ་རིགས་བཟང་རྣམས་ལ་དམུ་ཚ་སྒ་ཟེར། ལྡོང་རིགས་བཟང་རྣམས་ལ་ཨ་སྤྲོ་ལྡོང་ཟེར། སྟོང་རིགས་བཟང་རྣམས་ལ་ཨ་ལྕགས་འབྲུ་ཟེར། རིགས་བཞིའི་སྟེང་དུ་དབལ་དང་ཟླ་གཞིས་ཏེ་དྲུག་ལ་མིའུ་གདུང་དྲུག་ཏུ་གྲགས་ཞེས་གསུངས། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ཐང་བོད་དམག་འཁྲུག་སྐབས་སུ་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་མངའ་ཐང་རབ་ཏུ་རྒྱས་ནས་ཐང་རྒྱལ་རྒྱལ་རབས་ཀྱི་མཐའ་ཁུལ་གྲོང་རྡལ་མང་པོ་ལྷག་མེད་དུ་བཅོམ་ཞིང་། རྒྱ་བོད་མཐའ་མཚམས་སྲུང་བའི་བོད་དམག་འབུམ་ཕྲག་དུ་མ་གནས་འདིར་གཏན་སྡོད་བྱས་མྱོང་པ་ནི་ཤར་རྒྱལ་མོ་ཚ་བ་རོང་གི་ས་ཆ་ཡིན་པ་དང་། ཤར་རྒྱལ་མོ་ཚ་བ་རོང་གི་ཚ་ཁོ་ཞེས་པ་ནི་བོད་ཀྱི་ས་གནས་གཞན་ལས་ཀྱང་ཚ་བ་ཅུང་ཙམ་ཆེ་ཞིང་གྲོ་ནས་སྲན་གསུམ་སོགས་འབྲུ་རིགས་ལོ་ལེགས་རྟག་ཏུ་འབྱུང་བའི་རོང་ཁོག་ཡིན་པས། རྒྱལ་རོང་། ཐེ་རོང་། དགུ་རོང་། རོང་བོ་རེབ་གོང་བཞི་ལ་མདོ་སྨད་ཀྱི་རོང་ཆེན་བཞི་རུ་གྲགས་ཤིང་། ཤར་རྒྱལ་མོ་ཚ་བ་རོང་དང་། ལྷོ་ཚ་བ་རོང་། ནུབ་ཀོང་པོ་རོང་། བྱང་ཨ་སྟག་རོང་བཞི་ལ་བོད་གངས་ཅན་གྱི་རོང་ཆེན་བཞི་ཡང་ཟེར་ཞིང་། ཤར་རྒྱལ་མོ་ཚ་བ་རོང་ལ་བོད་གྱི་མཐའ་མཚམས་སྲུང་བའི་རྒྱལ་ཕྲན་བཅོ་བརྒྱད་ཅེས་མཚན་སྙན་གྱི་བ་དན་དཀར་པོ་ཨ་སྔོན་དབྱིངས་སུ་བསྒྲེངས་ཤིང་། ད་ལྟའི་བར་དུ་ཡང་ཤར་རྒྱལ་མོ་ཚ་བ་རོང་གི་ཡུལ་གྲུ་སོ་སོར་རྩེ་མོ་དགུང་ལ་བསྙེགས་པའི་གནའ་ཤུལ་གྲགས་ཅན་རྡོ་མཁར་བཙན་རྫོང་རེ་རེར་བཞིན་ལྷིང་ངེར་འདུག་པ་ནི་ང་རང་ཚོའི་མིག་དབང་གི་བདུད་རྩིའི་གསེས་སུ་གྱུར་ཐུབ་པ་ལས་མ་འདས་སོ།།

      རྗེ་བཙུན་དམུ་དགེ་བསམ་གཏན་མཆོག་གིས་མཛད་པའི༼བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང༽ཞེས་བྱ་བ་ལས། རྒྱལ་མོ་ཚ་བ་རོང་གི་ཡུལ་མི་རྣམས་ལ་ཚ་ཁོ་ཞེས་འབོད་པའི་རྒྱུ་མཚན་ནི། སྐབས་ཤིག་བོད་ལྷ་བཙན་པོ་ཁོ་ཕན་ཞེས་པའི་བློན་པོ་ཞིག་མངགས་ནས་ཡུལ་འདིའི་སྲིད་དཔོན་དང་དམག་དཔོན་བྱས། འདིའི་རྒྱལ་ཕྲན་ཁང་ཤུལ་ནི་རྫི་འགག་སྲིབ་ངོས་ན་ཡོད། དེ་ལ་བཙན་པོའི་སྲིད་གཞུང་གིས་བཀའ་ཤོག་དང་ཆབ་ཤོག་ཐོག་ཏུ། རྒྱལ་མོ་ཚ་བ་རོང་གི་ཁོ་ཕན་ལ་ཞེས་དང་། ཚ་བ་རོང་གི་ཁོ་ཕན་ལ་ཞེས་པའི་ཚིག་བསྡུས་ཏེ། ཚ་ཁོ་ལ་བྲིས་པ་སོགས་ཀྱི་རྐྱེན་གྱིས་དཔོན་དེ་ལ་ཚ་ཁོ་ཞེས་ཐོགས་པ་དང་། ཕྱིས་སུ་ཡུལ་མི་རྣམས་ལ་ཡང་རིམ་གྱིས་ཚ་ཁོ་ཞེས་ཐོགས་པ་ཡིན། འདི་ཡང་རུས་མཛོད་འགའ་ཞིག་ཏུ་བཤད་པ་བཞིན་༼མདོ་སྨད་ཆོས་འབྱུང༽དུའང་བཀོད་འདུག་པ་ལྟར་རེད་ཅེས་གསུངས་ཡོད།།

     འདིར་ཡང་ཧ་ལམ་ལོ་ངོ་ཉིས་བརྒྱ་དང་ལྔ་བཅུའི་ཡས་མས་སུ་ཆིན་རྒྱལ་རབས་ཀྱི་གོང་མ་ལྷ་སྐྱོང་རྒྱལ་པོ་འམ་ཆེན་ལུང་ཁྲི་ལོ་སོ་གཅིག་པ་སྟེ། བོད་རབ་བྱུང་བཅུ་གསུམ་པའི་མེ་ཕོ་ཁྱི1766ལོའི་ཡས་མས་སུ་ཚ་ཁོ་དཔོན་པོ་རྣམ་འཇོམས་སྐུ་རིང་ལ་རྨེ་རྒྱལ་པོ་དང་ནང་མ་མཐུན་པར་མཚོ་སྔོན་ཕྱོགས་སུ་ཚ་ཁོ་གདུང་རྒྱུད་མཆེད་ནས། ད་ལྟའི་བར་ལ་དཔོན་རབས་ལྔ་ཙམ་འདས་པ་སྟེ། དཔོན་རབས་དང་པོ་རྣམ་འཇོམས་དང་། དཔོན་རབས་གཉིས་པ་ཆོས་དབྱིངས། དཔོན་རབས་གསུམ་པ་བསྟན་གསལ། དཔོན་རབས་བཞི་བ་དཔལ་འགྲུས། དཔོན་རབས་ལྔ་བ་སྨིན་གྲོལ་སོགས་ཡིན་ཞིང་། དཔོན་རབས་དང་པོ་རྣམ་འཇོམས་དང་། ཆོས་དབྱིངས། ཚ་ཁོ་བླ་མ་ངག་དབང་མཆོག་གསལ་རྒྱ་མཚོ་སོགས་ནི་ཤར་རྒྱལ་མོ་ཚ་བ་རོང་གི་ཚ་ཁོ་ལྷ་སྡེ་ཕྱུག་མོའི་གདུང་རྒྱུད་མཚོ་སྔོན་ཕྱོགས་སུ་མཆེད་ནས་སྟོང་གི་མཛོ་རྒན་ར་བར་སོགས་སུ་ས་འཛིན་གྱི་ཐོག་མར་གྱུར་ཏོ། ཁྱད་པར་དུ་བོད་རབ་བྱུང་བཅོ་ལྔ་བའི་མེ་ཕོ་རྟ1906ལོའི་ཡས་མས་སུ་ཀྲུང་ཧྭ་མིན་གོའི་སྐབས་སུ་དཔོན་རབས་དང་པོ་རྣམ་འཇོམས་ཀྱི་ཕ་སྤུན་དུ་གྱུར་བའི་ཚ་ཁོ་དཔོན་ཕྲུག་ཚོགས་རིས་རིང་ལ། མགོ་ལོག་གཙང་ཚང་དང་ཚ་ཁོ་ཚོ་བ་གཉིས་ནང་མ་མཐུན་པར་མཱ་པུའུ་ཧྥང་སྲིད་གཞུང་གིས་མགོ་ལོག་ལ་དམག་སྣ་དྲངས་ནས་ཕྱིར་ལམ་དུ་ཆོས་རྗེ་རྒྱ་མཁར་གྱི་རྩྭ་ས་མེར་ཤོར་བའི་དབང་གིས་ཚ་ཁོ་དཔོན་ཕྲུག་ཚོགས་རིས་ལ་མ་ཉེས་ཁ་གཡོག་བྱས་ནས་འཛིན་བཟུང་བྱས་ཏེ། གསོད་ཁྲིམས་བཅད་ཅིང་མེ་མདའ་དང་མཚོན་ཆ་སོགས་ཀྱིས་མ་ཆོད་པར་རྡོ་རྡུང་དྲག་པོ་བྱས་ནས་བཀྲོངས་པས། ཚ་ཁོ་དཔོན་པོ་ཆོས་དབྱིངས་གིས་དཔོན་ཕྲུག་ཚོགས་རིས་ཀྱི་བུ་འཇིགས་མེད་རབ་བརྟན་ནམ་འཇིགས་པ་ལོ་ལྔ་ཅན་དེ་རྟ་ཐོག་ལ་བཀལ་ནས་ཟི་ལིང་ཡཱ་མོན་དུ་སོང་ནས་མཱ་པུའུ་ཧྥང་ལ་གཏུགས་བཤེར་བྱས། མཱ་པུའུ་ཧྥང་གིས་ཚ་ཁོ་དཔོན་པོ་ཆོས་དབྱིངས་ལ་བེ་ཧུ་ཏཱ་ཨེར་ཧན་ཞེས་པའི་ལས་ཐོབ་དང་ཆོ་ལོ་ཕྱིན་ཞིང་། ཚ་ཁོ་ལྷ་སྡེ་ཕྱུག་མོ་འདི་ལ་དུས་དེ་ནས་བཟུང་གོང་མའི་རྟ་ཁྲལ་དང་བོའུ་ཁྲལ་མི་དགོས་པར་བྱས་པ་མ་ཟད། ས་ཆ་གང་ནས་འདུག་ཀྱང་བསྡད་ན་རང་དབང་ཡིན་པར་བྱས། དུས་དེ་ནས་བཟུང་ཚ་ཁོ་ལྷ་སྡེ་ཕྱུག་མོ་འདིས་སྟོང་གི་མཛོ་རྒན་ར་བར་ནས་གཞི་ཆགས་ཤིང་སྐྱིད་པའི་ཕ་ས་ཕྱུག་མོ་བདག་བཟུང་བྱས་སོ།།

      དཔོན་རབས་ཐོག་མ་རྣམ་འཇོམས་ཡབ་ཡུམ་གཉིས་ལ་སྲས་མིང་སྲིང་དྲུག་བྱུང་ཞིང་། སྲས་ཆེ་བ་ཆོས་དབྱིངས་དང་། གཉིས་པ་བསྟན་གསལ། གསུམ་པ་བཙན་རྒོད། བཞི་བ་སྒྲུབ་རྒྱུད། ལྔ་བ་ལྷ་རྒྱལ། སྲས་མོ་ཀུན་དབང་མོ་སོགས་ཡིན་པ་དང་། བུ་མོ་ཀུན་དབང་མོ་ནི་ཚ་ཁོ་ཨ་ལགས་ཆོས་དབྱིངས་ཀྱི་རིག་མ་ཡིན།།

      དཔོན་རབས་གཉིས་པ་ཆོས་དབྱིངས་དང་ཤིང་བཟའ་ཡང་རིས་ཡབ་ཡུམ་གཉིས་ལ་སྲས་མིང་སྲིང་བཞི་བྱུང་ཞིང་། སྲས་ཆེ་བ་དཔོན་རབས་བཞི་བ་དཔལ་འགྲུས་དང་། གཉིས་པ་ངག་དབང་རིག་འཛིན་ནམ་ངག་རིག གསུམ་པ་ཡི་དམ་མགོན། སྲས་མོ་ལྷ་མོ་སོགས་ཡིན།།

      དཔོན་རབས་གསུམ་པ་བསྟན་གསལ་དང་ཀ་བཟའ་པད་མ་སྐྱིད་ཡབ་ཡུམ་གཉིས་ལ་སྲས་མོ་གཅིག་བྱུང་བ་ངག་བསྟན་ཨ་མ་ཡིན་ལ་མིང་ལ་ཅི་ཟེར་མ་ཤེས་སོ།།

དཔོན་རབས་བཞི་བ་དཔལ་འགྲུས་དང་རྒྱབ་བཟའ་རྡོ་མཚོ་ཡབ་ཡུམ་གཉིས་ལ་སྲས་གཅིག་བྱུང་བ་ཚ་ཁོ་འཕགས་པ་ཡིན་ཞིང་། ཚ་ཁོ་དཔོན་ཕྲུག་འཕགས་པ་དང་རྫོགས་བཟའ་ཡེ་ཤེས་ཡབ་ཡུམ་གཉིས་ལ་སྲས་མིང་སྲིང་བཅུ་ཐམ་པ་བྱུང་ཞིང་། སྲས་ཆེ་བ་གངས་ལྗོངས་མཁན་སློབ་ཆོས་གསུམ་གྱི་ཡ་གྱལ་མཁན་ཆེན་ཞི་བ་འཚོ་སྐུ་ཕྲེང་བཞི་བར་ཡོངས་སུ་གྲགས་པའི་མཆོག་སྤྲུལ་འཇིགས་མེད་སེངྒེ་དཔལ་བཟང་པོ་དང་། གཉིས་པ་རྫོགས་ཆེན་རྩིས་པའི་རྣམ་སྤྲུལ་དཔལ་སྐྱོང་། གསུམ་པ་རྫོགས་ཆེན་འཇིགས་མེད་རྒྱལ་བོའི་སྨྱུག་གུའི་ཡང་སྤྲུལ་དམ་པ་པདྨ་དབང་རྒྱལ། བཞི་བ་ཉི་མ། ལྔ་བ་ཐུབ་བསྟན་དབང་ཕྱུག དྲུག་པ་འཇིགས་མེད་ཚུལ་ཁྲིམས། བདུན་པ་ཀ་རིང་རྡོ་རྗེ། བརྒྱད་པ་རྡོ་རྗེ་དོན་གྲུབ། སྲས་མོ་ཆེ་བ་བདེ་ཆེན་དབང་མོ་དང་། ཆུང་བ་བཀྲ་ཤིས་དབང་མོ་སོགས་ཡིན། ཁྱད་པར་དུ་ཚ་ཁོ་དཔོན་ཕྲུག་འཕགས་པའི་སྲས་ཆེ་བ་མཆོག་སྤྲུལ་འཇིགས་མེད་སེངྒེ་དཔལ་བཟང་པོ་སྐུ་ན་ཕྲ་བའི་དུས་སུ་རྨ་ཡུལ་གནས་བཞི་དགོན་པདྨ་མདོ་སྔགས་གླིང་གི་བསྟན་པའི་ཆོས་སྒོར་ཞུགས་ནས་རབ་ཏུ་བྱུང་བ་དང་ཡོངས་འཛིན་རིན་པོ་ཆེའི་སྐུ་མདུན་ནས་ཡི་གེ་འབྲི་ཀློག་སོགས་རིག་པའི་གནས་ལ་སྦྱངས་བརྩོན་མཛད་ཅིང་། ཆོས་ཀྱི་མགོ་མ་སྐྱབས་འགྲོ་དང་།  དགའ་ལྡན་ལྷ་བརྒྱ་མ།  བླ་མ་མཆོད་པ། སྨོན་ལམ་རྣམ་ལྔ།  ས་ལམ་སྐབས་གསུམ། གསང་སྔགས་རྒྱུད་སྡེ་བཞིའི་སྨོན་ལམ་སོགས་འདོན་ཆོག་ཕལ་ཆེ་་ཚེག་མེད་དུ་བསླབས་ནས་ཐུགས་སུ་ཚུལ་པར་མཛད་ཅིང་། དགུང་གྲངས་་བཅུ་གཉིས་ཐོག་ཏུ་ཁམས་གསུམ་རྣམ་པར་འདྲེན་པའི་བྱང་ཆུབ་སེམས་དཔའ་ཆེན་མོ་ས་གསུམ་ན་འདྲན་ཟླ་དང་བྲལ་བའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ༧གནས་བཞི་གྲུབ་ཆེན་སྐུ་ཕྲེང་ལྔ་བ་ཆོས་དབྱངས་རང་བྱུང་རྡོ་རྗེ་དཔལ་བཟང་པོས་མི་འཇིགས་སྟོབས་བཅུ་མངའ་བའི་མངོན་རྟགས་ཇི་བཞིན་ཤར་བར་བརྟེན། མཁན་ཆེན་ཞི་བ་འཚོ་སྐུ་ཕྲེང་བཞི་བར་འཕྲུལ་བ་མེད་པར་ངོས་འཛིན་མཛད་ནས་ཐུགས་ཐག་བཅད་ནས་བཀའ་དྲིན་ཆེན་པོ་བསྩལ་ཞིང་། རྨ་ཡུལ་གནས་བཞི་དགོན་པདྨ་མདོ་སྔགས་གླིང་གི་མཁན་ཁྲི་དང་པོར་མངའ་གསོལ་པ་དང་།   མཆོག་སྤྲུལ་འཇིགས་མེད་སེངྒེ་རིན་པོ་ཆེ་ནི་ཕྱི་སོ་སོར་ཐར་བའི་རྒྱུད་སྡམ་ཞིང་།   ནང་བྱང་སེམས་སྙིང་རྗེས་མངའ་བརྙེས་པ།   གསང་བ་སྔགས་ཀྱི་དམ་ཚིག་གིས་གྲིབ་མའི་མ་གུས་པའི་ངེས་པ་དོན་གྱི་སྤྲུལ་བའི་སྐུ་ཐུན་མོང་མ་ཡིན་པ་ཞིག་ཡིན་པས ཁོང་གིས་སྔ་གཞུག་ཏུ་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་བྲག་དཀར་རྫོང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་།  རྨ་ཡུལ་གནས་བཞི་དགོན་པདྨ་མདོ་སྔགས་གླིང་གི་མཁན་ཁྲི་དང་པོ།   བྲག་ཀར་རྫོང་ཆུ་ཁོལ་བོད་ཀྱི་གསོ་རིག་སློབ་གྲྭའི་སློབ་གཙོ་སོགས་ཀྱི་ཕྱག་འགན་བཞེས་ཏེ།   དམ་པའི་ཆོས་དང་མི་རིགས་སློབ་གསོའི་ཕྱོགས་ལ་འབད་འབུངས་ཅི་ནུས་མཛད་པས། རྒྱ་བོད་ཆོས་དད་མང་ཚོགས་ཁྲོད་དུ་མཚན་སྙན་གྲགས་པའི་བ་དན་མཐོ་རུ་བསྒྲེངས་ཤིང་།  ཁོང་གིས་ཧུར་ཐག་གིས་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ལ་གོང་བཀུར་དང་།   མེས་རྒྱལ་ལ་དགའ་ཞེན་ཆེ་བ།   མི་དམངས་ལ་དགའ་ཞེན་ཆེ་བ། ཕ་ཡུལ་ལ་དགའ་ཞེན་ཆེ་བ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རླབས་ཆེན་བཞེད་དགོངས་རྒྱུན་སྐྱོང་དང་དར་སྤེལ་ཏང་བ། བོད་ཀྱི་གསོ་བ་རིག་པའི་གནས་ལ་འབད་འབུངས་ལྷུར་བཞེས་མཛད་ཅིང་།  མི་རིགས་སོ་སོའི་ཡུལ་གྲུ་ཀུན་ཏུ་ལྔ་དུས་གང་ཟག་འགྲོ་བ་རྣམས་ལ་ནད་ཀྱི་དུཿཁས་མནར་གཅོད་བྱེད་པའི་ཉེན་ཁ་ལས་སྐྱབས་ཏེ་ཐར་བ་ཆེན་པོ་ཐོབ་པར་མཛད་པ་གྲངས་ལས་འདས་ཤིང་། སྔ་གཞུག་ཏུ་ཡུལ་ཕྱོགས་སོ་སོར་དམངས་སྒོར་ཁྲི་འབུམ་མང་པོས་སྨན་སྦྱིན་གནང་པ།   དབུལ་བོ་རྣམས་ལ་ཉེ་བར་མཁོ་བའི་ཟས་གོས་དང་སྒོར་མོ་སོགས་དབུལ་སྐྱོར་གནང་སྦྱིན་དང་སེར་སྣ་མེད་པའི་གཏོང་ཕོད་གང་ལེགས་མཛད་པ། གནས་བཞི་དགོན་པདྨ་མདོ་སྔགས་གླིང་དང་། ཚ་ཁོ་དགོན་བཤད་སྒྲུབ་དར་རྒྱས་གླིང་། ཀཿཀྱཱའི་དགོན་གསང་སྔགས་ཐེག་ཆེན་ཆོས་འཁོར་གླིང་། འབའ་རྫོང་ཤར་ཚང་མ་ཎི་ཁང་སོགས་ཀྱི་རྟེན་བཞེངས་གསར་བའི་ཕྱོགས་སུ་བཀའ་དྲིན་ཤིན་ཏུ་ཆེན་པོས་བསྐྱངས་ཤིང་།  ཁོང་གིས་རྒྱ་བོད་ཡུལ་ཕྱོགས་ཀུན་ཏུ་གདུད་བྱ་སྣ་ཚོགས་རྒྱས་ཤིང་འདོད་རྒུའི་དཔལ་འབྱོར་དབང་དུ་བསྡུས་ནའང་ཡོད་ཚད་འགྲོ་ལ་སྨན་པའི་རྟེན་བཞེངས་གསར་བའི་ཕྱོགས་སུ་བཀའ་དྲིནབསྩལ་ཏེ།   སྔ་གཞུག་ཏུ་གནས་བཞི་གྲུབ་པའི་གྲུབ་པའི་དབང་ཕྱུག་རིན་པོ་ཆེའི་བཞེད་དགོངས་ནང་བཞིན་པདྨ་མདོ་སྔགས་གླིང་གི་གསེར་ཟངས་ལས་གྲུབ་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྐུ་བརྙན་ཆེན་པོ་འཛམ་གླིང་མཛེས་རྒྱན་མཐོང་བ་དོན་ལྡན་ཞེས་བྱ་བ་གཙོས་རྡོ་རྗེ་སེམས་དཔའ་ཆེན་པོའི་མཆོད་རྟེན་དང་།  ཀུན་བཟང་འོད་འབར་མཆོད་རྟེན། བདུད་འདུལ་གནམ་ལྕགས་འབར་བའི་མཆོད་རྟེན་སོགས་སྲིད་ན་དཀོན་པའི་སྐུ་གསུང་ཐུགས་རྟེན་ངོ་མཚར་ཀརྨའི་ཕྱག་སོར་ལས་ཐོན་པ་ལྟ་བུ་གྲངས་མང་གསར་བཞེངས་མཛད་ནས འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་ས་དང་དད་ལྡན་ཐར་ལམ་བསྐྱོད་པའི་གྲུ་གཟིངས་སོགས་གཟི་ཉམས་འོད་སྟོང་འབར་བའི་ཕྱག་རྗེ་མཛད་རྣམ་གྲངས་ལས་འདས་པ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེར་དགེ་ལེགས་ཕུན་སུམ་ཚོགས་པའི་དཔལ་དུགྱུར་ཏོ།

      དཔོན་རབས་ལྔ་བ་སྨིན་གྲོལ་ནི་དཔོན་ཕྲུག་བཙན་རྒོད་དང་ཐག་བཟའ་ཡང་ལོ་ཡབ་ཡུམ་གཉིས་ལ་སྲས་མིང་སྲིང་བཞི་བྱུང་པའི་ཆེ་བ་ཡིན་ཞིང་། དེ་ཡང་སྲས་ཆེ་བ་ཚ་ཁོ་དཔོན་པོ་སྨིན་གྲོལ་དང་། གཉིས་པ་ཡི་བཟང་། གསུམ་པ་དམ་ཆོས། སྲས་མོ་ཆེ་བ་གནམ་སྐྱིད་ནི་ཀཿཀྱཱའི་རིག་རྡོར་ཨ་མ་ཡིན་པ་སོགས་དང་། གཉིས་པ་ཀུ་པོ་ནི་འཇིགས་ཁོ་ཨ་མ་དང་། གསུམ་པ་ཚེ་རིང་དབང་མོ་ནི་འཆི་བདག་ཨ་མ་ཡིན་ནོ། ད་དུང་དཔོན་ཕྲུག་བཙན་རྒོད་ཀྱི་སྲས་ངག་ཆོས་ཡིན་ཞིང་། ངག་ཆོས་ཀྱི་བུ་ཆེ་བ་ཚེ་དབང་ཐར་དང་། གཉིས་པ་ཨོ་པོ། བུ་མོ་ཤིས་སྐྱིད་འཚོ་སོགས་ཡོད་པ་དང་། ཚེ་དབང་ཐར་དང་དམ་ཚིག་གཉིས་ལ་རིགས་རྒྱུད་མ་བྱུང་བས་བུ་མོ་ཆོས་དབྱིངས་སྒྲོལ་མ་བུ་སྐལ་བླངས་པ་ཡིན། ཨོ་པོ་དང་ནོར་སྐྱིད་གཉིས་ལ་བུ་ཐུབ་པེ་དང་བུ་མོ་ཚེ་སྐྱིད་པོ་མིང་སྲིང་གཉིས་ཡོད། དཔོན་ཕྲུག་བཙན་རྒོད་ཀྱི་སྲིང་མོ་ཀུན་བཟང་དབང་མོའི་བུ་ནི་ཚ་ཁོ་བླ་མ་བཀྲ་པོ་ཡིན་པ་དང་བཅས་སོ།

      ཡར་སྔོན་ཤར་རྒྱལ་མོ་ཚ་བ་རོང་ནས་ཚ་ཁོ་གདུང་རྒྱུད་མཚོ་སྔོན་ཕྱོགས་སུ་མཆེད་དུས་སུ་དཔོན་པོ་ཐོག་མ་རྣམ་འཇོམས་ཀྱི་ཕ་སྤུན་དུ་གྱུར་བའི་དཔོན་ཕྲུག་ཚོགས་རིས་སོགས་ཡོད་པ་དང་། ཚོགས་རིས་དང་ཡབ་ཡུམ་གཉིས་ལ་བུ་ཆེ་བ་ཚ་ཁོ་འཇིགས་མེད་རབ་རྒྱས་སམ་འཇིགས་རབ་དང་། གཉིས་པ་ཚེ་ཆུང་གི་ཕ། གསུམ་པ་ཚ་བཟའ་བོད་ལོའི་ཕ་བཅས་ཡིན་ཞིང་། བུ་མོ་བསོད་ནམས་དཔལ་མོ་སོགས་ཡིན། ཚ་ཁོ་འཇིགས་རབ་ལ་བུ་ཚེ་ཆེན་དང་། འཇིགས་རབ་ནུ་བོའི་ཕ་ཚེ་ཆུང་ཡིན་ཞིང་། ཚེ་ཆེན་ལ་བུ་ཆེ་བ་བསོད་ནམས་ཉི་མ་དང་། ཆུང་བ་སྤྲེལ་ཆུང་། བུ་མོ་ཆེ་བ་ཚེ་ཡག གཉིས་པ་ལིས་པོ། གསུམ་པ་འབྲུག་ཁོ། བཞི་བ་ཕྱུག་པོ་སོགས་མིང་སྲིང་དྲུག་ཡོད། ཚེ་ཆུང་དང་པད་སྒྲོན་གཉིས་ཀྱི་བུ་ཚེ་གངས་པོ་དང་བུ་མོ་གཟི་སྒྲོན་ཡིན། ཚ་ཁོ་ཚོགས་རིས་ལ་སྲས་མིང་སྲིང་བཅུ་ཐམ་པ་བྱུང་བ་ལས། ཆེ་བ་འགྱུར་མེད་རྒྱ་མཚོ་འམ་འགྱུར་རྒྱམ་དང་། གཉིས་པ་དམ་ཆོས་། གསུམ་པ་སྐྱ་ལོ། བཞི་བ་ཚེ་བདག ལྔ་བ་དཀོན་འབུག དྲུག་པ་བསོད་ནམ་རིན་ཆེན་ནམ་བསོད་རིན། བདུན་པ་ཞི་བ། བརྒྱད་པ་འཆི་མེད་རིག་འཛིན། བུ་མོ་ཆེ་བ་ཞི་མོ། ཆུང་བ་ཚེ་ལྷ་སོགས་ཡིན།།

      གཞན་ཡང་མགོ་ལོག་ཚ་ཁོ་ལྷ་སྡེ་ཕྱུག་མོའི་རྗེ་འབངས་ཡ་སྐོར་མ་དང་། ར་ཡ། མཉམ་མཚོ། ཀ་བཞི། བྱ་ར། སེར་ཤིས། ནགས་ཚང་། འཇུ་ཚང་སོགས་ཤོག་ཁ་དུ་མས་གྲུབ་ཡོད་ཅིང་། ཁྱད་པར་དུ་མཚན་སྙན་ཀྱི་བ་དན་དཀར་པོ་ཕྱོགས་བཅུའི་མཁའ་རུ་ཁྱབ་པའི་ཚ་ཁོ་མི་སྣ་གྲགས་ཅན་ར་ཡ་ནག་རིས་དང་། ཡོག་ལོ། བློ་བཟང་ནོར་བུ་འམ་བློ་ནོར། མཉམ་མཚོ་འཇམ་བསྟན། ལྷ་སྐྱབས། རྡོ་བ། ཀ་བཞི་གནམ་དགའ། བྱ་ར་གདུགས་དཀར། སེར་ཤིས་རིག་བཟང་། བསོད་སྐྱབས། གུ་རུ། ནགས་ཚང་ངག་དབང་། འཇུ་ཚང་ཁོ་པོ། ཚེ་རིང་དོན་གྲུབ་འམ་ཚེ་དོན། ཚེ་མགོན། ཚ་ཁོ་བླ་མ་རྣམ་གཉིས་ཞེས་བྱ་བར་ཡོངས་སུ་གྲགས་པའི་འཇིགས་མེད་རང་གྲོལ་རྡོ་རྗེ་དང་། ཁོང་གི་སྲས་སྤྲུལ་སྐུ་ཀླུ་པ་སོགས་སྐྱེས་ཆེན་དམ་པ་གྲངས་ལས་འདས་པ་བྱོན་མྱོང་ནའང་འདིར་ཚིག་ཚོགས་ལ་འཛེམས་ནས་རེ་ཞིག་བསྡུས་པར་བྱའོ།།

      མཇུག་མཐར་དུས་མ་འགྱིངས་པར་བདག་ཅག་གིས༼ཚ་ཁོ་རུས་མཛོད་ཆེན་མོ༽ཞེས་བྱ་བ་རྩོམ་སྒྲིག་དང་པར་སྐྲུན་བྱེད་པའི་སྟ་གོན་དང་། ལས་སྣེ་བ་རྩ་འཛུགས་བྱས་ནས་རྒྱུ་ཆ་འཚོལ་སྡུད་བྱེད་པའི་སྒང་ཡིན་པས། རང་ཅག་རྗེ་འབངས་རྣམས་ཀྱིས་ལྷག་བསམ་རྣམ་པ་དཀར་པོའི་མདུན་བསུས་ནས། རང་དང་རང་གི་ཤོག་ཁ་སོ་སོའི་ལོ་རྒྱུས་རུས་མཛོད་ལ་དོ་སྣང་ཆེན་པོ་བྱས་ཏེ། མ་བསྐུལ་རང་འགུལ་གྱིས་རང་དང་རང་གི་ཤོག་ཁ་སོ་སོའི་ལོ་རྒྱུས་དང་རུས་མཛོད་ལ་མཁོ་བའི་རྒྱུ་ཆ་ཐམས་ཅད་འཚོལ་སྡུད་གང་ལེགས་བྱས་ཏེ། ཆད་ལྷག་མེད་པར་གཅིག་གྱུར་གྱིས་ཡིག་ཐོག་ནས་འདོན་སྤྲོད་བྱེད་དགོས་ཤིང་། རབ་ཡིན་ན་བོད་ཡིག་ཧི་མ་ལ་ཡའི་ཡིག་གཟུགས་སུ་བཀོད་ནས་མཁོ་སྤྲོད་བྱས་ན་ལེགས། དེ་བས་གལ་ཏེ་རང་དང་རང་གི་ལོ་རྒྱུས་དང་རུས་མཛོད་ལ་ཆད་ལྷག་བྱུང་ཚེ་རྩོམ་སྒྲིག་པ་དང་མི་གཞན་ལ་ཁ་གཡར་ས་མི་བྱེད་པར་རང་དང་རང་གི་ཕྱོགས་ནས་འགན་ཁུར་དང་ལེན་བྱེད་དགོས་པའི་གསལ་འདེབས་ཞུས་བ་དང་བཅས་སོ།།

       ཞེས༼མགོ་ལོག་ཚ་ཁོ་ལྷ་སྡེ་ཕྱུག་མོའི་ལོ་རྒྱུས་རགས་བསྡུས་རིན་ཆེན་མུ་ཏིག་ནོར་བུའི་མཛེས་རྒྱན་ཞེས་བྱ་བ༽འདི་ཡང་ཚ་ཁོ་དཔོན་ཕྲུག་འཕགས་པ་དང་ཀཿཀྱཱའི་རིག་རྡོར་སོགས་ཀྱིས་བཀྲ་ཤིས་ལྷ་དར་དང་བཅས་པ་ནན་གྱིས་བསྐུལ་ངོར་རོང་ཆེན་དེ་ཝ་ར་ཛཱ་ཤྲཱི་འཇམ་དབྱངས་བློ་བཟང་འཕྲིན་ལས་སམ་རོང་བོ་ལྷ་རྒྱལ་དཔལ་གྱིས་བོད་རབ་བྱུང་བཅུ་བདུན་པའི་མེ་ཕོ་སྤྲེལ2016ལོའི་ཧོར་ཟླ2པའི་ཚེས25ཉིན་གྱི་ཞོགས་པའི་སྐྱ་རེངས་དང་པོའི་མདུན་བསུས་ཏེ་གངས་ལྗོངས་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་ཆབ་ཆ་་གསེར་གཞོང་རིང་མོའི་གྲོང་རྡལ་གྱི་གསེར་མཁར་བདེ་ལེགས་དགའ་ཚལ་ཞེས་བྱ་བའི་རང་ཤག་རྨད་བྱུང་བཀྲ་ཤིས་བདེ་སྟོང་རྣམ་པར་རྒྱལ་པའི་ཕོ་བྲང་ནས་སྦྱར་པ་སརྦ་ཛ་ཡནྟུ།།  །།

 

                                  ༄༅།།འབྲོག་པའི་རྩྭ་ཐང་གི་ཕྱུགས་རྫི་རྒན་པོ་ཞིག་གིས་སྨྱུག་རྩེ་ལས་འཁྲུངས་པའི་

                                         བརྩམས་ཆོས་ལ་ཕུལ་པའི་གླེང་གཞི་གསེར་ནག་བུམ་པའི་ཁ་རྒྱན།

     ༄༅།།དེ་ཡང་བསྐལ་བ་བཟང་པོ་རྫོགས་ལྡན་གྱི་དཔལ་ལ་བསྙེགས་པའི་དེང་འདིར་འཛམ་གླིང་ནོར་འཛིན་བུ་མོའི་ཁྱོན་ཡོངས་སུ་གངས་ཅན་བོད་ཀྱི་རིན་ཆེན་རིག་པའི་གནས་ཐམས་ཅད་ལ་དབྱར་ཁའི་མཚོ་མོ་རྒྱས་པ་བཞིན་གོང་ནས་གོང་དུ་འཕེལ་བཞིན་པའི་སྒང་དུ་༼ཕྱུགས་རྫི་རྒན་པོའི་འབེལ་གཏམ༽ཞེས་བྱ་བ་ནི་འབྲོག་པའི་རྩྭ་ཐང་སྟེང་ནས་དགུང་གྲངས་བརྒྱད་ཅུར་བསྙེགས་པའི་ཕྱུགས་རྫི་རྒན་པོ་དཀྱུས་མ་ཞིག་གི་འཇིག་རྟེན་གྱི་དལ་འབྱོར་མི་ལུས་རིན་པོ་ཆེ་བླངས་པ་ནས་སྐྱེ་རྒ་ན་འཆིའི་ཆོས་ཉིད་རང་བཞིན་གྱི་གོ་རིམ་གསལ་བོ་རྟོགས་པར་གྱུར་པ་དང་། སྲིད་པའི་རྒན་པོ་ཞིག་གིས་རང་ཉིད་ཀྱི་འཚོ་བ་དངོས་ལས་མཐོང་ཐོས་དྲན་རེག་དང་ཉེ་རང་ཆགས་སྡང་གི་མི་ཚེའི་བཞུད་ལམ་ཕྲ་མོ་ཞིག་བརྒྱུད་ནས། མི་ཚེ་གང་པོར་གནག་མོ་ནོར་དང་གཡང་དཀར་ལུག་ཁྱུའི་ཕྱུགས་སྐྱོང་རྫི་བོའི་འུར་ཆ་ལག་ཏུ་བཟུང་ཞིང་མཐའ་ཡས་པའི་རྩྭ་ཐང་སྟེང་དུ་རྟ་ནོར་ལུག་གསུམ་གྱི་རྗེས་དེད་ནས་དགུན་གསུམ་ཙག་དང་ཁ་བ་བུ་ཡུག་གི་གདོང་བསུས་ཤིང་། དབྱར་གསུམ་ཙད་དང་ཆར་ཆུར་མ་འཛེམས་པའི་རྫི་བོ་དཀྱུས་མ་དང་། འཇོར་དང་ལྕགས་ཁེམ་ལག་ཏུ་བཟུང་ནས་ས་སྐོ་རྡོ་སློག་གི་ངལ་རྩོལ་ལ་བརྟེན་ནས་འཚོ་བར་གནས་པའི་འབངས་མི་ཕལ་བ། ལུས་ཤུགས་ཀྱི་ངལ་རྩོལ་ཁོ་ནར་བརྟེན་པ་ལས་ཀླད་ཤུགས་ངལ་རྩོལ་གྱི་ཁོར་ཡུག་དང་ཆ་རྐྱེན་ལེགས་པོ་ཞིག་ཡེ་ནས་མེད་ནའང་མི་ཚེ་རིང་མོའི་དགའ་སྐྱོ་ཉིས་ལྡན་གྱི་སྐྱིད་སྡུག་སྣ་ཚོགས་བརྒྱུད་ནས། ལྟ་བ་ཡང་དག་དང་། ཀུན་སློང་ཡག་པོ། མི་གཤིས་བཟང་པོ། བག་ཆགས་ཟབ་མོ། ལྷག་བསམ་རྣམ་དག་བཅས་ཀྱི་སྒོ་ནས་ས་སྒང་ཆེན་པོའི་མདུན་ཅོག་གི་སྟེང་དུ་བོད་གངས་ཅན་ཀྱི་གཟི་བརྗིད་འོད་སྟོང་འབར་བའི་རིག་གནས་ལོ་རྒྱུས་ཀྱི་རྒྱ་མཚོ་ཆེན་པོའི་ངོགས་སུ་ཆུ་ཐིག་ལྟ་བུའི་ལེགས་སྐྱེས་ཉག་ཙམ་འབུལ་ཐུབ་པར་བྱུང་ནའང་ཅི་མ་རུང་སེམས་ནས། བཀྲ་ཤིས་པའི་དར་དཀར་རིང་མོ་ཞིག་གི་ཚུལ་དུ་ལྷག་བསམ་རྣམ་པ་དཀར་པོའི་ཀུན་སློང་གིས་ཁེངས་ཏེ། ༼ཕྱུགས་རྫི་རྒན་པོའི་འབེལ་གཏམ༽ཞེས་བྱ་བ་འདི་འདྲ་ཞིག་ལག་ཟུང་དྲོན་མོའི་སོར་བཅུའི་མེ་ཏོག་གི་རྩེ་མོ་ནས་དབང་མེད་དུ་འཐོར་བའི་ཕྱུག་རྫི་རྒན་པོ་ཞིག་གི་སྙན་ངག་རིང་མོ་དང་། རྟོགས་བཟོ་དང་འཁྱོག་བཤད་ཙམ་མ་ཡིན་པའི་མི་ཚེའི་གཏམ་རྒྱུད་མཚོན་པའི་ཟིན་ཐོ་རིང་མོ། ཅང་ཤེས་རྟ་མཆོག་གོང་ནས་རྩྭ་ཐང་གི་གླུ་སྐད་སྙན་མོ་དབྱངས་སུ་གྱེར་བའི་བསམ་བློ་གསར་རྙིང་ཞིག་གི་ལྟ་བ་མངོན་པར་བརྗེ་རེས་དང་ལྷན་ཅིག་ཏུ་ཐོན་པའི་མི་རིགས་དང་། ཆོས་ལུགས། རིག་གནས། ལོ་རྒྱུས། ཡུལ་སྲོལ། གོམས་གཤིས། གཏམ་དཔེ། ལེགས་བཤད། གདམས་ངག བསླབ་བྱ་ལ་སོགས་ཕྱོགས་གཅིག་ཏུ་གྲུབ་པའི་དམངས་ཁྲོད་ཀྱི་བརྩམས་ཆོས་འགངས་ཅན་ཞིག་ལེགས་གྲུབ་བྱུང་པ་ལས་མ་འདས་སོ།།

     འདི་འདྲའི༼ཕྱུགས་རྫི་རྒན་པོའི་འབེལ་གཏམ༽ཞེས་པའི་རྩོམ་པ་པོ་ཧྲོང་བོ་རྒྱལ་ཚེ་ལགས་ལ་མཚོན་ན་བོད་ཆོས་ལྡན་ཞིང་གི་སྐྱེས་བུ་དཀྱུས་མ་ཞིག་གི་ཆ་ནས་ལོ་ན་ཕྲ་བའི་དུས་སུ་རང་ལོ་བརྒྱད་ཙམ་ཟོན་མ་ཐག་ཏུ་མི་ལུས་རིན་ཆེན་མཚོན་པའི་རྟེན་འབྲེལ་གྱི་ཐོག་མ་རྣམ་དཀར་ཆོས་ཀྱིས་མདུན་བསུས་ཏེ་རབ་ཏུ་བྱུང་ཞིང་། མདོ་སྨད་ཡུལ་གྱི་གནས་ཆེན་བྲག་དཀར་སྤྲེལ་རྫོང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་གི་བསྟན་པའི་ཆོས་སྒོར་ཞུགས་ནའང་དུས་དང་བསྐལ་བའི་འཕོ་འགྱུར་གྱི་དབང་གིས་རིག་པའི་གནས་ལ་ཡུན་གྱིས་སྦྱངས་པའི་གོ་སྐབས་ཡག་པོ་མ་ལྡན་ཀྱང་ཕྱིས་སུ་རང་ཡུལ་སློབ་ཆུང་ཙམ་འདོན་ཐུབ་པར་བྱུང་ནས་ཡིག་རྨོངས་སེལ་ཐབས་བྱས། དེ་ཡང་རྩོམ་པ་པོའི་མི་ཚེ་འདིའི་རུམ་གྱི་བྲོ་ཁ་ལྟ་བུ་དང་ཆེས་མཐོ་བའི་སློབ་ཐོན་འཛིན་རྟགས་སུ་གྱུར་བ་མ་གཏོགས། སྲོལ་རྒྱུན་སློབ་གསོ་ནང་བཞིན་གངས་ལྗོངས་སེ་འབྲས་དགེ་གསུམ་སོགས་ཆོས་གྲྭ་ཆེན་པོའི་ཆོས་སྒོར་ཞུགས་ནས་ལྷ་རབས་འབྱམས་སྨྲ་བའི་མཁན་ཐོབ་བླངས་ཡོད་པ་དང་། དེང་རབས་ཀྱི་ཀྲུང་དབྱང་མི་རིགས་སློབ་ཆེན་ཆེད་སྦྱོང་སློབ་གླིང་སོགས་འགྲིམ་ནས་མཐར་ཕྱིན་ཟིན་པའི་སློབ་ཆེན་པའམ་ཞིབ་འཇུག་སློབ་མ་དང་བཀའ་རམས་འབྱམས་སྨྲ་བའི་དགེ་བའི་བཤེས་གཉེན་ཆེན་མོའི་ཐོབ་ཐང་བླངས་པ་ཞིག་ཀྱང་ཡེ་ནས་མ་ཡིན་པར། འབྲོག་པའི་ཕྱུགས་རྫི་རྒན་པོ་དཀྱུས་མ་ཞིག་གི་ཆ་ནས་རང་གི་མི་ཚེ་གང་གི་གཏམ་རྒྱུད་མཚོན་པའི་ཤོག་ལྷེ་རིང་མོ་ཞིག་ལྷན་སྐྱེས་ཀྱི་ཤེས་རབ་རྩལ་ལས་སྐྲུན་ཐུབ་པར་བྱུང་བ་ནི་དེང་རབས་ཀྱི་ཤེས་ལྡན་མི་སྣར་གྲགས་པའི་འཇོན་ཐང་ཅན་རང་སྣང་གང་མཐོ་ཙམ་ལས་ཤེས་བྱའི་ལག་ལེན་ཧ་ཅང་དཀོན་ཞིང་ཕོངས་བར་གྱུར་བའི་སློབ་ཆེན་པ་དང་རིག་གཞུང་ཅན་རྣམས་ལ་མཚོན་ན་ངོ་གནོངས་དགོས་པ་ཞིག་མ་ཡིན་ནམ། ཅིའི་ཕྱིར་ཞེ་ན་ཤེས་བྱ་ཞེས་པ་ནི་ཁང་བ་ཀྭ་བ་ཅ་ལག་སོགས་ཡོད་པ་གང་ཡིན་པ་ཚང་མ་བློའི་ཡུལ་དུ་བྱ་རུང་བའམ་བློས་རྟོགས་པའམ་ཤེས་རྒྱུ་ཡོད་པའི་ཆ་ནས་ཤེས་བྱ་ཡིན་ཞེས་བཤད་པ་དང་། ཡང་ན་ཀྭ་བུམ་ལ་སོགས་པའི་ཆོས་གང་དང་གང་ཞིག་ཡིན་ཡང་སེམས་ཅན་ནས་སངས་རྒྱས་ཀྱི་བར་ལ་བློའི་ཡུལ་དུ་བྱ་རུང་བ་ཡིན་པའི་ཆ་ནས་དེ་དག་ཐམས་ཅད་ཤེས་བྱ་ཡིན་ཞེས་པའོ།། ཤེས་ཡོན་ཞེས་པ་ནི་མི་སྒེར་དང་ཁོར་ཡུག་བར་དུ་འབྲེལ་མཐུད་དམ་པོ་བྱས་ནས་ཐོབ་པའི་ཡང་དག་བརྡ་འཕྲིན་གྱི་ཚོགས་རྒྱུན་གང་རུང་བ་ཡིན་པ་ནི་སེམས་ཁམས་རིག་པའི་སློབ་གསོ་བས་ངེས་འཛིན་བྱས་པའི་ཤེས་ཡོན་ཡིན་ཞིང་། དེས་ན་ཤེས་ཡོན་པའི་ཚད་གཞི་གང་དག་ཡིན་ཞེ་ན། གཅིག་ནི་ཀུན་སློང་གི་ཆ་ནས་གཞན་དོན་སྒྲུབ་འདོད་པ་དང་སྒྲུབ་ཅིང་སྒྲུབ་ནུས་པ། གཉིས་ནི་ངོ་བོ་ཡི་ཆ་ནས་གནའ་དུས་དང་དེང་རབས་ཀྱི་རིག་གཞུང་ཅི་རིགས་ལ་རང་རྐྱ་འཕེར་བའི་སྦྱངས་པ་དང་བརྩོན་འགྲུས་ཡོད་ཅིང་ཤེས་བྱ་དེ་རིགས་མི་རང་ལ་འཛོམས་ཡོད་པ། གསུམ་ནི་གྲུབ་འབྲས་དང་ལག་ལེན་གྱི་ཆ་ནས་ཤེས་བྱ་དེ་རིགས་བཀོལ་ཏེ་གཞན་ལ་ཕན་ཁེ་ལྡན་པའི་དོན་དག་སྒྲུབ་པ་དང་སྒྲུབ་ཐུབ་ཅིང་། སྒྲུབ་ནས་ཀྱང་གྲུབ་འབྲས་མངོན་གསལ་འབྱུང་ཐུབ་པ་སོགས་ལ་ཤེས་ཡོན་ཟེར། ལྷག་པར་དུ་ཡང་ཅི་ཞིག་ལ་ཡོན་ཏན་ཟེར་ཞེ་ན་ཤེས་བྱ་ཅི་རིགས་བསླབས་ནས་ངེས་པའི་བློ་སེམས་དང་ཤེས་བྱ་དེ་དག་བཀོལ་སྤྱོད་གང་ལེགས་བྱེད་ཅིང་ནུས་པའི་ཁྱད་ཆོས་ལྡན་པ་སོགས་ལ་ཡོན་ཏན་ཅན་ཞེས་ཟེར་བ་དང་། དེ་ལས་ཟློག་ན་ཕྱུག་པོ་སྟོང་ལུག་ཅན་གྱི་ཁྱིམ་ཚང་འགའ་རེས་སེར་སྣ་ཆེན་པོའི་དབང་གིས་ཤ་ཁམ་གང་ཙམ་ཡང་བཟའ་རྒྱུ་མེད་པ་དང་ཡོད་ཀྱང་ལོངས་སུ་སྤྱོད་མ་ནུས་ན་ཧ་ཅང་དབུལ་ཞིང་ཕོངས་པའི་གནས་སུ་འདུག་པ་དང་ཁྱད་པར་ཅི་ཡོད། དེས་ན་༼ཕྱུགས་རྫི་རྒན་པོའི་འབེལ་གཏམ༽ཞེས་པའི་རྩོམ་པ་པོ་ཧྲོང་བོ་་རྒྱལ་ཚེ་ལགས་ལ་མཚོན་ན་སློབ་ཆུང་གི་ཤེས་བྱའི་སྦྱངས་འབྲས་ཙམ་ལས་ཤེས་ཡོན་དང་ཤེས་བྱ་མེད་ཀྱང་ལག་ལེན་གྱི་ཁྲོད་དུ་རང་ལ་འབྱོར་བའི་ཤེས་བྱ་ཕྲན་བུ་དེ་སྤྱི་ཚོགས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ཏེ། བཀོལ་སྤྱོད་གང་ལེགས་བྱེད་ནུས་ཤིང་གྲུབ་འབྲས་ཀྱང་མངོན་གསལ་ཐོབ་ཐུབ་པ་ནི་འབྲོག་པའི་ཕྱུགས་སྐྱོང་ཁྲོད་ནས་འཚར་ལོངས་བྱུང་ཞིང་ཕུལ་དུ་བྱུང་བའི་རིག་བཟང་ཤེས་ཡོན་ཅན་ཞིག་རེད་ཅེས་བཤད་ཆོག་ཅིང་རྗེས་སུ་ཧ་ཅང་ཡི་རང་ངོ་།།

     ཁྱད་པར་དུ༼ཕྱུགས་རྫི་རྒན་པོའི་འབེལ་གཏམ༽ཞེས་བྱ་བ་ལས། བོད་གངས་ཅན་ཆོས་ལྡན་ཞིང་གི་འབྲོག་པའི་ཕྱུགས་རྫི་དཀྱུས་མ་ཞིག་གི་ཆ་ནས་རང་སྟེང་གི་བསམ་པ་དཀར་བོ་དུང་འདྲ་བ།། ཡིད་སེམས་དྲང་མོ་མདའ་འདྲ་བ།། ཞེས་པའི་དཔེ་བཞིན་རང་དཔེ་གཞན་སྟོན་གྱི་ནུས་པ་གང་ལེགས་བཏོན་ནས་དམ་པའི་ཆོས་ཀྱི་སྙིང་བཅུད་དང་། སྐྱེས་ཆེན་དམ་པ་རྣམས་ཀྱིས་གདམས་པའི་བསླབ་བྱ། འཇིག་རྟེན་ཁམས་ཀྱི་གནས་ལུགས་སོགས་ཇི་མ་ཇི་བཞིན་དུ་ལུང་དྲངས་ནས། རྩོམ་ཡིག་གི་བརྗོད་བྱའི་དོན་ལ་གཏིང་ཟབ་པ། བརྗོད་བྱེད་ཚིག་གི་སྦྱོར་ལེགས་པ། ནང་དོན་ཕུམ་སུམ་ཚོགས་ཤིང་ཚིག་བསྡུས་པ། ཀུན་གྱིས་ཀློག་བདེ་བ་དང་ལྟ་སླ་བ་སོགས་ཡུལ་སྐད་ཀྱི་ལམ་ནས་མི་ཚེ་གཅིག་གི་བརྒྱུད་རིམ་དང་། ཀྱག་ཀྱོག་གི་ལམ་བུ། ལོ་རྒྱུས་ཀྱི་བྱུང་བ། རྒྱལ་ཁབ་ཀྱི་དར་རྒུད། སྤྱི་ཚོགས་ཀྱི་འཕོ་འགྱུར། མི་ཚེ་ཡི་མཐོང་ཐོས། ས་ཁྱི་ལོའི་ཟིང་འཁྲུག ཆོས་ལུགས་བཅོས་སྒྱུར། མཆོང་བསྐྱོད་ཆེན་པོ། ཟངས་རྒན་བཟའ་འཐུང་། སྤྱི་ཚོགས་སློབ་གསོ། རིག་གསར་འགུལ་སྤྱོད། གྲལ་རིམ་འཐབ་རྩོད། གཅིག་རྡུང་གསུམ་རྒོལ། སྲིད་ཇུས་དངོས་འབབ། དངོས་ཐོག་བདེན་འཚོལ། རྙོག་ཟིང་དྲང་བཅོས། བཅོས་སྒྱུར་སྒོ་འབྱེད། དཔལ་འབྱོར་འཛུགས་སྐྲུན་སོགས་སྐྱིད་སྡུག་སྐྱོ་གསུམ། མངར་སྐྱུར་ཚ་གསུམ། མཐོང་ཐོས་དྲན་གསུམ། མདོར་ན་རྩོམ་པ་པོ་རང་ཉིད་ཀྱི་འཇིག་རྟེན་ལྟ་ཚུལ་ལ་སོགས་པ་ཕྱོགས་གང་ཐད་ནས་ཀྱང་སྤྱི་ཚོགས་རྙིང་པར་དལ་འབྱོར་གྱི་མི་ལུས་ཐོབ་པ་དང་། སྤྱི་ཚོགས་གསར་བའི་དར་དམར་གྱི་འོག་ཏུ་འཚར་ལོངས་བྱུང་བ། བགྲང་བྱ་བརྒྱད་ཅུའི་རིང་གི་རྒས་པའི་གཉེར་མ་ཡུན་གྱིས་གདོང་ལ་བརྩེགས་པའི་ཕྱུགས་རྫི་རྒན་པོ་འདིས་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་ལ་གོང་བཀུར་བྱེད་པར་བཅངས་པའི་བརྩེ་སེམས་ལྷད་མེད་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་བྱེད་པའི་ཆོད་སེམས་དམ་པོ། རླབས་ཆེན་གྱི་མེས་རྒྱལ་ལ་དགའ་ཞེན་ཤིན་ཏུ་ཆེ་བའི་ལྷག་བསམ་རྣམ་དག བོད་མི་རིགས་རང་གི་མ་འོངས་པའི་མདུན་ལམ་ལ་ཤིན་ཏུ་ཤ་ཞེན་ཆེ་བའི་སྙིང་གཏམ་ཁོལ་མ་སོགས་གསལ་བོར་མཚོན་ཞིང་། ཏང་གི་སྲིད་ཇུས་དང་། རྒྱལ་ཁབ་ཀྱི་རྩ་ཁྲིམས། སངས་རྒྱས་ཀྱི་ཆོས་ལུགས། བོད་ཁམས་ཀྱི་བདེ་འཇགས། འཇིག་རྟེན་གྱི་གནས་ལུགས་སོགས་ལ་ཕྱི་རོལ་ཡུལ་གྱི་ལག་ལེན་དང་ཟུང་འབྲེལ་གང་ལེགས་བྱས་ཏེ། ཁ་ཞེ་གཉིས་མེད་ཀྱིས་རང་གི་མི་རིགས་དང་རང་སྡེའི་ཕུ་ནུ་ལ་སོགས་བུ་རབས་ཚ་རྒྱུད་ཕྱི་རབས་པ་རྣམས་ལ་ཤ་ཚ་ཞིང་སྙིང་ཉེ་བའི་གདམས་པའི་བསླབ་བྱ་རིན་ཐང་བྲལ་བ་སོགས་དམར་རྗེན་དུ་བསྩལ་ཡོད་པར་སེམས་ཤིང་། ལོ་རྒྱུས་ཀྱི་དཔྱད་ཡིག་དང་རྒྱུ་ཆ་རིན་ཐང་ལྡན་པ་ཞིག་ཀྱང་ཡིན་པ་མ་ཟད། མ་འོངས་པར་གངས་རིའི་ལྗོངས་སུ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སེམས་ཁམས་དམ་པའི་ལྷ་ཆོས་དཀར་པོ་དང་འཇིག་རྟེན་མི་ཆོས་གཙང་མར་ཡོངས་སུ་ཕྱོགས་ཏེ། ཆོས་ཐམས་ཅད་ནི་ཆོས་ལྡན་ཞིང་གི་མི་ཚང་མས་ཚེ་རབས་ནས་ཚེ་རབས་ཀུན་ཏུ་བསགས་པའི་རྒྱུ་འབྲས་ལ་རེག་ལས་ཡོད་པར་ཡིད་ཆེས་གང་འཚམས་དང་། སྐྱེ་བ་དང་རྒ་བ། ན་བ་དང་འཆི་བ། སྐྱེས་མཆོག་དང་སྐྱེས་དམན། འབྱོར་ལྡན་དང་འབྱོར་མེད། དར་བ་དང་རྒུད་པ། བཙན་པོ་དང་གཉོམ་ཆུང་། མཁས་པ་དང་བླུན་པོ། ཡང་ན་དགའ་སྡུག་སྐྱོ་གསུམ་གྱི་སྣང་ཚུལ་མཐའ་དག་ཀྱང་ཚད་གཞི་གཅིག་ལས་མ་འདས་པས། དེ་ནི་བདག་ཅག་གི་ཁྱབ་བདག་རྡོ་རྗེ་འཆང་ཉམས་མེད་ཆོས་ཀྱི་རྒྱལ་པོ་རྗེ་ཙོང་ཁ་བ་ཆེན་པོའི་ཞལ་སྔ་ནས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།། བསམ་པ་ངན་ན་ས་དང་ལམ་ཡང་ངན།། ཞེས་གསུངས་པ་བཞིན་ང་རང་ཚོས་རང་ལུས་རང་ལ་དབང་བའི་དུས་སུ་དགེ་སྡུག་གི་ས་བོན་ཅི་ཞིག་ཕར་བཏབས་པས་ན་འབྲས་བུ་ཀྱང་དེ་བཞིན་དུ་ཚུར་སྨིན་སྲིད་པ་ནི་གདོན་མི་ཟ་བར་བསམ་བློ་གཏོང་ཐུབ་པར་བྱུང་ན་ད་གཟོད་དགེ་སྡུག་གི་ལས་ལ་དོ་སྣང་ཆེན་པོ་བྱེད་ངེས་ཤིང་། འབྲས་བུ་ཀྱང་དེ་བཞིན་སྨིན་ངེས་པས། ང་རང་ཚོ་བོད་མི་རིགས་ནི་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་འདིར་དལ་འབྱོར་གྱི་མི་ལུས་ཐོབ་པ་འདི་ནི་ཚེ་རབས་སྔོན་མའི་བསོད་ནམས་ཀྱི་ཚོགས་བསགས་ཡིན་ལ་སྐྱིད་སྡུག་ཐོད་པའི་ཁ་ཡིག་ཡིན་པ་དང་། འཛམ་གླིང་ཐོག་ཏུ་ཡང་ཀུན་གྱིས་བསྟོད་བསྔགས་ཀྱི་མེ་ཏོག་རྩེ་རུ་སོན་པའི་མི་རིགས། ལས་རྒྱུ་འབྲས་ཡོད་པའི་མི་རིགས། བྱམས་སྙིང་རྗེ་ལྡན་པའི་མི་རིགས། ཚེ་འདི་ཕྱི་བརྩི་པའི་མི་རིགས། དཔའ་ངར་ལྡན་པའི་མི་རིགས། གཤིས་རྒྱུད་དྲང་པའི་མི་རིགས། ལས་ལ་བརྩོན་པའི་མི་རིགས། ཡ་རབས་སྤྱོད་བཟང་སོགས་ཀྱི་མི་རིགས་ཞིག་ཡིན་ནའང་འཆི་བ་མི་རྟགས་རྫ་མགོའི་བསིལ་བ་ཡིན་པས། སྐྱེས་བུ་དམ་པ་ཡིན་རུང་ཀྲོངས་རྒྱུ་ཡོད། བླ་ཆེན་དཔོན་ཆེན་ཡིན་རུང་འདས་རྒྱུ་ཡོད། མི་སེར་དཀྱུས་མ་ཡིན་རུང་ཤི་རྒྱུ་ཡོད། འདི་ཐམས་ཅད་ནི་འཇིག་རྟེན་ཆོས་ཉིད་ཡིན་པ་རྟོགས་ངེས་པ། ཁྱད་པར་དུ་སངས་རྒྱས་ཀྱི་ཆོས་ལུགས་དང་། རྒྱལ་ཁབ་ཀྱི་ཁྲིམས་ལུགས། འཇིག་རྟེན་གྱི་གནས་ལུགས་སོགས་ལ་ཀུན་གྱིས་གོ་བ་ཅུང་ཙམ་གཏིང་ཟབ་མོ་ལེན་ཐུབ་ན་ད་གཟོད་གདོང་དམར་བོད་པ་སུ་ཞིག་གིས་ཀྱང་རང་རྟོགས་ཀྱིས་ངོས་ཟིན་བྲལ་པའི་དགྲ་བོ་འཇིགས་སུ་རུང་བ་ནི་གཞན་ཞིག་གཏན་ནས་མ་ཡིན་པར་རང་སྟེང་དུ་གྲུབ་པའི་འདོད་ཆགས། ཞེ་སྡང་། གཏི་མུག ང་རྒྱལ། ཕྲག་དོག་སོགས་ཉོན་མོང་དུག་ལྔའི་རིགས་ལས་རྣམ་པར་རྒྱལ་ངེས་པ། ཚང་མས་བསམ་པ་བཟང་ཞིང་ཀུན་སློང་ཡག་པོ་དང་། འབྱོར་ཕྱུག་དང་དཔལ་ཡོན་ཉིས་ལྡན་གྱི་སྒོ་ནས་ཉེ་རང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་ཏེ། མར་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རང་ནུས་གང་ཡོད་ཀྱིས་དཀར་པོ་དགེ་བའི་ལེགས་ཚོགས་ཙམ་རེ་སྐྲུན་ཐུབ་པར་བྱུང་ན་ད་གཟོད་བོད་ཁམས་ཡུན་རིང་བདེ་འཇགས་དང་། མི་རིགས་མཐུན་སྒྲིལ། ནང་མི་འགྲིག་མཐུན། རྡོག་རྩ་གཅིག་གྱུར། དཔལ་འབྱོར་དར་སྤེལ་སོགས་རྗེ་འབངས་ཡོངས་ལ་སྲིད་འབྱོར་རིག་གསུམ་འཛོམས་ཤིང་། རྫོགས་ལྡན་གྱི་དཔལ་ལ་རོལ་བའི་སྤྱི་ཚོགས་གོང་ནས་གོང་དུ་འཕེལ་རྒྱས་སུ་འགྲོ་བར་དགེ་མཚན་ལྡན་པའི་ཕན་འབྲས་ངེས་ཅན་ཞིག་ཀྱང་འབྱུང་སྲིད་པ་བཅས་ཡིན་པས། བཀྲ་ཤིས་དགེ་ལེགས་འབུམ་ཕྲག་ལྡན་གྱུར་ནས་ཕུན་ཚོགས་དཔལ་གྱིས་རབ་ཏུ་མཛེས་པར་ཤོག།  

     ཞེས་བྱ་བ་འདི་ཡང་༼ཕྱུགས་རྫི་རྒན་པོའི་འབེལ་གཏམ༽ཞེས་པའི་རྩོམ་པ་པོ་ཧྲོང་བོ་རྒྱལ་ཚེ་ལགས་ཀྱིས་ཡང་ནས་ཡང་དུ་བཀྲ་ཤིས་ལྷ་དར་དང་བཅས་པའི་རེ་བ་བཏོན་ཕྱིར་འབྲོག་པའི་རྩྭ་ཐང་སྟེང་གི་ཕུལ་དུ་བྱུང་བའི་ཕྱུགས་སྐྱོང་རྩོམ་པ་པོ་འདིའི་ཞལ་ངོ་མ་ཆོད་པར་རོང་ཆེན་དེ་ཝ་ར་ཛཱ་ཤྲཱི་འཇམ་དབྱངས་བློ་བཟང་འཕྲིན་ལས་སམ་རོང་བོ་ལྷ་རྒྱལ་དཔལ་ཞེས་འབོད་པས། བོད་རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་བྱི་བ་སྤྱི་ལོ་2020ལོའི་ཧོར་ཟླ་གཉིས་པའི་གཟའ་སྐར་ཚེས་བཟང་ལ་གངས་ལྗོངས་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་ཆབ་ཆ་གསེར་གཞོང་རིང་མོའི་གྲོང་རྡལ་གསེར་མཁར་བདེ་ལེགས་དགའ་ཚལ་ཞེས་བྱ་བར་རང་ཤག་རྨད་བྱུང་བཀྲ་ཤིས་བདེ་སྟོང་རྣམ་པར་རྒྱལ་བའི་ཕོ་བྲང་ནས་སྦྱར་བ་དགེའོ།། སརྦ་ཛ་ཡནྟུ།།

 

                                    ༄༅།།སྐྱེ་ཁམས་ཁོར་ཡུག་གི་སྐྱོ་གླུ་རིང་མོ་ཞེས་བྱ་བ་བཞུགས་སོ།

    དུས་དེ་ནས་བཟུང_

    འཛམ་གླིང་འཛིན་མའི་ཁྱོན་ཡོངས་སུ་མཛེས་སྡུག་གི་རི་ཀླུང་།  མཐའ་ཡས་པའི་རྩྭ་ཐང་།  རྫ་ལུང་དང་སྤང་ལྗོངས།   ནེའུ་གསིང་དང་ནགས་ཚལ།   རྦབ་ཆུ་དང་བྲག་རི་གཟར་མོ་སོགས་ལས་གྲུབ་པ་འདི་ནི་མདོ་དབུས་མཐོ་སྒང་གི་རྨ་འབྲི་རྫ་གསུམ་ཞེས་བྱ་བའི་གཙང་གསུམ་འབྱུང་ཁུངས་ཡིན་པས།  ཨ་རོགས་རང་ཅག་འབྲོག་པ་ཚོ།  ཁྱོད་ཚོས་ཤེས་ཨེ་ཡོད།  མ་ཡུམ་ཆུ་བོ་འདི་ལ་སྲུང་སྐྱོབ་བྱེད་ཆེད་དང་།  སྐྱེ་ཁམས་ཁོར་ཡུག་འདི་ལ་སྲུང་སྐྱོབ་གི་ཆེད་དུ་།  ཐམས་ཅད་བློས་གཏོང་དགོས་བྱུང་པ་ནི་ཐམས་ཅད་འདས་དོན་ཞིག་ཏུ་འགྱུར་དགོས་པ་ལས་ཅི་ཡོད།

    དུས་དེ་ནས་བཟུང_

    རང་ཅག་འབྲོག་པ་ཚོས་གཡང་དཀར་ལུག་གི་འབའ་སྒྲའི་ཁྲོད་དུ། རྒས་པའི་གཉེར་མ་གདོང་ལ་བརྩེགས་ཤིང་།  མི་རབས་ནས་མི་རབས་དང་།  ཚེ་རབས་ནས་ཚེ་རབས་བར།  བུ་རབས་ཚ་རྒྱུད་མཚམས་མ་ཆད་པར་འཚོ་བར་གནས་པ་ནི་ཐམས་ཅད་འདས་དོན་ཞིག་ཏུ་འགྱུར་དགོས་པ་ལས་ཅི་ཡོད།

    དུས་དེ་ནས་བཟུང_

    སྨན་ཤར་བུ་མོའི་གླུ་སྐད་སྙན་མོའི་ཁྲོད་དུ།  སྟོང་བཤིག་འབྲུ་མར་སེར་བོའི་མར་ལོ་ལེན་དུས།  སྟག་ཤར་གཞོན་ནུའི་སྒེག་ཉམས་དང་སྐྱ་རྩལ་ཀྱི་ཁྲོད་དུ།  མེས་པོ་རྣམས་ཀྱི་སྲོལ་བཟང་རྒྱུན་མ་ཆད་པར།  རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་དྲངས་ཤིང་གྲངས་ཀའི་གོ་རིམ་ངེས་ཅན་ཞིག་ལ་བསྟེན་ནས། ཉིན་མོ་ཞིག་གི་ཐུན་གསུམ་དུས་དྲུག་ཏུ་ཆུ་ཚོད་ཉེར་བཞི་དང་།  ལོ་ངོ་ཞིག་གི་དུས་ཚིགས་བཞི་བོ་དབྱར་དགུན་སྟོན་དཔྱིད།  གནག་མོ་ནོར་གྱི་ངུར་སྒྲ་དང་།  གཡང་དཀར་ལུག་གི་འབའ་སྐྲའི་ཁྲོད་དུ།  ཕ་ཨ་ཁུའི་འཛུམ་མདངས་དང་གདོང་གི་གཉེར་མ་ཡུན་གྱིས་བརྩེགས་པའི་ཁྲོད་ནས།  ལོ་ངོ་སྟོང་ཕྲག་དུ་མར་ཕྱུག་ཟོག་གི་འཚོ་སྐྱོང་ལ་བསྟེན་ནས་འཚོ་བར་གནས་པ་ནི་ཐམས་ཅད་འདས་དོན་ཞིག་ཏུ་འགྱུར་དགོས་པ་ལས་ཅི་ཡོད།

     དུས་དེ་ནས་བཟུང_

     མ་སྲི་མོའི་ཐུལ་དཀར་འབྲི་མོ་བཞོ་བའི་དབྱངས་རྟ་སྙན་མོའི་ཁྲོད་ནས། ཁོ་མོ་ཚོའི་ཕྱག་ཟུང་གི་བརྩམ་ཆོས་གསར་བ་རེ་རེ་བཞིན་ཤེས་ཐུབ་ཅིང་།  སྨན་ཤར་བུ་མོའི་གླུ་སྒྲ་དང་།  སྟག་ཤར་གཞོན་ནུའི་འདོ་ཕྲུག་རྟ་ཕོའི་མཚེར་སྒྲ་དང་རྨུག་སྒྲའི་ཁྲོད་ནས། ང་རྒྱལ་གྱི་མེ་ལྕེ་དྲག་པོ་ལས་གཟེངས་གཟེངས་ངར་ངར་བྱེད་ས་དང་། ཨ་ཁུ་བཟང་པོའི་རང་ཆེ་རང་མཐོའི་སྣང་བ་མ་ནོན་པར་གཏམ་རིང་གཏམ་ཐུང་འཐེན་ས།  ཨ་ནེ་བཟང་མོའི་ཕྲག་དོག་དང་ལབ་གླེང་གི་ཁྲོད་ནས་ཤོམས་ར་རྒྱག་ས། ཤ་མར་ཐུད་གསུམ་གྱི་ཁ་ཟས་མངར་མོ་ནི་ཐམས་ཅད་འདས་དོན་ཞིག་ཏུ་འགྱུར་དགོས་པ་ལས་ཅི་ཡོད།

     དུས་དེ་ནས་བཟུང_

     མི་རྣམས་ཀྱི་ཁོར་ཡུག་གི་འདུ་ཤེས་ངན་འགྱུར་དུ་སོང་ནས། གང་འདོད་དུ་དབྱར་རྩྭ་དགུན་འབུ་འཐུ་བ་སོགས་ལ་ཁ་གཡར་ནས་ས་སྐོ་རྡོ་སློག་བྱས་ཏེ་ཡུལ་ལྷ་གཞི་བདག་རྣམས་ལ་ཕོག་ཐུག་བཏང་སོང་ཟེར་ཞིང་། རི་ཆུ་བཙོག་འགྱུར་བྱས་ཏེ་ཆོས་སྐྱོང་སྲུང་མ་དང་ལྷ་ཀླུ་བཙན་གསུམ་ཀྱང་ནུལ་ནས་ཐུགས་ཁྲོས་སོང་ཟེར་བ་དང་། ང་ཚོ་འབྲོག་པའི་རྩྭ་ཐང་དུ་མཛེས་སྡུག་ཡིད་དུ་འོང་པའི་སྤྲིན་འབྱུང་གི་མེ་ཏོག་སྣ་ཚོགས་ལྷུག་པར་བཞད་པའི་དུས།  ཡངས་ཤིང་མཐའ་ཡས་པའི་རྩྭ་ཐང་ཀུན་ཏུ་བཅུད་ལྡན་རྩི་ཏོག་སྣ་ཚོགས་ཀྱིས་ཁེབས་ཤིང་།  རྫ་ལུང་ཐམས་ཅད་གཙང་ཞིང་དྭངས་པའི་རྫ་ཆུ་བསིལ་མ་ལྷུང་ལྷུང་འབབ་ཞིང་། མུ་མེན་མུ་ཏིག་འཛིན་མའི་ཡོངས་སུ་བརྡལ་འདྲའི་རྟ་ནོར་ལུག་གསུམ་ཁྲ་ལམ་མེར་མིག་དབང་གི་བདུད་རྩིར་གྱུར་བའི་དུས་སུ་ཅི་འདྲའི་སྣང་བ་སྐྱིད་པོ་ཞིག་རེད་ཡ། འོན་ཀྱང་དེང་དུས་ཀྱི་རྫ་ལུང་ཀུན་ཏུ་ཟོག་རོ་དང་། སློག་རལ།   འགྱིགས་ཤོག ལྷམ་ཆད། ལྭ་ཆད་སོགས་ཁྱིམ་ཕྱགས་ཀྱིས་ཁེངས་རུང་དེ་ལ་གཙང་དག་དང་དོ་སྣང་བྱེད་མཁན་མེད། ཐ་ན་གནས་ཁམས་ཆེན་བྲག་དཀར་སྤྲེལ་རྫོང་གི་གནས་འདུས་ཆེན་མོས་སྐབས་སུ་ང་རང་ཐེངས་འགར་གནས་མཇལ་སོང་མྱོང་པ་ན། གནས་རི་འདིའི་སྐོར་ལམ་ཡོངས་སུ་གནས་མཇལ་བ་རྣམས་ཀྱིས་གང་འདོད་དུ་འཕངས་བའི་ལྭ་ཆད་དང་། ལྷམ་ཆད། སློག་རལ་སོགས་ཀྱིས་ཁེངས་ནས་གནས་རི་རིན་པོ་ཆེ་དེ་འང་ཧ་ཅང་ནུལ་ནས་བྱིན་རླབས་ཀྱང་ཉམས་འདུག་སེམས།   ཁྱད་པར་དུ་དགོན་པའི་གླིང་འདབས་སུ་ཚོང་རའི་ཚོང་བ་མང་པོས་ཁེངས་ནས་ཆེན་མོ་གཞུང་ཆུའི་འགྲམ་རྒྱུད་དང་ཆུ་ནང་དུ་སློག་རལ་དང་། འགྱིགས་ཤོག  ལྷམ་ཆད།  ལྭ་ཆད། གཅིན་སྐྱགས་སོགས་ཀྱིས་ཁེངས་འདུག་ནའང་དགོན་པའི་གྲྭ་ཚང་བརྒྱ་ཕྲག་དུ་མ་དང་གནས་མཇལ་བ་སྟོང་ཕྲག་དུ་མས་དེ་ལ་གཙང་དག་བྱེད་མཁན་མེད། ཁྱིམ་ཕྱགས་དང་གཅིན་སྐྱགས་ཀྱིས་དྲི་ངན་བྲོ་བའི་གཞུང་ཆུ་དེ་སྔར་བཞིན་མཆོག་གསུམ་མཆོད་པ་འབུལ་བའི་མཆོད་ཆུ་དང་།  དཔལ་ལྡན་བླ་མ་རྣམ་གསུམ་ཀྱི་གསོལ་ཆུ། གྲྭ་ཚང་དང་གནས་མཇལ་བ་རྣམས་ཀྱི་འཐུང་ཆུ་ཁོ་ནར་གྱུར་འདུག་པ་ནི་ཐམས་ཅད་འདས་དོན་ཞིག་ཏུ་འགྱུར་དགོས་པ་ལས་ཅི་ཡོད།

     དུས་དེ་ནས་བཟུང_

     སྟོད་ནས་མེ་རི་འཕྱུར་ཞིང་།  བར་ནས་ས་ཡོམ་འགུལ་བ།  སྨད་ནས་ཆུ་ལོག་ཤོར་བ་སོགས་ནགས་ཚལ་མེད་བརླག  རྩྭ་ཤིང་མེད་པར་བཏང་བ་སོགས་ཀྱི་རྣལ་སྨིན་འཁོར་སོང་ཟེར།  རྩྭ་སའི་རྩོད་གླེང་གི་རྣམ་པ། ཁྱོད་ཤི་ང་གསོན་གྱི་གཡུལ་འགྱེད།  ས་རྩོད་ཆུ་རྩོད་ཀྱི་མཇུག་མཐར།  ཕ་ས་མ་མོའི་བྲང་མགོ་ལྟ་བུ།  རང་སྡེ་མར་ཁུའི་མཚོ་མོ་ལྟ་བུ།  ལ་འཐོར་ལུང་འཐོར་དུ་འགྲོ་བཞིན།  ཡ་ཐོག་སྤྱི་ཚོགས་ཀྱི་ཚོ་བ་དང་སྡེ་བའི་གྲུབ་སྟངས། འཚོ་བའི་རོལ་སྟངས་སོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ནའང་རང་གི་ཕ་ས་དང་ཕ་ཡུལ་རེ་རེ་བཞིན་ལས་གྲུབ་པའི་ལོ་ངོ་སྟོང་ཕྲག་དུ་མས་ལོ་རྒྱུས་རིང་མོ་བརྒྱུད་ནས་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་ཅན་གསར་བ་འདི་ལ་བསྙེགས་དགོས་པར་བྱུང་པ་ནི་ཐམས་ཅད་འདས་དོན་ཞིག་ཏུ་འགྱུར་དགོས་པ་ལས་ཅི་ཡོད།

     དུས་དེ་ནས་བཟུང_

     རང་ཅག་འབྲོག་པའི་འཚོ་རྟེན་ལ་རྟ་ནོར་ལུག་གསུམ་སོགས་གཡང་ཟོག་གྲངས་ལས་འདས་པ་ལས་ཅི་ཡོད་ཀྱང་། དེ་ལས་བྲལ་ཏེ་མཁར་གྲོང་གི་འདུས་སྡོད་རྣམ་པ་གསར་བ་དང་། འབྲོག་པའི་གནས་སྤོར་གཏན་སྡོད་གྱི་ཁྱིམ་གཞི་གསར་བ་སོགས་བསྙེགས་ཏེ། ལག་སྟོང་མཆན་ལ་བཅུག་ནས་མཁར་གྲོང་གསར་བའི་ཞིང་ཁམས་སུ་བསྐྱོད་དགོས་བྱུང་། ལྟོ་གོས་ཉིས་འཛོམས་ཀྱི་འཚོ་རྟེན་གསར་བ་ནི་རྒྱལ་ཁབ་གྱིས་ལོ་ངོ་ཁ་ཤས་རིང་ལ་ཁ་གསབ་རོགས་རམ་ཙམ་ལས་ཅི།  ཨ་རོགས་རང་ཅག་འབྲོག་པ་ཚོ།  ཁྱོད་ཀྱིས་བསམ་བློ་ཅི་ལྟར་གཏོང་བཞིན་ཡོད།  དུས་དེ་ནས་བཟུང་ཁྱོད་ཚོས་བཟོ་ལས་དང་།  ཚོང་ལས།  ཐོན་ལས་གསུམ་པ།  སྣ་མང་དོ་དམ།  ཀླ་གཡོག་འབད་གསུམ་སོགས་ཀྱི་འཚོ་བ་གསར་བ་ཞིག་གི་འགོ་རྩོམ་དགོས་བྱུང་། མཁར་གྲོང་གི་འཚོ་བ་ནི་འཇིག་རྟེན་ཐོག་ལྷ་ཡུལ་ཁམས་ལས་གཞན་མ་ཡིན་མོད། ཐམས་ཅད་མི་དམངས་ཤོག་སྒོར་ལ་བརྟེན་དགོས་བྱུང་།   ལྡུམ་བུ་སྤར་བ་གང་ཉོ་ན།  གྲོ་ཕྱེ་དོ་ལུ་གང་ཉོ་ན།  ལུག་ཤ་རྒྱ་ལུ་གང་ཉོ་ན།  ཆུ་ཁོལ་དཀར་ཡོལ་གང་འཐུང་ན། ཐ་ན་གཅིན་སྐྱགས་གཏོང་ས་ཞིག་བཙལ་ནའང་། ཐམས་ཅད་མི་དམངས་ཤོག་སྒོར་ལ་བརྟེན་དགོས། ཁྱད་པར་དུ་ཀུན་གྱིས་ཚོང་ལས་གཉེར་ན་བཟང་རབས་ཟེར། ཐམས་ཅད་ཚོང་བར་གྱུར་སོང་ན།  ཁྱོད་གྱི་ཚོང་ཟོག་སུ་ཡིས་ཉོ་དགོས་བྱུང་། ཨ་རོགས་རང་ཅག་འབྲོག་པ་ཚོ།  ཁྱོད་ཚོས་ཤེས་ཨེ་ཡོད།  ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་ཕྱུག་ཟོག་འཚོ་སྐྱོང་ལ་སྟེན་ནས་འཚོ་བར་གནས་པ་ནི་ཐམས་ཅད་འདས་དོན་ཞིག་ཏུ་འགྱུར་དགོས་པ་ལས་ཅི་ཡོད།

     དུས་དེ་ནས་བཟུང_

     འཛམ་བུ་གླིང་ལ་མི་གྲངས་དུང་ཕྱིར་ཆིག་སྟོང་དང་དྲུག་ཅུ་ཡས་མས་སུ་སླེབས་མྱོང་ཞིང་། རྒྱལ་ཁབ་དང་རྒྱལ་ཕྲན་ཧ་ལམ་ཆིག་བརྒྱ་དང་དགུ་བཅུ་རྩ་གྲངས་ཡོད་པས། སའི་གོ་ལ་ཧྲིལ་པོའི་ཐོག་ཏུ་དུས་ཚོད་སྐར་མ་རེའི་ནང་དུ་ས་ཆ་ཀུང་ཆིན་ཆིག་བཅུ་རེ་བྱེ་སྒང་དུ་འགྱུར་བཞིན་པ་དང་། དུས་ཚོད་སྐར་མ་རེའི་ནང་ལ་ནགས་ཚལ་ཀུང་ཆིན་ཉི་ཤུ་རེ་མེད་པར་དུ་འགྲོ་བཞིན་པ།   དུས་ཚོད་རེའི་ནང་དུ་སྲོག་ཆགས་སྣ་ཁ་གཉིས་རེ་རྩ་མེད་དུ་འགྲོ་བཞིན་པ། དུས་ཚོད་རེའི་ནང་ལ་ས་གཤིས་ཏུན་ས་ཡ་གསུམ་རེ་ཤོར་བཞིན་པ། ཁོར་ཡུག་བཙོག་འགྱུར་གྱི་དབང་གིས་ཉིན་རེར་བཞིན་འགྲོ་བ་མིའི་རིགས་ཡོངས་སུ་ནད་ཡམས་སྣ་ཚོགས་དང་སྐྲན་ནད་བྱུང་ནས་མི་ཆིག་འབུམ་རེའི་ཚེ་སྲོག་ཤོར་བཞིན་པ། ཉིན་རེར་བཞིན་མཁའ་དབུགས་ཆེན་པོའི་དབྱིངས་སུ་ཨེར་དབྱང་ཧྭ་ཐན་ཏུན་བྱེ་བ་གཅིག་དང་ས་ཡ་ལྔ་རེ་གཏོང་བཞིན་པ།  ཉིན་རེར་བཞིན་གད་སྙིག་ཏུན་བྱེ་བ་གཉིས་དང་ས་ཡ་བདུན་རེ་ཐོན་བཞིན་པ། རང་རྒྱལ་ལ་མཚོན་ནའང་ལོ་རེར་བཞིན་ཁོར་ཡུག་བཙོག་འགྱུར་དང་སྐྱེ་ཁམས་ལ་གཏོར་བརླག་བྱས་པའི་དབང་གིས་བཟོས་པའི་དཔལ་འབྱོར་གྱོང་གུད་ཐད་དམངས་སྒོར་དུང་ཕྱིར་བརྒྱད་བརྒྱ་དང་དྲུག་ཅུར་སླེབས་བཞིན་པ་བཅས་རེད། ཁྱད་པར་དུ་དུས་ཡུན་རིང་པོ་ཞིག་ལ་རི་སྐྱེས་སྲོག་ཆགས་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཞན་ཞིང་། དུས་རབས་དུ་མའི་རིང་ལ་རི་སྐྱེས་སྲོག་ཆགས་གང་འདོད་ཀྱིས་བསད་པ་དང་། ནགས་ཚལ་སྟུག་པོ་གང་འདོད་ཀྱིས་བཅད་པ། དབྱར་རྩྭ་དགུན་འབུ་གང་འདོད་ཀྱིས་བསྐོས་པ་སོགས་ས་སྐོ་རྡོ་སློག་བྱས་ནས་ས་ཆུའི་འབྱུང་བཅུད་ཤོར་པས། སྣང་སྲིད་སྡེ་བརྒྱད་ཐམས་ཅད་ཀྱང་ཧ་ཅང་ཐུགས་ཁྲོས་ནས་སད་སེར་ཆར་ཐོག་ཇེ་མང་དང་།  ལོ་ངན་ཐན་སྐྱོན་ཇེ་མང་།  ས་ཆུའི་འབྱུང་བཅུད་ཇེ་ཞན།  ཐ་ན་ས་ཆའི་རྒྱ་ཁྱོན་འང་ཇེ་ཆུང་ནས་ཇེ་ཆུང་དུ་འགྲོ་བཞིན་ཡོད་པར་སྣང་ཞིང་།  སྔོན་ཆད་ང་ཚོ་འབྲོག་པས་སྟོང་ལུག་འཚོ་བའི་རྩྭ་སའི་ཐོག་ཏུ་ད་ལྟ་ར་ལུག་སུམ་བརྒྱ་ཙམ་ཡང་འཚོ་ཐབས་མེད་ཅིང་།  སྔོན་ཆད་རི་སྐྱེས་སྲོག་ཆགས་འབྲོང་དང་། རྐྱང་། རྣ་བ།  དགོ་བ།  ཤ་བ།  གླ་བ་སོགས་རི་དྭགས་འབྲོག་པའི་སྒོ་ཟོག་རྟ་ནོར་ལུག་གསུམ་གྱི་ནང་དུ་འདྲེས་པ་སོགས་ཀྱང་ད་ལྟ་མིག་ལམ་དུ་མི་སྣང་པར་གྱུར།  དེ་བས་ང་རང་གིས་རང་གི་ཕ་ཡུལ་གྱི་རྗེ་འབངས་མི་ཉུང་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་འོས་པའི་འདུ་ཤེས་དང་རེ་བ་བཅིངས་པ་ལྟར། ཞིང་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་ལས་ཁུངས། ཡང་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་མཆོག་ལ་འཕྲིན་ཡིག་བྲིས་ནས་སྙན་ཞུས་ཕུལ་མྱོང་བ་མ་ཟད།   ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པ་སྐོར་ཞིག་ཁྲིད་ནས། ལེ་བར་སྟོང་ཕྲག་དུ་མའི་དཀའ་ཚེགས་ལ་མ་འཛེམས་པར་རྫ་ལུང་རི་ལུང་བརྒྱུད་དེ་གནས་ཚུལ་རྟོགས་དཔྱོད་བྱས་ཏེ། ལོ་རེར་བཞིན་ཕྱོགས་ཡོངས་ཀྱི་མི་སེར་ཁྲི་འབུམ་མང་པོ་བསྐུལ་ནས་དབྱར་རྩྭ་དགུན་འབུ་བསྐོས་ཏེ་ས་སྐོ་རྡོ་སློག་བྱེད་པར་སྔོན་འགོག་བྱེད་པའི་འདུན་པ་རབ་ཏུ་ཁེངས་ནས་མཇུག་འབྲས་ཅུང་ཙམ་ཐོབ་མྱོང་ཀྱང་།  སྲིད་གཞུང་ཁག་གིས་ལོ་རེར་བཞིན་གསལ་བརྡ་བཏང་ནས་ས་ཆ་གཞན་པའི་མང་ཚོགས་རང་རེའི་ས་ཐོག་ཏུ་ཡོང་ནས་དབྱར་རྩྭ་དགུན་འབུ་བསྐོ་མི་ཆོག་ཅེས་ཁ་ཟེར་ཀྱང་དོན་དངོས་ཐོག་མྱུར་བ་མྱུར་དུ་ཤོག་ཅེས་འབོད་པ་གཏོང་བཞིན་འདུག་པར་སེམས། འབྲོག་པ་མི་ཉུང་ཞིག་གིས་རང་གི་མིག་སྔར་གྱི་རྩྭ་སའི་ཐོག་གི་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཁོ་ན་བསམ་ནས་རང་བྱུང་ཁོར་ཡུག་ལ་གཏོར་བརླག་ཚབ་ཆེན་བཏང་སྟེ།   རང་གི་བུ་རབས་ཚ་རྒྱུད་རྗེས་མ་རྣམས་ལ་འཚོ་ཐབས་མེད་པའི་གནས་སུ་བསམ་བཞིན་དུ་ནག་ཉེས་ཆེན་པོ་བསགས་བཞིན་ཡོད།  རང་རྒྱལ་གྱི་ནང་ལོགས་ས་ཆར་མཚོན་ན་རྨ་འབྲི་རྫ་གསུམ་གྱི་གསེར་ལྡན་ཆུ་བོས་སྨད་ཕྱོགས་སུ་ལོ་རེར་བཞིན་ཆུ་སྒྲ་ཆེན་པོ་བཟོས་ནས།  གྲོང་ཁྱེར་ཆེན་པོ་གང་མང་བསྣུབས་ལ་ཉེ་བའི་ཉེན་ཁ་དང་།   མི་དམངས་ཁྲི་འབུམ་མང་པོའི་ཚེ་སྲོག་ཤོར་ལ་ཉེ་བའི་ཉེན་ཁ། མི་དམངས་བཅིངས་བཀྲོལ་དམག་དང་ཉེན་རྟོགས་དམག་དཔུང་གི་དཔོན་དམག་རྣམས་ཀྱིས་ལོ་རེར་བཞིན་རང་སྲོག་འཛེམ་མེད་ཀྱིས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་སྐྱོབ་བཞིན་འདུག་ཅིང་། ལོ་རེར་བཞིན་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཕྱོགས་ལ་དམངས་སྒོར་དུང་ཕྱིར་མང་པོའི་གྱོང་གུད་བཟོ་ངེས་དང་། རྒྱལ་ཁབ་ཆེན་པོའི་དཔལ་འབྱོར་ལ་འང་ཆགས་སྒོ་ཆེན་པོ་བཟོ་ངེས་ཡིན་པར་འདུག ཉེ་བའི་ལོ་འགའི་རིང་ལ་རང་རེའི་ཏང་དང་རྒྱལ་ཁབ་ཀྱིས་གོང་གི་གནས་ཚུལ་མཐའ་དག་ལ་དམིགས་ནས།  རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་གཏན་ལ་ཕབ་ཅིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཐབས་ཤེས་སྣ་ཚོགས་བཀོལ་ནས། རྨ་འབྲི་རྫ་གསུམ་གྱི་འབྱུང་ཁུངས་སུ་རྫ་འགོག་ནགས་གསོ་དང་།  ཕྱུགས་བསྐྱུར་རྩྭ་གསོ།  རྨོ་བསྐྱུར་རྩྭ་འདེབས། ཞིང་བསྐྱུར་ནགས་འདེབས་སོགས་རང་བྱུང་སྐྱེ་ཁམས་ཀྱི་ཁོར་ཡུག་ལེགས་བཅོས་བྱེད་བཞིན་ཡོད་པ་མ་ཟད། འབྲོག་པའི་འདུས་སྡོད་གྲོང་སྡེ་སོགས་ཀྱང་འཛུགས་སྐྲུན་བྱེད་བཞིན་ཡོད། དེ་བས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གང་ལེགས་བྱེད་དགོས་པ་དུས་མཚུངས་སུ་རོང་འབྲོག་པ་མང་ཚོགས་ཀྱི་དུས་ཡུན་རིང་པོའི་འཚོ་རྟེན་ལ་ཚན་རིག་དང་མཐུན་པའི་ཞིབ་འཇུག་དང་བཀོལ་སྒྲིག་གང་ལེགས་བྱེད་འོས་པ་ནི་མི་དམངས་སྲིད་གཞུང་གི་བྱ་བར་རགས་ལས་ཡོད།

      དུས་མཚུངས་སུ་ང་རང་ཡང་རྒྱལ་ནང་གི་སི་ཁྲོན་དང་། ཡོན་ནན། ཀོས་ཀྲིག ནན་ཅིན། ཝུའུ་ཧན། ཀྲིན་ཀྲིག ལན་ཀྲུ། ཨན་ཧོས། ཞི་ཨན། རྒྱལ་ས་པེ་ཅིན། ཞང་ཀང་། ཨོ་མིན། དབུས་གཙང་དག་པའི་ཞིང་བཀོད་སོགས་ལ་ཐེངས་འགའ་རེ་ལྟ་གཟིགས་མཇལ་སྐོར་དུ་སོང་མྱོང་པས། གང་ས་གང་དུ་ཁོར་ཡུག་བཙོག་འགྱུར་གྱི་ངན་ཤུགས་ལ་བཅོས་སྐྱོང་ལེགས་པོ་བྱེད་པའི་སྒང་ཡིན་ལ་ཕན་འབྲས་ཀྱང་ཡག་པོ་བླངས་ཡོད།   ཁྱད་པར་དུ་དེང་སྐབས་ང་ཚོ་ཁ་བ་རི་བའི་ལྗོངས་སུ་བོད་ཆོལ་ཁ་གསུམ་ཀྱི་ཡུལ་གྲུ་སོ་སོར་རི་སྐྱེས་རི་དྭགས་སྲུང་སྐྱོབ་བྱེད་པའི་འདུན་པ་རབ་ཏུ་ཁེངས་ཏེ། སྲམ་དང་། སྟག་ལྤགས། གཟིག་ལྤགས་སོགས་རི་དྭགས་རྩ་ཆེན་གྱི་ལྤགས་པ་གཏན་ནས་མི་བཀོལ་བའི་ཚ་རླབས་མཐོན་པོ་ཞིག་ཀྱང་ལངས་བཞིན་ཡོད་ཅིང་། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཀྱང་ཇེ་མཐོར་འགྲོ་བཞིན་ཡོད་པས། དམངས་ཡོངས་རང་བཞིན་གྱིས་རི་སྐྱེས་སྲོག་ཆགས་དང་སྐྱེ་ཁམས་ཁོར་ཡུག་ལ་བཅོས་སྐྱོང་བྱེད་པའི་བྱ་བཞག་རླབས་པོ་ཆེ་ཞིག་ང་རང་ཚོའི་མདུན་དུ་བཤམས་ཡོད་པ་སོགས་ཁོར་ཡུག་སྲུང་སྐྱོབ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན་པ་དང་མ་འོངས་པར་གསེར་གྱི་རི་དང་དངུལ་གྱི་རི། ནམ་མཁའ་སྔོ་ཞིང་ཆུ་དྭངས་བ། མཛེས་སྡུག་ལྡན་པའི་རི་ཆུ་ནགས་གསུམ་སོགས་ཁོར་ཡུག་སྐྱེ་དངོས་སྲུང་སྐྱོབ་བྱེད་པ་དང་། ཀྲུང་ཧྭའི་མ་ཡུམ་ཆུ་མཛོད་ཆེན་མོར་སྲུང་སྐྱོབ་བྱེད་པའི་འཐབ་ཇུས་ཚད་མཐོན་པོའི་འདུ་ཤེས་ལ་བསམ་བློ་གཏོང་དགོས་པ་ནི་མི་དམངས་སྲིད་གཞུང་གི་ཐུགས་དགོངས་ཟབ་མོ་ཡིན་པ་མ་ཟད་རྒྱལ་འབངས་དཀྱུས་མ་རེ་རེས་ཀྱང་རང་ཐོག་ནས་འབད་བརྩོན་ལྷོད་གཡེང་མེད་པར་ལག་བསྟར་དངོས་འབབ་ཡོང་བར་འཚལ་ལོ།།

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་འཛམ་གླིང་ས་འཛིན་བུ་མོའི་ཁྱོན་ཡོངས་སུ་གངས་རི་ར་བའི་བསྐོར་བའི་ཞིང་ཁམས་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་ཆབ་གཞོང་དར་ཐང་རིང་མོའི་གྲོང་རྡལ་གསེར་མཁར་བདེ་ལེགས་དགའ་ཚལ་ཞེས་བྱ་བར་རང་ཤག་བཀྲ་ཤིས་བདེ་སྟོང་རྣམ་པར་རྒྱལ་བའི་ཕོ་བྲང་ནས་རང་སྣང་གང་ཤར་གྱིས་སྦྱར་བ་སརྦ་ཛ་ཡནྟུ།།    །།


                                            ༄༅།།སྐྱིད་པའི་རྨི་ལམ་གྱི་དབྱིངས་ནས་རྒྱང་རིང་ཡུལ་འཁྱམས་སུ་

                                                          འགྲིམ་པ་ཞེས་བྱ་བ་བཞུགས་སོ།།

      ཨ་ལ་ལ། ངོ་མ་ཡ་མཚན་རེད། དེ་རིང་ནི་བོད་རབ་བྱུང་བཅུ་བདུན་པའི་རབ་རྒྱན་ས་ཕོ་ཁྱི་ལོའི་ཧོར་ཟླ་གཉིས་པའི་ཚེས་གསུམ་ཉིན་གྱི་ཉི་བཟང་སྐར་བཟང་གི་དུས་ཞིག་ཏུ་སླེབས་ཡོད་ཅིང་། ཁོ་བོས་ཀྱང་ཞོགས་པའི་སྐྱ་རེངས་དང་པོའི་མདུན་བསུས་ནས་དུས་རྒྱུན་བཞིན་མལ་ལས་སངས་ནས་ཡར་ལངས་ཏེ། ཡར་དཀོན་མཆོག་གསུམ་ལ་མཆོད་བཤམས་མཆོད་འབུལ་བྱས་ནས། དུས་རྒྱུན་གྱི་ཁ་ཏོན་བཟློས་འདོན་གྱི་ཕྱག་ལེན་སྟ་གོན་བྱེད་འདོད་ཀྱང་ཅུང་ཙམ་མ་འགོར་བར་རང་དབང་མེད་པར་སླར་ཡང་རྨི་ལམ་ཀྱི་དབྱིངས་སུ་ཆས་སོང་། དེ་མ་ཐག་ཏུ་མི་ཚོགས་ཁྲི་འབུམ་མང་པོ་ཞིག་དང་ལྷན་ཅིག་ཏུ་རི་བོ་ཆུང་ཆུང་ཞིག་གི་ལམ་ཐིས་སྐྱ་ཤ་ཞིག་དེད་ནས་རི་རྩེའི་ཕྱོགས་སུ་བསྙེགས་དགོས་པར་བྱུང་། ཡིན་ནའང་རང་ཉིད་ནི་མི་ཚོགས་གཞན་དང་མི་མཚུངས་པར་གོམ་པ་རེ་རེར་བཞིན་རྐང་ཐང་ལ་གྱེན་ལམ་དུ་ཞུགས་མི་དགོས་པར་ཅུང་ཙམ་བར་སྣང་ནས་རྐང་པ་གཉིས་ས་ལ་མི་ཐུག་པར་མི་ཚོགས་དང་བསྟུན་ནས་ལྷན་སྐྱེས་རྩ་རླུང་གི་ངང་ནས་བསྐྱོད་ཐུབ་པས་སྣང་བ་ཧ་ཅང་སྐྱིད་པོ་ཞིག་ཤར་འདུག།

      ལམ་སྐབས་སུ་རྩེད་མཚར་གྱི་ངང་ནས་རང་གི་རྐང་པ་གཉིས་བར་སྣང་ན་ཡོད་ཀྱང་ལུས་ཕུང་ཕྱིར་རྒན་དུ་འགྱེད་ནས་ལམ་འགྲོ་བ་རྣམས་ལ་ཁྱོད་ཚོས་ང་ལ་ཡར་ཅིག་སྐྱོར་རོགས་གནོངས་ཞེས་གུ་རེ་རྩེད་བཞིན་བསྐྱོད། འོན་ཀྱང་དངོས་གནས་རང་ཉིད་ས་ལ་འགྱེད་པའི་དཔེ་མི་སྲིད་ཅིང་གཞན་གྱིས་ཡར་ལ་སྐྱོར་མི་དགོས་པའི་གདང་ཚོད་ཀྱང་རང་ལ་ཡོད། རི་ཆུང་དེ་ཀའི་རྩེ་རུ་སླེབས་ནས་རྒྱང་རིང་དུ་བལྟས་པ་ན་དབྱར་གསུམ་ཟླ་བ་བཞི་བའི་དུས་སུ་སྨིན་ཞིང་རི་ཆུ་ཐམས་ཅད་ཀྱིས་ལྗང་མདོག་གི་ན་བཟའ་བནབས་ནས་མཛེས་སྡུག་ལྡན་པའི་རི་ཆུ་ནགས་གསུམ་གྲུབ་ཡོད་པ་དང་། སྤང་ལྗོངས་སུ་མེ་ཏོག་སྣ་ཚོགས་རྣམ་པར་བཀྲ་ཤིང་། རྫ་ལུང་ཐམས་ཅད་ལ་དབྱར་གསུམ་སྨིག་གིས་ཁེངས་འདུག ཅུང་ཙམ་གྱེན་ཕྱོགས་སུ་འཁོར་བའི་ཐང་གཤོང་ཆེན་པོ་མཐའ་ཡས་པ་ཞིག་འདྲེན་བྱེད་དབང་པོའི་ལམ་དུ་ཤར་ཡོང་བས། གཞུང་ལམ་ཆེན་པོ་དེད་ནས་མི་ཚོགས་གྲངས་ལས་འདས་པས་ཁེངས་ཤིང་ཚང་མ་ཉག་ཆེན་ཞིག་གི་ཕྱོགས་སུ་བཞུར་ཀིན་འདུག བསམ་ཚུལ་ལ་དེ་དག་ནི་ཧ་ཅང་བརྒྱངས་རིང་དུ་བསྐྱོད་བཞིན་པའི་གནས་འཇལ་བ་མང་པོ་ཞིག་ཡིན་པར་སེམས། དེ་མ་ཐག་ཏུ་ཁོ་བོ་ཡང་མི་ཚོགས་འགྲོད་པའི་ཕྱོགས་སུ་ཆས་ཀྱང་སྔར་བཞིན་རྐང་ཐང་དུ་བསྐྱོད་མི་དགོས་པར་རྩ་རླུང་གི་ངང་ནས་ཅང་ཤེས་རྟ་མཆོག་གི་གོང་ལ་ཆིབས་པ་བཞིན་རྫུན་འཕྲུལ་གྱིས་བར་སྣང་དུ་འཕུར་བསྐྱོད་བྱེད་ཆོག་པ་མ་ཟད། མ་གཞི་རང་ཉིད་གླུ་བ་ཞིག་མིན་ཞིང་སྐད་ངག་ཡག་པོ་ཞིག་ཀྱང་མེད་མོད་ཀྱང་སྐབས་དེར་གླུ་སྐད་སྙན་མོ་ཞིག་གི་དབྱངས་སུ་བགུགས་ནས་མི་ཚོགས་ཁྲི་འབུམ་མང་པོ་དེའི་མགོ་ཐོག་ནས་འཕུར་ཏེ་ཉག་ཆེན་ཕྱོགས་སུ་བསྙེགས། ཉག་ཆེན་ཁ་དེ་རུ་སླེབས་རྗེས་རང་དབང་མེད་པར་གཤོག་འོག་རླུང་གིས་བསྐྱོད་པའི་སྣང་བ་ཞིག་ཤར་ནས། སྐད་ཅིག་དེ་ཉིད་དུ་རི་ཆུ་བྲག་གསུམ་དུ་མ་བརྒལ་ནས་ཡུལ་གྲུ་མི་གཅིག་པ་གཞན་ཞིག་ལ་སླེབས་ཟིན། གནས་དེ་གར་རི་ངོས་ཞིག་ཏུ་སྟབས་བདེའི་ཁང་མིག་ཐར་ཐོར་ཞིག་ལས་མི་འདུག ཁང་མིག་ཞིག་གི་ནང་ལ་འཛུལ་ནས་བལྟས་པ་ན་དེར་ཡང་བུད་མེད་ལོ་ལོན་སྐྲ་ལོ་དཀར་པོ་ཅན་ཞིག་ལས་མི་འདུག རྒན་མོ་ལོ་ལོན་དེས་ཁང་དཀྱིལ་དུ་བུད་ཤིང་མི་དགོས་རྫུན་འཕྲུལ་གྱིས་མེ་ཞིག་འབུད་བཞིན་འདུག ཁོ་བོ་ཡ་མཚན་སྐྱེས་ནས་མེ་འདི་ཅི་ལྟར་བོས་ནི་རེད་ཞེས་དྲིས་པས། དངོས་སྤུངས་འདི་ཤིང་ཐུར་བཀོལ་ནས་ཅུང་དཀྲིགས་པ་ཙམ་གྱིས་མེ་ལྕེ་ཡར་ལ་རྒྱས་ཏེ་འབར་ངེས་ཡིན་ཟེར། ཁོ་མོས་ཀྱང་དེ་ལྟར་བྱས་པས་དེ་འདྲ་ཡ་མཚན་རེད། ས་འདི་གང་ཞིག་རེད་ཞེས་དྲིས་པས་བཤད་མི་ཉན་ཟེར། ད་རུང་རྒན་ལོ་ལོན་དེའི་སྐེ་ལ་ཙནྡན་གྱི་ཕྲེང་བ་འགའ་བསྐོན་ཡོད་པ་དོགས་མི་བདེ་བའི་ཚུལ་བསྟན་ནས་སྤས་སྐོང་ཙམ་བྱས་ཤིང་། ས་འདི་ནས་ཕྲེང་བ་རྩ་ཆེན་འཛིན་མི་ཉན། གལ་ཏེ་ཕྲེང་བ་རྩ་ཆེན་བཟུང་ན་ཨ་མདོའི་མི་ཡིན་པ་ཤེས་འགྲོ་ཞེས་ཟེར་རུང་ཁོ་བོས་ནང་དོན་གསལ་བོ་ཞིག་མ་གོ་ཐལ། དེ་བས་རང་སེམས་ལ་ས་འདི་གང་ཞིག་ཡིན་པ་མི་ཤེས་བསམ་ནས་ཕྱིར་སྒོ་ཁ་བུད་རྗེས་ཁང་མིག་ཕྱི་རོལ་གྱི་ངོ་ལམ་ཕྲ་མོ་དེ་རུ་མི་ཚོགས་མང་པོ་ཡར་འགྲོ་མར་འོང་བྱེད་བཞིན་ཡོད། དེ་ནས་ཉེན་རྟོགས་པའི་ཆ་ལུགས་ཅན་མི་གཉིས་ཀྱིས་གཅར་རྡུང་དྲག་པོ་བྱས་ནས་ཤ་ཉོག་རུས་ཉོག་གིས་བཏང་ཟིན་པའི་སྔགས་འཆང་བ་ཞིག་གི་མགོ་ཡི་ལྕང་ལོ་དང་བཅས་པ་དྲུད་ནས་མར་འཕངས་མར་གཡུག་བྱེད་བཞིན་ཡོད་ཀྱང་སྔགས་འཆང་བ་དེ་གཉིས་ཤི་མ་གསོན་གྱིས་སླར་ཡང་ཡར་ལམ་གྱེན་ཕྱོགས་སུ་ཀོག་ནས་ནུར་གང་ཐུབ་བྱེད་བཞིན་འདུག ཡར་ལམ་གྱེན་ཕྱོགས་སུ་ནུར་ཤུལ་ནས་དེའི་ཁོག་གི་རྒྱུ་ཉོག་ཚང་མ་ཡང་སྔར་ནས་སར་ལྷུང་ནས་ལམ་ནང་དུ་བཀྲན་འདུག སྐབས་དེར་ཁོ་བོའི་སེམས་པའི་ངོགས་སུ་སྐྲག་སྣང་ཞིག་སྐྱེས་ཤིང་། དྲན་སྣང་ལ་ཤུགས་རིང་ཞིག་མི་འདོན་ག་མེད་བྱུང་བ་རེད། དེས་ཞོར་དུ་སྙིང་རྗེ་ཞིག་ཀྱང་དབང་མེད་དུ་འཁྲུངས་ནས་འཇིགས་པ་དེ་སེལ་བའི་ཆེད་དུ་རྒྱལ་བའི་གཟུངས་སྔགས་ཞིག་འདོན་དགོས་བསམ་ནས། ཨོཾ་བཛྲ་མ་ཧཱ་མུ་ནི་ཡེ་སྭཱ་ཧཱཿ ཨོཾ་བཛྲ་མ་ཧཱ་མུ་ནི་ཡེ་སྭཱ་ཧཱཿ ཨོཾ་བཛྲ་མ་ཧཱ་མུ་ནི་ཡེ་སྭཱ་ཧཱཿ ཞེས་བཟློས་བརྗོད་ཀྱི་ཞོར་དུ་གདོང་ལམ་དེའི་གྱེན་ཕྱོགས་སུ་འཁོར་ནས་རང་གཅིག་བུ་ཁེར་རྐྱང་དུ་རི་རྩེ་རུ་བསྙེགས་པས། ཧ་ལམ་རི་རྩེར་སླེབས་པ་ན་རྒན་པོ་སྨྲ་ར་དཀར་པོ་ཅན་ཞིག་གིས་མེ་ཁ་ཞིག་བཟུང་ནས་ཇ་བསྐོལ་བའི་སྟ་གོན་བྱེད་བཞིན་འདུག་པར་ཐུག གནས་དེར་རྩི་ཤིང་མེད་ཀྱང་ས་རྡོ་ཡང་མེད་པའི་རི་ཆུང་དམར་རྗེན་ཞིག་རེད། རྒན་པོ་དེས་ཕྱེ་སག་ཞིག་ལྷན་ཅིག་ཏུ་སྤུང་བ་ཙམ་གྱིས་རང་བྱུང་གི་ཐབ་ཀ་ཞིག་གྲུབ་ནས་ཐད་ཀར་སླ་ང་བསྐྱོན་ནས་ཇ་བསྐོལ་བར་འདུག ཁོ་བོ་དེའི་གམ་དུ་སོང་ནས་ཨ་ཁུ་ཁྱེད་ཀ་གང་གི་ཡིན་ཞེས་དྲིས་པས། རྒན་པོ་སྨྲ་ར་དཀར་པོ་ཅན་དེས་ཞལ་ལ་འཛུམ་གྱིས་ཁེངས་ནས་ང་ནི་བདེ་སྐྱིད་ཐང་གི་ཡིན་ཟེར་བས། ཁོ་བོ་ཧ་ཅང་དགའ་བ་ཆེན་པོ་ཞིག་སྐྱེས་ནས་རང་གི་སྐྱིད་པའི་ཕ་ཡུལ་ཕྱུག་མོ་མཚོ་སྔོན་པོའི་ཕྱོགས་ཀྱི་བདེ་སྐྱིད་ཐང་ཞེས་པའི་གནས་མཆོག་གམ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་རིན་པོ་ཆེས་ཞབས་ཀྱིས་བཅགས་ཤིང་ཕྱིན་གྱིས་བརླབས་མྱོང་བའི་ས་དེ་སེམས་ལ་ཤར་ཞིང་། ངག་ནས་རྟེན་འབྲེལ་ཡག་པོ་འགྲིག་སོང་། ལམ་བར་ནས་སྐྱིད་པོ་ཡོང་ངེས་ཁོ་ཐག་རེད་ཅེས་ཟེར་བ་དང་། རྒན་པོ་སྨྲ་ར་དཀར་པོ་ཅན་དེ་ལ་འཛུམ་གྱིས་གྱེར་ཞིང་། ཐབ་ནས་ཇ་ཁོལ་བར་རེ་ཞིག་བསྒུགས་འདུག།

     དེ་མ་ཐག་ཏུ་སླར་ཡང་གཉིད་ལས་སངས་པས། སེམས་ལ་ཨ་ལ་ལ་ད་ནངས་སྔ་མོ་རྨི་ལམ་འདི་འདྲ་སྐྱིད་པོ་ཞིག་བྱུང་དོན་མེད་མོད། གང་ལྟར་རྟེན་འབྲེལ་ཡག་པོ་ཞིག་ཡིན་ན་ཐང་བསམ་ནས་བསམ་བློ་ཞིག་བཏང་བ་ན་དེ་རིང་ནི་དག་དག་བདག་གི་ཚ་བོ་ཐུགས་སྲས་འཇིག་རྟེན་མགོན་པོས་དཀའ་བ་འབུམ་ཕྲག་སྤྱད་ནས། རྗེ་བཙུན་སྒྲོལ་མའི་ཞིང་བཀོད། གཡུ་ལོ་བཀོད་པའི་དགའ་ཚལ། འཛམ་གླིང་མཛེས་པའི་རྒྱན་གཅིག་ཞེས་བྱ་བ། སྲིད་ན་དཀོན་ཞིང་བོད་ན་མེད་པའི་དཀྱིལ་འཁོར་ལྷ་ཁང་ཆེན་མོ་ཞིག་གསར་བཞེངས་བྱེད་པའི་སྟ་གོན་གང་ལེགས་ལ་དམིགས་ནས། ཉི་ཤར་གྱི་རྩེ་མོ་དང་རྟེན་འབྲེལ་གྱི་མགོ་མ་ལ་སྒྲོལ་མའི་རླུང་རྟ་ཀ་འཛུགས་ཀྱི་གཞལ་ཡས་ཁང་བཟང་གདན་འདྲེན་བྱས་ཏེ། རབ་གནས་མཛད་སྒོ་སྤེལ་བཞིན་པའི་དུས་བཟང་གི་སྒང་ཡིན་པས། བོད་རྟེན་འབྲེལ་ཀྱི་བདག་པོ་ཡིན་ཟེར་བའི་དཔེ་ལྟར། རྗེ་བཙུན་འཕགས་མ་སྒྲོལ་མའི་ཕོ་བྲང་ལེགས་འགྲུབ་ཡོང་པའི་ཐུགས་དགོངས་ནམ་མཁའ་ཡང་བ་ལ་བཀྲ་ཤིས་རྟེན་འབྲེལ་ཡག་པོ་མཚོན་ཞིང་། ད་ནངས་ཞོགས་པའི་སྐྱ་རེངས་དང་པོ་ལ་རྨི་ལམ་ཐེངས་གསུམ་རྨིས་པ་ཐམས་ཅད་ཁ་ལུས་རླུང་རྟ་ཡར་ལ་འགྲོ་བཞིན་མཆིས་པས་རང་སེམས་ལ་དགའ་བ་ཆེན་པོ་ཞིག་གིས་ཁེངས་པ་ལས་མ་འདས་སོ།།

     ཕྱིས་སུ་ཐུགས་སྲས་འཇིག་རྟེན་མགོན་པོས་ཞལ་ནས། བུད་མེད་ལོ་ལོན་དེ་ནི་རྗེ་བཙུན་སྒྲོལ་མའི་སྤྲུལ་བ་ཡིན་ཞིང་། རྒན་པོ་སྨྲ་ར་དཀར་པོ་ཅན་དེ་ནི་ཐུགས་རྗེ་ཆེན་པོ་ཇོ་བོ་ལོ་ཀེ་ཤྭ་རའི་སྤྲུལ་བ་ཡིན། ཁང་དཀྱིལ་དུ་དངོས་སྤུངས་བུད་ཤིང་མི་དགོས་མེ་རི་རང་འབར་དེ་སྒྲོལ་མའི་རླུང་རྟ་ཀ་འཛུགས་ཀྱི་འགྲུབ་རྟགས་དང་ཁ་ལུས་རླུང་རྟ་མེ་ལྕེ་བཞིན་དུ་འབར་བའི་སྔ་ལྟས་ཡིན། རི་མགོ་རྩེ་ནས་ཇ་བསྐོལ་བ་ནི་འགྲོ་ཀུན་སེམས་ཅན་ཐམས་ཅད་བདེ་སྐྱིད་རྗོགས་ལྡན་ཆེན་པོའི་དཔལ་ལ་རོལ་བའི་རྟེན་འབྲེལ་ཡིན། ས་གཞི་ཆེན་པོར་དབྱར་དུས་ཀྱི་རྣམ་པ་ཡག་པོས་ཁེངས་པའི་ཡུལ་ལྗོངས་ནི་འགྲོ་ཀུན་སེམས་ཅན་ཐམས་ཅད་ལ་བསྐལ་བཟང་བདེ་སྐྱིད་བསྐྲུན་པའི་རྟེན་འབྲེལ་ཡིན། སྙན་མོ་ངག་གི་གླུ་སྐད་མཐོན་པོ་གདངས་སུ་གྱེར་བ་དེ་ནི་བདེ་སྐྱིད་ཀྱི་འདོད་འཇོའི་དཔལ་ལ་རོལ་བའི་རྟེན་འབྲེལ་ཡིན། སྔགས་འཆང་གསོད་ལ་ཁད་པོ་དེ་ནི་ཉོན་མོང་བདུད་ལས་རྣམ་པར་རྒྱལ་ཞིང་ནད་གདོན་སྡིག་སྒྲིབ་བག་ཆགས་ངན་པ་དང་བཅས་པ་མེད་པར་ཞི་བའི་སྔ་ལྟས་ཡིན་ཞེས་གསུངས་སོ།།

     དེ་ཡང་སྐུ་རང་གསལ་གྱི་སྐྱེས་བུ་དམ་པ་རྗེ་བཙུན་འཕགས་མ་སྒྲོལ་མའི་ཐུགས་སྲས་འཇིག་རྟེན་མགོན་པོ་ཞེས་བྱ་བ་ནི་བོད་རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་འབྲུག༡༩༦༤ལོར་རྨ་ཡུལ་རོང་བོ་བློན་ཆོས་སུ་ཡབ་ཕྱུག་སྐོར་ཀུན་བཟང་རྒྱལ་དང་ཡུམ་ལྷ་སྐོར་ཕག་ལོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། བྱིས་པའི་མིང་ལ་གཟི་བརྗིད་རྒྱལ་ཞེས་ཟེར་ཞིང་རབ་བྱུང་གི་མཚན་ལ་འཇམ་དབྱངས་ལྷུན་གྲུབ་དང་། དགེ་སློང་གི་མཚན་ལ་འཇིགས་མེད་རིག་བློ་རྒྱ་མཚོ། གསང་མཚན་སྟོབས་ཆེན་རྡོ་རྗེ་འབར་བ། ཕྱིས་སུ་ཤིང་བཟའ་རིན་པོ་ཆེས་མཚན་ལམ་གྱི་དབྱངས་སུ་བྱོན་ནས་སྤྲུལ་སྐུ་མཁྱེན་རབ་ཉི་མ་འོད་ཟེར་དང་། རྒྱལ་ཡུམ་རྗེ་བཙུན་འཕགས་མ་སྒྲོལ་མས་ཞལ་གཟིགས་གནང་ནས་ཐུགས་སྲས་འཇིག་རྟེན་མགོན་པོ་སོགས་མང་དུ་གྲགས་སོ། སྐུ་ན་ཕྲ་བའི་དུས་སུ་སློབ་ཆུང་དང་སློབ་འབྲིང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་སོགས་འགྲིམ་ནས་སྦྱངས་བརྩོན་གྱི་ཤེས་བྱ་མི་དམན་པ་ཞིག་བླངས། བར་དུ་རྒྱ་བཟའི་བཀྲ་ཤིས་ཆོས་སྒང་རི་ཁྲོད་གྱི་བསྟན་པའི་ཆོས་སྒོར་ཞུགས་ནས་རབ་ཏུ་བྱུང་ཞིང་། རབ་བྱུང་གི་མཚན་ལ་འཇམ་དབྱངས་ལྷུན་གྲུབ་ཟེར་ཞིང་ཕྱིས་སུ་དགེ་སློང་གི་སྡོམ་པ་བཞེས་ནས་སྔགས་སའི་མཚམས་ཐོག་གོང་མ་བཀྲ་ཤིས་ཆོས་རྫོང་དགེ་འཕེལ་བྱང་ཆུབ་གླིང་གི་བསྟན་པའི་མངའ་བདག་རྗེ་དཀོན་མཆོག་མི་བསྐྱོད་རྡོ་རྗེ་འཆང༧འཇམ་དབྱངས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་འཇིགས་མེད་རིག་བློ་རྒྱ་མཚོ་ཞེས་གསུངས་པ་མ་ཟད་དགོན་པའི་འདོན་ཕྱག་ལེན་སོགས་ལ་བྱང་ཆུབ་པར་བྱས་ཤིང་དགེ་འདུན་པ་རྣམས་ལ་ཐུན་མོང་གི་རིག་གནས་དང་། སྙིང་ཐིག་སྔོན་འགྲོ། སྐྱབས་འགྲོའི་འགྲེལ་བ་སོགས་ཁྲིད་རྒྱུན་གྱི་བཀའ་དྲིན་བསྩལ་པས། དེར་བཞུགས་བླ་སྤྲུལ་རྣམ་པའི་ཐུགས་སྲས་ལྟ་བུར་གྱུར་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་བག་ཆགས་ཟབ་མོ་ཞིག་ཁོང་གི་རྒྱུད་ལ་འཁྲུངས་སོ།།

      འོན་ཀྱང་བཟང་བ་རྣམས་ལ་བགེགས་མང་ཟེར་བའི་དཔེ་ལྟར། མི་ཚེ་རིང་མོའི་ཀྱག་ཀྱོག་གང་མང་ཞིག་བརྒྱུད་དགོས་པར་བྱུང་ནས་ཁྱིམ་ཐབ་ཕལ་བ་བཟུང་ཞིང་། ཧ་ཅང་དབུལ་ཞིང་ཕོངས་པའི་གནས་སུ་ལྷུང་པ་མ་ཟད། ནད་གཞི་ལྗིད་མོ་གིས་མནར་ཞིང་ཐ་ན་འགྲིམ་འགྲུལ་གྱི་ཆགས་སྒོ་ཆེན་པོ་ཞིག་གིས་རྐྱེན་བྱས་ཏེ། རང་གི་ཡན་ལག་ཀྱང་ཞ་ཁུམས་སུ་གྱུར་ཏེ། དབང་བོ་སྐྱོན་ཅན་དུ་གྱུར་ནས་དཔུང་པ་གཡོན་པའི་ཡན་ལག་གཏུབ་གཅོད་མ་བྱས་ཀྱང་རུས་ཆག་དང་ཤ་སྐྱི་རུལ་བ་གཡུག་བཞིན་འཚོ་ཐབས་དཀའ་བའི་གནས་སུ་ལྷུང་བ་སོགས་དཀའ་བ་འབུམ་ཕྲག་སྤྱད་ཅིང་། བཟའ་འཐུང་གི་ཡི་ག་ཆད་ནས་མིད་ལ་རྩམ་ཐང་ཀྱང་སྤྱོད་པར་ཧ་ཅང་དཀའ་མོ་འདུག དེ་ནས་བཟུང་སྟེ་མཚན་ལམ་གང་མང་དང་འཕྲུལ་སྣང་སྣ་ཚོགས་བརྒྱུད་ནས། རིམ་བཞིན་ཆོས་སྐྱོང་དཔལ་ལྡན་ལྷ་མོ། སྐྱེས་ལྷ་ཨ་མྱེས་ཁྲབ་ཆེན། རྗེ་བཙུན་མི་ལ་རུས་པ། སྒྲུབ་པ་བཀའ་རྒྱུད་ལྷ་ཚོགས། རྒྱལ་བ་པཎ་ཆེན་རྣམ་གཉིས། རྗེ་བཙུན་བྱམས་པ་མགོན་པོ་སོགས་ལྷ་ཚོགས་གྲངས་ལས་འདས་པ་མཚན་ལམ་དུ་བྱོན་ནས་བྱིན་གྱིས་བརླབས། ཁྱད་པར་དུ་དབུལ་ཕོངས་སྡུག་བསྔལ་དང་ནད་གཞི་ཆེན་པོས་མནར་གཅོད་བྱས་ཏེ་ལུས་ཕུང་གི་ཟུང་ཟད་ནས་གཤིན་རྗེ་འཕྲང་ལམ་ཁོ་ན་མི་བསྙེགས་ག་མེད་གྱུར་བའི་ཐེངས་ཞིག་ལ་རྒྱལ་ཡུམ་རྗེ་བཙུན་འཕགས་མ་སྒྲོལ་མ་མཚན་ལམ་དུ་བྱོན་ནས་ཁྱོད་ཀྱི་སྐྱེ་བ་སྔོན་མར་རེབ་གོང་གི་ཡིན་པ་དང་མིང་ལ་མཁྱེན་རབ་ཉི་མ་འོད་ཟེར་ཞེས་པའི་སྤྲུལ་བ་ཡིན་ཞེས་གསུངས་མ་ཟད་། རྗེ་བཙུན་འཕགས་མ་སྒྲོལ་མའི་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་གནང་བ་དང་། ད་ནས་བཟུང་ཁྱོད་ཀྱི་མིང་ལ་ཐུགས་སྲས་འཇིག་རྟེན་མགོན་པོ་ཞེས་བོས་ན་བཟང་ཞེས་གསུངས། དེ་ནས་རྗེ་བཙུན་མ་ལང་ཚོ་དར་ལ་བབ་ཅིང་ནབས་བཟའ་སྔོན་པོ་བནབས་པ་ཞིག་ལ་གནོན་ནུ་མའི་ཚོགས་ཀྱིས་བསྐོར་བ་སོགས་ཕེབས་ནས་དབུ་མཇལ་གནང་ཞིང་། ཁྱོད་རང་ད་ནས་བཟུང་བདག་གིས་རྗེས་སུ་འཛིན་ནོ་ཞེས་རྗེ་བཙུན་ཁྲོ་གཉེར་ཅན་མ་དང་། སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཚེ་འཕེལ་མ་གཉིས་ལ་ཡང་ཕྱག་འཚལ་ནས་ཞལ་མཇལ་ཡོང་བ་རྨིས་པ་སོགས་རྟགས་དང་རྟེན་འབྲེལ་སྣ་ཚོགས་ཀྱི་དབང་གིས་ཐུགས་སྲས་འཇིག་རྟེན་མགོན་པོས་ཏཱ་རེ་དུང་ཕྱིར་བཏོན་ནས་འགྲུབ་པའི་མཚན་མོ་ལ་རྟགས་འབྲས་ངོ་མཚར་ཐོབ་པ་མ་ཟད། པཎ་ཆེན་རིན་པོ་ཆེ་དང་། གོང་ཐང་བསྟན་པའི་དབང་ཕྱུག དབོན་སྤྲུལ་བསྟན་པའི་དབང་ཕྱུག མཁན་ཆེན་ཀུན་ཏུ་བཟང་པོ། བླ་མ་པདྨ་རྣམ་རྒྱལ། བྱ་བྲལ་ཆོས་དབྱིངས་རིན་པོ་ཆེ། རྗེ་དམུ་དགེ་བསམ་གཏན་མཆོག ༧ཡབ་རྗེ་ཤར་སྐལ་ལྡན་རྒྱ་མཚོ་ཚང་སོགས་དམ་པ་གྲངས་ལས་འདས་པས་དབང་ལུང་ཆོས་གསུམ་གྱི་ཆོས་འབྲེལ་མང་པོ་བསྩལ་མྱོང་བ་དང་། ཁྱད་པར་དུ་རྗེ་བཙུན་འཕགས་མ་སྒྲོལ་མའི་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བར་ཐུགས་རྗེ་སྤྱན་གྱིས་གཟིགས་པར་བརྟེན་ནས་དེང་དུས་བསྐལ་བ་ཡག་པོ་རྫོགས་ལྡན་གྱི་དཔལ་ལ་རོལ་བའི་དུས་བཟང་འདིར་ཐུགས་སྲས་འཇིག་རྟེན་མགོན་པོ་ཞེས་བོད་ན་མིང་དུ་གྲགས་ཤིང་། ལོ་ངོ་བཅུ་ཕྲག་རིང་ལ་རང་དམན་ཤེས་མེད་དང་གཉོམ་ཆུང་བདག་མེད། ཧ་ཅང་ཉམས་ང་བའི་ཨ་སྐྱོ་བ་ཕལ་བ་ཞིག་གི་ཚུལ་བཟུང་ཞིང་། རྒྱལ་ཡུམ་རྗེ་བཙུན་སྒྲོལ་མའི་རྗེས་སུ་བཟུང་བའི་སྐུ་དྲིན་དང་མཆོག་གསུམ་བདེན་པའི་བྱིན་རླབས་དངོས་གྲུབ་ལ་བསྟེན་ནས་རང་ལུས་ཀྱི་ནད་གཞི་ལྗིད་མོ་དེ་ཡང་ཧ་ཅང་བསམ་ཡུལ་ལས་འདས་ཏེ། ཇེ་སངས་ནས་ཇེ་སངས་སུ་སོང་ནས། གཤིན་རྗེ་འཕྲང་ལམ་ཉུག་བཞིན་པའི་སྒང་ལ་འདས་ལོག་རྒྱབ་པ་ལྟ་བུ་ཚེ་སྲོག་ལ་ཐར་བ་ཆེན་པོ་ཐོབ་པ་མ་ཟད་རིམ་བཞིན་ལུས་ཕུང་བདེ་ཐང་དུ་གྱུར་ནས་རྗེ་བཙུན་སྒྲོལ་མའི་ཞབས་ལ་དྲིན་ལན་མཇལ་ཕྱིར་དང་། རྒྱལ་བའི་བསྟན་པ་རིན་པོ་ཆེར་འགྲོ་དོན་ཅུང་ཙམ་མཆིས་པའི་རྟགས་སུ་དམིགས་ཏེ། གངས་ལྗོངས་ཆོས་ལྡན་གདུལ་བྱའི་ཞིང་ལ་ཐུན་མོང་མ་ཡིན་པར་ཁྱད་པར་དུ་འཕགས་པའི་ངོ་མཚར་མཛད་རྗེས་རླབས་པོ་ཆེ་དུ་མ་ཀྱང་ལེགས་གྲུབ་བྱུང་བ་དང་བྱུང་བཞིན་ཡོད་པ་སྟེ།

      གཅིག གངས་ལྗོངས་མདོ་དབུས་ཁམས་གསུམ་གྱི་ཡུལ་གྲུ་ཕལ་མོ་ཆེ་ལ་ཡུལ་འཁྱམས་སུ་བསྐྱོད་ནས་རྗེ་བཙུན་འཕགས་མ་སྒྲོལ་མའི་བསྟོད་ཚོགས་རྒྱས་བསྡུས་རིང་ཐུང་ཞལ་འདོན་དང་། ཆོ་ག ཆོས་སྐོར། རྣམ་ཐར་སོགས་གསུང་འབུམ་དཔེ་ཚོགས་པོད་ཏི་ཆེན་པོ་བེའུ་བུམ་བརྒྱད་ཙམ་ཡོངས་སུ་འཚོལ་སྡུད་བྱས་པ་མ་ཟད་པར་སྐྲུན་ལེགས་གྲུབ་བྱུང་བ་དང་གངས་རིའི་ལྗོངས་སུ་ཆོས་སྡེ་ཆེན་པོ་དང་། བླ་མ་རྣམ་གསུམ་ཆིག་སྟོང་སུམ་བརྒྱ་སོགས་ལ་གསུང་རྟེན་དུ་ཕུལ་ནས་སྨོན་ལམ་ཡག་པོའི་མདུན་བསུས་ཤིང་། དུས་མཚུངས་སུ་མཚོ་སྔོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གནའ་དཔེ་ཕྱོགས་བསྒྲིགས་གཞུང་ལས་ཁང་གིས་གཙིགས་འཛིན་ཆེན་པོ་གནང་ནས་ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི་ཆོས་ལུགས་དཔེ་ཚོགས་པར་སྐྲུན་རྣམ་གྲངས་སུ་བཀོད་ནས་ཡང་བསྐྱར་མ་འགྱིངས་པར་གངས་ལྗོངས་མདོ་དབུས་ཁམས་གསུམ་གཙོས་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱེད་པའི་དུས་སུ་བབས་སོ།།

      གཉིས། རྗེ་བཙུན་སྒྲོལ་མའི་དགེ་སྐུལ་ཏཱ་རེ་དུང་སྒྲུབ་ཚོགས་པ་བདུན་ཅུ་ལྷག་དང་ཚོགས་མི་ཉིས་ཁྲི་ལྷག་བཙུགས་ནས་རྗེ་བཙུན་སྒྲོལ་མའི་བསྟོད་པ་རྒྱས་བསྡུས་རིང་ཐུང་དང་། ཕོངས་སེལ་སྒྲོལ་མ། ལྷ་མོ་རིག་བྱེད་མ་སོགས་དུང་ཕྱིར་ཆིག་སྟོང་སུམ་བརྒྱ་ལྷག་ཙམ་བཟླས་འདོན་ལེགས་གྲུབ་བྱུང་བ་མ་ཟད་དགེ་བའི་ཚོགས་ཞིང་དུ་ཕུལ་ཞིང་། གངས་ལྗོངས་ཕོངས་སེལ་སྒྲོལ་མའི་རྡོའུ་འབུམ་དུང་ཕྱིར་སྟོང་སྒྲུབ་ཆེན་མོ་ཐེངས་གསུམ་བླུགས་པ་ལས། ཐེངས་དང་པོ་ནི་ཀན་སུའུ་ཞིང་ཆེན་གཙོས་གྲོང་རྡལ་གྱི་མངའ་ཁུངས་སུ་གླང་ཆེན་ལྟེ་བ་ཞེས་༧གོང་ཐང་བསྟན་པའི་སྒྲོལ་མེའི་ལྟེ་ཁྲག་འཕོ་སར་གྲགས་པའི་ཏཱ་རེ་ཡི་གེ་བཅུ་བ་རང་བྱོན་དུ་བཞུགས་པའི་གནས་མཆོག་དེར་བཞེངས་ནས་ལེགས་གྲུབ་བྱུང་པས་ནམ་མཁར་འཇའ་ཟེར་འོད་འཕུངས་འཁྲུགས་ཤིང་རྗེ་བཙུན་སྒྲོལ་མའི་ཐུགས་ཀར་འོད་ཟེར་སྣ་ལྔ་འཕྲོས་ནས། དངོས་སུ་ཞལ་གཟིགས་ཡོང་པའི་རྟགས་འབྲས་ངོ་མཚར་བྱུང་བ་ནི་སྐྱེ་འགྲོ་ཀུན་གྱི་འདྲེན་བྱེད་དབང་བོའི་ལམ་དུ་མཆིས་ཞིང་། གངས་ལྗོངས་ཕོངས་སེལ་སྒྲོལ་མའི་རྡོའུ་འབུམ་དུང་ཕྱིར་སྟོང་སྒྲུབ་ཆེན་མོ་ཐེངས་གཉིས་པ་ནི༧རྒྱལ་དབང་ལྔ་བ་ཆེན་པོའི་སྐུ་རིང་ལ་གཏེར་སྒོ་བཅུ་གསུམ་ཕྱེས་པའི་ནང་གསེས་སུ་རྐང་ཚའི་རྟ་ཕྱུག་ལབ་ཙེའི་གམ་དུ་བཞེངས་པས་གངས་ཅན་བླ་མཚོ་མཚོ་ཁྲི་ཤོར་རྒྱལ་མོས་དགུན་དུས་ཀྱི་མཚོ་དར་ཀློ་བུར་དུ་ཕྱེས་ཏེ། རྨ་ཀླུང་ཕྱུག་མོའི་ཆེ་ཆུང་ལྟ་བུ་ཞིག་དར་དཀར་རིང་མོ་ཞིག་གི་ཚུལ་དུ་བཀྲ་ཤིས་པའི་རྟགས་འབྲས་མངོན་པར་ཐོབ། གངས་ལྗོངས་ཕོངས་སེལ་སྒྲོལ་མའི་རྡོའུ་འབུམ་དུང་ཕྱིར་སྟོང་སྒྲུབ་ཆེན་མོ་ཐེངས་གསུམ་པ་ནི་གངས་ཅན་ཡུལ་སྐྱོང་རྨ་རྒྱལ་སྦོམ་རའི་རྗེ་བཙུན་སྒྲོལ་མའི་གནས་སྒོ་རུ་གྲགས་ཤིང་སྒྲོལ་མའི་འབུམ་རྫོང་ཞེས་པའི་གནས་མཆོག་ཏུ་གཏེར་ཁུག་ཆེ་ཆུང་ཆིག་ཁྲི་ལྔ་བརྒྱ་དང་། གཏེར་བུམ་དགུ་བརྒྱ་ལྷག་ཙམ། ལྷ་སྐུ་ཆིག་བརྒྱ་དགུ་བཅུ་སོགས་རྟེན་གསུམ་བསམ་གྱི་མི་ཁྱབ་པར་བཞེངས་ཏེ་ལེགས་གྲུབ་བྱུང་པས། ནམ་མཁའ་ནས་རྟ་བདུན་དབང་པོས་གུར་ཁང་ཕུབ་ཏེ་བཀྲ་ཤིས་པའི་མཚོན་རྟགས་དང་མཚན་མ་ཕུན་སུམ་ཚོགས་པ་སོགས་དེར་བཞུགས་ཀྱི་སྐྱེ་འགྲོ་སེམས་ཅན་ཀུན་གྱི་འདྲེན་བྱེད་དབང་བོའི་ལམ་དུ་མཆིས་སོ།།

      གསུམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མ་ཡུམ་རིག་གནས་ཞིབ་འཇུག་ཚད་ཡོད་འགན་འཁྲི་ཀུང་ཟི་བཙུགས་ཏེ། སྤོབས་པ་ཆེན་པོས་རྒྱལ་ས་པེ་ཅིན་སོགས་རྒྱལ་ནང་ནས་དམངས་སྒོར་དུང་ཕྱིར་གཅིག་དང་བྱེ་བ་བརྒྱད་ཀྱི་རྣམ་གྲངས་མ་དངུལ་བརྩོན་ལེན་བྱེད་པའི་འཆར་གཞི་བཟོས་ཏེ། རྗེ་བཙུན་སྒྲོལ་མའི་ཞིང་བཀོད། གཡུ་ལོ་བཀོད་པའི་དགའ་ཚལ། འཛམ་གླིང་མཛེས་པའི་རྒྱན་གཅིག་ཅེས་ངོ་མཚར་མཛེས་སྡུག་ལྡན་པའི་ཞིང་བཀོད་ཆེན་པོ་བོད་ན་མེད་ཅིང་སྲིད་ན་དཀོན་པ་ཞིག་གསར་བཞེངས་ཀྱི་སྟ་གོན་བྱེད་བཞིན་པའི་སྒང་ཡིན་ཞིང་། སྔ་གཞུག་ཏུ་གནས་མཆོག་བྲག་དཀར་ཐེམ་ཆེན་རྫོང་དང་། གངས་ལྗོངས་བླ་མཚོ་ཁྲི་ཤོར་རྒྱལ་མོའི་བྱང་ཕྱོགས་རྐང་ཚ་རྫོང་གི་སའི་ཆ་རུ་རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་ཐང་ཆེན་དུ་གྲགས་པའི་གནས་མཆོག མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་ཐོག་སོགས་ནས་བཞེངས་སྐྲུན་ས་གནས་སློང་བཞིན་པའི་སྐབས་སུ་བབས་ཤིང་། དེ་འདྲའི་དད་ལྡན་འགྲོ་བ་ཡོངས་ཀྱི་མིག་རྒྱན་དང་འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་ས་ཆེན་པོ་ཞིག་བཞེངས་སྐྲུན་བྱེད་དགོས་པའི་ཐུགས་དགོངས་རྒྱ་ཆེན་པོར་མིག་སྔར་བལྟས་ན་ཆོས་བགེགས་དང་། བར་ཆད། དཀའ་ཚེགས་གང་མང་མི་འབྱུང་བའི་དཔེ་ག་ལ་སྲིད་མོད། ཁྱད་པར་དུ་ལས་གཞི་་ཅུང་ཙམ་འགོར་འགྱིངས་སུ་སོང་ནའང་མུ་མཐུད་དུ་དཀའ་བ་འབུམ་ཕྲག་སྤྱད་ནས་རླབས་ཆེ་བའི་ལས་གཞི་འདི་ལེགས་འགྲུབ་ཡོང་བའི་སྨོན་ལམ་ཡག་པོས་མདུན་བསུས་ཏེ། བོད་རབ་བྱུང་བཅུ་བདུན་པའི་རབ་རྒྱན་ས་མོ་ཕག་ལོའི་ཧོར་ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་གནས་མཆོག་བྲག་དཀར་རྫོང་ཐོག་ཏུ་སྒྲོལ་མའི་རླུང་རྟ་ཀ་འཛུགས་གཞལ་ཡས་ཁང་བཟང་དང་བཅས་པ་རྟེན་དང་བརྟེན་པ་བཞེངས་ནས་ལེགས་གྲུབ་བྱུང་བ་ཡིན། སྐུ་རང་གསལ་བསྟན་འཛིན་གྱི་སྐྱེས་བུ་ཐུན་མོང་མ་ཡིན་པ་ཞིག་ལ་མཚོན་ན་སྐུ་ན་ཕྲ་བའི་དུས་སུ་སྐྱེས་རབས་ཡང་རྒྱུད་ཀྱི་སྤྲུལ་སྐུར་ཐུགས་ཐག་བཅད་ཅིང་གསེར་ཁྲིར་མངའ་གསོལ་ནས་གདན་ས་མ་བསྐྱངས་རུང་སྔོན་བསགས་ཀྱི་ལས་འབྲས་དང་། གཤིས་བཟང་དྲི་མེད། ལྷག་བསམ་རྣམ་དག ཀུན་སློང་ཡག་པོའི་ཁྱད་ཆོས་ཡུན་ནས་མངོན་ཏེ། སྤོབས་པ་ཆེར་བསྐྱེད་དང་འབད་བརྩོན་ལྷོད་མེད་བཅས་ཀྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དབྱར་མཚོ་རྒྱས་པ་བཞིན་འཛིན་སྐྱོང་སྤེལ་གསུམ་བྱས་པ་དང་བྱེད་བཞིན་རྒྱལ་བསྟན་རིན་པོ་ཆེ་དང་། བོད་གངས་ཅན་གྱི་རིག་གནས་བང་མཛོད་ཆེན་པོ་འཕེལ་རྒྱས་སུ་གཏོང་བའི་ཕྱོགས་སུ་འབད་འབུངས་ལྷོད་མེད་ཀྱི་ཕྱག་རྗེས་བླ་ན་མ་མཆིས་ཤིང་། དེ་ཡང་ཚེ་རབས་སྔོན་མའི་ཚོགས་བསགས་ཀྱིས་ཡབ་རྗེ་བླ་མ ༧ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་གསུམ་པ་དགེ་འདུན་འཕྲིན་ལས་རབ་རྒྱས་དཔལ་བཟང་པོས་ཕྱག་འདེབས་མཛད་པའི་རེབ་གོང་རྫོང་དམར་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་དུ་དངོས་མང་བཤམས་སྟོན་ཁང་དང་དཔེ་མཛོད་ཁང་བསྐྲུན་ཏེ། ཐུགས་སྲས་འཇིག་རྟེན་མགོན་པོས་མི་ཚེ་གང་པོར་སྐུ་དངོས་སུ་འཚོལ་སྡུད་ཉར་ཚགས་བྱས་པའི་སྐུ་གསུང་ཐུགས་རྟེན་ཐུབ་པའི་དབང་པོ་སྟོན་པ་འབྲུག་རིས་མ་སོགས་བྱིན་རྟེན་འགངས་ཅན་ལི་མ་ཆིག་བརྒྱ་བདུན་ཅུ་ལྷག་ཙམ་དང་མི་སྤགས་ཀྱི་ཞལ་ཐང་བྱིན་ཅན་སོགས་ལྔ་བཅུ་རྩ་གྲངས། རྒྱལ་བའི་བཀའ་བསྟན་གཉིས་དང་ཡུམ་ཆེན་མོ་ཕ་རོལ་དུ་ཕྱིན་པའི་གསུང་རྟེན་གནའ་དཔེ་འགངས་ཅན་སོགས་གཙོས་སྐྱེས་ཆེན་དམ་པ་རྣམས་ཀྱིས་མཛད་པའི་གསུང་འབུམ་སྣ་ཚོགས་བདུན་ཅུ་རྩ་གྲངས། རྒྱ་བོད་མཁས་པའི་དབང་པོ་རྣམ་པས་མཛད་པའི་གསུང་རབས་བརྩམས་ཆོས་རྣམ་གྲངས་ཆིག་སྟོང་ལྷག་ཙམ། རྒྱལ་རབས་སོ་སོའི་རིང་ལ་ལོ་ངོ་བརྒྱ་ཕྲག་དུ་མ་འགོར་བའི་གནའ་རྫས་འགངས་ཅན་ཉིས་བརྒྱ་ལྷག་ཙམ་བཞུགས་པ་ཡོངས་སུ་གཅིག་ཀྱང་མ་ལུས་པར་བདག་ཅག་གི་བཀའ་དྲིན་གསུམ་ལྡན་གྱི་དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེ་རོང་བོ་གསེར་ཁྲི་ཚང་༧ཨ་ལགས་ཁ་སོ་བློ་བཟང་འཇིགས་མེད་འཕྲིན་ལས་དཔལ་བཟང་པོའི་ཞབས་ཟུང་པདྨའི་འཁོར་ལོར་སྤྱི་བོར་གཏུགས་ནས་སྒོ་གསུམ་གུས་པས་མཆོད་པར་ཕུལ་བ་སོགས་ཕྱག་རྗེས་ཆེན་པོ་མཛད་པ་རེད། དུས་མཚུངས་སུ་རྒྱལ་བའི་ཁབ་ཀྱི་སྲིད་ཕྱོགས་ནས་ཀྱང་གོང་གསལ་གྱི་གནའ་རྫས་དངོས་མང་བཤམས་སྟོན་ཁང་དང་། དཔེ་མཛོད་ཁང་དུ་བཞུགས་པའི་རིག་དངོས་སྤྱིའི་རིན་ཐང་ལ་ཉུང་ན་དམངས་སྒོར་ས་ཡ་གསུམ་དང་མང་ན་ས་ཡ་བཞིའི་ཚོད་དཔག་གོང་བཅད་བྱས་ཏེ་རྒྱལ་ཁབ་ལ་ཕུལ་དགོས་པའི་བསམ་འཆར་བཏོན་ནའང་ཐུགས་སྲས་འཇིག་རྟེན་མགོན་པོས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་བོད་མི་རིགས་རང་གི་རིག་གནས་བང་བཛོད་ཆེན་པོའི་ཕྱོགས་སུ་འོད་སྟོང་འབར་བའི་ཕྱག་རྗེས་བླ་མེད་མཚོན་ཕྱིར་དང་དགེ་བའི་ལེགས་ཚོགས་རྒྱ་ཆེན་པོ་བསགས་ཏེ། མར་གྱུར་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་རྩེ་གཅིག་ཏུ་གསོལ་བ་བཏབ་ནས་རྣམ་དཀར་ཆོས་ཀྱི་ཚོགས་ཞིང་དུ་ཕུལ་བས། རང་ལུས་ཀྱི་སྡིག་སྒྲིབ་ཀྱང་ཡོངས་སུ་སྦྱངས་པ་དང་སྦྱངས་བཞིན་བཞུགས་པ་མ་ཟད། བརྩོན་འགྲུས་དང་འབད་འབུངས་བྱས་པའི་འབྲས་བུ་ཆེན་པོ་ཡང་ཞོར་དུ་སྨིན་ནས་གདུལ་བྱ་ཆེན་པོའི་ཞིང་དུ་ཐུགས་སྲས་འཇིག་རྟེན་མགོན་པོ་ཞེས་པའི་མཚན་སྙན་གྱི་བ་དན་དཀར་པོ་བོད་ཁམས་ཡོངས་སུ་གཡོ་བཞིན་སེམས་ཅན་ཀུན་གྱིས་ཡིད་སྨོན་འཆོར་བ་དང་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་བཞིན་པའི་སྐབས་འདི་ལེགས་སོ།།

      ཁྱད་པར་དུ་ཐུགས་སྲས་འཇིག་རྟེན་མགོན་པོ་ཚང་གི་གདུང་རྒྱུད་དང་རིགས་རུས་གང་ལ་གཏོགས་པ་ཅུང་ཙམ་བརྗོད་ན་དཔལ་ལྡན་ས་སྐྱ་པའི་གདུང་རྒྱུད་དམ་པ་རོང་བོ་བློན་ཆོས་གཡོན་གཞིས་གསང་སྐོར་ཞེས་བྱ་བ་ནས་སྐུ་བལྟམས་པའི་སྣང་གསལ་སྐུ་སྐྱེས་སམ་ཚོགས་ཆེན་སྐུ་སྐྱེས་དང་། ནང་སོ་སྐུ་སྐྱེས་སོགས་ཡོངས་ཁྱབ་ཏུ་རོང་བོ་གསེར་ཁྲི་ཚང་ཞེས་གྲགས་པའི་བ་དན་ཨ་སྔོན་དབྱིངས་སུ་གཡོ་བའི་སྐྱེས་ཆེན་དམ་པ་ཁོང་གི་སྐུ་ཚེ་གོང་མར་དམངས་ཁྲོད་ངག་རྒྱུན་དུ་ཁྱབ་པ་ལྟར་ན་རོང་བོ་གསེར་ཁྲི་ཚང་ལ་སྐུ་མཆེད་དྲུག་དང་སྐུ་སྲིང་གཅིག་ཡོད་པ་ལས། ཆེས་ཆེ་བ་ཨ་ཡོ་ནག་ཤིང་དང་། ཚེ་བྷ་དམར། རྡོ་བྷ་ལྗང་། ཡི་བྷ། དཔལ་པོ་སོགས་ཡིན་ཞིང་སྐུ་མཆེད་ནང་གི་ཆེས་ཆུང་བ་ནི་རོང་བོ་གསེར་ཁྲི་ཚང་ཡིན་ནོ། སྐུ་སྲིང་གཅིག་ཡོད་པའི་མིང་ལ་ཨ་ལྷ་ཟེར་ཞིང་། ཨ་ལྷར་བུ་གཅིག་དང་བུ་མོ་གཅིག་ཡོད་པ་ནི་བུ་བློ་བཟང་རྒྱ་མཚོ་ཡིན་ལ་གསོ་བ་རིག་པའི་མཁས་དབང་ཡིན་པ་མ་ཟད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་ནས་རྒྱལ་ཁབ་ཀྱི་བྱ་བ་སྒྲུབ་ནས་ཚེ་ལས་འདས། བུ་མོ་ནི་ད་ལྟ་རོང་བོ་བློན་ཆོས་སེར་འགོག་བསོད་རྒྱལ་ཞེས་པའི་ཆུང་མའམ་ཡོངས་ཁྱབ་ཏུ་རོང་བོ་གསེར་ཁྲིའི་ཚ་མོ་ཞེས་སུ་གྲགས་པའི་ཀླུ་མོ་ཟེར་བ་དེ་ཡིན་ཞིང་གཡོན་གཞིས་གསང་སྐོར་ཨ་ཡོ་ནག་ཤིང་དང་རྒྱ་བཟའི་ལྷ་སྐོར་བསོད་ནམས་སྐྱིད་གཉིས་ལ་བུ་གཅིག་དང་བུ་མོ་གཉིས་ཡོད་པ་ལས་བུ་རི་དར་དང་བུ་མོ་ཆེ་བ་གངས་རིས་དང་ཆུང་བ་ཕག་ལོ་སྤུན་གཉིས་ཡིན་ཟེར། ཡང་ཁ་ཅིག་གིས་བུ་མོ་ཆུང་བ་ཕག་ལོ་ནི་རྒྱ་བཟའི་ཏཱ་མིན་ཆེན་ཧུ་དཔོན་ཚང་བཤད་སྒྲུབ་འམ་ཡོངས་ཁྱབ་ཏུ་དཔོན་ཚང་ཞན་ཀྲང་གི་བུ་མོ་ཡིན་ཀྱང་ཟེར། ཕྱིས་སུ་གཡོན་གཞིས་དང་ནང་ཁུལ་ཅུང་ཙམ་མ་མཐུན་པར་དཔོན་ཚང་ཞན་ཀྲང་གིས་རྒྱ་བཟའི་ལྷ་སྐོར་བསོད་ནམས་སྐྱིད་བཟའ་མ་བུ་གསུམ་པོ་རྒྱ་བཟའི་ནང་ལ་བླངས་པའི་ལམ་བར་དུ་བུ་མོ་ཆུང་བ་རྒྱ་བཟའི་ཕག་ལོ་བཙས་པ་ཡིན་ཟེར་སྲོལ་ཡོད། རྒྱ་བཟའི་ཕག་ལོ་ལ་ད་དུང་རེབ་གོང་ཕྱོགས་སུ་ཡོད་པའི་ཕ་གཅིག་མ་མི་གཅིག་པའི་མིང་བོ་གཉིས་ཡོད་པས་ཆེ་བ་འབྲུག་ལྷ་ཚེ་རིང་དང་ཆུང་བ་ཕག་མོ་སྤུན་གཉིས་ཡིན། ཆུང་བ་ཕག་མོ་ནི་ད་ལྟ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་གི་ཡོན་ཀྲང་ཡིན། རྒྱ་བཟའི་ཕག་ལོ་བྱིས་པའི་དུས་སུ་རོང་བོ་གསེར་ཁྲི་ཚང་གི་ཚ་མོ་ཡིན་ཟེར་ནས་ཁོང་གི་མཎྜལ་ནང་གི་གཡུ་ལྡོག་གཅིག་དང་མཎྜལ་འབུལ་བྱེད་མདུན་ཅོག་རྒྱུན་ལུང་ཅན་ཞིག་མོ་ལ་གནང་ནས་མ་འོངས་པར་བུ་མོ་འདིར་བྱིས་པ་བཟང་པོ་རེ་སྐྱེ་སྲིད་པའི་ཞལ་གཡང་དྲོན་མོ་གནང་ཡོད། ཁོ་བོས་ཐོས་པ་ལྟར་ན་ཉེ་ལམ་བསྐལ་བ་བཟང་པོ་རྫོགས་ལྡན་གྱི་དཔལ་ལ་རོལ་བའི་དུས་བཟང་འདིར་རང་ཅག་གི་མེ་ཏོག་ཕོག་པའི་ལྷ་སྐལ་དང་ཁམས་གསུམ་རྣམ་འདྲེན་ཆོས་ཀྱི་རྒྱལ་པོ༧ཤར་སྐྱབས་མགོན་བརྒྱད་པ་ཆེན་པོ་སོགས་སྐྱེས་ཆེན་དམ་པ་རྣམ་པས་བཀའ་ལུང་གསེར་གྱི་ཅོད་པཎ་གཅག་ཏུ་བསྩལ་ནས་རོང་བོ་གསེར་ཁྲི་ཚང་གི་སྤྲུལ་སྐུ་བཙལ་བའི་དུས་སུ་སྨིན་ཞིང་། རང་རིགས་རོང་བོ་བློན་ཆོས་ལྷ་སྡེ་དཀར་པོའི་ནང་གསེས་སུ་སྐུ་འཁྲུངས་ཡོད་ཅིང་། དགུང་གྲངས་ལྔ་བཅུ་རྩ་གྲངས་ལ་ཟོན་ཡོད་ཅེས་གསུངས་པའི་རྟགས་འབྲས་ཡག་པོ་བྱུང་པའི་སྒང་འདིར་རྟགས་དང་རྟེན་འབྲེལ། ཀུན་སློང་། ཁྱད་ཆོས། གདུལ་བྱ། འཕྲིན་ལས། འགྲོ་དོན། ཐུན་མོང་མ་ཡིན་པའི་ཕྱག་རྗེས་ཆེན་པོ སོགས་གང་གི་ཆ་ནས་ཀྱང་རོང་བོ་གསེར་ཁྲི་ཚང་སྐུ་གོང་མའི་ཚ་མོར་གྲགས་པའི་རོང་བོ་བློན་ཆོས་རྒྱ་བཟའི་ལྷ་སྐོར་ཕག་ལོའི་བུ་རུ་སྐུ་འཁྲུངས་པའི་འཇམ་དབྱངས་ལྷུན་གྲུབ་འམ་ཐུགས་སྲས་འཇིག་རྟེན་མགོན་པོ་ཉིད་གང་ལྟར་ད་ལྟ་དགུང་གྲངས་ལྔ་བཅུ་ང་དྲུག་ཡིན་ལ་རོང་བོ་བློན་ཆོས་ནང་གསེས་སུ་འཁྲུངས་ཡོད་པ་ཡིན་པས་ཁྱད་པར་དུ་སྐུ་རང་གསལ་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཞིག་ལ་མཚོན་ན་སངས་རྒྱས་ཀྱི་བསྟན་རིན་པོ་ཆེར་བག་ཆགས་ཟབ་ཅིང་ཀུན་སློང་ཡག་པོ་འདུག་པས་ཕྱག་རྗེས་སྣ་ཚོགས་འབུར་དུ་ཐོན་ཞིང་བསམ་ཡུལ་ལས་འདས་པ་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སྣ་ཚོགས་ཀྱིས་རོང་བོ་གསེར་ཁྲི་ཚང་གི་སྤྲུལ་སྐུའི་འོས་འདུ་འཚོལ་སྡུད་བྱ་བའི་གྲས་སུ་ཅུང་ཙམ་འོས་པར་སེམས་ནས་ཆེད་དུ་སྙན་ས་ཕུལ་ཡོད་པ་དང་བཅས་སོ།།

    ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་འཛམ་གླིང་ས་འཛིན་བུ་མོའི་ཁྱོན་ཡོངས་སུ་གངས་རི་ར་བའི་བསྐོར་བའི་ཞིང་ཁམས་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་ཆབ་གཞོང་དར་ཐང་རིང་མོའི་གྲོང་རྡལ་གསེར་མཁར་བདེ་ལེགས་དགའ་ཚལ་ཞེས་བྱ་བར་རང་ཤག་བཀྲ་ཤིས་བདེ་སྟོང་རྣམ་པར་རྒྱལ་བའི་ཕོ་བྲང་ནས་བོད་རབ་བྱུང་བཅུ་བདུན་པའི་རབ་རྒྱན་ས་མོ་ཕག་ལོའི་ཧོར་ཟླ་གཉིས་པའི་ཚེས་གསུམ་ཉིན་ལ་ད་ནངས་སྔ་མོའི་རྨི་ལམ་བཞིན་ཐོལ་བྱུང་དུ་སྦྱར་བ་སརྦ་ཛ་ཡནྟུ།།    །།

 

                             ༄༅།།རོང་ཆེན་ཁ་དཔེ་ཐོར་བུ་བྱིས་ཉམས་རྒན་པོའི་གླེན་གཏམ་ཞེས་བྱ་བ་བཞུགས་སོ།

    ༄༅།། འོད་གསལ་ལྷ་ལས་མཆེད་ཅིང་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྣམ་པར་སྤྲུལ་བའི་སྐུ།། དཔལ་ལྡན་ས་སྐྱའི་གདུང་རྒྱུད་རིགས་རུས་ཕུན་སུམ་ཚོགས་པའི་རོང་ཆེན་ལྷ་མིང་བ། ། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱིས་ཐུགས་ཐག་བཅད་པའི་རོང་བོ་ལྷ་རྒྱལ་དཔལ།། གདུལ་བྱའི་དོན་དུ་དལ་འབྱོར་མི་ལུས་བླངས་པའི་ཚེ་རབས་འདི་ཡི་ཐོག་མ་ལ།། དུས་དང་ལས་ཀྱི་དབང་གིས་གསེར་ཁྲིར་འཁོད་ནས་གདན་ས་ཆེན་པོ་མ་བསྐྱངས་རུང་།། ལྷག་བསམ་རྣམ་པར་དག་པའི་ཆོས་སྲིད་ཟུང་གི་འཕྲིན་ལས་དངོས་གྲུབ་ཡོངས་སུ་བསྩལ།།སྡུག་བསྔལ་རྒྱ་མཚོའི་འཇིངས་ནས་ས་མཐར་འཁྱམས་ཏེ་དཀའ་བ་ཆེན་པོ་སྤྱད་པ་དང་།། བུ་རང་སྐྱེ་འདོད་གནམ་གྱིས་མ་ཁོག་རྒྱལ་བའི་ཁབ་ཀྱི་སྲིད་ཕྱོགས་ལམ་ཡངས་སུ།། འགྲོ་བ་སེམས་ཅན་ཐམས་ཅད་བྱང་སེམས་སྐྱོངས་པའི་དཔོན་གནས་ཆེན་པོ་མ་བཟུང་རུང་།། དམངས་ལ་བདེ་སྐྱིད་འཛོམས་པའི་ཞབས་འདེགས་ཞུས་ཏེ་རང་སེམས་དགའ་བདེའི་དཔལ་ལ་རོལ།།བསྐལ་བའི་དབང་གིས་རིག་གནས་སྦྱངས་བརྩོན་གོ་སྐབས་ཆེན་པོ་མ་ལྡན་རུང་།།ལྷན་སྐྱེས་ཤེས་རབ་ཉམས་རྟོགས་རང་ཤར་རང་ལ་འོས་པའི་ཡོན་ཏན་ཕྲ་མོ་འབྱོར།། རྒྱལ་ཁབ་ཆེན་པོའི་ཁྲིམས་དང་སྲིད་ཀྱི་བྱ་བ་མ་ལུས་ཡོངས་སུ་ལེགས་པར་མཛད། ། མ་ཡུམ་གངས་ལྗོངས་ཡུལ་ལ་ལྗགས་རྩོམ་རི་མོ་སྣ་ཚོགས་ལེགས་པའི་སྐྱེས་སུ་ཕུལ།།གསང་སྔགས་རྡོ་རྗེ་ཐེག་ཆེན་རྩ་རླུང་ཉམས་རྟོགས་ཟབ་མོ་རང་ལ་ཉེར་འཁྲུངས་ནས།། གྲུབ་པའི་དབང་རྟགས་གཏམ་རྒྱུད་སྣ་ཚོགས་དམངས་ཁྲོད་རྒྱན་དུ་མ་ཉམས་རིང་ནས་མཆིས།། འགྲོ་བར་ནད་གདོན་གཤེད་མ་སོགས་ཀྱིས་མནར་བ་གང་མང་དྲག་པོས་ཆམ་ལ་ཕབས།། དམངས་ཁྲོད་ངག་རྒྱུན་བསྟོད་པའི་མེ་ཏོག་འཐོར་བཞིན་སྙན་གྲགས་ཆེ་བ་རང་གི་རྒྱན་དུ་ཤར།། རང་ལུས་ལ་རྒྱ་མ་ཤོར་རུལ་སུངས་དཔོན་པོར་ངོ་གཡོག་ངོ་དགའ་མ་བྱས་པས།། བཙན་ཐབས་ཁྲིམས་འོག་བཅུག་ཀྱང་རང་ཚུགས་བཟུང་ནས་ཐར་བ་ཆེན་པོ་རྟག་ཏུ་ཐོབ།།སྲིད་ཕྱོགས་སྟེགས་བུ་དོར་ནས་དམངས་དོན་བསྒྲུབས་ཤིང་ལོ་རྒྱུས་རིག་པའི་གཞུང་ལ་འཇུག། རྒྱལ་ཁམས་འགྲིམ་ནས་གནས་སྐོར་ཕྱག་མཆོད་ཆོས་སྲིད་ཟུང་གི་འཕྲིན་ལས་ལོངས་སྤྱོད་རྫོགས།། 

     ༈ གངས་ལྗོངས་རོང་ཆེན་སྨྱོན་པ་ང་།། ཤེས་མེད་རུང་རྒན་པོ་བསམ་ཤེས་ཡིན།། ཁ་དུང་སོ་སུམ་བཅུ་སར་འཐོར་ཐལ།། མིག་ཁྲ་ཆུང་རྒྱང་རིང་མ་ཆོད་ཐལ།། མགོ་སྐྲ་ལོ་དཀར་པོ་ཚར་རུ་འདྲ།། ངའི་སྨྲ་ར་དར་དཀར་རིང་མོ་ཡིན།།

     ༈  ཆུང་དུས་སློབ་གྲྭར་མ་འགྲིམ།། རྒས་དུས་སློབ་སྦྱོང་མ་བྱས།།

     ༈ ལྷན་སྐྱེས་ཤེས་རབ་རལ་གྲི།། ཨ་ཕོའི་རྒྱུད་ནས་དོར་མེད།།

     ༈ ལེགས་ཟུང་ཡོན་ཏན་ཕྲ་མོ།། གང་འདོད་རང་ལ་འབྱོར་ཡོད།།

     ༈ འཇིག་རྟེན་ཁམས་ཀྱི་དོན་བྱ།། མ་ལུས་ཡོངས་སུ་གྲུབ་ཡོད།། སྲིད་པའི་གཏམ་རྒྱུད་རིང་མོ།། གངས་རིའི་ལྗོངས་སུ་ཕུལ་ཡོད།། སྙན་པའི་བ་དན་དཀར་པོ།། ཨ་སྔོན་དབྱིངས་སུ་བསྒྲེངས་ཡོད།།

     ༈ བྱ་ཕོ་མེད་སར་ནམ་མཁའ་ལངས་ཡོད།། བྱིའུ་མེད་སར་རྒུན་འབུ་ཐུས་ཡོད།།

     ༈ ལེགས་བཤད་གསེར་གྱི་ཐུར་མ་ཡིན།། ལག་ལེན་བདུད་རྩི་བསིལ་མ་ཡིན།།

     ༈ ལོ་ཆེ་རུང་དྲང་སྲོང་འཆི་མེད་ཡིན།། རྒྱུ་མེད་རུང་ཡིད་བཞིན་ནོར་བུ་ཡིན།།

     ༈ གསེར་གྱི་ཁྲི་ལ་མ་གསོལ་ཆོས་ཀྱི་འཁོར་ལོ་བསྐོར་ཡོད།། དཔོན་ས་ཆེན་པོ་མ་བཟུང་འབངས་མིར་བྱམས་ཀྱིས་བསྐྱངས་ཡོད།།

     ༈ དམན་ས་བཟུང་ནས་དོན་ཆེན་གྲུབ་ཡོད།། ས་མཐའ་བསྐོར་ནས་ཡིད་སེམས་ཁེངས་ཡོད།།

     ༈ གདུད་བྱའི་ཞིང་དུ་ཡིད་སེམས་ཚིམ་ཡོད།། བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ་ཡོད།།

     ༈ ཁ་ལས་རླུང་རྟ་མེ་ལྕེ་འབར་འབར།། ཁ་བཏགས་དཀར་པོ་ཁ་བ་འབབ་འབབ།།

     ༈ གདུལ་བྱའི་འཕྲིན་ལས་རྟ་མཆོག་རྒྱུག་རྒྱུག། བྱིན་རླབས་དངོས་གྲུབ་ཆར་བ་འབབ་འབབ།།

     ༈ གཡུ་འབྲུག་སྟོང་གསུམ་ལྡིར་ཙམ་གྱིས།། ཆོས་ཀྱི་ཆར་བ་འབབ་པ་དཀོན།། ངུར་སྨིག་ན་བཟའ་བནབས་ཙམ་གྱིས།། འགྲོ་དོན་རྒྱ་ཆེན་ཕྱིན་པ་དཀོན།། གསུང་རབ་ངག་ལས་བསྒྲགས་ཙམ་གྱིས།། སངས་རྒྱས་གོ་འཕང་ཐོབ་པ་དཀོན།།

     ༈ རང་ལུས་སྤྲུལ་བའི་གདུད་བྱའི་ཞིང་ཁམས་སུ།། དཀའ་བ་འབུམ་ཕྲག་སྤྱད་པས་འབྲས་བུ་སྨིན།། འཇིག་རྟེན་མི་ལུས་རིན་ཆེན་བླངས་ས་ནས།། རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག།

     ༈ གཤིན་རྗེ་ཆོས་རྒྱལ་རིག་ན་ཞྭ་འཕུད་མི་ཤེས།། གླང་ཆེན་སྨྱོན་པ་རིག་ན་ལམ་གཞོལ་མི་ཤེས།།

     ༈ ཁ་ཚུར་འཁོར་ཚུར་ལ་ཡོང་ན།། མིག་དམར་ནས་གློག་དམར་འཁྱུག་འདྲ།། ཁ་ཕར་འཁོར་ཕར་ལ་སོང་ན།། རླུང་ནག་གི་འཚུབ་མ་ཚུབ་འདྲ།།

     ༈ ང་རྒྱ་བཟའི་བུ་འདི་རྒྱ་ཚ་ཡིན།། ངས་རྒྱ་སྐད་བཤད་ན་བསྦྲགས་སྐད་མིན།།

     ༈ ང་འབྲོང་གི་ནང་གི་རི་དམར་ཡིན།། ང་མི་ཡི་ནང་གི་རིག་རྒོད་ཡིན།།

     ༈ ང་ལྷན་སྐྱེས་ཤེས་རབ་རང་འཛོམས་ཡིན།། ང་སྐད་གཉིས་སྨྲ་བའི་ལོ་ཆེན་ཡིན།།

     ༈ ཆོས་འཇིག་རྟེན་ཟུང་གི་འཕྲིན་ལས།། ལས་རྒྱུ་འབྲས་དྲང་བདེན་སྐྱོང་དགོས།།

     ༈ གཞན་དོན་ཡུན་གྱིས་བསྒྲུབས་ན།། རང་དོན་ཞོར་དུ་འགྲུབ་ཡོང་།།

     ༈ དཀར་པོ་དགེ་བའི་ཕྱོགས་སུ།། དཀར་ཐིག་གང་འཛོམས་འབད་དགོས།།

     ༈ སྐྱེས་བུ་དམ་པ་ཡིན་ན།། སྤྲུལ་བ་གྲངས་ལས་འདས་དགོས།། ཕྱི་ཚུལ་ཕྱག་ལེན་གཅིག་པོས།། གདུད་བྱའི་འཕྲིན་ལས་འགྲུབ་དཀའ།།

     ༈ ཤེས་བྱ་སྦྱངས་ན་ངོ་ཚ་འཛེམས་མི་དགོས།། དོན་ཆེན་སྒྲུབ་ན་ཐོབ་ཐང་བསམ་མི་དགོས།།

     ༈ རིག་གཞུང་ཡོད་མེད་ཆབ་ཤོག་ལས་མི་ཤེས།། ཤེས་རབ་ལྡན་མིན་ལག་ལེན་དུ་བརྟག་དགོས།།

     ༈ སྐད་གཉིས་སྨྲ་བའི་བུ་ལ།། མིག་ཟུང་སྐར་ཆེན་ཤར་ཡོད།།

     ༈ ཕྲག་དོག་དུག་གི་སྡོང་བོ་རྩ་ནས་གཅོད་དགོས།། འཇོན་ཐང་ཅན་གྱི་བུ་ལ་ཀུན་གྱིས་སྨོན་དགོས།།

     ༈ ལྡོག་རྩ་གཅིག་གྱུར་བྱུང་ན་མི་རིགས་མཐུན་སྒྲིལ་ཡིན།། བོད་པ་གཉིད་ལས་སངས་ན་མི་རིགས་ལ་རྒྱ་ཡིན།།

     ༈ གདོང་དམར་བོད་ལ་མི་འོས་ཕྲག་དོག་དང་།། མ་རུང་ཐན་ལྟས་ནང་དམེ་དམར་འཛིང་རེད།། རང་མཚང་རང་གིས་བརྟོལ་ན་གླེན་རྟགས་དང་།། གཞན་རིགས་འཕྱ་སྨོད་ལྟད་མོས་གཞི་མ་རེད།། བྱོལ་སོང་དུད་འགྲོའི་གནས་སུ་མ་མཆིས་ཀྱང་།། སྲིད་འབྱོར་རིག་གསུམ་མ་འཛོམས་ཡི་རེ་རྨོངས།། ཆོས་དང་འཇིག་རྟེན་ཟུང་གི་ཁྱད་ཆོས་བཞིན།། མ་རབས་རྒྱུན་ཆད་ཡ་རབས་སྲོལ་དར་ཤོག།

     ༈ དུ་ཐ་མག་ལྷ་ཁང་མཆོད་རྫས་སུ་མ་མཛད།། ལྷ་ཡི་དམ་ཆོས་སྐྱོང་རྒྱང་འཕུད་དུ་མ་མཛད།། ཆང་ཨ་རག་གཟིམ་ཆུང་སྒོམ་བྱ་རུ་མ་དགོངས།། སྒོམ་འཆོལ་ན་སྟོང་ཉིད་གྲུབ་རྟགས་ཡིན་མ་གསུངས།།

     ༈ ཁྲི་གདུགས་ཉི་མའི་འོད་ཟེར།། གངས་ལྗོངས་ཡུལ་ལ་འཕྲོས་སོང་།། སྤྱན་རས་གཟིགས་ཀྱི་བཞེད་དགོངས།། འཛམ་བུ་གླིང་ནས་འགྲུབ་སོང་།།

     ༈ ཆོལ་གསུམ་དག་པའི་ཞིང་བཀོད།། ལྷ་ཚོགས་དཀྱིལ་འཁོར་རང་བྱོན།། གདོང་དམར་བོད་པའི་རིགས་རྒྱུད།། མི་རིགས་མཐུན་སྒྲིལ་རང་བྱོན།།

     ༈ ཕ་རོལ་དགྲ་བོ་བཏུལ་ན་སེམས་བཏུལ་དགོས།། གྲོགས་པོ་བློས་ཐུབ་བསྒྲིགས་ན་སེམས་འགུགས་དགོས།།

     ༈ རང་ཚོད་རང་གིས་ཟིན་ན་བདེ་བ་ཡིན།། ཕམ་ཁ་རང་གིས་ཁུར་ན་རྒྱལ་ཁ་ཡིན།། འདོད་པ་ཚིམ་པར་གྱུར་ན་བདེ་སྐྱིད་ཡིན།། གཉོམ་ཆུང་འདུག་ཤེས་བྱས་ན་འགྲན་ཟླ་མེད།།

     ༈ རྩམ་པ་ཟ་ཤེས་མགོ་བོ་སྐྱང་དོན་མེད།། གཅིན་སྐྱགས་གཏོང་ཤེས་སྣང་བ་མཐོ་དོན་མེད།།

     ༈ གངས་ལྗོངས་བོད་པའི་ཡུལ་ལ།། སྐྱིད་པའི་ཉི་མ་ཤར་ཡོད།། གསེར་ལྡན་སྲིད་པའི་འཁོར་ལོ།། ཟློག་ཏུ་འཁོར་བའི་དཔེ་མེད།། མེས་རྒྱལ་ཁྱིམ་ཚང་ཆེན་པོར།། སྟོབས་འབྱོར་མངའ་ཐང་ལྡན་ཡོད།། ངོ་མཚར་ལྷ་མིའི་ལོངས་སྤྱོད།། བོད་པས་དོར་བའི་དཔེ་མེད།།

     ༈ གཟའ་རྒོད་གདོང་ཐུག་མིན་ན།། རང་སྲོག་རང་གིས་མ་གཅོད།། སྨྱོན་ནག་ལད་གར་མིན་ན།། ཁ་འཁྲུགས་ཉོག་གཏམ་མ་བཤད།། འདྲེ་གདོན་ཁ་དར་མིན་ན།། རྒྱལ་ཁམས་ཕོངས་དཀྲུགས་མ་བྱེད།།

     ༈ ཤར་ཕྱོགས་དུང་ཟླ་དཀར་པོ།། དུང་རིའི་རིའི་རྩེ་ནས་ཤར་རུང་།། ཁྲི་གདུགས་ཉི་མ་སེར་བོ།། ནུབ་ནས་འཆར་བའི་དཔེ་མེད།། ཨེ་མ་ཨ་མའི་གཅེས་ཕྲུག། སྙིང་གི་ནོར་བུ་ཡིན་རུང་།། དཀར་བོ་དགེ་བའི་ཕྱོགས་ལས།། མཆོད་མེ་ཕུལ་བ་དོན་མེད།། དམར་ཆུང་སྲོག་གི་མེ་ཏོག། འདབ་མ་ལྷུག་པར་བཞད་རུང་།། སད་ཀྱིས་མ་བཅོམས་འཐོར་བ།། གཡང་དཀར་སེམས་པ་འཁྱགས་སོང་།།

     ༈ རྟོགས་པ་ལྷ་དང་མཐུན་རུང་།། འབྱུང་བ་མི་དང་བསྟུན་དགོས།།

     ༈ ཀླེན་རྟགས་མངོན་པ་མི་རིགས་ལ་རྒྱ་མིན།། དཔལ་ཡོན་ཉིས་ལྡན་བོད་པའི་མདུན་ལམ་ཡིན།།

     ༈ གཤིས་བཟང་ཁེངས་སྐྱུངས་ཤེས་བྱ་ཀུན་གྱི་གཞི་མ་ཡིན།། ཡ་རབས་སྤྱོད་བཟང་གདོང་དམར་བོད་ཀྱི་མི་གཤིས་ཡིན།།

     ༈ ཤ་རུས་གདུང་རྒྱུད་གཅིག་པའི་སྤུན་ཟླའི་ཚོགས།། མི་བློར་རང་དགར་ཅི་འདོད་གློད་པའི་རིགས།། གཅིག་ལ་གཅིག་ཟས་ཚིག་གིས་སྨོད་ན་ཡང་།། རང་རིགས་ནང་མཐུན་མི་རིགས་ལ་རྒྱར་སོམས།།

     ༈ ཉམས་ཆུང་བདག་འདྲའི་ངག་ལམ་ནས།། དོན་ཆེན་ཚིག་གསུམ་མེད་མོད་ཀྱང་།། ལྷག་བསམ་དཀར་པོའི་གསལ་འདེབས་འདི།། ཚིག་གསུམ་དར་གྱི་མདུད་པར་ཡིན།།

     ༈ གནམ་ལོ་གསར་བའི་བཀྲ་ཤིས་ཉིན་མོ་ལ།། བཀྲ་ཤིས་དོན་བཟང་འགྲུབ་པའི་རྒན་པོ་ངས།། གངས་ཅན་བོད་པ་གང་འགྲོ་བཀྲ་ཤིས་ཤོག། གངས་ཅན་བོད་པ་གར་སླེབས་དོན་གྲུབ་ཤོག། ཚེ་རིང་ནད་མེད་བདེ་བའི་བཀྲ་ཤིས་ཤོ། བསམ་དོན་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག། སྟོབས་འབྱོར་མངའ་ཐང་རྒྱས་པའི་བཀྲ་ཤིས་ཤོག། བདེ་སྐྱིད་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག། འབྲོག་ལ་དཀར་བཞི་འཕེལ་བའི་སྨོན་ལམ་འདེབས།། ཞིང་ལ་འབྲུ་དྲུག་འཕེལ་བའི་སྨོན་ལམ་འདེབས།། བོད་ལ་བདེ་སྐྱིད་འཛོམས་པའི་སྨོན་ལམ་འདེབས།། བོད་པའི་སྐུ་ཚེ་བརྟན་པའི་སྨོན་ལམ་འདེབས།། མི་རྒྱུད་ཆུ་ལས་རིང་བའི་སྨོན་ལམ་འདེབས།། མི་གཤིས་བལ་ལས་འཇམ་པའི་སྨོན་ལམ་འདེབས།། བོད་སྐད་གཙང་མ་སྨྲ་པའི་སྨོན་ལམ་འདེབས།། བོད་ཡིག་དར་ཁྱབ་ཡོང་བའི་སྨོན་ལམ་འདེབས།། བོད་རིགས་གཉིད་ལས་སངས་པའི་བཀྲ་ཤིས་ཤོག། མིག་ཡས་ཞ་ར་མིན་པའི་བཀྲ་ཤིས་ཤོག། མིག་ཟུང་གསལ་བོར་འགྱུར་བའི་བཀྲ་ཤིས་ཤོག། སྲིད་འབྱོར་རིག་གསུམ་འཛོམས་པའི་བཀྲ་ཤིས་ཤོག། གཞོན་ནུ་ལང་ཚོ་རྒྱས་པའི་བཀྲ་ཤིས་ཤོག། རྒན་པ་ཚེ་ཐག་རིང་བའི་བཀྲ་ཤིས་ཤོག། བསྟན་འཛིན་སྐུ་ཚེ་བརྟན་པའི་བཀྲ་ཤིས་ཤོག། ཆོས་སྲིད་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག། མི་རིགས་མཐུན་སྒྲིལ་ཡོང་བའི་བཀྲ་ཤིས་ཤོག། ཁམས་གསུམ་བདེ་ཆེན་ཐོབ་པའི་བཀྲ་ཤིས་ཤོག། སྲིད་སྐྱོང་རྒྱལ་པོའི་རྒྱལ་ས་བརྟན་པར་ཤོག། སྤྱི་ཚོགས་འཆམ་མཐུན་བདེ་ལེགས་འབྱུང་བར་ཤོག། རྒྱལ་ཁབ་སྟོབས་འབྱོར་རྒྱས་པའི་བཀྲ་ཤིས་ཤོག། མི་དམངས་བདེ་སྐྱིད་འཛོམས་པའི་བཀྲ་ཤིས་ཤོག། མེས་རྒྱལ་གཅིག་གྱུར་ཡོང་བའི་བཀྲ་ཤིས་ཤོག། འཛམ་གླིང་ཞི་བདེའི་བཀྲ་ཤིས་དཔལ་འབར་ཤོག།  །།

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་འཛམ་གླིང་ས་འཛིན་དབང་མོའི་ཁྱོན་ཡོངས་སུ་གངས་ལྗོངས་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་སུ་ཆབ་འགག་གསེར་གཞོང་རིང་མོའི་གྲོང་རྡལ་རང་ཤག་བཀྲ་ཤིས་བདེ་སྟོང་རྣམ་རྒྱལ་ཕོ་བྲང་ནས་བོད་རབ་བྱུང་བཅུ་བདུན་པའི་རབ་རྒྱན་ཤིང་མོ་ལུག་༢༠༡༥ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པའི་སྨོན་འདུན་སོགས་དང་བཅས་པ་སྐྱོ་སྡུག་ཉིས་འཛོམས་ཀྱི་མི་ཚེ་རིང་མོའི་བཞུད་ལམ་ཕྲ་མོ་དེད་ནས། འཆི་སོས་བདུད་རྩིའི་འཚོ་བས།། ཚེ་དཔལ་ལངས་ཚོ་བསྐྱེད་ཡོད།། བདེ་མོའི་ཐང་ལ་སྡོད་དུས།། བག་ཡང་ལྷོད་པོར་བཞུགས་ཡོད།། ཞེས་གང་དགར་ཕུལ་བ་སརྦ་ཛ་ཡནྟུ།།

 

                                   ༄༅།།རོང་ཆེན་ལྷ་རྒྱལ་དཔལ་གྱིས་དྲང་བདེན་དང་རྒྱུ་འབྲས་ཕྱོགས་སུ་བསྙེགས་

                                                པའི་མི་ཚེའི་ལམ་བུ་ཕྲ་མོ་ཞེས་བྱ་བ་བཞུགས་སོ།

     ༄༅།།འདིར་ཡང་དཔལ་ལྡན་ས་སྐྱ་བའི་གདུང་རབས་སོ་གསུམ་པར་གྲགས་པའི་རོང་ཆེན་ལྷ་རྒྱལ་དཔལ་ནི་བོད་ཁ་བ་ཅན་གྱི་བླ་རི་ཡུལ་སྐྱོང་རྨ་རྒྱལ་གངས་རིའི་ཉེ་འདབས་སུ་རྒྱ་བཟའི་ཏཱ་མིན་ཆིན་ཧུ་ཚང་གི་རིགས་རུས་སུ་མི་ལུས་བླངས་ཤིང་། དེ་ཡང་ཐོག་མར་ཡུམ་དྲིན་མོ་ཆེའི་ལྷུམས་སུ་ལོ་གསུམ་རིང་ལ་བསྡད་པའི་ངོ་མཚར་རྣམ་ཐར་ཡོངས་སུ་གྲགས། སེམས་ཅན་ཀུན་གྱིས་ལྷ་དང་ལྷ་མ་ཡིན་ནམ་ནག་པོ་བདུད་ཀྱི་ཆོ་འཕྲུལ་རེད་ཟེར་ནས་ཡུལ་གྲུ་དེ་ཀའི་གླེང་ཕྱོགས་སུ་གྱུར་བ་དང་། སྔགས་སའི་མཚམས་གོང་མ་དགེ་འཕེལ་བྱང་ཆུབ་གླིང་གི་འཕགས་མཆོག་སྤྱན་རས་གཟིགས་དབང་སྔགས་སའི་དགེ་བཤེས་རིན་པོ་ཆེ༧རྗེ་བཙུན་འཇམ་དབྱངས་དོན་ཡོད་དཔལ་བཟང་པོ་དང་རྒྱ་བཟའི་མཚམས་ཐོག་ཞོལ་མ་དགེ་ལྡན་བཤད་སྒྲུབ་རྣམ་པར་རྒྱལ་བའི་གླིང་གི་བསྟན་པའི་མངའ་བདག་ཆེན་མོ༧རྗེ་བཙུན་བྱམས་པ་བསམ་གཏན་རྣམ་གཉིས་སོགས་སྐྱེས་ཆེན་དམ་པ་རྣམས་གྱིས་ལྷ་རིགས་གསུམ་མགོན་པོའི་རྣམ་པར་སྤྲུལ་བ་རོང་ཆེན་ལྷ་རྒྱལ་དཔལ་སྐྱེ་ཕྲེང་ཐོག་མའི་ཡང་སྲིད་དུ་ཐུགས་ཐག་བཅད་པ་མ་ཟད། ཁྱེའུ་མིང་ལ་འང་རོང་བོ་ལྷ་རྒྱལ་དཔལ་ཞེས་སྐྱེ་རབས་སྔོན་མའི་མཚན་ལྟར་བོས་ཤིང་། མ་འོངས་པའི་གདུལ་བྱ་སོགས་ལ་བཀྲ་ཤིས་སྨོན་ལམ་ཡག་པོའི་མདུན་བསུས་ཏེ་གསུངས་གཡང་བསྩལ་པས། ཐོག་མའི་ཁྱེའུ་རང་བཞིན་བརྗོད་པའི་ཆ་ནས་ཀྱང་། འཁོན་ས་སྐྱ་སྨིག་པོའི་གདུང་རྒྱུད་ཡིན།། དཔོན་ལྷ་རྗེ་བྲག་སྣའི་སྲས་རྒྱུད་ཡིན།། དོན་དམ་པའི་སྐྱེ་རབས་ཡང་རྒྱུད་ཡིན།། ལྷ་འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ་ཡིན།། ཞེས་ཕ་ཡུལ་རྨ་ཀླུང་ཕྱུག་མོའི་ཡུལ་དུ་ཡོངས་སུ་གྲགས་སོ།།

     རྒྱ་བཟའི་ཏཱ་མིན་ཆེན་ཧུ་ཚང་གི་ངག་རྒྱུན་དུ། རི་རྒྱལ་དེད་ན་རྫ་རྒྱུད་ཡིན།། རྫ་རྒྱུད་རྨ་ཆེན་སྦོམ་ར་ཡིན།། བོད་ཁ་བ་ཅན་གྱི་བླ་རི་ཡིན།། མ་རྒྱུད་དེད་ན་མོ་རྒྱུད་ཡིན།། མོ་རྒྱུད་རྒྱ་བཟའ་ཀོང་ཇོ་ཡིན།། བོད་ཁ་བ་ཅན་གྱི་ལྷ་མོ་ཡིན།། ཆུ་རྒྱུད་དེད་ན་མཚོ་རྒྱུད་ཡིན།། མཚོ་སྔོན་ཁྲི་ཤོར་རྒྱལ་མོ་ཡིན།། མཚོ་སྙིང་མ་ཧཱ་དེ་ཝ་ཡིན།། མི་རྒྱུད་དེད་ན་དཔོན་རྒྱུད་ཡིན།། དཔོན་རྒྱུད་ཏཱ་མིན་ཆེན་ཧུ་ཡིན།། དཔོན་གདུང་རྒྱུད་མ་ཆད་དཔོན་ཕྲུག་ཡིན།། ཞེས་རོང་ཆེན་ལྷ་རྒྱལ་དཔལ་ནི་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་སྟག༡༩༥༠ལོའི་ཧོར་ཟླ༣པའི་ཚེས༡༣ཉིན་ལ་གོམ་ཟུང་གི་རྡོག་ཁ་འཆོལ་ཏེ། ཐུགས་རྗེ་ཆེན་པོ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཞིང་ཁམས་ཁ་བ་རི་བའི་བསིལ་ལྗོངས་སུ་སླར་ཡང་ཐེངས་གཅིག་སླེབས་དགོས་པར་བྱུང་ནས། སེར་འགོག་གཡང་སྡེ་ཕྱུག་མོའི་ཡབ་མེས་སེར་འགོག་པ་པཱ་དང་སྔགས་སའི་དགེ་བཤེས་རིན་པོ་ཆེའི་ཡབ་ཆེན་ཡང་སྐོར་མགོན་པོ་ཚེ་བརྟན་གྱི་སྐུ་སྲིང་ཡང་སྐོར་འབུམ་སྐྱིད་ཡབ་ཡུམ་གཉིས་ལ་སྲས་མིང་སྲིང་དགུ་བྱུང་བ་དང་། སྲས་མོ་གསུམ་པ་སེར་འགོག་མཁར་ཐོ་དང་མགོ་སྐོར་ནམ་མཁའ་ཡབ་ཡུམ་གཉིས་ལ་ཡང་སྲས་མིང་སྲིང་དགུ་བྱུང་བ་ལས། སྲས་མོ་ཆེ་བ་བསོད་ནམ་སྐྱིད་ནི་དཀོན་མཆོག་གསུམ་ལ་དད་གུས་བླ་ན་མེད་པའི་བུད་མེད་མཚན་ཉིད་ལྡན་ཞིང་། བློ་གཅིག་སེམས་གཅིག་གིས་དམ་པའི་ཆོས་ལ་ཕྱོགས་པ། གཤེས་རྒྱུད་འཇམ་ཞིང་སྙིང་རྗེ་ཆེ་བ། ཡུལ་མི་གཞན་ལ་བློ་སེམས་དཀར་བ། ཚེ་གཅིག་ལུས་གཅིག་ཏུ་སྨྱུང་གནས་སྲུང་བ་དང་། བཟློས་བརྗོད་ཕྱག་སྐོར་སོགས་ལ་འབད་འབུངས་བྱེད་ཅིང་དགེ་བའི་ལས་ལ་བརྩོན་པའི་ཡུམ་ཆེན་དྲིན་མོ་ཆེ་དེ་དང་། དཔལ་ལྡན་ས་སྐྱ་འཁོན་གྱི་གདུང་རྒྱུད་ལས་མཆེད་ཅིང་ཆིན་རྒྱལ་རབས་ཀྱི་གོང་མ་ལྷ་སྐྱོང་རྒྱལ་པོའི་སྐུ་རིང་ནས་བཟུང་སྟེ། རྨ་ཡུལ་རོང་བོ་བློན་ཆོས་མཆེད་སྟངས་གསུམ་ལ་མངའ་དབང་སྒྱུར་བའི་རྒྱ་བཟའི་ཏཱ་མིན་ཆིན་ཧུ་ཚང་གི་རིགས་རུས་ཕུན་སུམ་ཚོགས་པའི་དཔོན་ཚང་ཞན་ཀྲང་ངམ་མཚན་དངོས་ལ་དཔོན་ཚང་བཤད་སྒྲུབ་ཞེས་བྱ་བ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ངོ་མཚར་ཁྱེའུ་ཆུང་འདིའི་ཟླ་ཁ་གང་བ་ཙམ་གྱིས་སྔགས་སའི་མཚམས་ཐོག་གོང་མ་བཀྲ་ཤིས་ཆོས་རྫོང་དགེ་འཕེལ་བྱང་ཆུབ་གླིང་གི་ཞྭ་སེར་བསྟན་པའི་མངའ་བདག་དང་རང་གི་ཞང་བོ་ཐུགས་རྗེ་ཅན༧འཕགས་པ་སྤྱན་རས་གཟིགས་ཀྱི་དངོས་སྤྲུལ་དམ་པ༧སྔགས་སའི་དགེ་བཤེས་རིན་པོ་ཆེ༧རྗེ་བཙུན་འཇམ་དབྱངས་དོན་ཡོད་དཔལ་བཟང་པོའི་ཞལ་སྔ་ནས། ལྷ་རིགས་གསུམ་མགོན་པོའི་རྣམ་སྤྲུལ་དུ་ཡོངས་སུ་གྲགས་པའི་རོང་བོ་ལྷ་རྒྱལ་དཔལ་སྐུ་ཕྲེང་གོང་མའི་ཡང་སྤྲུལ་དུ་ངོས་འཛིན་མཛད་ཅིང་། བྱིས་མིང་ལ་ཡང་སྔར་བཞིན་ཡིག་འབྲུ་གཅིག་ཀྱང་མ་བརྗེ་བར་རོང་བོ་ལྷ་རྒྱལ་དཔལ་ཞེས་གསོལ་ལོ།། འདིར་ཡང་བྱིས་མིང་གི་ཐོག་མར་རོང་བོ་ཞེས་པའི་ནང་དོན་ནི་ཡར་སྔོན་ཡབ་རྗེ་རོང་ཆེན་ཀུན་དགའ་དོན་གྲུབ་ལྷ་རྗེ་བྲག་སྣ་བ་བྱོན་པའི་ཕ་ས་ཐོག་མ་སྟེ། གངས་ལྗོངས་དབུས་གཙང་གཉན་ཆེན་ཐང་ལྷའི་ཡུལ་དབུས་རོང་བོ་འདམ་ཤོག་ཆེན་བརྒྱད་ཅུ་ཞེས་སུ་གྲགས་པའི་རོང་བོ་ཞེས་པ་རུས་སུ་གྱུར་ནས་རོང་བོ་ལྷ་རྒྱལ་དཔལ་ཞེས་འབོད་པ་དང་། ཕྱིས་སུ་ཚེ་རབས་འདིར་མཚན་སྙན་གྲགས་པའི་བ་དན་དཀར་བོ་ཅུང་ཙམ་མཐོ་རུ་བཏེགས་ཤིང་། འགྲོ་ལ་ཕན་ཕྱིར་གདུལ་བྱ་ཐམས་ཅད་ཀྱི་གོམ་ཁ་ཇེ་ཡང་དུ་སོང་བ་དང་། རྒས་པའི་གཉེར་མ་ཡུན་གྱིས་བརྩེགས་པ་དང་ལྷན་གཅིག་ཏུ་རོང་ཆེན་ལྷ་རྒྱལ་དཔལ་ཞེས་ཀུན་གྱིས་འབོད་བཞིན་འདུག།

      དུས་མཚུངས་སུ་འགྲོ་བའི་མགོན་པོ་ཡབ་སྲས་རྣམ་གཉིས་ཀྱིས་མ་འོངས་པའི་ལུང་བསྟན་སོགས་གང་མང་གསུངས་ཤིང་། བཀའ་ལུང་གསེར་གྱི་ཅོད་པ་གཅིག་ཏུ་མཛད་ནས་ཐུགས་ཐག་བཅད་པ་དང་། ཕྱིས་སུ་རིམ་བཞིན་དུ་གངས་ལྗོངས་འགྲོ་བའི་མགོན་པོ་གོང་ས་སྐྱབས་མགོན་རྒྱལ་དབང་རིན་པོ་ཆེ་དང་། དུས་གསུམ་སངས་རྒྱས་ཀྱི་ངོ་བོ་གཅིག་ཏུ་བསྡུས་པ་སློབ་དཔོན་པདྨ་འབྱུང་གནས་ཀྱི་རྒྱལ་ཚབ་མངའ་བ༧གནས་བཞི་གྲུབ་པའི་དབང་ཕྱུག་ཆེན་མོ་སྐུ་ཕྲེང་ལྔ་བ་ཆོས་དབྱིངས་རང་བྱུང་རྡོ་རྗེ་མཆོག སྔགས་སའི་འཚམས་ཐོག་གོང་དགེ་འཕེལ་བྱང་ཆུབ་གླིང་གི་༧རྗེ་དཀོན་མཆོག་མི་བསྐྱོད་རྡོ་རྗེ་འཆང་འཇམ་དབྱངས་བསྟན་པའི་རྒྱལ་མཚན་ཚང་། འདས་ལོག་གི་བྱང་ཆུབ་སེམས་དཔའ་ཆེན་མོ་དཔལ་ཡུལ་བླ་མ་རིག་འཛིན་སྐུ་གསུམ་རྡོ་རྗེ་ཚང་། བོད་རྗེ་འབངས་ཉེར་ལྔའི་ཡ་གྱལ་དུ་གྲགས་པའི་གྲུབ་ཆེན་བཻ་རོ་ཙ་ནའི་རྣམ་པར་རོལ་བ་སྐྱབས་རྗེ་བླ་མ་སིངྔྷི་གཞན་ཕན་བདེ་བའི་ཉི་མ་སོགས་སྐྱེས་ཆེན་དམ་པ་རྣམས་ཀྱིས་ཀྱང་སྤྲུལ་བའི་བྱང་ཆུབ་སེམས་དཔའ་དངོས་བྱོན་གྱི་བརྡ་ལུང་དང་བཀའ་ལུང་སྣ་ཚོགས་བསྩལ་ཏོ།། 

      བོད་རབ་བྱུང་བཅུ་དྲུག་པའི་མེ་ཕོ་སྤྲེལ༡༩༥༦ལོར་རང་ལོ་ལྔ་ཙམ་ཐོག་ཏུ་ཚེ་རབས་སྔོན་མའི་ཐུགས་བསྐྱེད་སྨོན་ལམ་དང་ཚོགས་བསགས་ཆེན་པོའི་དབང་གིས་ཆོས་སྡེ་ཆེན་པོ་རྒྱ་བཟའི་འཚམས་ཐོག་ཞོལ་མ་དགེ་ལྡན་བཤད་སྒྲུབ་རྣམ་པར་རྒྱལ་བའི་གླིང་ནས་བསྟན་པའི་ཆོས་སྒོར་ཞུགས་ཏེ། ཡོངས་འཛིན་ཐུགས་རྗེ་ཅན་ལྷ་སྐོར་དགེ་སློང་ཚང་གི་སྐུ་མདུན་ནས་དབྱངས་གསལ་བྱེད་སོགས་ཡི་གེ་འབྲི་ཀློག་དང་། སྐྱབས་འགྲོ། དགའ་ལྡན་ལྷ་བརྒྱ་མ། ལྟུང་བཤགས་སོགས་འདོན་ཆོག་ཉག་ཙམ་བསླབ་པའི་མགོ་བརྩམས་ཤིང་། གོམ་གསུམ་སྤོ་ཤེས་དང་ཚིག་གསུམ་སྨྲ་ཤེས་ཙམ་ལ་གསུང་མཆོག་སྐྱབས་འགྲོའི་དབུ་བཟུང་སྟེ། ཆོས་སྡེ་ཆེན་པོའི་ཆོས་སྤྱོད་ཕྱག་ལེན་དང་རྒྱུགས་སྤྲོད་འཇོག་གི་ལས་རིམ་གཞན་ལས་མི་དམན་པ་ཞིག་བྱུང་བ་ནི་ཡོངས་འཛིན་རིན་པོ་ཆེའི་བཀའ་དྲིན་ཡིན་ལ་རང་གི་ཆེའི་རླབས་ཆེ་བའི་མི་ཚེའི་རིན་ཐང་དང་། ལོ་ན་ཕྲ་བའི་རིང་ལ་བསགས་པའི་མི་ཚེ་གཅིག་གི་ཡོང་སྒོ་ཡང་ཡིན་པར་འདོད་ཅིང་ཆོས་སྡེ་ཆེན་པོ་འདིའི་མདོ་རྒྱུད་བསྟན་པའི་མངའ་བདག་ཡོངས་ཀྱི་དགེ་བའི་བཤེས་གཉེན་དམ་པ༧རྗེ་བཙུན་དཀོན་མཆོག་གྲགས་པ་དཔལ་བཟང་པོའི་དྲུང་དུ་རབ་ཏུ་བྱུང་སྟེ། རབ་བྱུང་གི་མཚན་ལ་རོང་ཆེན་དེ་ཝ་ར་ཛཱ་ཤྲཱི་འཇམ་དབྱངས་བློ་བཟང་འཕྲིན་ལས་ཞེས་གསོལ་ལོ།། རང་ལ་མཚོན་ན་དེ་འདྲའི་བསོད་ནམས་ཀྱི་བགོ་སྐལ་ཅུང་ཙམ་མཆིས་པའི་རྟགས་སུ་མཐོང་ནའང་མ་རུང་ས་ཁྱིའི་དུས་འཁྲུག་གི་འཇིགས་སྣང་དང་། རིག་གསར་བསྐལ་བའི་མེ་དཔུང་དྲག་པོའི་གནས་སུ་མི་ལྷུང་ག་མེད་བྱུང་བས། བོད་རབ་བྱུང་བཅུ་དྲུག་པའི་ས་ཕོ་ཁྱི༡༩༥༨ལོར་རང་ལོ་བདུན་ཙམ་ལ་སོན་མ་ཐག་ཏུ་རྒྱལ་ཡོངས་སུ་ཆོས་ལུགས་བཅོས་བསྒྱུར་དང་། བོད་ཁམས་དུས་འཁྲུག་གི་དབང་གིས་རྫ་ལུང་དམར་བོ་ཁྲག་གིས་མཚོ་མོ་དཀྲུགས་ཤིང་། སྡུག་བསྔལ་རྒྱ་མཚོའི་འཇིངས་ནས་ས་མཐར་འཁྱམས། ཁྱད་པར་དུ་ཡུལ་ཁམས་ནད་ཡམས་མུ་གེའི་མནར་གཅོད་དང་། ཐམས་ཅད་སྨྲེ་སྔགས་འདོན་པའི་གནས་སུ་ལྷུང་ནས་ལོ་ངོ་བཅུ་ཕྲག་རིང་ལ་དཀའ་བ་འབུམ་ཕྲག་སྤྱད་པ་དང་རང་ལུས་སྟེང་གི་སྡིག་སྒྲིབ་གང་མཆིས་འདག་པར་བྱས། བོད་རབ་བྱུང་བཅུ་དྲུག་པའི་ས་མོ་བྱ༡༩༦༩ལོར་རང་ལོ་བཅོ་བརྒྱད་ལ་སླེབས་པ་ཙམ་གྱི་གཞོན་ནུ་དར་མ་ཞིག་ལ་མཚོན་ན་ལོ་ན་ཕྲ་བའི་དུས་སུ་གངས་ཅན་ཆོས་སྡེ་ཆེན་པོ་སེ་འབྲས་དགའ་གསུམ་གྱི་གདན་སའི་ཆོས་ར་འགྲིམ་ཏེ། ལྷ་རབ་འབྱམས་སྨྲ་བའི་དགེ་བཤེས་ཆེན་མོའི་མཚན་ཐོབ་བླངས་པའི་མཁས་པའི་དབང་པོ་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་ཆེད་སྦྱོང་སློབ་གླིང་གི་འཛིན་གྲྭ་འགྲིམ་ནས་མཐར་ཕྱིན་པའི་བཀའ་རབ་འབྱམས་སྨྲ་བའི་མཁན་ཐོབ་བླངས་པ་ཞིག་ཀྱང་ཡེ་ནས་མིན་པ་མ་ཟད་རང་གི་གཅེས་སུ་རུང་བའི་ཕ་ཡུལ་བྲག་དཀར་རྫོང་དུ་སློབ་ཆུང་གི་ལོ་རིམ་གསུམ་པའང་ཆ་ཚང་ཞིག་འདོན་པའི་གོ་སྐབས་མ་མཆིས་པའི་ཡིག་རྨོངས་པ་མིན་པ་ཙམ་ཞིག་ཏུ་གྱུར་ཞིང་། རིག་གནས་གསར་བརྗེ་ཆེན་པོའི་བསྐལ་བའི་མེ་དཔུང་དང་འཕྲད་པས། རྨ་ཡུལ་བྲག་དཀར་རྫོང་མི་རིགས་ཆ་ཚང་སློབ་ཆུང་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་དམར་སྲུང་དགེ་ཐོན་སློབ་གྲྭར་ཞུགས་པའི་མིང་ཙམ་ལས། སྦྱངས་བརྩོན་གྱི་ཡོན་ཏན་ཅི་ཡང་མ་འབྱོར་བས། དལ་འབྱོར་མི་ལུས་རིན་ཆེན་བླངས་པའི་མི་ཚེའི་ལང་ཚོ་སྟོང་ཟད་དུ་སོང་བར་ཧ་ཅང་ཡིད་ཕངས་པར་གྱུར་འདུག ཡིན་ན་ཡང་།

         བསྐལ་བའི་དུས་ཀྱི་འཕོ་འགྱུར་སྣ་ཚོགས་ཀྱིས།།

          ན་ཆུང་གཞོན་ནུའི་ལང་ཚོ་ཆུད་ཟས་བཏང་།།

          རིག་གནས་སྦྱངས་བརྩོན་གོ་སྐབས་མ་ལྡན་ཀྱང་།།

          ལྷན་སྐྱེས་ཤེས་རབ་ཡོན་ཏན་ཕྲ་མོ་འབྱོར།།

     ཞེས་རང་སྦྱོང་གང་ལེགས་ཀྱིས་འདུན་པ་རབ་ཏུ་ཁེངས་ཏེ། རྒྱལ་ཁབ་ཆེན་པོའི་སྲིད་ཕྱོགས་སུ་ལོ་ངོ་སུམ་ཅུའི་རིང་ལ་ལས་དོན་གཞོལ་བའི་གོ་སྐབས་ཀྱི་མགོ་བརྩམས་ཏེ། དེ་ཡང་ཐོག་མར་རྫོགས་པའི་སངས་རྒྱས་ཀྱི་དངོས་སྤྲུལ་དམ་པ་འཇིག་རྟེན་མི་ཡུལ་དུ་བྱོན་པའི་ལྷ་ཕྲུག་རང་བྱོན་དང་། བཀོས་བཀོད་རྒྱུད་འཛིན་རྒྱ་བཟའི་ཏཱ་མིན་ཆེན་ཧུ་ཚང་གི་རིགས་སུ་འཁྲུངས་པའི་རྒྱལ་སྲས་སྐུ་དྲག་དཔོན་ཕྲུག གང་ལྟར་གྲལ་རིམ་དང་ལོ་རྒྱུས་མི་གཙང་ཞེས་པའི་ཞྭ་མོ་ནག་པོ་འཁོར་ནས།༡༩༧༠ལོའི་ཟླ་བ་བདུན་པའི་བར་ལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་པུའུ་ཡི་ནང་དུ་བྱ་བར་བཀོད་སྒྲིག་བྱེད་པར་བསྒུགས་པའི་ཞོར་ལ་ཁུལ་ཡོངས་ཀྱི་ལྟེ་གནས་བྱ་བར་ཞུགས་ཤིང་། ཐོག་མར་གསེར་ཆེན་རྫོང་དུམ་པ་ཤང་དང་མང་རྫོང་བྱ་མདོ་ཤང་སོགས་ལ་སོང་ནས་ལམ་ཕྱོགས་སློབ་གསོའི་བྱ་བཞག་བསྒྲུབ་དགོས་པར་བྱུང་བ་དང་། ཕྱིས་སུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོ་ཕག་བཟོ་གྲྭའི་ནང་ལ་མངགས་ཏེ། ངལ་རྩོལ་སྦྱོང་རྡར་དང་བཟོ་བའི་གྲལ་རིམ་གྱི་སློབ་གསོ་ཡང་སྐྱར་དང་ལེན་མི་བྱེད་ག་མེད་བྱུང་ཞིང་། ཐོན་སྐྱེད་ངལ་རྩོལ་ལ་ཞུགས་ནས་གྲུབ་འབྲས་མངོན་པར་འཕགས། བཟོ་བའི་གྲལ་རིམ་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བས།༡༩༧༣ལོའི་ཟླ་བཞི་བར་ཁྲི་ཀ་རྫོང་ལ་མངགས་ནས་མི་རིགས་སློབ་གསོའི་ལས་དོན་གཞོལ། སྔན་གཞུག་ཏུ་སྒོ་མེ་དཀར་བརྗིད་ཤང་སྡོང་རྒན་ཐང་སློབ་གྲྭའི་དགེ་རྒན་དང་། འཛིན་གྲྭའི་ཀྲུའུ་རིན། ཞའོ་ཀྲང་སོགས་ཀྱི་འགན་བཞེས་ཤིང་། སུམ་པ་སློབ་གྲྭའི་དགེ་རྒན་དང་། འཛིན་གྲྭའི་ཀྲུའུ་རིན། ཞའོ་ཀྲང་། སྒོ་མེ་ལྕང་རའི་སློབ་ཁུལ་སྤྱི་ཁྱབ་འགན་ཁུར་བ། རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་སོགས་ཀྱི་འགན་བཞེས་ཏེ། མི་རིགས་སློབ་གསོའི་བྱ་བ་ལེགས་པོར་བསྒྲུབས་པའི་གོ་སྐབས་ཡག་པོ་ཞིག་ལྡན་སོང་བ་ཡིན། ཁྱད་པར་དུ་གཞི་རིམ་སློབ་གྲྭའི་དགེ་རྒན་དཀྱུས་མ་ཞིག་གི་ཆ་ནས་བཤད་ན།

          རང་ལ་མཁོ་བའི་རིག་གནས་མེད་ན་ཡང་།།

           རང་སྦྱོང་ཞོར་ལ་དཔེ་ཁྲིད་གང་ལེགས་མཛད།།

           མི་རིགས་སློབ་གསོའི་ལས་དོན་རྟག་ཏུ་བསྒྲུབས།།

           རིག་བཟང་སློབ་བུ་གང་མང་ཐབས་ཀྱིས་བསྐྱངས།།

    ཞེས་ཁ་བཤད་དོན་ལ་གནས་པ་དང་། སློབ་ཆུང་གི་རྨང་གཞིའི་སློབ་གསོ་བརྟན་པོ་ཡིན་པས། ཕྱིས་སུ་རང་གི་སློབ་གྲྭ་ལས་མཐར་ཕྱིན་པའི་སློབ་བུ་གང་མང་ཞིག་གིས་སློབ་གྲྭ་ཆེན་མོ་སོགས་ལ་རྒྱུགས་འཕྲོད་ནས་ཞིབ་འཇུག་སློབ་མ་དང་སློབ་དཔོན་ཆེན་མོ་སོགས་མཁས་པའི་དབང་པོ་ཁ་ཤས་བྱོན། ཡང་ཅིག་བཤད་ན་ཡིག་རྨོངས་པ་མིན་པ་ཙམ་གྱི་གཞི་རིམ་དགེ་རྒན་ཞིག་གིས་སློབ་གྲྭ་ཆེན་མོ་བ་སྐོར་ཞིག་གསོ་སྐྱོང་བྱེད་ཐུབ་པར་བྱུང་བ་ནི་གྲུབ་འབྲས་ངོ་མཚར་ཅན་ཞིག་ཡིན་ཞེས་བཤད་ཆོག (༡༩༧༨ལོའི་ཟླ་དང་པོ་ནས་བཟུང་སྟེ་བྲག་དཀར་རྫོང་སློབ་འབྲིང་དང་རྫོང་མཁར་ཞོལ་སློབ་ཆུང་གི་དགེ་རྒན་དང་། འཛིན་གྲྭའི་ཀྲུའུ་རིན། སློབ་ཁྲིད་ཞིབ་འཇུག་ཚན་ཆུང་གི་ཙུའུ་ཀྲང་སོགས་ཀྱི་འགན་བཞེས་ཤིང་། རྫོང་མི་དམངས་སྲིད་གཞུང་དོན་གཅོད་ཁང་གི་དྲུང་ཡིག་དང་ལོ་ཙཱ་བ། རྫོང་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ལས་རོགས་མཁན། རྫོང་ཁྲིམས་འཛིན་ཅུའི་བཅའ་ཁྲིམས་ཇུས་འདྲི་ཁྲུའུ་ཡི་ཁྲིམས་རྩོད་པའི་བྱ་བ་སྒྲུབ་མཁན། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བྲག་དཀར་རྫོང་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་དྲུང་ཡིག་དང་ལོ་ཙཱ་བ་སོགས་མི་རིགས་འཐབ་ཕྱོགས་གཅིག་གྱུར་དང་། མི་རིགས་སྐད་ཡིག མི་རིགས་སློབ་གསོ། བཅའ་ཁྲིམས་རིག་པའི་གཞུང་ལུགས་སོགས་ཀྱི་བྱ་བཞག་འབོར་ཆེན་བསྒྲུབ་པའི་རྨང་གཞི་བཙུགས་པ་མ་ཟད། ལས་དོན་དང་བྱེད་སྒོའི་ཆ་ནས་བཤད་ན།

          གོང་ནས་འཐེན་མཁན་དཔོན་པོ་མེད་པ་དང་།།

           ཞོལ་ནས་སྐྱོར་མཁན་འབངས་མི་མེད་ན་འང་།།

           མ་བསམ་རྒྱལ་སྲིད་སྟེགས་བུའི་ལས་དོན་གཞོལ།།

           སྐད་གཉིས་སྨྲ་བའི་ལོ་ཙཱ་ཆེན་པོར་གྲགས།།

    ཞེས་བུ་རང་སྐྱེས་གནམ་གྱིས་མི་ཁོག་པའི་དཔེ་ལྟར། སྐབས་དེར་མཚོན་ན་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐེན་གྱི་བདེན་དབང་དང་ཁྲིམས་རྩོད་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭ་ཐེངས་དང་པོར་ཞུགས་ཤིང་། མཚོ་སྔོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་གཅོད་ཨུ་ཡོན་ལྷན་ཁང་གི་མི་རིགས་རིག་གནས་སྒྱུ་རྩལ་རྩོམ་རིག་འབྲི་རྩོམ་སྦྱོང་རྡར་འཛིན་གྲྭ་ཐེངས་པོ་སོགས་ལ་ཞུགས་ནས་ཁྲིམས་ལུགས་ཆེད་ལས་བྱེད་སྒོའི་ཤེས་བྱ་དང་རྩོམ་རིག་འབྲི་རྩོམ་བྱེད་སྒོའི་ཆུ་ཚད་མཐོ་རུ་བཏེགས་པ་མ་ཟད། སྔོན་གཞུག་ཏུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་ཁྲིམས་ལུགས་རིག་པའི་ལྷན་ཚོགས་དང་། མཚོ་སྔོན་ཞིང་ཆེན་ཁྲིམས་ལུགས་རིག་པའི་ལྷན་ཚོགས། མཚོ་སྔོན་ཞིང་ཆེན་ཁྲིམད་རྩོད་པའི་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་བོད་ཀྱི་རིག་པའི་གཞུང་ལུགས་ཞིབ་འཇུག་ཚོགས་པ། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་རིག་པའི་མཐུན་ཚོགས་སོགས་རིག་གཞུང་ལས་རིགས་ཁག་གི་ཁོངས་མིར་གྱུར་ཞིང་། དུས་མཚུངས་སུ་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐེན་གྱི་ལས་བྱེད་པའི་གཟིགས་སྐོར་ཚོགས་པར་ཞུགས་ནས་ཧྲན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་དང་། ཧུ་ནན་ཞིང་ཆེན་ཀྲིན་ཀྲིག་གྲོང་ཁྱེར། ཀན་སུའུ་ཞིང་ཆེན་ལན་གྲུ་གྲོང་ཁྱེར། ཅང་སུའུ་ཞིང་ཆེན་ནན་ཅིན་གྲོང་ཁྱེར། ཀྲེ་ཅང་ཞིང་ཆེན་ཅིག་ལུང་གཙང་བོ། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར། སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར། ཁྲུང་ཆེན་གྲོང་ཁྱེར། གླང་ཆེན་འགྱིང་རི། རྒྱ་ནག་རི་བོ་རྩེ་ལྔ་སོགས་མེས་རྒྱལ་གྱི་ཡུལ་གྲུ་སོ་སོར་འགྲིམ་ནས་གཟིགས་སྐོར་སློབ་སྦྱོང་གང་ལེགས་བྱས་ཤིང་། ཕྱིས་སུ་རྒྱལ་ས་པེ་ཅིན་དང་། བོད་ལྗོངས་ལྷ་ས། རྩེ་པོ་ཏ་ལ། ནོར་བུ་གླིང་ཁ། ལྕགས་པོ་རི། སེ་འབྲས་དགའ་གསུམ། གཙང་བཀྲ་ཤིས་ལྷུན་པོ། དཔལ་ལྡན་ས་སྐྱ་དགོན། བསམ་ཡས་གཙུག་ལག་ཁང་། ལྷ་ལྡན་གཙུག་ལག་ཁང་སོགས་གནས་མཆོག་དམ་པ་དང་། ཡུན་ནན་ཁུན་མེན། ཏཱ་ལིས་གནའ་མཁར། གཡུ་འབྲུག་གངས་རི། ལིས་ཅང་གཙང་བོ། ཀོང་ཏུང་ཞིང་ཆེན་གྱི་ཀོང་ཀྲུ་གྲོང་ཁྱེར། ཧྲིན་ཀྲིན་གྲོང་ཁྱེར། ཀྲུའུ་ཧེ་གྲོང་ཁྱེར། ཞང་ཀང་དང་ཨོ་མིན་སོགས་རྒྱལ་ཁབ་ཕྱི་ནང་ལ་གཟིགས་སྐོར་སྤྲོ་གསེང་གང་ལེགས་བྱས་ཤིང་། ༢༠༡༠ལོའི་ཟླ་བ་བཞི་བར་མཚོ་སྔོན་ཞིང་ཆེན་མི་གྲངས་ཆིག་སྟོང་གིས་གྲུབ་པའི་འཆམ་མཐུན་གནས་སྐོར་ཚོགས་པའི་ཆེད་གཏོང་མེ་འཁོར་ལ་བསྡད་ནས་ཡང་བསྐྱར་རྒྱལ་ས་པེ་ཅིན་དང་། ཐེན་ཅིན། ཧྲང་ཧེ། ནན་ཅིན། ཧཱང་ཀྲིག སུའུ་ཀྲིག ཝུའུ་ཤེས་སོགས་རྒྱལ་ནང་གི་གྲོང་ཁྱེར་ཆེན་པོ་བདུན་ལ་གཟིགས་སྐོར་བྱས་ཏེ། སླར་ཡང་གནའ་མཁར་གོང་མའི་ཕོ་བྲང་བཤམས་སྟོན་གླིང་དང་། གནམ་བདེ་སྒོ་མོ་ཆེ། མའོ་ཙེ་ཏུང་ཀྲུའུ་ཞིའི་རྗེས་དྲན་ཚོམས་ཁང་ཆེན་མོ། མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་། མི་དམངས་ཚོགས་ཁང་ཆེན་མོ། རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་། ༢༠༠༨ལོའི་པེ་ཅིན་ཨོ་ལིན་ཕེ་ཁི་ལུས་རྩལ་འགྲན་ཚོགས་ཆེན་མོའི་ལུས་རྩལ་སྤྱི་གླིང་དང་།༢༠༡༠ལོའི་ཧྲེང་ཧེའི་འཛམ་གླིང་དངོས་མང་བཤམས་སྟོན་ཚོགས་ཆེན། ཧྲང་ཧེའི་མཚན་མོའི་མཛེས་ལྗོངས། རྒྱ་ནག་ལྕགས་རི་རིང་བོ་དང་། བྱང་གི་མཚོ་ཆུང་སྤྱི་གླིང་། ལུས་རྩལ་ཚོམས་ཆེན་དང་ཆུ་མཛོད་རྒྱ་དཔང་གྲུ་བཞི་མ། སངས་རྒྱས་ཀྱི་ཚེམས་བཞུགས་པའི་མཆོད་རྟེན། དགའ་ལྡན་བྱིན་ཆགས་གླིང་སོགས་ལ་གཟིགས་སྐོར་མཇལ་ཕྱག་བྱས། ཀྲུའུ་ཨེན་ལེ་དང་ཏིན་ཡོན་ཁྲའོ་རྣམ་པ་གཉིས་ཀྱི་དྲན་རྟེན་ཁང་། ཨོ་གླིང་སྐམ་སའི་ཁྱད་ལྡན་སྲང་ལམ་ཆེན་མོ་དང་། ཟས་རིགས་སྲང་ལམ་ཆེན་མོ། རིག་གནས་སྲང་ལམ་ཆེན་མོ། ཁྱད་པར་དུ་ཝུའུ་ཤེས་སུ་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་མུ་འབྲེལ་བརྙན་འཕྲིན་ཟློས་གར་ལེའུ་བརྒྱད་ཅུ་གྱ་བཞི་ཅན་གྱིརྒྱབ་ཁབ་གསུམ་གྱི་གཡུལ་འགྱེདའཁྲབ་ཕབ་བྱེ་ཡུལ་རིག་གནས་ཡུལ་ལྗོངས་གླིང་ཁ་དང་། རྒྱལ་ནང་གི་ཤར་ལྷོ་ནུབ་བྱང་དབུས་ཕྱོགས་སུ་བཞུགས་པའི་ལྷ་ཆེན་ལྔ་རུ་གྲགས་པའི་ཡ་གྱལ། ཤར་ཕྱོགས་བྱིན་ལྡན་གནས་མཆོག་གི་སངས་རྒྱས་བཅོམ་ལྡན་འདས་ཐང་སྐུ་ཆེན་མོ་མཐོ་ཚད་ལ་སྤྱི་ཁྲེ་བརྒྱད་ཅུ་གྱ་བརྒྱད་ཅན། གཡུ་འབྲུག་དགུ་ཡིས་ཞལ་ཁྲུས་ཕུལ་བའི་དགའ་ལྡན་ལྷ་བབས་གསེར་སྐུ་ངོ་མཚར་ཅན་སོགས་ལ་མཇལ་ཕྱག་ཕུལ་བ། གོང་མ་ཆེན་ལུང་གིས་ཐེངས་དྲུག་ལ་ཞབས་ཀྱིས་བཅགས་མྱོང་བའི་སུའུ་ཀྲིག་མུའུ་ཏུའུ་གནའ་མཁར། ནན་ཅིན་ཙུང་ཐུང་ཕོ་བྲང་། འབྲི་ཆུའི་རྒྱང་གཟིགས་ཁང་བརྩེགས། ནན་ཅིན་འབྲི་ཆུའི་ཟམ་ཆེན། མགོན་པོ་འོད་དཔག་མེད་ཀྱིས་ཆོས་འཁོར་བསྐོར་ཏེ་མེ་ཏོག་གི་ཆར་བ་ཕབས་པ་ལས་བྱུང་བར་གྲགས་པའི་གནས་མཆོག་མེ་ཏོག་ཆར་སྟེགས། ཧུང་ཕུའུ་གཙང་བོ་དང་ཞི་ཧུའུ་མཚོ་ཁ་སོགས་ལ་གནས་སྐོར་གང་ལེགས་བྱས་པ་དང་། ༢༠༡༢ལོའི་ཟླ་བཅུ་བར་མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་རྩ་འཛུགས་བྱས་ཏེ། ཕྱིར་སྡོད་བོད་རིགས་སྤུན་ཟླའི་ཁྱིམ་མིའི་གཟིགས་སྐོར་ཚོགས་པར་ཞུགས་ནས། ཧྥུའུ་ཅན་ཞིང་ཆེན་དང་། ཞཱ་མིན། ཅང་ཤིས། ལུའུ་ཧྲན། ནན་ཁྲང་། ཐེ་ཝན་ཅིན་མིན་སོགས་ལ་གཟིགས་སྐོར་དུ་ཕྱིན་པ་མ་ཟད། མ་འོངས་པར་རང་གི་ཚེ་མཇུག་ཏུ་བསྟུད་མར་མི་དམངས་ལ་སྔར་ལས་ལྷག་པའི་སྒོ་ནས་ཞབས་འདེགས་ཞུ་བ་དང་། ཆེད་དུ་རྒྱལ་ཁམས་འགྲིམ་ནས་རྒྱ་གར་འཕགས་པའི་ཡུལ། གནས་མཆོག་ཝ་ར་ན་སི། རྡོ་རྗེ་གདན། ཀླུ་འབུམ་གནས། རྩ་མཆོག་གྲོང་། བྱང་ཆུབ་ཤིང་། ཆུ་བོ་གངྒ་། མཚོ་པདྨ། བྱ་རྒོད་ཕུང་བོའི་རི་བོ། འཇིགས་སུ་རུང་བའི་དུར་ཁྲོད་སོགས་དང་། བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་སོགས་འཛམ་གླིང་གི་གནས་མཆོག་དག་ལ་དངོས་སུ་གནས་མཇལ་དང་ཕྱག་སྐོར་འགྲིམ་པའི་སྨོན་ལམ་དང་འདུན་པའི་ཁེངས་ཏེ། ཐོག་མར་རང་རྒྱལ་གྱི་སན་ཞི་ཞིང་ཆེན་རྒྱ་ནག་རི་བོ་རྩེ་ལྔ་དང་། ཨན་ཧོས་ཞིང་ཆེན་དཔལ་རི་རྩེ་དགུ། ཀྲེ་ཅཱང་ཞིང་ཆེན་རི་བོ་གྲུ་འཛིན་ནམ་ནན་ཧེ་པོ་ཏ་ལ། སི་ཁྲོན་ཞིང་ཆེན་གླང་ཆེན་འགྱིངས་རི་སོགས་ལ་ཐེངས་གཅིག་རང་བཞིན་གྱིས་རྒྱ་ནག་གི་གནས་མཆོག་བཞི་རུ་གྲགས་པའི་བ་དན་དཀར་པོ་ཕྱོགས་བཅུའི་མཁའ་རུ་ཁྱབ་ཅིང་། རང་རེའི་རྒྱལ་ཁབ་ཀྱི་ནང་བསྟན་གནས་མཆོག་གྲགས་ཅན་བཞི་ཡང་ཡིན་པས། གནས་མཆོག་འདི་དག་ལ་བདག་སོགས་དད་ལྡན་གནས་མཇལ་བ་རྣམ་པས་གནས་མཇལ་ཡག་པོ་ཡོང་པའི་ལྷག་བསམ་རྣམ་པ་དཀར་པོས་མདུན་བསུས་ཏེ། ཕྱིས་སུ་བོད་རབ་བྱུང་བཅུ་བདུན་པའི་མེ་མོ་བྱ༢༠༡༧ལོའི་ཧོར་ཟླ་དགུ་བའི་ཉེར་གཉིས་ཏེ་སངས་རྒྱས་ལྷ་བབས་དུས་ཆེན་གྱི་སྐབས་དང་བསྟུན་ནས་རྒྱལ་ནང་གི་གནས་མཆོག་བཞི་ལ་གནས་སྐོར་འགྲིམ་པའི་སྟ་གོན་བྱས་ཏེ། མཚོསྔོན་མདོ་དབུས་རྒྱལ་སྤྱིའི་གནས་སྐོར་ལས་ཁུངས་ཀྱིས་ཕྱག་ཟུང་དྲོན་མོས་མཐུན་རྐྱེན་ལེགས་པོ་སྒྲུབ་པ་ལྟར་བོད་ལྗོངས་ལྷ་ས་དང་། ཡུལ་ཤུལ། རེབ་གོང་། རྩེ་ཁོག མཚོ་ནུབ། མཚོ་ལྷོ། དཔའ་རིས་སོགས་བོད་ཁུལ་ནས་འདུ་འཛོམས་བྱུང་བའི་གནས་མཇལ་བ་བཅུ་ཕྲག་དུ་མ་དང་ལྷན་ཅིག་ཏུ་གནའ་མཁར་ཟི་ལིང་མེ་འཁོར་ས་ཚིགས་ནས་ལམ་དུ་ཆས་ནས། ཧ་ལམ་ཟླ་ཕྱེད་རིང་ལ་ཀན་སུའུ་ཞིང་ཆེན་དང་། ཧུ་ནན་ཞིང་ཆེན། ཧྲན་ཞི་ཞིང་ཆེན། སན་ཞི་ཞིང་ཆེན། སན་ཏུང་ཞིང་ཆེན། ཨན་ཧོས་ཞིང་ཆེན། ཅཱང་སུའུ་ཞིང་ཆེན། ཀྲེ་ཅཱང་ཞིང་ཆེན། སི་ཁྲོན་ཞིང་ཆེན། ནན་ཅིན་གྲོང་ཁྱེར། ཧྲང་ཧེ་གྲོང་ཁྱེར། ལན་གྲུ་གྲོང་ཁྱེར། ཐེ་ཡོན་གྲོང་ཁྱེར། ཧཱང་ཀྲིག་གྲོང་ཁྱེར། ཉིན་པའོ་གྲོང་ཁྱེར། ཁྲིན་ཏུ་གྲོང་ཁྱེར་སོགས་ཀྱི་རི་ཆུ་ཁྲི་སྟོང་མང་པོ་བརྒྱུད་པ་དང་ནན་ཧེ་རྒྱ་མཚོ་ཆེན་པོ་ལས་བརྒལ་ཞིང་དཀའ་བ་འབུམ་ཕྲག་སྤྱད་ནས་རྒྱལ་ནང་གི་ནང་བསྟན་གནས་མཆོག་བཞི་ལ་གནས་མཇལ་བྱས་ནས་ཡོངས་སུ་ལེགས་གྲུབ་བྱུང་པས། བདག་སོགས་འཁོར་བཅས་ཚེ་རབས་ཐམས་ཅད་དུ།། དགེ་བའི་ལེགས་ཚོགས་མ་ལུས་ཅི་བསགས་པ།། བསོད་ནམས་ཞིང་མཆོག་ཁྱེད་ལ་མཆོད་པ་འབུལ།། ཞེས་ཡིད་ངག་ལུས་གསུམ་གྱི་ངང་ནས་སྨོན་ལམ་བཏབ་པ་དང་ཐམས་ཅད་བཀྲ་ཤིས་དགེ་མཚན་འབུམ་ཕྲག་ལྡན་གྱུར་ནས་ཕུན་ཚོགས་དཔལ་ལ་རོལ་བའི་བཀྲ་ཤིས་ཀྱི་དར་དཀར་རིང་མོས་མདུན་བསུས་ཏེ་བཞུགས་སོ།།

     བོད་རབ་བྱུང་བཅུ་དྲུག་པའི་ཤིང་མོ་གླང༡༩༨༥ལོའི་ཟླ་བ་བཅུ་བར་རང་ལོ་སོ་བཞིའི་སྟེང་དུ་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་ཚོགས་འདུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་དང་ལོ་ཙཱ་བའི་ལས་འགན་གཅིག་ལྕོགས་སུ་ཁུར་ནས། མུ་མཐུད་དུ་ཏང་གི་མི་རིགས་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བ་ལག་ལེན་མཐར་ཕྱིན་བྱས་ཤིང་། བྱ་བའི་བྱང་ཆ་དང་ལོ་ཙཱ་བའི་ཆུ་ཚད་སོགས་ལ་མཐོར་འདེགས་གང་ལེགས་བྱུང་བ་རེད། ༡༩༨༦ལོའི་ཟླ་བ་བརྒྱད་པར་ཀྲུང་གོའི་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གཙོ་གཉེར་མཛད་པའི་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་རིགས་པའི་གཞུང་ལུགས་ལས་བྱེད་པའི་སྦྱོང་རྡར་འཛིན་གྲྭ་ཐེངས་གསུམ་པར་ཞུགས་ནས། ཏང་གི་འཐབ་ཕྱོགས་གཅིག་གྱུར་སྲིད་ཇུས་དང་། རིག་པའི་གཞུང་ལུགས། བྱ་བའི་ཆུ་ཚད་སོགས་ལ་མཐོར་འདེགས་ངེས་ཅན་བྱུང་བ་རེད།།

     བོད་རབ་བྱུང་བཅུ་དྲུག་པའི་མེ་ཕོ་སྟག༡༩༨༦ལོའི་ཟླ་བ་བརྒྱད་པར་རང་ལོ་སོ་ལྔ་ནས་བཟུང་སྟེ། ཀྲུང་གོའི་གུང་ཁྲན་ཏང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གིས་བཀའ་མངགས་བྱས་པ་ལྟར། སྔོན་གཞུག་ཏུ་འབའ་རྫོང་ཞོལ་མ་ཞང་མི་དམངས་སྲིད་གཞུང་གི་ཤང་ཀྲང་གཞོན་པ་དང་། ཤང་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི། རྫོང་ཞིང་ཕྱུགས་ཡུལ་མཚམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སོགས་ཀྱི་འགན་ཁུར་ཕྲེག་ཏུ་ཁུར་ནས། ཞིང་ཕྱུགས་ལས་ཐོན་སྐྱེད་དང་ས་གནས་ཁག་གི་དཔལ་འབྱོར་བྱ་བ་སོགས་ཚན་རིག་དང་མཐུན་པའི་བྱ་བ་འབོར་ཆེན་ལས། ༡༩༨༨ལོའི་ཟླ་བ་བཞི་བར་སླར་ཡང་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་ནང་ལ་བྱ་བའི་ལས་གནས་སྤོས་ཏེ། དྲུང་ཡིག་ཁའོ་ཡི་ཁའོ་ཀྲང་དང་། ཁུལ་སྲིད་གྲོས་ལས་ཁུངས་བཟོ་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སོགས་ལས་འགན་ཕྲེག་ཏུ་ཁུར་ནས། སྔར་བཞིན་དྲུང་ཡིག་དང་ལོ་ཙཱ་བའི་བྱ་བ་ལས་ཤིང་། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རིག་གནས་ལོ་རྒྱུས་དཔྱད་གཞི་ཨུ་ཡོན་ལྷན་ཁང་གིས་གདན་དྲངས་པ་ལྟར་རིག་གནས་ལོ་རྒྱུས་འབྲི་རྩོམ་གྱི་བྱ་བ་ལེགས་པར་བསྒྲུབས་དགོས་པར་གྱུར་ཏོ།།

     དེ་ཡང་བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་སྟག ༡༩༩༨ལོའི་ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན་ལ་རང་ལོ་ཞེ་བདུན་ཙམ་གྱི་ཐོག་ཏུ། རང་གིས་བློ་ཐག་རྦད་ཆོད་ཀྱིས་གོང་རིམ་ལ་རེ་འདོད་ཡང་ནས་ཡང་དུ་ཞུས་པ་ལྟར། ཀྲུང་གོའི་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་རྩ་འཛུགས་པུའུ་ཡིས་ཆོག་མཆན་གནང་བ་བཞིན་ལས་འཁྱུར་ངལ་གསོ་བྱས་ཏེ། རྒྱལ་ཁབ་ཀྱི་སྲིད་ཕྱོགས་སྟེགས་བུའི་ལས་དོན་དོར་ནས། རང་གི་བསམ་དོན་བཞིན་དུ་བདག་གཞན་དོན་གཉིས་འཕྲིན་ལས་ཡོངས་སུ་བསྒྲུབས་པའི་མགོ་བརྩམས་ཏེ། ཐོག་མར་བོད་མི་རིགས་རང་གི་གཟི་བརྗིད་འོད་སྟོང་འབར་བའི་རིག་གནས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་མདུན་བསུས་ཏེ། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་གདན་དྲངས་པ་ལྟར། མུ་མཐུད་དུ་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་དང་། བོད་དར་རྒྱས་རོགས་སྐྱོར་ཐེབ་རྩ་ལྷན་ཚོགས་མཚོ་སྔོན་དོན་གཅོད་ཁང་འབྲེལ་གཏུག་པུའུ་ཡི་ཀྲུའུ་རིན་གཞོན་པ། མཚོ་སྔོན་བོད་རིགས་ཞིབ་འཇུགརྩོམ་སྒྲིག་པུའུ་ཡི་སྤྱི་ཁྱབ་རྩོམ་སྒྲིག་པའི་ཕྱག་འགན་གཅིག་ལྕོགས་བྱས་ཏེ། བོད་མི་རིགས་རང་གི་ཁྱད་ཆོས་དང་དོན་སྙིང་ལྡན་ཞིང་ཕན་འབྲས་མི་དམན་པའི་བྱ་བ་ཡག་པོ་ཁ་ཤས་སྒྲུབ་ཐུབ་པའི་གོ་སྐབས་བཟང་པོ་དག་ལ་འཕྲད་ཅིང་། བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་བྱི་བ༢༠༠༨ལོ་ནས་བཟུང་སྟེ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁེ་ལས་སྡེ་ཁག་མི་ཉུང་བ་ཞིག་གིས་བཅའ་ཁྲིམས་ཇུས་འདོན་དཔོན་ལ་བཀུར་ཏེ། འགན་འཁྲི་གཅིག་ལྕོགས་ཀྱིས་བྱ་བ་བསྒྲུབས་དགོས་པར་བྱུང་བ་མ་ཟད་གྲུབ་འབྲས་ཀྱང་མངོན་གསལ་བླངས། ཁྱད་པར་དུ་སྤྱི་ཚོགས་ཚན་རིག་སོགས་ལ་ཞིབ་འཇུག་དང་། བོད་རྒྱུད་ནང་བསྟན་ཆོས་ལུགས་རིག་པ། བཅའ་ཁྲིམས་རིག་པ། གསོ་བ་རིག་པ། བོད་ལུགས་གསོ་རིག ནུབ་ལུགས་གསོ་རིག ཀྲུང་ལུགས་གསོ་རིག སྐད་གཉིས་སྨྲ་བའི་ལོ་ཙཱ། རིག་གནས་ལོ་རྒྱུས་རྩོམ་སྒྲིག བརྙན་པར་ཞིབ་འཇུག གློག་གླད་རྩིས་འཁོར་འཕྲུལ་ཆས་ལག་རྩལ་སོགས་ལ་འབད་འབུངས་ལྷོད་མེད་ཀྱིས་ལག་ལེན་གང་ལེགས་བྱས་ཏེ། རིག་པའི་དཔའ་བོ་འམ་མཁས་པའི་དབང་པོ་ཞེས་པའི་མཚན་སྙན་བླངས་མ་མྱོང་ཀྱང་ཐམས་ཅད་ལྷན་སྐྱེས་ཀྱི་ཤེས་རབ་དང་། ལག་ལེན་གྱི་རྩལ་ལས་ཐོན་པའི་གྲུབ་འབྲས་མངོན་སུམ་བླངས་པ་དང་ལེན་བཞིན་མཆིས་ཤིང་། ཁྱད་པར་དུ་མཚོ་སྔོན་པོའི་གཡས་རུ་གཡོན་རུ། རྨ་ལུ་མའི་ཕ་རི་ཚུར་རུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་གསེར་ཆེན་རྫོང་དང་། མང་རྫོང་། འབའ་རྫོང་། བྲག་དཀར་རྫོང། ཁྲི་ཀ་རྫོང་། ཡང་ན་མགོ་ལོག་དང་། རྨ་ལྷོ། མཚོ་བྱང་། མཚོ་ནུབ། མཚོ་ཤར། ཟི་ལིང་གྲོང་ཁྱེར། གོར་མོ་གྲོང་ཁྱེར། བོད་ལྗོངས་ལྷ་ས་གྲོང་ཁྱེར། རྒྱ་ནག་ནན་ཅིན་གྲོང་ཁྱེར་སོགས་ནས་གདན་དྲངས་པ་ལྟར། དམངས་ཁྲོད་ཀྱི་ཉེས་དོན་གྱོད་གཞི། དམངས་དོན་གྱོད་གཞི། སྲིད་འཛིན་གྱོད་གཞི། རྩྭ་སའི་རྩོད་གླེང་དང་། སྡེ་བའི་སྡེ་གྱོད། བཟའ་བའི་ནང་གྱོད་སོགས་གྲངས་ལས་འདས་པ་དང་ལེན་སྒྲུབ་གཉེར་བྱས་པས། མང་ཚོགས་ཁྲི་འབུམ་མང་པོས་དགའ་བསུ་ཐོབ་པ་དང་། རིམ་པ་ཁག་གི་སྲིད་ཕྱོགས་ནས་ཀྱང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་ཞིང་།། བཀྲ་ཤིས་དཔའ་དར་རིང་མོ་རེ་རེ་བཞིན་ཁ་བ་དཀར་པོའི་མེ་ཏོག་གི་འདབ་མ་དོག་མོ་ས་ལ་ལྷབ་ལྷུབ་ཏུ་འབབ་བཞིན། ཁ་བཏགས་དཀར་པོ་ཁ་་འབབ་འབབ།། ཁ་ལུས་རླུང་རྟ་མེ་ལྕེ་འབར་འབར།།  ཞེས་རྒྱ་བོད་སོག་གསུམ་སོགས་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་སྐྱིད་སྡུག་དེ་རང་གི་བདེ་སྡུག་ཏུ་སེམས་ཤིང་གདུད་བྱའི་ཞིང་ཁམས་ཁོ་ན་རུ་སེམས་ནས། གླང་ཆེན་སྨྱོན་པ་མཐོང་ན་ལམ་མི་གཞོལ།། གཤིན་རྗེ་ཆོས་རྒྱལ་མཐོང་ན་ཞྭ་མི་འཕུད།། ཞེས་པའི་དཔེ་ལྟར། ཚུར་ཡོང་ན་མིག་དམར་ནས་གློག་དམར་མཆེད་ཅིང་།། ཕར་སོང་ན་རླུང་ནག་གི་འཚུབ་མ་འཁོར་བ།། དཔོན་ངན་རུལ་སུངས་དག་གིས་མཐོང་ན་སྙིང་རྩ་འདར་བ།། བཙན་པོ་གདུག་རྩུབ་ཅན་གྱིས་རིག་ན་སྙིང་ཁུངས་གཟེར་བ།། འབངས་མི་ཉམ་ཆུང་རྣམས་ཀྱིས་མཐོང་ན་ཡིད་སྨོན་འཆོར་བ།། ཞེས་དུས་དང་ནམ་ཡང་འབངས་མི་སེར་རྣམས་ཀྱི་གྲས་སུ་ལངས་ཏེ། ལས་དཀར་ནག་གི་དབྱེ་བ་འབྱེད་ཅིང་བདེན་རྫུན་གཉིས་ཀྱི་བདར་ཤ་བཅད་ནས། བཙན་པོ་གཉའ་ནས་ཟིལ་གྱིས་མནན་ཞིང་། གཉོམ་ཆུང་ཟེ་ཁའི་ཡར་འཐེན་བྱས་ནས། སྲིད་ཕྱོགས་སྟེགས་བུའི་སྟེང་དུ་ལས་དོན་གཞོལ་པའི་སྐབས་སུ་ཡིན་ནའང་འདྲ། སྲིད་ཕྱོགས་སྟེགས་བུ་དོར་ནས་ལས་འཁྱུར་ངལ་གསོ་བྱས་པའི་རྗེས་སུ་ཡིན་ནའང་འདྲ། གང་ལྟར་རང་གི་སེམས་པའི་རྒྱུད་ན་དཔོན་སའི་མཐོ་དམན་དང་། མཚན་སྙན་ཐོབ་ཐང་གི་ཆ་ནས་རག་ལས་ཆེན་པོ་མ་མཆིས་པར་ཆེའི་རྩ་བར་གྱུར་ནི་རང་གིས་ཏང་ལ་བློ་སེམས་དཀར་བ་དང་། མེས་རྒྱལ་ལ་བློ་སེམས་དཀར་བ། མི་དམངས་མང་ཚོགས་ལ་ཤ་ཞེན་ཆེ་བའི་ལྷག་བསམ་རྣམ་དག་གིས་བློ་གཅིག་སེམས་གཅིག་དང་། ཁ་ཞེ་གཉིས་མེད། རྒྱུ་འབྲས་གཞུང་དྲང་། ལྷད་མེད་ཀུན་མཐུན་བྱས་ཏེ་སེམས་ཅན་ཐམས་ཅད་ལ་སྲི་ཞུ་ཡག་པོ་སྒྲུབ་ཐུབ་མིན་གྱི་གནད་འགག་ལ་ཐུག་ཡོད་པས། གོང་རིམ་དཔོན་ཕྱོགས་ལ་ངོ་གཡོག་ངོ་དགའ་མི་བྱེད་པར། ཐུགས་དང་འགལ་བ་བྱུང་ནས་མི་རང་ཉིད་ལ་ཉེན་ཁར་ཐུག་སྲིད་ནའང་། ཏང་དང་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་སྟེ། ས་གནས་རིམ་པ་ཁག་གི་འབྲེལ་ཡོད་ལས་ཁུངས་དང་། ཡང་ན་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམ་པ། ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་འམ་རྒྱལ་ཁབ་ཀྱི་ཙུང་ལི་སོགས་ཏང་དང་རྒྱལ་ཁབ་ཀྱི་གཙོ་འཛིན་རྣམ་པའི་དྲུང་དུ་ཡིན་རུང་ལས་དཀར་ནག་གི་དབྱེ་བ་བཀར་ནས་སྙན་ས་ཞུ་ཕོད་པ་དང་། ཐད་ཀར་ཡིག་ཐོག་སྙན་ཞུ་ཕུལ་ནས་དོན་དངོས་རེ་རེ་བཞིན་རྒྱུ་འབྲས་ལྡན་ཞིང་དྲང་བདེན་གྱིས་ཐག་གཅོད་བྱེད་དུ་བཅུག་པས། རང་རེའི་ཏང་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་ལམ་ཇེ་དམ་དུ་བཏང་ཞིང་། མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། དཔལ་འབྱོར་འཛུགས་སྐྲུན། སྤྱི་ཚོགས་གཏན་འཇགས། ས་གནས་འཆམ་མཐུན། དཔལ་ཡོན་སྤྱོད་བཟང་འཛུགས་སྐྲུན་བྱེད་པ་སོགས་ལ་དགེ་མཚན་འབུམ་ཕྲག་ལྡན་ཞིང་འགྲོ་དོན་གྱི་གདུལ་བྱ་རྒྱ་ཆེན་པོ་འཕེལ་ཏེ། རབ་བྱུང་གཅིག་གི་རིང་ལ་རང་ཉིད་ཀྱི་མི་ཚེའི་རིན་ཐང་མཚོན་པའི་ལམ་བུ་ཕྲ་མོ་ཉག་གཅིག་དེད་ནས། ཐོག་མཐའ་བར་གསུམ་ཀུན་ཏུ་གཡུ་འབྲུག་སྟོང་གིས་ངར་སྐད་ལྡིར་ཞིང་མཚན་སྙན་གྲགས་པའི་བ་དན་དཀར་པོ་ཨ་སྔོན་དབྱིངས་སུ་གཡོ་བ་དང་། བསིལ་ལྗོངས་ཁ་བ་ཅན་གྱི་ཡུལ་དུ་གཟི་མདངས་འཚེར་པའི་འཁོར་སྐར་འོད་ཅན་ཞིག་རེད་ཅེས་རིགས་སོ་སོའི་མི་སེར་དཀྱུས་མ་ཁྲི་འབུམ་མང་པོས་བསྔགས་སྨོན་བྱེད་པའི་གཞི་རུ་གྱུར་ནས། སྤྲུལ་བའི་བྱང་ཆུབ་སེམས་དཔའ་དང་རྒྱལ་སྲས་ཀྱི་ཀུན་སློང་ཟབ་མོས་འགྲོ་བ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་གཟིགས་ཤིང་བྱམས་སེམས་དྲིན་གྱིས་བསྐྱངས་པས། གསེར་ཁྲིར་མངའ་གསོལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐལ་བ་དང་གོ་སྐབས་མ་ལྡན་ཀྱང་། བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ་པའི་འཕྲིན་ལས་རབ་ཏུ་རྒྱས་ཤིང་རྒྱས་བཞིན་པ་དང་། གཟི་བརྗིད་འོད་སྟོང་འབར་བའི་ཞབས་རྗེས་རི་མོ་རེ་རེ་བཞིན་བསྐྲུན་ནས། ངོ་མཚར་ལྷ་མིའི་ལོངས་སྤྱོད་དང་གཉིས་སུ་མ་མཆིས་པར་ཐུགས་དགོངས་ཆེན་པོ་ནམ་མཁའ་ཡང་བ་ལྟ་བུ་ལ་མ་འོངས་པའི་འདུན་ལམ་རིང་མོས་ཁེངས་ཤིང་། ཕ་ཡུལ་འབྱོར་ཕྱུག་དང་། དཔལ་ཡོན། འཆམ་མཐུན་ལྡན་པའི་བསྐལ་བ་ཡག་པོ་རྫོགས་ལྡན་གྱི་དཔལ་ལ་རོལ་བའི་འཇིག་རྟེན་འཚོ་བར་རྟག་ཏུ་གནས་པའི་སྐབས་སོ།། 

            བཀྲ་ཤིས་བདེ་སྟོང་རྣམ་རྒྱལ་ཕོ་བྲང་ནས།།

            འགྲོ་བ་སེམས་ཅན་ཐམས་ཅད་དགེ་རྩ་རུ།།

            རྒྱལ་བའི་སྐུ་གསུང་ཐུགས་རྟེན་ལེགས་པར་བཞེངས།།

            རྒྱལ་ཁམས་བདེ་སྐྱིད་འཛོམས་པའི་དཔལ་དུ་ཤར།།

     ཞེས་པ་ཡང་དགེ་བའི་ལེགས་ཚོགས་སྐྲུན་པའི་ཐོག་མ་ནས་ད་ལྟའི་བར་དུ་། རང་གི་མི་ཚེ་འདིར༼རྨད་བྱུང་བཀྲ་ཤིས་བདེ་སྟོང་རྣམ་པར་རྒྱལ་བའི་ཕོ་བྲང་གི་སྐུ་གསུང་ཐུགས་རྟེན་ཀྱི་དཀར་ཆག་མདོར་བསྡུས་མུ་ཏིག་ནོར་བུའི་དོ་ཤད༽ཞེས་བྱ་བ་ལྟར་ས་བཅད་མ་སྟོང་པའི་ཚུལ་དུ་ཅུང་ཙམ་སྨྲས་ན། གནས་རང་སྣང་ལྷུན་གྲུབ་གཞལ་ཡས་གཙུག་ལག་ཁང་།། བཀྲ་ཤིས་བདེ་སྟོང་རྣམ་པར་རྒྱལ་བའི་གླིང་།། བླ་མེད་ཆོས་དབྱངས་མཆོད་པའི་གནས་མཆོག་ཏུ།། གསང་གསུམ་ཆོས་ཀྱི་བདུད་རྩིའི་ཆར་བ་འབབས།། རིགས་དྲུག་མར་གྱུར་སེམས་ཅན་ཐམས་ཅད་དང་།། མགོན་མེད་ཉམས་ཐག་འགྲོ་ཀུན་མ་ལུས་པར།། སྐུ་གསུམ་དབྱེར་མེད་བདེ་ཆེན་ཆོས་དབྱངས་སུ།། བསོད་ནམས་སྟོབས་ཀྱིས་ཞིང་མཆོག་མངོན་པར་བསྐྲུན། གནམ་ཡོལ་སྟོང་ཤོང་ཆེན་མོའི་མཁའ་དབྱིངས་སུ།། འཇའ་ཟེར་འོད་ཕུང་འཁྲུགས་པའི་ཀློང་ཡངས་ནས།། ལེགས་འཁྲུངས་རྒྱུད་སྡེ་བཞི་ཡི་དཀྱིལ་འཁོར་སོགས།། མྱོང་གྲོལ་བདུད་རྩིའི་མཆོད་པ་བསམ་མི་ཁྱབ།། རང་བྱུང་མཆོད་རྫས་ཀརྨའི་ཕྱག་སོར་བཞིན། གདུགས་དང་རྒྱལ་མཚན་ཅོད་པཎ་དག་གིས་རྒྱན།། འོད་སྟོང་རབ་ཏུ་འབར་བའི་མེ་ལོང་སོགས།། ཡིད་འཕྲོག་སྲིད་ཞིའི་མཆོད་ཚོགས་ལྷུན་གྱིས་གྲུབ།། རབ་མཛེས་ལྷུན་གྲུབ་ཀུན་དགའ་ར་བའི་དབུས།། ལྷག་པའི་ལྷ་ཚོགས་བཀའ་སྡོད་དང་བཅས་བ།། རྒྱལ་བའི་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས།། མཆོག་གསུམ་བྱིན་རླབས་དངོས་གྲུབ་ཨེ་མ་ཧོ།། མཁའ་མཉམ་འགྲོ་ལ་ཕན་ཕྱིར་རྒྱལ་སྲས་ཀུན་སློང་གིས།། སྐྱ་མིན་སེར་མིན་འཇིག་རྟེན་མི་ལུས་དཀྱུས་མ་བླངས།། རབ་དཀར་ཆོས་ལ་ཕྱོགས་པ་ཚེ་རབས་སྔོན་མའི་ལས།། ཁྱིམ་པ་ཕལ་བའི་ཚུལ་བཟུང་དགེ་བའི་ལེགས་ཚོགས་བསྐྲུན།། མཆོག་གསུམ་ཐུགས་རྗེ་རྣམ་དཀར་བསོད་ནམས་བསགས་པའི་མཐུས།། དོན་གཉིས་ལྷུན་གྲུབ་ཁམས་གསུམ་བདེ་ཆེན་དཔལ་ལ་རོལ།། ཕྱོགས་བཅུའི་ལྷ་ཚོགས་རྒྱལ་བ་སྲས་དང་འཁོར་བཅས་རྣམས།། རབ་དཀར་ཆུ་འཛིན་གཡོ་བཞིན་གཏན་ཏུ་བཞུགས་པ་ཡིས།། ཐུགས་རྗེ་བྱིན་རླབས་མཆོག་ཐུན་དངོས་གྲུབ་སྩོལ་པ་དང་།། འགྲོ་བ་སེམས་ཅན་སངས་རྒྱས་གོ་འཕང་ཐོབ་པར་ཤོག། མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག། ཡན་ལག་དྲུག་ཅུ་གསུང་གི་བཀྲ་ཤིས་ཤོག། མཐའ་བྲལ་དྲི་མེད་ཐུགས་ཀྱི་བཀྲ་ཤིས་ཤོག། རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག། ཞེས་རང་ཉམས་དག་པ་གང་ཤར་གྱི་བསྟོད་བསྔགས་པད་མ་དཀར་པོས་རྣམ་པར་རྒྱན་པའི་སྐུ་གསུང་ཐུགས་རྟེན་དང་། མཆོད་བཤམས་མཆོད་བཀུར་ཀྱི་ཕྱག་ལེན་ལོངས་སྤྱོད་སྣ་ཚོགས་དང་། དཀར་པོ་ཆོས་ཀྱི་བདུད་རྩིས་ཚིམ་པར་བཛད་ཅིང་། རང་གི་སེམས་པའི་རྒྱུད་ལ་དམ་པའི་ཆོས་ཀྱི་སྒོ་མོ་ཡུན་གྱིས་ཕྱེས་ཤིང་དྲང་བདེན་དང་རྒྱུ་འབྲས་ཞེས་པའི་དགེ་བའི་སོན་བཟང་ཞོར་དུ་འཁྲུངས་པས། དམ་པའི་ཆོས་ཀྱིས་ལམ་སྣ་དྲངས་ཏེམི་ཚེའི་ལམ་བུ་ཕྲ་མོར་བསྙེགས་པ་་དང་བཅས་སོ།། 

           མཚན་ལྡན་སྙན་ངག་མཁན་པོ་མ་ཡིན་ཀྱང་།།

            རྒྱ་བོད་ལྗགས་རྩོམ་རིག་པའི་གཞུང་ལ་སྦྱངས།།

            ལོ་རྒྱུས་སྙན་རྩོམ་རྣམ་ཐར་སྣ་ཚོགས་བརྩམས།།

            མ་ཡུམ་གངས་ལྗོངས་ཡུལ་ལ་ལེགས་སྐྱེས་ཕུལ།།

    ལོ་ངོ་སུམ་བཅུ་ལྷག་གི་རིང་ལ་རང་རེའི་རྒྱལ་ཁབ་ཆེན་པོའི་སྲིད་ཕྱོགས་ལས་དོན་གཞོལ་བའི་ཞོར་དུརོང་བོ་ལྷ་རྒྱལ་དཔལ་གྱིས་མཛད་པའི་ལྗགས་རྩོམ་ཁག་གི་དཀར་ཆགཅེས་པ་བཞིན་ལྗགས་རྩོམ་དེབ་ཐེར་དང་། མི་རིགས་ཆོས་ལུགས། དམངས་སྲོལ་རིག་གནས། ལོ་རྒྱུས་དཔྱད་ཡིག་སོགས་དུམ་པ་སུམ་ཅུ་རྩ་གྲངས་བརྩམས་ནས་པར་དུ་བསྐྲུན་ཞིང་། གངས་ལྗོངས་ཡུལ་གྱི་དུས་དེབ་སྣ་ཚོགས་ཏེ། ༼ཀྲུང་གོའི་མི་རིགས་ཆོས་ལུགས་དྲ་བ༽ཞེས་བྱ་བ་དང་། བོད་ལྗོངས་ཞིབ་འཇུག༽ཞེས་བྱ་བ་དང་། རི་བོ་ཉི་ཟླ༽ཞེས་བྱ་བ། ཁྲི་གཤོག་རྒྱལ་མོ༽ཞེས་བྱ་བ་སོགས་ཀྱི་སྟེང་དུ་བཀོལ་མྱོང་བ་མ་ཟད། ༼ཀྲུང་གོའི་མི་རིགས་ཆོས་ལུགས༽ཞེས་བྱ་བ་དང་༼བོད་མིའི་རིག་གནས་དྲ་བ༽སོགས་དུས་དེབ་སྟེང་དུ་རྩོམ་ཡིག་བཞི་སྟོང་ལྷག་ཙམ་བཀོལ་ནས་ཡོངས་རྫོགས་མེས་རྒྱལ་གྱི་རིག་གནས་བང་མཛོད་ཆེན་པོར་ལེགས་སྐྱེས་སུ་ཕུལ་ཏེ། འབྲེལ་ཡོད་སྡེ་ཁག་གིས་ཀྱང་གཟེངས་བསྟོད་དཔང་རྟགས་གང་མང་གནང་ཡོད་པ་སོགས་ཚིག་ཚོགས་ལ་འཛེམས་ནས་བསྡུས་པར་བྱས་པ་ལེགས་སོ། ཞིབ་ཏུ་འདོད་ན༼རོང་བོ་ལྷ་རྒྱལ་དཔལ་གྱིས་བརྩམས་པའི་ལྗགས་རྩོམ་སྐོར་ཞིག་གི་དཀར་ཆག༽ལ་གཟིགས་པར་འཚལ་ལོ།།

          རྒྱལ་ཁྲིམས་སྲིད་སྐྱོང་རིག་པའི་དོ་ར་ནས།།

            བཅའ་ཁྲིམས་ལས་རིགས་ཁག་གི་མཁན་པོར་མཛད།།

            འབྲོག་མིའི་རྩྭ་ཐང་སྟེང་གི་ཁྲིམས་མཁན་ཞེས།།

            མཚན་སྙན་གྲགས་པའི་བ་དན་མཁའ་རུ་བསྒྲེངས།།

      བོད་ར་བྱུང་བཅུ་དྲུག་པའི་ཆུ་ཕོ་ཁྱི༡༩༨༢ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་བྲག་དཀར་རྫོང་བཅའ་ཁྲིམས་ཇུས་འདྲི་ཁྲུའུ་ནས་སྲིད་ཕྱོགས་ཁྲིམས་ལུགས་ཀྱི་བྱ་བ་ལས་མགོ་བརྩམས་ཏེ། འབྲོག་པའི་རྩྭ་ཐང་སྟེང་གི་བོད་རིགས་ཁྲིམས་རྩོད་པ་ཐོག་མའི་མཚན་སྙན་བླངས་ཤིང་། ད་ལྟའི་བར་དུ་ཧ་ལམ་ལོ་ངོ་བཞི་བཅུའི་རིང་ལ་ལས་གནས་ཅི་ཙམ་སྤོར་ཞིང་ལས་འཁྱུར་ངལ་གསོ་བྱས་པའི་རྗེས་སུ་ནམ་ཡིན་རུང་སྲིད་ཁྲིམས་ཀྱི་བྱ་བར་ལྷོད་གཡེང་མེད་པར་རྒྱུན་འཁྱོངས་བྱས་ཤིང་། ཐམས་ཅད་ལྷན་སྐྱེས་ཀྱི་ཤེས་རབ་དང་། ལག་ལེན་གྱི་རྩལ་ལས་ཐོན་པའི་གྲུབ་འབྲས་མངོན་སུམ་བླངས་པ་དང་ལེན་བཞིན་བཆིས་ཤིང་། ཁྱད་པར་དུ་མཚོ་སྔོན་པོའི་གཡས་རུ་གཡོན་རུ། རྨ་ལུ་མའི་ཕར་རི་ཚུར་རི། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁུངས་སུ་གསེར་ཆེན་རྫོང་དང་། མང་རྫོང་། འབའ་རྫོང་། ཧང་རྫོང། ཁྲི་ཀ་རྫོང་། ཡང་ན་མགོ་ལོག རྨ་ལྷོ། མཚོ་བྱང་། མཚོ་ནུབ། མཚོ་ཤར། ཟི་ལིང་གྲོང་ཁྱེར། གོར་མོ་གྲོང་ཁྱེར། བོད་ལྗོངས་ལྷ་ས་གྲོང་ཁྱེར་སོགས་ནས་གདན་དྲངས་པ་ལྟར། དམངས་ཁྲོད་ཀྱི་ཉེས་དོན་གྱོད་གཞི། དམངས་དོན་གྱོད་གཞི། སྲིད་དོན་གྱོད་གཞི། རྩྭ་སའི་རྩོད་གླེང་དང་། སྡེ་བའི་སྡེ་གྱོད། བཟའ་བའི་ནང་གྱོད་སོགས་གྲངས་ལས་འདས་པ་དང་ལེན་བྱས་ཤིང་སྒྲུབ་གཉེར་བྱས་པས། མང་ཚོགས་ཁྲི་འབུམ་མང་པོས་དགའ་བསུ་ཐོབ་པ་དང་། རིམ་པ་ཁག་གི་སྲིད་ཕྱོགས་ནས་ཀྱང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་ཞིང་། བཀྲ་ཤིས་དར་དཀར་རིང་མོ་རེ་རེ་བཞིན་ཁ་བ་དཀར་པོའི་མེ་ཏོག་གི་འདབ་མ་དོག་མོ་ས་ལ་ལྷབ་ལྷུབ་འབབ་བཞིན་མཆིས་སོ།།

      རྒྱ་བོད་སོག་གསུམ་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་སྐྱིད་སྡུག་དེ་ཁོ་བོ་རང་གི་བདེ་སྡུག་དུ་སེམས་ནས། གླང་ཆེན་སྨྱོན་པ་མཐོང་ན་ལམ་མི་བཞོལ་ཞིང་། གཤིན་རྗེ་ཆོས་རྒྱལ་མཐོང་ན་ཞྭ་མི་འཕུད་པའི་དཔེ་ལྟར། ཚུར་ཡོང་ན་མིག་དམར་ནས་གློག་དམར་གྱི་མེ་ལྕེ་མཆེད་ཅིང་། ཕར་སོང་ན་རྗེས་ཤུལ་ནས་རླུང་ནག་གི་འཚུབ་མ་འཁོར་བ། ཧ་ལམ་རབ་བྱུང་གཅིག་གི་རིང་ལ་མི་དམངས་ལ་ཞབས་འདེགས་ཞུས་ཏེ། རང་ཉིད་ཀྱི་མི་ཚེའི་རིན་ཐང་མཚོན་ཞིང་། རྒྱུ་འབྲས་དང་དྲང་བདེན་ཕྱོགས་སུ་བསྙེགས་པའི་མི་ཚེའི་ལམ་བུ་ཕྲ་མོ་ཉག་གཅིག་དེད་ནས། ཐོག་མཐའ་བར་གསུམ་ཀུན་ཏུ་གཡུ་འབྲུག་སྟོང་གིས་ངར་སྐད་ལྡིར་ཞིང་། མཚན་སྙན་གྲགས་པའི་བ་དན་དཀར་པོ་ཨ་སྔོན་དབྱིངས་སུ་གཡོ་བ་དང་། བསིལ་ལྗོངས་ཁ་བ་ཅན་གྱི་ཡུལ་དུ་གཟི་མདངས་འཚེར་པའི་འཁོར་སྐར་འོད་ཅན་ཞིག་རེད་ཅེས་རིགས་སོ་སོའི་མི་སེར་ཁྲི་འབུམ་མང་པོས་བསྔགས་སྨོན་བྱེད་པའི་གཞི་རུ་གྱུར་ཏེ། སྤྲུལ་བའི་བྱང་ཆུབ་སེམས་དཔའ་དང་རྒྱལ་སྲས་ཀྱི་ཀུན་སློང་ཟབ་མོས་འགྲོ་བ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་གཟིགས་ཤིང་བྱམས་སེམས་དྲིན་གྱིས་བསྐྱངས་པས། སེར་པོ་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་ནས་ཆོས་ཀྱི་འཁོར་ལོ་སྐོར་བའི་སྐལ་བ་དང་གོ་སྐབས་མ་ལྡན་ཀྱང་བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ་པའི་འཕྲིན་ལས་རབ་ཏུ་རྒྱས་ཤིང་རྒྱས་བཞིན་པ་དང་། གཟི་བརྗིད་འོད་སྟོང་འབར་བའི་ཞབས་རྗེས་རི་མོ་རེ་རེ་བཞིན་སྐྲུན་ནས། ངོ་མཚར་ལྷ་མིའི་ལོངས་སྤྱོད་དང་གཉིས་སུ་མ་མཆིས་པར་ཐུགས་དགོངས་ཆེན་པོ་ནམ་མཁའ་ལྟ་བུ་ལ་མ་འོངས་པའི་འདུན་ལམ་རིང་མོའི་ཁེངས་ཤིང་། རང་གི་མེས་རྒྱལ་འབྱོར་ཕྱུག་དང་། དཔལ་ཡོན། འཆམ་མཐུན་ལྡན་པའི་བསྐལ་བ་ཡག་པོ་རྫོགས་ལྡན་གྱི་དཔལ་ལ་རོལ་བའི་ལམ་བུ་ཕྲ་མོར་རང་ནུས་གང་ཡོད་བཏོན་ནས་བསྙེགས་སོ།།

      འདིར་ཁོ་བོར་མཚོན་ན་ཁྲིམས་ལུགས་རིག་པའི་གཞུང་ལུགས་དང་ཤེས་བྱ་ཕྲན་བུ་ཙམ་ལས་མེད་ནའང་ལག་ལེན་གྱི་བྱང་ཆ་སོགས་ཧ་ཅང་ཕུན་སུམ་ཚོགས་པར་འདུག དེ་བས་སྲིད་ཕྱོགས་སམ་སྒེར་ཕྱོགས་གང་ཡིན་རུང་ལོ་རེར་བཞིན་གྱོད་གཞི་བཅུ་ཕྲག་ཁ་ཤས་ལག་ལེན་དུ་བསྟར་ནས། ཉེས་དོན་གྱོད་གཞི་དང་། དམངས་དོན་གྱོད་གཞི། རྩྭ་སའི་རྩོད་གླེང་། སྡེ་གྱོད་བཟའ་གྱོད་སོགས་དང་ལེན་བྱས་ནས་སྒྲུབ་བཞིན་འདུག་པ་མ་ཟད། རུལ་སུངས་ལ་ངོ་རྒོལ་དང་སྲིད་ཕྱོགས་ཀྱི་ཡི་གེ་ངོ་གཏུགས་བྱ་བ་སོགས་ཀྱང་མི་ཉུང་བ་ཞིག་བསྒྲུབས། དཔེར་ན༡༩༨༢ལོ་ནས་བཟུང་བྲག་དཀར་རྫོང་ཐང་ནག་ཤང་སྡེ་བ་ཞོལ་མའི་གྱོད་ཡ་མཱ་ཀོས་ལིང་སོགས་ཀྱིས་ཐུན་མོང་གི་ནགས་ཚལ་ལ་གཏོར་བརླག་བྱས་པའི་ཉེས་དོན་གྱོད་གཞི་དང་། འབྲོང་འཐུས་ཤང་མི་རིགས་སྡེ་བའི་གྱོད་ཡ་ཡུམ་གྲུབ་ཐར་གྱིས་ཐུན་མོང་གི་རྒྱུ་ནོར་བཅོམ་བརླག་བྱས་པའི་ཉེས་དོན་གྱོད་གཞི། དཔལ་ཁ་ཤང་སྒོ་མེ་ཆོས་རྗེ་སྡེ་བའི་གྱོད་ཡ་ཕུན་ཁོས་གཞན་གྱི་རྒྱུ་ནོར་བརྐུས་པའི་ཉེས་དོན་གྱོད་གཞི། དཔལ་ཁ་ཤང་རི་ཕྱོར་སྡེ་བའི་གྱོད་ཡ་ཚེ་དཔག་སྐྱབས་ཀྱིས་བུད་མེད་ལ་བཙན་གཡེམ་བྱས་རྗེས་བསམ་བཞིན་དུ་མི་བསད་པའི་ཉེས་དོན་གྱོད་གཞི། འབོ་ར་ཨ་མཆོག་གི་གྱོད་ཡ་དུ་མས་རྒྱུ་ནོར་བརྐུས་པའི་ཉེས་དོན་གྱོད་གཞི་སོགས་ལ་ཁྲིམས་རྩོད་པའི་འགན་འཁྲི་ལྟར་དག་སེལ་གང་ལེགས་བྱས་ཏེ་ནག་ཉེས་ཇེ་ཡང་དུ་བཏང་མྱོང་ཞིང་། གཞི་རིམ་དམངས་ཁྲོད་ཀྱི་གྱོད་གཞི་འདུམ་སྒྲིག་བྱས་པའི་སྐོར་ལའང་ལོ་རབས་བརྒྱད་ཅུ་བའི་དུས་འགོར་ང་རང་གིས་བྲག་དཀར་རྫོང་མི་དམངས་སྲིད་གཞུང་གི་ནང་དུ་བྱ་བ་ལས་བཞིན་ཡོད་པས། ༡༩༨༤ལོའི་ཟླ༣པའི་ཚེས༡༦ཉིན་ལ་རྫོང་ལས་བྱེད་ཚན་ཁག་ཞིག་འབྲོང་འཐུས་ཤང་ལ་གྲོང་འབབ་བྱེད་དགོས་པར་བྱུང་པས། སྐབས་དེ་དང་བསྟུན་ནས་དམངས་ཁྲོད་ཀྱི་གྱོད་གཞི་སྣ་ཚོགས་འདུམ་སྒྲིག་གང་ལེགས་བྱས་ཏེ་ཐག་གཅོད་བྱས་པ་དང་། སྔ་གཞུག་ཏུ་ཉེས་དོན་གྱོད་གཞི་དང་དམངས་དོན་གྱོད་གཞི་སྣ་ཚོགས་སྒྲུབ་གཉེར་བྱེད་པའི་མགོ་ཚུགས་ཤིང་། ས་གནས་ཀྱི་སྤྱི་ཚོགས་བདེ་འཇགས་ལ་དགེ་མཚན་ལྡན་པའི་ནུས་པ་གང་ལེགས་བཏོན་པ་ཡིན་ནོ།།

  ཁྱད་པར་དུ་ལུས་འཁྱུར་ངལ་གསོ་བྱས་ནས་ཧ་ལམ་ལོ་ངོ་ཉི་ཤུའི་རིང་ལ་ལྡབ་འགྱུར་གྱི་སྒོ་ནས་རང་གི་བཅའ་ཁྲིམས་ཀྱི་ཤེས་བྱ་ཕྲན་བུ་དང་ལག་ཆ་བེད་སྤྱོད་བྱས་ཏེ་མི་དམངས་ལ་ཞབས་འདེགས་ཞུས་ཤིང་། ༢༠༠༠ལོའི་ཟླ་བ་བཅུ་གཉིས་པར་བྲག་དཀར་རྫོང་ཧང་གཞུང་ཤང་རི་རྒན་འབྲོག་དམངས་ཨུ་ཡོན་ལྷན་ཁང་གིས་བྲག་དཀར་རྫོང་མི་དམངས་སྲིད་གཞུང་གཏུགས་བཤེར་བྱས་ནས། རི་རྒན་རུ་ཁག་དང་མཚོ་སྔོན་ཞིང་ཆེན་དཔལ་ཁ་ལུག་རྒྱུད་ར་བའི་བར་གྱི་རྩྭ་སའི་རྩོད་གླེང་ལ་མཚོ་ལྷོ་བོད་རིགས་རངང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་བྱེད་སྐབས་སུ་རང་གིས་མི་སེར་དཀྱུས་མའི་ཚབ་བྱས་ཏེ་ཁྲིམས་རྩོད་པས་འགན་འཁྲི་དང་བླངས་བྱས་ནས་དམངས་ཀྱིས་རྫོང་དཔོན་གཏུགས་པའི་ཁྲིམས་ར་ནས་དག་སེལ་ཐེར་འདོན་དང་ཁྲིམས་རྩོད་བྱས་པ་ལྟར། རྩྭ་སའི་རྩོད་གླེང་འདིར་སྲིད་འཛིན་ཁྲིམས་གཅོད་འོས་འཚམས་བྱས་པས་མི་དམངས་མང་ཚོགས་ལ་ཧ་ཅང་ཡིད་ཚིམ་ཞིང་དགའ་བསུ་ཆེན་པོ་ཐོབ་པ་རེད།།

     དུས་མཚུངས་སུ༢༠༠༢ལོའི་ཟླ་བ་བཅུ་གཅིག་པར་མཚོ་སྔོན་ཞིང་ཆེན་མཚོ་ཤར་ལུག་རྒྱུད་ར་བའི་འགོ་ཁྲིད་ཁག་གིས་ཕྱུགས་རྫི་གཡུང་དྲུང་བྱམས་དང་རིན་ཆེན་རྒྱལ། ཟོན་ཐར་རྒྱལ། སྒྲོལ་མ་འབུམ། མགོན་པོ་རབ་བརྟན། ཁོན་ཐར། དགྲ་ལྷ་རྒྱལ། མགོན་ཐར་རྒྱལ། པད་མ་དབང་ཆེན་སོགས་ཀྱིས་མི་འཚོགས་བརྒྱབ་ནས་འཕྲོག་བཅོམ་དང་མི་འཚོགས་བརྒྱབ་ནས་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བརླག་བྱས་པའི་ཉེས་དོན་གྱོད་གཞིར་གསེར་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་བྱས་ཏེ། སྔ་དྲོའི་ཆུ་ཚོད་དགུ་ནས་དགུང་མོའི་ཆུ་ཚོད་བཅུའི་བར་དུ་ཁྲིམས་རྩོད་པ་བརྒྱད་དང་ལྷན་གཅིག་ཏུ་དག་སེལ་བྱས་པར་བརྟེན། བཙོན་མ་རྣམས་ལ་མ་ཉེས་ཁ་གཡོག་གི་ནག་ཉེས་མི་ཉུང་བ་ཞིག་རྩད་ཆོད་པས། གྱོད་ཡ་མི་རེར་བཞིན་ཁྲིམས་ཐག་ཇེ་ཡང་དང་ཧ་ཅང་ཡང་མོར་མི་གཅོད་ག་མེད་བྱུང་བ་རེད།།

     ༢༠༠༡ལོའི་ཟླ་བ་བཅུ་བའི་ཚེས་ཉེར་གཅིག་ཉིན་གྱི་དགུང་མོར། འབྲོང་འཐུས་ཤང་མི་དམངས་སྲིད་གཞུང་གི་སྡོད་གནས་སུ་བྱུང་བའི་ཧོས་རིགས་ལུག་ཚོང་བ་མི་བཞིས་ས་དེའི་འབྲོག་པ་ལྷ་པོ་ཡི་བུ་པད་རྒྱལ་ལ་བསམ་བཞིན་དུ་རྨས་སྐྱོན་དྲག་པོ་བཏང་ནས། ཚད་རིམ་དགུའི་དབང་པོ་སྐྱོན་ཅན་དུ་བཏང་པའི་གྱོད་དོན་བཟོས་པ་མ་ཟད། ཕྱིའི་ཉིན་ཐོག་མར་རྫོང་སྤྱི་བདེ་ལས་ཁུངས་ལ་སོང་ནས། པད་རྒྱལ་སོགས་ཀྱིས་ཁོ་ཚོའི་ལག་གི་ལུག་ཉིས་བརྒྱ་དང་དམངས་སྒོར་ལྔ་ཁྲི། འཕྲུལ་རྟ་གཉིས་སོགས་ཧ་ལམ་སྒོར་ཆིག་འབུམ་ཆིག་ཁྲི་ལྷག་གི་འཕྲོག་བཅོམ་བྱས་པའི་དབང་གིས་རྒྱུན་ལྡན་རང་སྲུང་བྱས་པ་ཡིན་ཞེས་གཡོ་ཐབས་བཀོལ་པས། རྫོང་ཡོངས་སུ་གྲགས་པའི་འཕྲོག་བཅོམ་གྱི་གྱོད་གཞི་ཆེན་པོ་ཞིག་རྫོང་ཡོངས་སུ་འུར་ཞིང་ཁྱབ་པས། སྤྱི་བདེ་ལས་ཁུངས་ཀྱིས་གནད་དོན་བྱུང་སར་རྟོགས་དཔྱོད་བྱས་མཐར་འཕྲོག་བཅོམ་གྱི་ཁུངས་སྣེ་ཅི་ཡང་མ་རྙེད་མོད། འོན་ཀྱང་ཧོས་རིགས་ཚོང་བ་ལག་དམར་བཞི་བོས་སྤྱི་བདེ་ལས་ཁུངས་ལ་ནང་འདྲེས་བྱས་ཏེ། བསམ་བཞིན་དུ་རྨས་སྐྱོན་དྲག་པོ་བཏང་ནས་ཚད་རིམ་དགུའི་དབང་པོ་བོ་སྐྱོན་ཅན་དུ་བཏང་ཡོད་པའི་གྱོད་གཞི་བཟོས་པ་དེ་ནི་རྒྱུན་ལྡན་རང་སྲུང་བྱས་པ་རེད་ཅེས་ཧ་ལམ་ལོ་ངོ་གཉིས་རིང་ལ་གྱོད་གཞི་འགོར་འགྱིངས་སུ་བཞག དེ་ནས་གནོད་འཚེ་ཐེབ་མཁན་ལྷ་པོ་དང་པད་རྒྱལ་ཕ་བུ་གཉིས་ཀྱིས་རིམ་བཞིན་རྫོང་དང་། རང་སྐྱོང་ཁུལ། ཞིང་ཆེན། རྒྱལ་ཁབ་རིམ་པའི་ཏང་སྲིད་ལས་ཁུངས་ཁུངས་དང་། སྲིད་ཁྲིམས་ལས་ཁུངས། ཐ་ན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐོ་ལགས་ལ་ཞུ་གཏུགས་བྱས་པར་བརྒྱུད། རིམ་པ་གོང་མའི་འགོ་ཁྲིད་རྣམ་པས་གྱོད་གཞི་འདིར་གཙིགས་འཛིན་གནང་ནས། བཀའ་ཤོག་མཆན་བཀོད་ཁང་སྐྱ་འབབ་འབབ་དང་། ཡིག་ཐོག་གཏུགས་ཡིག་རི་རབ་ལྟར་བརྩིགས་རུང་། དབང་ཤུགས་དང་རྒྱུ་ནོར་གྱི་བཟང་ངན་ཤོར་པས། རིམ་པ་བཞིན་དཔོན་པོས་དཔོན་པོ་བཀབ་པའི་གནས་སུ་རེ་ཞིག་ལྷུངས་ཤིང་། རྒན་པོ་ལྷ་པོ་ཕ་བུ་ཀྱང་ཡིད་ནག་ཆད་ནས་བསྡད་ནའང་ཁོ་བོས་མུ་མཐུད་དུ་ཁ་བྱང་ལ། འཇིག་རྟེན་ཐོག་གི་རྒྱུ་འབྲས་གང་ན་མཆིས།།་བཅའ་ཁྲིམས་ཐད་ཀྱི་དྲང་བདེན་ག་ལ་འཚོལ།། ཞེས་གོང་གཏུགས་ཡིག་ཆ་མང་པོ་སྤེལ་པས། ཧ་ལམ་བསྟུད་མར་ལོ་ངོ་དྲུག་གི་རིང་ལ་མི་སེར་དཀྱུས་མས་དཔོན་པོ་གཏུགས་པའི་གྱོད་གཞི་འདི་ཧ་ཅང་འགོར་འགྱིངས་སུ་སོང་རུང་། ༢༠༠༧ལོའི་ཟླ་བ་དྲུག་པར་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཆང་ཝིས་ལགས་ལ་ཡིག་ཐོག་གི་གཏུགས་བཤེར་བྱས་པ་བཞིན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐེན་གྱིས་མཆན་བཀོད་ཐུགས་ཁུར་གནང་བ་ལྟར། ཀྲུང་གུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་པདྨ་རྡོ་རྗེ་སོགས་རིམ་པ་ཁག་གི་འགོ་ཁྲིད་རྣམས་ཀྱིས་གཙིགས་འཛིན་གནང་འོག་ཏུ། མི་དམངས་སྲིད་གཞུང་གིས་རྒན་པོ་ལྷ་པོ་ཕ་བུ་གཉིས་ལ་ཁ་གསབ་རོགས་དངུལ་སྒོར་མོ་ལྔ་ཁྲི་ཙམ་བཏང་ནས་གྱོད་དོན་འདི་ཞི་བར་འདུམ་ཞིང་མཇུག་མཐའི་རྒྱལ་ཁ་ཡོངས་སུ་བླངས་ཏེ་དྲང་བདེན་བསྐྱངས། སྲིད་ཁྲིམས་གྱི་བྱ་བ་འདི་དང་འདི་ལྟ་བུ་གྲངས་ལས་འདས། ཁྱད་པར་དུ་མང་ཚོགས་ཀྱི་ཚབ་ཏུ་སྲིད་འཛིན་ཕྱོགས་ཀྱི་ཡིག་ཆ་སོགས་གང་མང་བྲིས་ཏེ། མི་རིགས་སློབ་གསོ་དང་། དཔལ་འབྱོར་འཛུགས་སྐྲུན། མང་ཚོགས་ཀྱི་འཚོ་བའི་བདེ་སྡུག དཀའ་ངལ་སྣ་ཚོགས་ཀྱང་ཡིག་ཐོག་ཏུ་བཀོད་ནས། ཏང་དང་སྲིད་གཞུང་གི་གོང་རིམ་འབྲེལ་ཡོད་ལས་ཁུངས་ལ་ཕུལ་ནས་རེ་རེར་བཞིན་ཐག་གཅོད་ཡག་པོ་བྱས་པར་མི་དམངས་མང་ཚོགས་ལ་སྟབས་བདེ་དགེ་མཚན་ལྡན་པའི་མཐུན་རྐྱེན་གང་ལེགས་བཟོས་ཤིང་། ཏང་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་ལམ་མཐུད་པའི་གསེར་ཟམ་ལྟ་བུར་གྱུར་འདུག།

      ༢༠༠༢ལོའི་ཟླ་བ་བཞི་བར་ཁ་བྱང་ལ། ༼རྩྭ་ཐང་གི་སྐྱེ་དངོས་ཁོར་ཡུག་ལ་གཏོར་བརླག་ཚབ་ཆེན་ཐེབ་པས་འབྲོག་པ་མང་ཚོགས་ཀྱི་ཁུར་བོ་ལྗིད་དྲགས་པར་འདུག༽ཅེས་པའི་ཡི་གེ་ངོ་གཏུགས་ཡིག་ཆ་ལས། བྲག་དཀར་རྫོང་གིས་འབྲོང་འཐུས། ལུང་བཟང་། བུན་ཆོན་སོགས་ལྷོ་ཁུལ་ཤང་གསུམ་ལ་དབྱར་རྩྭ་དགུན་འབུ་བསྐོ་བའི་སྒོ་འབྱེད་ས་ཁུལ་དུ་ཁ་གཡར་ནས་ཆེད་ཐོན་གྲོན་དངུལ་དམངས་སྒོར་ས་ཡ་གསུམ་གྱི་འགན་ཁུར་བཞགཅིང་། འབྲོག་པ་མང་ཚོགས་ཀྱི་ཁུར་བོ་ལྗིད་དྲགས་སུ་བཏང་པས་མང་ཚོགས་ཀྱིས་སྡུག་བསྔལ་དང་བསམ་འཆར་བཏོན་པ་ལྟར་ཧ་ལམ་ཡིག་འབྲུ་བཞི་སྟོང་ལྷག་ཙམ་བྲིས་ཏེ། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་མི་དམངས་སྲིད་གཞུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། ཀྲུང་དབྱང་བརྙན་འཕྲིན་ཁང་གནད་འགག་གླེང་སྟེགས་ལེ་ཚན་སོགས་ལ་ཐད་ཀར་ཞུ་འབུལ་བཏང་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་ཀྲུའུ་རོང་ཅི་མཆོག་ལ་ཁོ་བོ་རང་གི་མིང་ཐོག་ནས་དངོས་སུ་ཡིག་ཐོག་ཡར་ཞུ་བྱས་པ་ལྟར། ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པ་རྣམས་ཀྱང་དངོས་སུ་གནད་དོན་ལ་ཞིབ་འཇུག་གནང་པར་ཕེབས་ཤིང་། ཁོ་བོས་ཀྱང་ལེ་བར་ཁྲི་ཕྲག་གི་ལམ་ཐཞ་ལ་མ་འཧེམ་ས་པར་གསར་འགོད་པ་རྣམས་པའི་སྣེ་ཁྲིད་ནས་རི་ལུང་རྫ་ལུང་བརྒྱུད་ཅིང་གནད་དོན་དངོས་ལ་རྟོགས་དཔྱོད་ཞིབ་འཇུག་གང་ལེགས་བྱས་མཐར་རིམ་པ་ཁག་གི་འབྲེལ་ཡོད་འགོ་ཁྲིད་རྣམ་པས་གཙུག་འཛིན་དང་ཐུགས་ཁུར་ཆེན་པོ་གནང་འོག་ཏུ། ཧ་ལམ་ས་གནས་དེའི་ཆེད་ཐོན་གྲོན་དངུལ་ས་ཡ་གཅིག་དང་ལྔ་འབུམ་ཙམ་ཕྱིར་མང་ཚོགས་ལ་སྤྲད་ཅིང་། དེའི་ཕྱིར་ལོ་ནས་བཟུང་རྒྱལ་ཁབ་ཀྱི་ཁྲལ་རིགས་སྣ་ཚོགས་ཀྱང་རིམ་བཞིན་ཇེ་ཉུང་དུ་བཏང་པ་མ་ཟད། ༢༠༠༤ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་སུ་ཞིང་ལས་དཔྱད་ཁྲལ་བཅོས་བསྒྱུར་ཚོད་ལྟའི་བྱ་བ་ལེགས་སྒྲུབ་ཟབ་མོ་བྱེད་དགོས་པའི་སྐོར་གྱི་བརྡ་སྦྱོར་ཡིག་ཆ་ལྟར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ལོ་དེ་ནས་བཟུང་སྟེ་ཞིང་ཆེན་ཡོངས་ཀྱི་ཆེད་ཐོན་དཔྱ་ཁྲལ་མེད་པར་བྱས་ཤིང་། ས་ཁུལ་མང་ཤས་ཞིག་གི་ཞིང་ཕྱུགས་ལས་དཔྱ་ཁྲལ་མེད་པར་བྱས་པ་དང་། ༢༠༠༦ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ནས་བཟུང་རྒྱལ་ཡོངས་སུ་ཞིང་ཕྱུགས་ལས་དཔྱ་ཁྲལ་མེད་པར་བྱས་པའི་སྲིད་ཇུས་ཡག་པོའི་གོ་སྐབས་དང་འཕྲད་ཅིང་། རྒྱལ་རབས་ནས་རྒྱལ་རབས་རིང་ལ་བྱུང་མ་མྱོང་པའི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་འདི་ལ་རྒྱལ་ཡོངས་མི་དམངས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཅིང་། ཏང་གི་གཟི་བརྗིད་འོད་སྟོང་འབར་བའི་དམངས་ཕན་སྲིད་ཇུས་ཡག་པོ་འདི་ལག་ལེན་བསྟར་བའི་དབུ་ཚུགས་སོ།།

      གཞན་ཡང་ལོ་དེའི་ཟླ་བ་བཅུ་གཉིས་པར་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་གསེར་གཞོང་སྡེ་བའི་ཏང་ཀྲི་པུའུ་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་རེ་བཅོལ་བ་བཞིན་སྡེ་བ་འདིའི་དུས་རབས་བཅུ་དགུའི་ལོ་རབས་དྲུག་ཅུའི་ནང་ལ་སྔ་བཞུག་ཏུ་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་མཚོ་སྔོན་ཞིང་ཆེན་རྐང་དམག་སྨན་ཁང་བཞི་བ་དང་། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཡན་ལག་དམག་ཁུལ་གཉིས་ལ་ས་ཞིང་མུའུ་ཉིས་སྟོང་བརྒྱད་བརྒྱ་གཡར་བ་དེ་ད་ལྟའི་བར་དུ་ཕྱིར་མ་ལོན་པས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལྟར་ས་ཞིང་ཕྱིར་ལེན་རོགས་བྱེད་པའི་རེ་བ་ཞུས། དེ་མ་ཐག་ཏུ་རང་གིས་ཀྱང་ས་གནས་མང་ཚོགས་ལ་རོགས་རམ་དང་བཅིངས་འགྲོལ་དམག་ལ་ཤོར་བའི་ས་ཞིང་འདི་ཕྱིར་ལེན་པའི་ལས་འགན་ལྷུར་བཞེས་བྱས་ནས། རིམ་བཞིན་དུ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་དང་། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ལན་ཀྲུ་དམག་ཁུལ་སོགས་ལ་ལོ་རྒྱུས་ཐོག་ཏུ་མང་ཚོགས་ཀྱི་ས་ཞིང་དམག་ལ་ཤོར་ནས་ཕྱིར་མ་ལོན་པའི་ཤུལ་ལུས་གནད་དོན་འདི་མྱུར་བ་མྱུར་དུ་ཐག་གཅོད་བྱེད་དགོས་པའི་སྙན་སེང་ཕུལ་པ་མ་ཟད། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་མཚོ་སྔོན་ཞིང་ཆེན་རྐང་དམག་སྨན་ཁང་བཞི་བ་སོགས་ལ་དངོས་སུ་ཐེངས་མང་པོ་སོང་སྟེ་དམག་དཔོན་རྣམས་ལ་གནས་ལུགས་ཞུས་པས། རིམ་པ་གོང་མས་གཙིགས་འཛིན་དང་དོ་སྣང་ཆེན་པོ་གནང་སྟེ། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ལན་ཀྲུ་དམག་ཁུལ་གྱིས་ཆོག་མཆན་བཀོད་པ་ལྟར། ༢༠༠༧ལོའི་ཟླ་བ་དྲུག་པའི་ཚེས་བཅུ་དྲུག་ཉིན་ལ་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་མཚོ་སྔོན་ཞིང་ཆེན་རྐང་དམག་སྨན་ཁང་བཞི་བས་བདག་བཟུང་བྱས་པའི་ས་ཞིང་མུའུ་ཉིས་སྟོང་ཡོད་པ་དེ་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཡན་ལག་དམག་ཁུལ་ལ་སྤྲད་ཅིང་། མཚོ་ལྷོ་ཡན་ལག་དམག་ཁུལ་གྱིས་ཀྱང་བདག་བཟུང་བྱས་པའི་ས་ཞིང་མུའུ་བརྒྱད་བརྒྱ་སྟེ། བསྡོམས་པས་ས་ཞིང་མུའུ་ཉིས་སྟོང་བརྒྱད་བརྒྱ་ཡོད་པ་དེ་ཡོངས་སུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་ལ་སྤྲོད་པའི་འགྲོ་ལུགས་ལྟར། ས་གནས་ཁག་གི་མང་ཚོགས་ལ་རང་གི་ས་ཞིང་ཕྱིར་ཐོབ་པ་མ་ཟད་ལོ་འགའི་རིང་ལ་རྨོ་བསྐྱུར་ནག་འདེབས་ཀྱི་རྣམ་གྲངས་ཁ་གསབ་མ་དངུལ་ཧ་ལམ་སྒོར་མོ་བྱེ་བ་གཉིས་དང་ས་ཡ་དྲུག་བརྒྱད་འབུམ་བརྒྱད་ཁྲིའི་ཡོང་སྒོ་ཡོད་པ་དེ་ཡང་དོན་མེད་གཞན་ལག་ཏུ་ཤོར་ཀྱང་ཕྱིར་བྱིན་ནས་མི་དམངས་མང་ཚོགས་ལ་དབང་བར་བྱས་པས། མི་དམངས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཀུན་བཟང་རྒྱལ་སོགས་ཏང་སྲིད་འགོ་ཁྲིད་རྣམ་པས་ཀྱང་སྐུ་དངོས་སུ་ཁོ་བོར་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་བཞིན་འདུག།

      བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་བྱི་བ༢༠༠༨ལོ་ནས་བཟུང་སྟེ། ཁོ་བོ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁེ་ལས་སྡེ་ཁག་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་མི་ཉུང་ཞིག་གིས་བཅའ་ཁྲིམས་ཇུས་འདོན་དཔོན་ལ་བཀུར་ཏེ། འགན་འཁྲི་གཅིག་ལྕོགས་ཀྱིས་ཁྲིམས་ལུགས་དང་ཁྲིམས་སྲོལ་གྱི་བྱ་བ་བསྟུད་མར་བསྒྲུབས་དགོས་པར་བྱུང་བ་མ་ཟད་གྲུབ་འབྲས་ཀྱང་མངོན་སུམ་བླངས། ཁྱད་པར་དུ་གང་ནུས་གང་ཡོད་ཀྱིས་སྤྱི་ཚོགས་ཚན་རིག་སོགས་ལ་ཞིབ་འཇུག་དང་། བོད་རྒྱུད་ནང་བསྟན་ཆོས་ལུགས་རིག་པ། བཅའ་ཁྲིམས་རིག་པ། གསོ་བ་རིག་པ། བོད་ལུགས་གསོ་རིག ནུབ་ལུག་གསོ་རིག ཀྲུང་ལུགས་གསོ་རིག སྐད་གཉིས་སྨྲ་བའི་ལོ་ཙཱ། རིག་གནས་ལོ་རྒྱུས་རྩོམ་སྒྲིག་སོགས་ལ་འབད་འབུངས་ལྷོད་མེད་བྱས་ཏེ། རིག་པའི་དཔའ་བོ་འམ་མཁས་པའི་དབང་པོ་ཞེས་མཚན་སྙན་ཆེན་པོ་བླངས་མ་མྱོང་ཀྱང་སྣ་ཚོགས་ལྷན་སྐྱེས་ཀྱི་ཤེས་རབ་དང་ལག་ལེན་གྱི་རྩལ་ལས་ཐོན་པའི་གྲུབ་འབྲས་མངོན་སུམ་བླངས་པ་དང་ལེན་བཞིན་བཆིས་ཤིང་། ནམ་ཡང་རང་གི་གམ་དུ་སེམས་ཅན་གྱི་སྐྱིད་སྡུག་སྣ་ཚོགས་ཞུ་བར་ཡོང་པའི་བོད་རྒྱ་སོག་གསུམ་ཀྱི་མང་ཚོགས་ཁྲི་འབུམ་མང་པོར་བཅའ་ཁྲིམས་ཀྱི་རོགས་སྐྱོར་གང་ལེགས་བྱས་ཤིང་། དྲང་བདེན་གང་ལེགས་བསྐྱངས་ནས་མང་ཚོགས་ལ་རོགས་རམ་ཅི་ཐུབ་བྱས་པ་ཡིན།།

  ༡༩༩༨ལོར་མཚོ་ནུབ་ཞིང་ཆེན་མཚོ་ནུབ་ཁུལ་དུར་ལམ་རྫོང་རྒུ་རུ་དགོན་གསོ་རིག་བདེ་ལྡན་གླིང་ལ་ས་གནས་རང་གི་དཔོན་པོ་ཁ་ཤས་ཞིག་གིས་དབང་ཆ་བེད་སྤྱད་ནས། དགོན་པའི་ཆོས་སྒོ་གཏད་ཅིང་དགེ་འདུན་པ་རྣམས་མར་གཏོང་བྱས་ཏེ་རང་ཡུལ་དུ་མངགས། ལྷ་རྟེན་ཆོས་གསུམ་སོགས་ཀྱང་ལྷ་ཁང་ལས་ཕྱིར་བྱུང་སྟེ་སྦྱིན་བདག་མང་ཚོགས་རང་གིས་ཁྱེར་ཤིག་ཅེས་ཐུན་མོང་མ་ཡིན་པའི་གནད་དོན་ཚབ་ཆེན་འབྱུང་པས་ཏང་གི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལ་བར་ཆད་ཆེན་པོ་ཐེབས། ཁོ་བོས་གནས་ཚུད་དེ་ཤེས་མ་ཐག་ཏུ་ཞིང་ཆེན་ཏང་ཨུ་སོགས་འབྲེལ་ཡོད་ལས་ཁུངས་ལ་ཞུ་འབུལ་ཡི་གེ་བྲིས་པར་བརྟེན་ཕྱིས་སུ་ཆོས་སྡེ་འདིའི་ཆོས་སྒོ་སླར་ཡང་ཕྱེས་ཏེ་ཆོས་དད་མང་ཚོགས་ལ་ཏང་གི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཡང་བསྐྱར་དངོས་འབབ་འོས་འཚམས་བྱས། མདོར་ན་འབྲོག་པའི་རྩྭ་ཐང་སྟེང་གི་ཁྲིམས་རྩོད་མཁན་ཞེས་མཚན་སྙན་གྲགས་པའི་བ་དན་བསྒྲེངས། ལོ་རེར་བཞིན་མང་ཚོགས་ཀྱི་ཚབ་བྱས་ཏེ་བྲིས་པའི་སྲིད་ཁྲིམས་དང་། སྲིད་འཛིན་ཡིག་ཆ་སྣ་ཚོགས་སྣ་ཁ་རེ་ཉར་ཚེགས་བྱས་ན་ལོ་མཇུག་ཏུ་དེབ་ཐེར་ཆེན་པོ་གཅིག་རེ་ངེས་པར་དུ་གྲུབ་འདུག་པ་རེད།།     

      ༢༠༠༩ལོའི་ཟླ་བ་གསུམ་པར་རང་གི་ཕ་ཡུལ་ཏེ་བྲག་དཀར་རྫོང་འབྲོང་འཐུས་ཤང་སྟག་ཐང་སྡེ་བའི་སེར་འགོག་དང་། དམེ་བོ། གླང་རྔ། བྱ་སྐོར་སོགས་ནང་མ་མཐུན་པར་ཐོག་མར་སྡེ་བའི་འགོ་ཁྲིད་འདེམས་བསྐོ་བྱ་བར་རྩོད་གཞི་ལངས་པ་དང་། ཕྱིས་སུ་གྱོད་སྣ་ཁ་མཆུ་བརྩད་ནས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་རིག་འཛིན་ལ་བྱ་སྐོར་མ་ཅེ་སོགས་ནས་གཅར་རྡུང་དྲག་པོ་བྱས་ནས་རྨས་སྐྱོན་ཕོག་ཅིང་། དུས་མཚུངས་སུ་སེར་འགོག་དམ་ཆོས་སོགས་ཀྱིས་བྱ་སྐོར་ཚེ་དོ་དང་མཁར་རྩེ་གཉིས་ལ་འཇབ་རྒོད་བྱས་ནས་རྨས་སྐྱོན་ཚབ་ཆེན་ཕོག་པས། སྡེ་བའི་ནང་ཁུལ་གྱི་འབྲེལ་བ་ཧ་ཅང་ཛ་དྲག་ཏུ་གྱུར། བྲག་དཀར་རྫོང་སྤྱི་བདེ་ཅུས་ཕན་ཚུན་གཉིས་ཀྱི་ཉེས་ཅན་དོག་གཞི་ཅན་དྲུག་འཛིན་བཟུང་བྱས་ནས་བཙོན་ཏུ་བཅུག དེ་བས་སྡེ་དཔོན་རྒན་པ་སེར་འགོག་དངོས་གྲུབ་སོགས་རྒན་པ་རྣམས་ཀྱིས་ཆེད་དུ་གདན་འདྲེན་བྱས་པ་ལྟར་ཁོ་བོ་བྲག་དཀར་རྫོང་དུ་སོང་ནས་བཙོན་ཁང་དུ་བཅུག་ཡོད་པའི་ཉེས་ཅན་དོག་གཞི་ཅན་དྲུག་པོ་ཕྱིར་བླངས་ཤིང་། ཕན་ཚུན་ཕྱོགས་གཉིས་ལ་བཙན་ཤུགས་བཀའ་ཕབ་རང་བཞིན་གྱིས་གྱོད་གཞི་མནན་ཞིང་། དམངས་ཁྲོད་ཀྱི་ཆོས་གཟི་ལྟར་གྱོད་གཞི་འདི་ཐག་གཅོད་བྱེད་དགོས་པའི་གཟི་བ་དང་ཉི་ཆད་སོགས་བཀོད་སྒྲིག་སྟ་གོན་གང་ལེགས་བྱས་པ་ལྟར། འབྲོང་འཐུས་གཞོང་ནས་གྱོད་སྒར་བཟུང་པ་མ་ཟད། དངོས་སུ་ཆོས་གཟི་བཤད་ནས་འཇུག་འབྲས་ཧ་ཅང་ཡག་པོ་ཐོབ། རྫོང་དང་ཤང་རིམ་པའི་ཏང་ཨུས་དང་མི་དམངས་སྲིད་གཞུང་། སྤྱི་བདེ་ལས་ཁུངས་བཅས་ཀྱིས་གདེང་འཇོག་ཚད་མཐོན་པོ་བྱས་པ་དང་། རང་གི་དམེ་གླང་བྱ་གསུམ་དུ་གྲགས་པའི་ལྷ་སྡེ་དཀར་པོས་ཀྱང་དགའ་བསུ་ཆེན་པོ་ཐོབ་ཡོད།།

      ལོ་དེའི་ཟླ་བ་བཞི་བའི་ནང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་སྟོང་གི་མཛོ་རྒན་ར་བར་གྲོང་བརྡལ་བུས་རྒན་སྡེ་བའི་འབྲོག་པ་འཇིགས་ཁོ་དང་ཚེ་རིང་འཚོ་བཟའ་མི་གཉིས་ཀྱིས་བྲག་དཀར་རྫོང་གི་ཆུ་ཁོལ་ཁ་ནས་མགྲོན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་བཞིན་པའི་སྒང་ལ་བྲག་དཀར་རྫོང་སྤྱི་བདེ་ཅུའུ་ཆུ་ཁོལ་མངགས་གཏོང་ཁང་གི་ཉེན་རྟོགས་པ་སྐོར་ཞིག་གིས་རྒྱུ་མཚན་ཅི་ཡང་མེད་པར་གཅར་རྡུང་དྲག་པོ་བྱས་ནས་དོན་རྐྱེན་ཆེན་པོ་བཟོས། དེ་མ་ཐག་ཏུ་འབྲེལ་ཡོད་མི་བདག་གིས་གདན་དྲངས་པ་ལྟར་ཁོ་བོ་དངོས་སུ་ཞིང་ཆེན་མི་དམངས་སྨན་ཁང་དུ་སོང་ནས་རྨས་མ་ཚོས་གནས་ཚལ་ལ་རྟོགས་དཔྱོད་བྱས་ཏེ། དོན་རྐྱེན་དེ་རྒྱུས་ལོན་གསལ་བོ་བྱས་རྗེས་ཞིང་ཆེན་རིམ་པ་དང་། མགོ་ལོག་དང་མཚོ་ལྷོ་རང་སྐྱོང་ཁུལ་གཉིས། རྨ་སྟོད་དང་བྲག་དཀར་རྫོང་གཉིས་སོགས་འབྲེལ་ཡོད་སྡེ་ཁག་ལ་ཡིག་ཐོག་ཞུ་འབུལ་གསལ་བོ་བྱས་ནས། ཉེས་མེད་རྡུང་རྡེག་ཕོག་པའི་བཟའ་ཟླ་འདི་གཉིས་ལ་དྲང་བདེན་གང་ལེགས་བསྐྱངས་ཏེ། རིམ་པ་ཁག་གི་བཀའ་ཆེམས་བཞིན་བྲག་དཀར་རྫོང་སྤྱི་བདེ་ཅུས་དོན་རྐྱེན་བཟོ་མཁན་ཉེན་རྟོགས་པས་ཉེས་མེད་རྡུང་རྡེག་ཕོག་མཁན་ལ་འཛུལ་བཤགས་སྒུར་གསུམ་བྱས་པ་མ་ཟད་དམངས་སྒོར་ཆིག་འབུམ་ལྷག་གི་སྨན་ཡོན་ཁུར་པ་དང་། དོན་རྐྱེན་བཟོ་མཁན་ཉེན་རྟོགས་པར་སྲིད་འཛིན་ཆད་པ་བཆད་པ་དང་བཅས་སོ།། 

      ༢༠༡༠ལོའི་ཟླ་བ་དགུ་བར་བྲག་དཀར་རྫོང་ཆུ་ཁོལ་ཤང་གསེར་ཐང་སྡེ་བའི་མང་ཚོགས་སྐོར་ཞིག་དབུས་མཇལ་སོང་ནས་ཕྱིར་ལམ་ལྷ་ས་གྲོང་ཁྱེར་དུ་རླངས་འཁོར་ཆགས་སྒོ་བྱུང་ནས་མི་གཉིས་རྐྱེན་ལམ་དུ་ཤོར་ཞིང་མི་བརྒྱད་ལ་རྨས་རྐྱོན་ལྗིད་མོ་ཕོག་པས། ཡང་ཁོ་ཚོའི་མི་བདག་གིས་གདན་དྲངས་པ་ལྟར་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་ཕྱིན་ནས་ཉིན་མོ་བཅོ་ལྔའི་རིང་ལ་འབད་བརྩོན་ལྷོད་མེད་བྱས་ཏེ། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོགས་རུ་ཆེན་མཁར་ནུབ་རུ་ཁག་གིས་སྣེ་ལེན་དང་རྒྱབ་རོགས་ལེགས་པོ་བྱས་མཐར་གནོད་འཚེ་ཐེབ་མཁན་རྣམས་ལ་དཔལ་འབྱོར་ཁ་གསབ་དམངས་སྒོར་སུམ་འབུམ་བརྒྱད་ཁྲི་བྲོན་ལེན་དངོས་འབབ་བྱས་ནས་རྒྱུ་འབྲས་དང་ལྡན་པའི་ཐགནགཅོད་བྱས་པས། དོ་ཟླ་ཕན་ཚུན་གཉིས་ཀྱིས་ཀྱང་བཀྲ་ཤིས་ལྷ་དར་དཀར་པོས་མདུན་བསུས་ནས་འདེང་འཇོག་དང་དགའ་བསུ་ཆེན་པོ་ཆེན་པོ་ཐོབ། འདི་དང་འདི་འདྲའི་གྱོད་དོན་བྱ་བ་འབོར་ཆེན་ཞིག་བསྒྲུབས་ཡོད་མོད། རེ་རེར་བཞིན་ཡིག་ཚོགས་ལ་འཛེམས་ནས་འདིར་མ་བཀོད་པ་དང་། གང་ལྟར་རང་ཉིད་ལས་འཁྱུར་ལལ་གསོ་བྱས་པ་ནས་བཟུང་སྟེ་རང་དང་རང་ཤག་བཀྲ་ཤིས་བདེ་སྟོང་རྣམ་པར་རྒྱལ་བའི་ཕོ་བྲང་ཞེས་བྱ་བ་འདི་ནི་སྒོ་བྱང་བཀལ་མེད་པ་དང་། བསྒྲགས་ཡིག་སྤྱར་མེད་པ། ཐང་དེམ་བཤམས་མེད་པ་སོགས་ཡིན་ནའང་མི་དམངས་མང་ཚོགས་ཀྱིས་བློ་འཁེལ་ཞིང་མི་སེར་དཀྱུས་མ་རྣམས་ཀྱིས་སྐྱིད་སྡུག་ཞུ་སའི་གནས་ཐོག་མ་དང་། སྒོ་བྱང་མེད་པའི་བཅའ་ཁྲིམས་ལས་རིགས་དོན་གཅོད་ཁང་ཐོག་མ། རྗེ་འབངས་རྣམས་ཀྱི་ཡི་གེ་ངོ་གཏུགས་སྣེ་ལེན་ཁང་ཐོག་མ་སོགས་ལ་གྱུར་འདུག་ཅེས་ཟེར་ནའང་ངོ་གནོང་མི་དགོས་པར་མ་ཟད། ཁོ་བོར་མཚོན་ནའང་གདུལ་བྱ་དང་འཕྲིན་ལས་ཐམས་ཅད་སྔར་བས་ཀྱང་ལྡབ་འགྱུར་དུ་སོང་པས། ཏང་དང་མི་དམངས་སྲིད་གཞུང་ལ་རམ་འདེགས་ཞུས་ཏེ། གཞི་རིམ་མི་དམངས་མང་ཚོགས་ཁྲོད་དུ་གནས་ཡོད་པའི་གནད་དོན་གང་མང་ཡང་དག་པས་ཐག་གཅོད་བྱེད་པར་དགེ་མཚན་ལྡན་པའི་བྱ་བཞག་འབོར་ཆེན་ཞིག་བསྒྲུབས་ཡོད།།

      ༢༠༡༢ལོའི་ཟླ༡༠བར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཅུས་ཆོག་མཆན་ཐོབ་པ་བཞིན་གསར་བཞེངས་བྱས་ཤིང་། ཁུལ་མི་དམངས་སྲིད་གཞུང་གནས་པའི་ཆབ་ཆ་གྲོང་རྡལ་གྱི་བོད་བརྒྱུད་ནང་བསྟན་དང་བོད་རིགས་དམངས་སྲོལ་རིག་གནས་ལྟེ་གནས་ཏེ། ཕྱིས་སུ་བོད་བརྒྱུད་ནང་བསྟན་དགོན་པར་གྱུར་བའི་མཚོ་སྔོན་ཞིང་ཆེན་གསེར་ཆེན་རྫོང་ཤར་རིའི་དགོན་པའི་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨིས་རྒྱ་དཔང་གྲུ་བཞི་མ་བརྒྱད་སྟོང་བདུན་བརྒྱ་ལྷག་ཙམ་ཟིན་པ་མ་ཟད། སྐབས་དེར་མཚོན་ན་སྤྱི་ཚོགས་ཀྱི་རིགས་སོ་སོའི་ཆོས་དད་མང་ཚོགས་ཀྱིས་དམངས་སྒོར་ས་ཡ་ལྔ་དང་ལྔ་འབུམ་ཉིས་ཁྲིས་ཞལ་འདེབས་ཕུལ་ཞིང་། དེའི་ནང་དུ་རྒྱལ་ནང་ནན་ཅིན་གྲོང་ཁྱེར་གྱི་ཡོན་བདག་ཀྲིག་ལིས་ཅེ་ཡིས་དམངས་སྒོར་ས་ཡ་གཅིག་ཞལ་འདེབས་སུ་ཕུལ་ཡོད། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ནི་ཁོ་ཚོའི་སྦྱིན་བདག་ནང་ཁུལ་གྱི་རྩོད་གཞི་ག་གེ་མོ་ཞིག་གི་དབང་གིས་ལོ་དེར་ཡོན་བདག་ཀྲིག་ལིས་ཅེ་དང་གཞན་ཡང་མིང་ལ་ལིས་མེན་ཅེ་ཟེར་བ་ཞིག་གིས་ལྷན་ཅིག་ཏུ་ཡང་སྐྱར་དམངས་སྒོར་ས་ཡ་གཅིག་ཞལ་འདེབས་སུ་ཕུལ་རྒྱུའི་ཁས་ལེན་བྱས་ཤིང་། དགོན་བདག་བླ་མ་ཀུན་བཟང་ཉི་མ་མཆོག་ལ་ག་ཡིན་འདི་ཡིན་མེད་པའི་རྫུན་གཏམ་མགོ་གཡོག་རང་བཞིན་གྱི་སྒོ་ནས་སྒོར་སྐྱིན་སྤྲོད་པའི་ཁས་ལེན་ཡི་གེ་ཞིག་གི་སྟེང་ལ་མིང་ཐོ་བཀོད་དུ་བཅུག་ཅིང་དགོན་པའི་གཞུང་ཐེལ་ཀྱང་གནོན་དུ་བཅུག་པས། ཕྱིས་སུ་གྱོད་བདག་ཀྲང་ཡུས་སོགས་ཀྱིས་སྒོར་སྐྱིན་སྤྲོད་པའི་ཁག་ཐག་བྱེད་མཁན་སྤྲུལ་སྐུ་ཀུན་བཟང་ཉི་མ་མཆོག་གྱོད་ཡའི་གྲས་སུ་བཞག་ནས་ནན་ཅིན་གྲོང་ཁྱེར་ཞོན་ཝུའུ་ཆུས་མི་དམངས་ཁྲིམས་ཁང་ལ་གཏུགས་བཤེར་བྱས་ཏེ། དམངས་སྒོར་ས་ཡ་གཉིས་ཀྱི་སྐྱིན་ཚབ་སྤྲོད་དགོས་པའི་གྱོད་གཞི་བཏོན་ཞིང་། ཅང་སུའུ་ཞིང་ཆེན་ནན་ཅིན་གྲོང་ཁྱེར་ཞོན་ཝུའུ་ཆུས་མི་དམངས་ཁྲིམས་ཁང་གིས༼༢༠༡༢༽ཞོན་ཚོང་ཡིག་ཨང༩༡༨པའི་དམངས་དོན་གྱོད་གཞི་ཐག་གཅོད་ཡི་གེ་སྤེལ་བས། ཁོ་བོས་ཡང་སྤྲུལ་སྐུ་ཀུན་བཟང་ཉི་མ་མཆོག་གིས་གདན་དྲངས་པ་ལྟར་དངོས་སུ་ནན་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་སོགས་ལ་སོང་ནས་གོང་གཏུགས་བྱས་ཏེ་དོན་དངོས་གསལ་འབྱེད་བྱས་ཤིང་བརྡར་ཤ་གསལ་བོ་བཅད་ནས་གྱོད་གཞི་འདིར་སྤྲུལ་སྐུ་ཀུན་བཟང་ཉི་མ་མཆོག་ལ་འབྲེལ་བ་ཉག་ཙམ་མེད་པའི་གསལ་ཁ་བཅོལ་ནས་རྒྱལ་ཁ་ཡོངས་སུ་བླངས་པ་ཡིན།།

      ཉེས་དོན་གྱོད་གཞིའི་ཆ་ནས་བཤད་ནའང་ཁྲིམས་རྩོད་པ་ཞིག་ལ་མཚོན་ན་རང་ལུས་ཀྱི་སྟོབས་ཤུགས་ཡོངས་སུ་བཏོན་ནས། ཉེས་ཅན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་རྒྱུ་ནི་ཆེས་རྩ་བར་གྱུར་བའི་འགན་འཁྲི་ཡིན། ༢༠༡༠ལོའི་ཟླ༡པོའི་ཚེས༡༥ཉིན་ལ་བྲག་དཀར་རྫོང་མི་དམངས་ཁྲིམས་ཁང་གིས༼༢༠༠༩༽ཞིན་ཉེས་ཨང༢༢པའི་ཉེས་དོན་ཁྲིམས་བཅད་ཡི་གེ་ལས་གྱོད་ཡ་གནམ་ལྷ་བྱམས་ཀྱིས་གཞན་གྱི་ལུག་དགུ་བརྐུས་པའི་དོགས་གཞི་བཙུགས་ནས་ལོ་གཅིག་གི་དུས་བཀག་བཙོན་འཇུག་བྱེད་པར་ཁྲིམས་ཐགབཅད། དུས་མཚུངས་སུ་གྱོད་ཡ་གནམ་ལྷ་བྱམས་ཀྱི་ནུ་བོ་བཙན་མགོན་རྒྱལ་ལ་ནག་ཉེས་འགེབ་སྲུང་གི་ཉེས་ཆད་བཅད་ནས་ལོ་གསུམ་དང་ཕྱེད་ཀའི་དུས་བཀག་བཙོན་འཇུག་བྱེད་པར་ཁྲིམས་ཐག་བཅད་ཡོད། ཕྱིས་སུ་གྱོད་ཡ་གནམ་ལྷ་བྱམས་ཀྱིས་ལོ་གཅིག་གི་རིང་ལ་མ་ཉེས་ཁ་གཡོག་གི་གྱོད་གཞི་འདིར་གོང་གཏུགས་དང་ཞུ་གཏུགས་བྱེད་པའི་འཚམས་མ་བཞག་པས། མཇུག་མཐར་བྲག་དཀར་རྫོང་མི་དམངས་ཁྲིམས་ཁང་གིས༼༢༠༡༡༽ཞིན་ཉེས་ཨང༤༦པའི་ཉེས་དོན་ཁྲིམས་བཅད་ཡི་གེས་གྱོད་ཡ་གནམ་ལྷ་བྱམས་ཀྱིས་ལུག་དགུ་བརྐུས་པའི་དོན་དངོས་ལ་བདེན་དབང་གི་འབྲེལ་མཐུད་རང་བཞིན་དང་དོན་དངོས་རང་བཞིན་མི་འདང་ཞིང་། བདེན་དབང་མངོན་སུམ་གསལ་བོ་མིན་པའི་དབང་གིས་གཞུང་གཏུགས་ལས་ཁུངས་ཀྱིས་གྱོད་ཡ་གནམ་ལྷ་བྱམས་ལ་རྐུན་མ་ཡིན་པའི་གཏུགས་བཤེར་བྱས་པ་གཞི་འཛུགས་ས་དང་ཁུང་སྣེ་གསལ་བོ་མེད་པས། གྱོད་ཡ་གནམ་ལྷ་བྱམས་ལ་ནག་ཉེས་མེད་པར་ཁྱབ་བསྒྲགས་བྱས། དུས་མཚུངས་སུ་གནོད་འཚེ་ཐེབ་མཁན་གནམ་ལྷ་བྱམས་ལ་ནག་ཉེས་མེད་པར་ཉིན་མོ༣༦༥ལ་བཙོན་ཁང་དུ་བཀག་འགོག་བྱས་མཐར་བཙོན་ལས་གྲོལ་བ་མ་ཟད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་༼༢༠༡༣༽ལྷོི་ཁྲིམས་སྐྱིན་ཡིག་ཨང་དང་པོས་རྒྱལ་ཁབ་ཀྱིས་སྐྱིན་ཚབ་སྒོར་མོ༧༡༥༥༧.༧༥ ཐོབ་པ་དང་། དེར་མཐུད་ནས་ཡང་ཁོ་བོས་གྱོད་ཡ་བཙན་མགོན་སྐྱབས་ཀྱི་གྱོད་གཞི་ཀྱང་ཁྲིམས་ལྟར་ཞུ་གཏུགས་བྱས་པ་ལས། བྲག་དཀར་རྫོང་མི་དམངས་ཁྲིམས་ཁང་གིས༼༢༠༡༤༽ཞིན་ཉེས་བསྐྱར་ཡིག་ཨང་དང་པོས་གྱོད་ཡ་བཙན་མགོན་སྐྱབས་ལ་ནག་ཉེས་མེད་པ་ཁྱབ་བསྒྲགས་བྱས་ཤིང་ནག་ཉེས་མེད་པར་ཉིན་མོ༥༤༨ལ་བཙོན་ཁང་དུ་བཀག་འགོག་བྱས་པར་རྒྱལ་ཁབ་ཀྱིས་སྐྱིན་ཚབ་སྒོར་མོ༩༩༩༢༧.༨༠བླངས་ནས་བྱིན་པ་ཡིན་ཞིང་། རྒྱལ་ཁབ་ཀྱི་ཁྲིམས་ཞུགས་ནི་དངོས་གནས་རྒྱུ་འབྲས་ལྡན་པ་ཞིག་ཡིན་པར་རྟག་ཏུ་མཚོན་ནོ།།

      སྲིད་དོན་གྱོད་གཞིའི་ཆ་ནས་བཤད་ན། ༢༠༡༥ལོའི་ཟླ༤བའི་ཚེས༢༠ཉིན་ལ་བོད་ལྗོངས་ས་ཆེན་སྐྱེད་ཚད་ལྗང་འགྱུར་ཚད་ཡོད་ལས་གཞི་ཀུང་ཟིའི་སྡོང་ཕྲུག་ར་བ་གནས་སྤོར་བྱ་བའི་ཁྲོད་དུ་ལྷ་ས་གྲོང་ཁྱེར་སློབ་གསོ་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དང་ཀུང་ཟི་འདིའི་སྦྱིན་བདག་འབྲུག་ཐར་བར་ལ་འགལ་ཟླ་དང་རྩོད་གླེང་ཚབ་ཆེན་བྱུང་བས། ཁོ་བོ་གདན་འདྲེན་བྱས་པ་ལྟར་ལྷ་སར་གྲོང་ཁྱེར་དུ་བསྐྱོད་ནས་དམངས་གཉེར་ཁེ་ལས་དང་མི་དམངས་སྲིད་གཞུང་བར་གྱི་གནད་དོན་འདི་ཐག་གཅོད་ཡག་པོ་བྱས་ཟིན། ༢༠༡༢ལོ་ནས་བཟུང་ཀྲུང་གུང་ལྷ་ས་གྲོང་ཁྱེར་ཏང་ཨུས་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཡང་དག་ལྡན་པའི་འགོ་ཁྲིད་འོག་ཏུ། གྲོང་ཁྱེར་ཡོངས་ཀྱི་སློབ་གསོ་བྱ་བའི་ཚོགས་འདུའི་དགོངས་དོན་ལྟར། མཁར་ཁུལ་ཚེ་གོང་ཐང་ཤང་ནས་ལྷ་ས་སློབ་གསོའི་མཁར་རྫོང་གསར་བ་འཛུགས་སྐྲུན་བྱས་ཏེ། སློབ་ཆེན་དང་། སློབ་འབྲིང་། སློབ་ཆུང་། མི་རིགས་ཆ་ཚང་སློབ་ཆུང་། མཐོ་རིམ་སློབ་འབྲིང་། ཏང་གི་སློབ་གྲྭ། ལས་རིགས་སློབ་གྲྭ། ཟབ་སྦྱོང་ལྟེ་གནས། ནང་བསྟན་སློབ་གླིང་སོགས་དེང་རབས་དང་སྲོལ་རྒྱུན་སློབ་གསོའི་མ་ལག་ཆ་ཚང་རང་བཞིན་ལྡན་པའི་རྣམ་གྲངས་འདིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་མུའུ་བཞི་སྟོང་དྲུག་བརྒྱ་དགུ་བཅུ་ཐམ་པ་དང་། དམངས་སྒོར་དུང་ཕྱིར་ལྔ་བཅུ་ང་དགུ་གཏོང་བའི་ལས་གཞི་ཆེན་པོ་ཞིག་འཛུགས་སྐྲུན་བྱེད་དགོས་པར་བྱུང་ཞིང་། ཧ་ལམ་གཞོང་ཁོག་ཡོངས་སུ་ལྷ་ས་གྲོང་ཁྱེར་སློབ་གསོའི་མཁར་རྫོང་གསར་བ་འཛུགས་སྐྲུན་བྱེད་པའི་མཛེས་སྡུག་དཔེ་རིས་དང་། དགའ་ཉམས་ལྡན་པའི་རྣམ་གྲངས་ཀྱི་འཆར་གཞི་དང་བཅས་པའི་དགོས་གཏུགས་གནས་ཚུལ་འོག ལོ་དེ་ནས་བཟུང་ལྷ་ས་གྲོང་ཁྱེར་སློབ་གསོ་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་སྔ་གཞུག་ཏུ་བོད་ལྗོངས་ས་ཆེན་སྐྱེད་ཚད་ལྗང་འགྱུར་ཚད་ཡོད་ལས་གཞི་ཀུང་ཟིའི་སྡོང་ཕྲུག་ར་བ་གནས་སྤོར་སྐྱིན་ཚབ་དཔྱད་སྡུར་ཚོད་དཔག་བསམ་འཆར་ཐེངས་གང་མང་བཏོན་རུང་ཕན་ཚུན་གྲོས་མཐུན་མ་བྱུང་པས། དོན་ཐོག་ཏུ་འབབས་མ་ཐུབ་པར་ཧ་ལམ་ལོ་ངོ་ཕྱི་ནང་ལྔ་རིང་ལ་ལུས། དུས་མཚུངས་སུ་ལྷ་ས་གྲོང་ཁྱེར་སློབ་གསོ་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་ས་ཆེན་ཀུང་ཟིའི་ཁང་པ་དང་། གཤའ་འོག་དྲོད་ཁང་། མེ་ཏོག་ཟླུམ་ར། ཆུ་གློག་སྒྲིག་གཞི། ལུད་རྫས་རྫིང་བུ། སྡོང་ཕྲུག་རྫིང་བུ། ནགས་ཚལ་སྡོང་ར་སོགས་ལ་བསྡོམས་པས་དམངས་སྒོར་ས་ཡ་གཅིག་གིས་སྐྱིན་ཚབ་སྤྲོད་རྒྱུའི་བསམ་འཆར་བཏོན་ཀྱང་ས་ཆེན་ཀུང་ཟིས་ཁས་ལེན་མ་བྱས། དེ་ལས་ལྡོག་ཏེ་ས་ཆེན་ཀུང་ཟིས་གནས་སྤོར་སྐྱིན་ཚབ་སྒོར་མོ་བསྡོམས་པས་བྱེ་བ་གསུམ་དང་ས་ཡ་དགུ་དངོས་འབབ་བྱེད་དགོས་པའི་བསམ་འཆར་བཏོན་པས། ཕན་ཚུན་བར་ལ་འགལ་ཟླ་དང་རྩོད་གླེང་ཆེན་པོའི་གནས་སུ་ལྷུངས་པ་རེད། དེ་བས་ང་རང་ལྷ་ས་གྲོང་ཁྱེར་དུ་ཕྱིན་མ་ཐག་ཏུ་ཕྱོགས་གཉིས་གྱི་འབྲེལ་ཡོད་ཡིག་ཚགས་ཡོངས་སུ་ཞིབ་མོར་ཀློག་ཅིང་། སྔ་གཞུག་གི་སྐྱིན་ཚབ་དཔྱད་སྡུར་ཚོད་དཔག་བསམ་འཆར་གང་མང་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ཕྱོགས་ཡར་མར་གྱི་གནས་ཚུལ་དང་ཡུལ་དངོས་སུ་ཞུགས་ནས་རྟོགས་དཔྱད་ཞིབ་འཇུག་གང་ལེགས་བྱས་ཏེ། ལྷ་ས་གྲོང་ཁྱེར་ཏང་ཨུས་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་། ཡང་ན་བོད་རང་སྐྱོང་ལྗོངས་རིམ་པ་གོང་མའི་འབྲེལ་ཡོད་ཏང་སྲིད་ལས་ཁུངས་ལ་བོད་ལྗོངས་ས་ཆེན་སྐྱེད་ཚད་ལྗང་འགྱུར་ཚད་ཡོད་ལས་གཞི་ཀུང་ཟིའི་སྡོང་ཕྲུག་ར་བ་གནས་སྤོར་ཕྱོགས་བསྡུས་རང་བཞིན་གྱི་སྐྱིན་ཚབ་དཔྱད་སྡུར་ཚོད་དཔག་ཐད་ཕྱི་རོལ་ཡུལ་གྱི་གནས་ལུགས་དང་མཐུན་པའི་བསམ་འཆར་དོན་ཚན་ལྔ་བཏོན་པ་ལྟར། ལྷ་ས་གྲོང་ཁྱེར་ཏང་ཨུས་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་སོགས་རིམ་པ་གོང་མས་གཙིགས་འཛིན་གང་ལེགས་གནང་པ་དང་། གྲོང་ཁྱེར་སློབ་གསོ་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་ས་ཆེན་ཀུང་ཟི་ལ་དམངས་སྒོར་བྱེ་བ་གཅིག་དང་ས་ཡ་དགུ་འབུམ་བདུན་གྱི་གནས་སྤོར་སྐྱིན་ཚབ་དངོས་འབབ་བྱས་ཏེ། ཕན་ཚུན་བར་གྱི་འགལ་ཟླ་དང་རྩོད་གླེང་ཡོངས་སུ་ཐག་གཅོད་ཡག་པོ་བྱས་ནས། བོད་ལྗོངས་ས་ཆེན་སྐྱེད་ཚད་ལྗང་འགྱུར་ཚད་ཡོད་ལས་གཞི་ཀུང་ཟིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་གང་ལེགས་བྱས་ཡོད་པ་མ་ཟད། ལྷ་ས་གྲོང་ཁྱེར་སློབ་གསོ་བཅོས་སྒྱུར་་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་ལྷ་སའི་སློབ་གསོའི་མཁར་རྫོང་གསར་བ་བདེ་བླག་ངང་ནས་འཛུགས་སྐྲུན་ལེགས་འགྲུབ་ཡོང་པར་སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་པོ་ཞིག་ཀྱང་ཁག་ཐེག་བྱས་པ་སོགས་ལས་མ་འདས་སོ།།

     དམངས་དོན་གྱོད་གཞིའི་ཆ་ནས་བཤད་ན། ཐད་ཀར་མི་དམངས་ཁྲིམས་ཁང་ལ་གཏུགས་བཤེར་བྱས་ནས་ཁྲིམས་ལྟར་ཐག་གཅོད་བྱེད་དགོས་པ་ལོས་ཡིན་མོད། འོན་ཀྱང་གྱོད་གཞི་ཁ་ཤས་ཞིག་ལ་མཚོན་ན་ཐད་ཀར་མི་དམངས་ཁྲིམས་ཁང་ལ་གཏུགས་བཤེར་བྱས་ན་ནུས་པ་ཆེན་པོ་ཞིག་ཐོབ་སྲིད་པ་མ་རེད་སེམས། དཔེར་ན། ༢༠༡༣ལོའི་ཟ༡ཚེས༨ཉིན་ལ་མཚོ་སྔོན་ཆེན་གསེར་ཆེན་རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཞིག་གིས་ཁོ་བོར་ཁ་པར་གྱི་ལམ་ནས་འཚམས་སྦྱོར་བྱས་ཏེ། ཉིན་འགའི་རིང་ལ་ནར་མ་ཟོན་པའི་བྱིས་པ་བདག་མེད་གཉིས་ཡོང་ནས་ཁྲིམས་ཁང་ལ་ཕ་མ་གཉིས་ཀྱིས་འཚོ་བའི་གྲོན་དངུལ་བརྩོན་ལེན་བྱེད་པར་གཏུགས་བཤེར་བྱེད་བཞིན་ཡོད། འོན་ཀྱང་ཁྲིམས་རྩོད་པའི་དོན་གཉེར་ཁང་གིས་རིན་མེད་གཏུགས་བཤེར་ཡི་གེ་འབྲི་མཁན་གཅིག་ཀྱང་མེད་པས་རོགས་རམ་ཞིག་བྱེད་པར་འཚལ་ཞེས་ཟེར། གྱོད་གཞི་དེ་ནི༡༩༩༩ལོར་གསེར་ཆེན་རྫོང་ཆོས་རྗེ་ཤང་ཆུ་ཇ་སྡེ་བ་རུ་འབྲོག་ཁྱིམ་ཕལ་བ་ཞིག་ལ་བྱིས་པ་མཚེ་ཞིག་སྐྱེས། ཕུ་བོའི་མིང་ལ་ཚེ་གཟུངས་སྐྱབས་དང་ནུ་བོའི་མིང་ལ་འཇིགས་བྱེད་སྐྱབས་ཟེར། ཕུ་ནུ་འདི་གཉིས་ལོ་ན་གཉིས་ཙམ་ལ་ཟོན་མ་ཐག་ཏུ་ཕ་མ་གཉིས་ཀྱིས་གཉོར་སྐྱོང་མ་བྱས་པར་ཨ་མ་གནས་ཡུལ་འགྲིམ་ནས་གར་སོང་མ་ཤེས་ཤིང་ ཨ་ཕ་ཞོར་ལས་བཙལ་ནས་རང་ཁ་གསོ་བར་འཁྱམས་སོང་པས། བྱིས་པ་འདི་གཉིས་ཀྱིས་དཀའ་བ་འབུམ་ཕྲག་བརྒྱུད་ནས་རིམ་བཞིན་འཚར་ལོངས་བྱུང་ཞིང་། ཕུ་བོ་སློབ་གྲྭར་འགྲིམ་པའི་ལངས་ཚོ་དར་ལ་བབ་ནས་སློབ་གྲྭར་ཞུགས་ན་འང་སློབ་ཡོན་སྤྲོད་མ་ཐུབ་པར་སློབ་གྲྭ་ལས་ཕྱིར་བུད་ནས་མགོ་ལོག་རྨ་ཆེན་རྫོང་གངས་རི་ཤང་དང་། མཚོ་ལྷོ་བྲག་དཀར་རྫོང་བུན་ཆོན་ཤང་སོགས་ལ་སྦྲང་འཁྱམས་སུ་སོང་ནས་ཕྱུགས་ཟོག་འཚོས་ཏེ། ཀླ་གཡོག་འབད་གསུམ་བྱས་ཏེ་འཚོ་ཐབས་བྱས། ནུ་བོས་ཀྱང་གར་འགྲོ་གར་སོང་མ་ཤེས་པར་ས་འཁྱམས་རྡོ་འཁྱམས་བྱས་མཐར་རྨ་ལྷོ་ཁུལ་གཅན་ཚ་རྫོང་བསམ་གྲུབ་དགོན་དུ་ཨ་ཁུ་ཞིག་གི་དྲུང་དུ་བན་དེ་བྱས། ༢༠༡༣ལོར་ལོ་ན་བཅུ་གསུམ་ཙམ་གྱི་འཇིགས་བྱེད་སྐྱབས་སམ་གྲྭ་མིང་ངག་དབང་རྒྱ་མཚོ་ལ་རྒྱུ་ལྷག་གི་ནད་བྱུང་ནས་གཤེགས་བཅོས་བྱས་རུང་དགེ་རྒན་ཚང་གིས་སྨན་རིན་དྲུག་སྟོང་ཙམ་ཕུལ་ཞིང་། ༢༠༡༡ལོར་སླར་ཡང་རླངས་འཁོར་གྱི་དོན་རྐྱེན་ཞིག་གི་ཁྲོད་དུ་ངག་དབང་རྒྱ་མཚོའི་དིང་རུས་གཡས་པ་བཅག་ནས་གཤེགས་བཅོས་བྱས་ཏེ། སྨན་རིན་ལ་སྒོར་ཆིག་ཁྲི་ལྔ་སྟོང་ལྷག་གི་འགྲོ་སོང་ཀྱང་དགེ་རྒན་ཐུགས་རྗེ་ཅན་ཚང་གིས་མི་ཕུལ་ག་མེད་བྱུང་བ་རེད། སྐབས་དེར་མཚོན་ན་ངག་དབང་རྒྱ་མཚོའི་ལུས་སྟེང་ན་དིང་རུའི་ཆག་ཤིང་སྐྱོར་མ་ལུས་འདུག་པས་སྨན་རིན་མེད་པར་ལེན་ཐབས་མེད་ཅིང་། འཚོ་ཐབས་ཟད་ཅིང་ཅི་བྱ་གཏོད་མེད་དུ་གྱུར་ནས་ད་གཟོད་ཕ་མ་གཉིས་ལ་འཚོ་བའི་གྲོན་དངུལ་ཞིག་སློང་དགོས་བར་སེམས་པ་ཙམ་ལས་མ་འདས། གནས་ཚུལ་དེ་ཤེས་རྗེས་ཁོ་བོས་བྱིས་པ་དེ་གཉིས་ལ་རིན་མེད་གཏུགས་བཤེར་ཡི་གེ་བྲིས་ཟིན་པ་མ་ཟད། སེམས་ལ་མི་དམངས་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱས་ཏེ་ཕ་མ་གཉིས་ཀྱི་ལག་ནས་འཚོ་བའི་གྲོན་དངུལ་ཅུང་ཙམ་བླངས་ཀྱང་དེ་ནི་གནས་སྐབས་ཙམ་ཡིན་པ་ལས་ཆེས་རྩ་བར་གྱུར་བའི་གནད་དོན་ཐག་གཅོད་བྱེད་མི་ཐུབ་སྙམ་ནས། ༢༠༡༣ལོའི་ཟ༡ཚེས༨ཉིན་ལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་བློ་མཐུན་ཏུའུ་ཅེ་ལ་ཐད་ཀར་ཁོ་བོ་རང་གི་མིང་ཐོག་ནས་ཞུ་འབུལ་ཡི་གེ་བྲིས་ཤིང་། ཧ་ལམ་ལོ་ངོ་བཅུ་བཞིའི་རིང་ལ་སྦྲང་འཁྱམས་སུ་འགྲིམ་པའི་ནར་མ་ཟོན་པའི་བྱིས་པ་བདག་མེད་འདི་གཉིས་ལ་ཐུགས་ཁུར་གནང་དགོས་པའི་བསམ་འཆར་འགའ་བཏོན་ནས་རེ་བ་ཞུས། བློ་མཐུན་ཏུའུ་ཅེས་དེ་མ་ཐག་ཏུ་ཁོ་བོའི་ཞུ་འབུལ་ཡི་གེའི་སྟེང་དུ་མཆན་བཀོད་གནང་སྟེ་ཁོ་བོས་བྱེ་བྲག་གི་རེ་བ་འགའ་བཏོན་པ་ལྟར་འབྲེལ་ཡོད་ལས་ཁུངས་གིས་ཐག་གཅོད་གང་ལེགས་བྱས་པའི་མཇུག་འབྲས་སོགས་བློ་མཐུན་ལྷ་རྒྱལ་དཔལ་དང་ངེད་གཉིས་ལ་ཡར་ཞུ་བྱེད་དགོས་ཞེས་གསུངས་ཡོད་པ་ལྟར། འབྲེལ་ཡོད་ལས་ཁུངས་གིས་ཕྱོགས་གཅིག་ནས་བྱིས་པ་ངག་དབང་རྒྱ་མཚོ་ལ་ཞིང་སྡེའི་སྨན་བཅོས་འགན་སྲུང་ལམ་ལུགས་ལག་ལེན་དུ་བསྟར་ཞིང་སྨན་རིན་ཡོངས་རྫོགས་སྲིད་གཞུང་གིས་བྱིན་ནས་གཤེགས་བཅོས་སྨན་བཅོས་བྱས་ཏེ། ལུས་སྟེང་གི་ཆག་ཤིང་སྐྱོར་མ་བླངས་ཤིང་ལུས་ཕུངས་བདེ་ཐང་ཡོང་བར་བྱས་ཤིང་། ཕྱོགས་གཉིས་ནས་བྱིས་པ་ཚེ་གཟུངས་སྐྱབས་ལ་སློབ་ཡོན་མ་བླངས་པར་སླར་ཡང་སློབ་གྲྭར་ཞུགས་སུ་བཅུག་པ། ཕྱོགས་གསུམ་ནས་བྱིས་པ་གཉིས་ཀྱི་ཨ་ཕ་བཙལ་ནས་ཕྱིར་རང་ཡུལ་དུ་བགུག་ཅིང་ཁྱིམ་ཚང་གང་པོར་ཆེས་དམའ་བའི་ཞིང་སྡེའི་འཚོ་བའི་ཁག་ཐག་ཁ་སྣོན་གནང་པའི་གྲས་སུ་བཞག་ནས་བདག་སྐྱོང་གང་ལེགས་བྱས་པ། ཕྱོགས་བཞི་ནས་ཁྱིམ་ཚང་གང་པོར་རྒྱལ་ཁབ་ཀྱི་རྣམ་གྲངས་ཁང་གཞི་གསར་བ་གྱན་གསུམ་དང་མ་ཁང་གསར་བ་གྱན་གསུམ་སྐྲུན་ནས་དབུལ་སྐྱོར་གྲོན་དངུལ་ཁྲི་ཕྲག་དུ་མ་བཏང་བ། ཕྱོགས་ལྔ་ནས་དམངས་སྲིད་སྡེ་ཁག་གིས་གནད་སྒོའི་མུག་སྐྱོབས་བྱས་ཏེ་ཆེས་གནད་འགག་གི་གནད་དོན་ཡོངས་སུ་ཐག་གཅོད་བྱས་པ་དང་བཅས་སོ།། 

      འོད་གསལ་ལྷ་ལས་མཆེད་ཅིང་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྣམ་པར་སྤྲུལ་བའི་སྐུ།། དཔལ་ལྡན་ས་སྐྱའི་གདུང་རྒྱུད་རིགས་རུས་ཕུན་སུམ་ཚོགས་པའི་རོང་ཆེན་ལྷ་མིང་བ།། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱིས་ཐུགས་ཐག་བཅད་པའི་རོང་བོ་ལྷ་རྒྱལ་དཔལ།། གདུལ་བྱའི་དོན་དུ་དལ་འབྱོར་མི་ལུས་བླངས་པའི་ཚེ་རབས་འདི་ཡི་ཐོག་མ་ལ།། དུས་དང་ལས་ཀྱི་དབང་གིས་ཁྲི་ཁར་འཁོད་ནས་གདན་ས་ཆེན་པོ་མ་བསྐྱངས་རུང་།། ལྷག་བསམ་རྣམ་པར་དག་པའི་ཆོས་སྲིད་ཟུང་གི་འཕྲིན་ལས་དངོས་གྲུབ་ཡོངས་སུ་བསྩལ།། སྡུག་བསྔལ་རྒྱ་མཚོའི་འཇིངས་ནས་ས་མཐར་འཁྱམས་ཏེ་དཀའ་བ་ཆེན་པོ་སྤྱད་པ་དང་།། བུ་རང་སྐྱེ་འདོད་གནམ་གྱིས་མ་ཁོག་རྒྱལ་བའི་ཁབ་ཀྱི་སྲིད་ཕྱོགས་ལམ་ཡངས་སུ།། འགྲོ་བ་སེམས་ཅན་བྱང་སེམས་ཐབས་ཀྱིས་སྐྱོང་པའི་དཔོན་གནས་ཆེན་པོ་མ་བཟུང་རུང་།། དམངས་ལ་བདེ་སྐྱིད་འཛོམས་པའི་ཞབས་འདེགས་ཞུས་ཏེ་རང་སེམས་དགའ་བདེའི་དཔལ་ལ་རོལ།། བསྐལ་བའི་དབང་གིས་རིག་གནས་སྦྱངས་བརྩོན་གོ་སྐབས་ཆེན་པོ་མ་ལྡན་རུང་།། ལྷན་སྐྱེས་ཤེས་རབ་ཉམས་རྟོགས་རང་ཤར་རང་ལ་འོས་པའི་ཡོན་ཏན་ཕྲ་མོ་འབྱོར།། རྒྱལ་ཁབ་ཆེན་པོའི་ཁྲིམས་དང་སྲིད་ཀྱི་བྱ་བ་མ་ལུས་ཡོངས་སུ་ལེགས་པར་མཛད།། མ་ཡུམ་གངས་ལྗོངས་ཡུལ་ལ་ལྗགས་རྩོམ་རི་མོ་སྣ་ཚོགས་ལེགས་པའི་སྐྱེས་སུ་ཕུལ།། གསང་སྔགས་རྡོ་རྗེ་ཐེག་ཆེན་རྩ་རླུང་ཉམས་རྟོགས་ཟབ་མོ་རང་ལ་ཉེར་འཁྲུངས་ནས།། གྲུབ་པའི་དབང་རྟགས་གཏམ་རྒྱུད་སྣ་ཚོགས་དམངས་ཁྲོད་རྒྱན་དུ་མ་ཉམས་རིང་ནས་མཆིས།། འགྲོ་བར་ནད་གདོན་གཤེད་མ་སོགས་ཀྱིས་མནར་བ་གང་མང་དྲག་པོས་ཆམ་ལ་ཕབས།། དམངས་ཁྲོད་ངག་རྒྱུན་བསྟོད་པའི་མེ་ཏོག་འཐོར་བཞིན་སྙན་གྲགས་ཆེ་བ་རང་གི་རྒྱན་དུ་ཤར།། རང་ལུས་ལ་རྒྱ་མ་ཤོར་རུལ་སུངས་དཔོན་པོར་ངོ་གཡོག་ངོ་དགའ་མ་བྱས་པས།། བཙན་ཐབས་ཁྲིམས་འོག་བཅུག་ཀྱང་རང་ཚུགས་བཟུང་ནས་ཐར་བ་ཆེན་པོ་རྟག་ཏུ་ཐོབ།། སྲིད་ཕྱོགས་སྟེགས་བུ་དོར་ནས་དམངས་དོན་བསྒྲུབས་ཤིང་ལོ་རྒྱུས་རིག་པའི་གཞུང་ལ་འཇུག། རྒྱལ་ཁམས་འགྲིམ་ནས་གནས་སྐོར་ཕྱག་མཆོད་བྱས་ཏེ་ཆོས་སྲིད་འཕྲིན་ལས་ལོངས་སྤྱོད་རྫོགས།།  །། 

       ཞེས་ཅུང་ཙམ་རྒྱས་པར་འདོད་ནརོང་ཆེན་གསང་རྣམ་རྟོགས་བརྗོད་རང་ཉམས་གང་ཤར་ཁུ་བྱུག་སྔོན་མོའི་མགྲིན་གླུཞེས་བྱ་བར་གཟིགས་དང་རྟོགས་བརྗོད་དེབ་ཐེར་དེ་ལས་ཁོ་བོའི་མི་ཚེ་རིང་མོའི་སྨྱོན་རྟགས་དང་། གླེན་རྟགས། གསང་བ་ལྐོག་གྱུར་གྱི་ལོ་རྒྱུས་ཞིབ་ཕྲ་ལ་སོགས་རྩེད་མཚར་གྱི་ཚུལ་དུ་ཡིན་ནའང་འདྲ། འཇིག་རྟེན་གྱི་འཁོར་བ་རྒྱ་མཚོའི་སྡུག་བསྔལ་ལས་སྐྱོ་སྡུག་དགའ་གསུམ་གྱི་ཟློས་གར་སྣ་ཚོགས་འཁྲབ་སྟོན་བྱས་ནས་མི་ཚེ་རིང་མོའི་ལམ་བུ་ཕྲ་མོ་བརྒྱུད་པའི་ཟིན་ཐོ་ཡིན་ནའང་འདྲ། གང་ལྟར་རང་གི་མི་ཚེ་རིང་མོའི་གདུལ་བྱ་དང་འཕྲིན་ལས་སྣ་ཚོགས་ཀྱི་སྡོམ་ཚིག་དར་དཀར་མདུད་པ་བཅོལ་ནས་བཤད་ན།༈ ཐོག་མར་ལྷ་ཕྲུག་མངོན་བྱོན།། བར་དུ་ད་ཕྲུག་བདག་མེད།། ཐ་མར་བུ་རབ་རང་སྐྱེས།། མཚན་སྙན་འབྲུག་ཆུང་ལྡིར་སོང་།༈ ཡུལ་འཁྱམ་སྤྲང་ཕྲུག་སྡོམ་པོ།། རིམ་བཞིན་འཚར་ལོངས་བྱུང་ཚུལ།༈ རིག་གནས་གསར་བརྗེ་དུས་སུ།། མ་ཡུམ་སློབ་ཆུང་འགྲིམ་རུང་།། སློབ་རིམ་གསུམ་པའི་ཡན་ལ།། སློབ་པའི་སྐལ་བ་མ་བྱུང་།༈ ལྷན་སྐྱེས་ཤེས་རབ་ཕྲ་མོ།། མི་ཚེའི་ལོངས་སྤྱོད་ཉན་སོང་།༈ སྦྲིན་དཀར་པོ་ཐོད་ལ་བཟུང་ནས།། ས་ནག་པོ་འདོམ་ལ་འཇལ་ཞིང་།། བོང་སྐྱ་ལིའི་སྐྱེ་བ་བླངས་ཏེ།། ལུས་ལྷུ་དྲུག་སྡུག་ལ་གཟད་ཚུལ།༈ དུས་དང་སྐལ་བའི་དབང་གིས།། བདག་དང་མཉམ་སྐྱེས་སྤྲུལ་སྐུ།། སློབ་གྲོགས་ཤེས་རབ་རྒྱ་མཚོ།། ལྷན་ཅིག་ངལ་རྩོལ་སྦྱོང་རྡར།། སྒྱུར་བཀོད་ལེགས་པོ་བྱས་ཏེ།། རང་ལུས་སྡིག་སྒྲིབ་སྦྱངས་ཚུལ།༈ དཔོན་ངན་སེམས་ངན་བསགས་ནས།། བོད་པའི་བུ་རྒོད་སྐོར་ཞིག། མ་ཉེས་ཁ་གཡོག་ཐེབ་ནས།། རྒྱལ་ཁྲིམས་བཙོན་དུ་བཅུག་རུང་།། གནས་ལུགས་རབ་དཀར་ཕོ་ཉས།། དཔའ་མ་ཞུམ་ཐར་བ་ཐོབ་ཚུལ།༈ ཚེ་གཅིག་ལུས་གཅིག་བླངས་ནས།། བློ་ཁ་ཆོས་ལ་ཕྱོགས་ཏེ།། རྒྱལ་བའི་སྐུ་གསུང་ཐུགས་རྟེན།། གསུང་རབ་ཞལ་འདོན་ཕྱག་ལེན།། མཆོག་གསུམ་མཆོད་པ་ལ་སོགས།། དམ་པ་ཆོས་པའི་ངང་ཚུལ།༈ གསང་སྔགས་ཐེག་ཆེན་རྩ་རླུང་།། མངོན་རྟགས་ཐོབ་པའི་ངང་ཚུལ།༈ རང་སྲོག་རང་གིས་བཅད་ནས།། གཤིན་རྗེ་ཕྲེང་ལམ་བསྙེགས་ཏེ།། བར་དོར་ཉུགས་པའི་གཤེན་པོ།། ཕྱི་མའི་ཕྲེང་ནས་བསྐྱབས་ཚུལ།༈ དཀོན་མཆོག་གསུམ་ཀྱི་བྱིན་བརླབས།། གདམས་ངག་ལུང་གིས་ཟིན་ཚུལ།༈ ཕྱི་ལུགས་བོད་ལུགས་ཀྲུང་ལུགས།། གསོ་རིག་སྨན་པའི་ངང་ཚུལ།༈ ནད་པ་དྲག་ཅན་དག་ལ།། གསོ་རིག་སྨན་གྱིས་བསྐྱབས་ཚུལ།༈ ཉམས་ཐག་འགྲོ་བའི་སྡུག་བསྔལ།། ཕྱག་ཟུང་དྲོན་མོས་སེལ་ཚུལ།༈ རྒྱ་ཡིག་བོད་ཡིག་ཤེས་བྱ།། ཡིག་མཁན་དྲུང་ཡིག་ངང་ཚུལ།༈ རྒྱ་སྐད་བོད་སྐད་ལོ་ཙཱ།། སྐད་གཉིས་སྨྲ་བའི་ངང་ཚུལ།༈ ཉེས་ཁྲིམས་སྲིད་ཁྲིམས་དམངས་ཁྲིམས།། ཁྲིམས་ལུགས་མཁན་པོའི་ངང་ཚུལ།༈ རྒྱ་ཡིག་བོད་ཡིག་གློག་ཡིག། བོད་རིགས་དམངས་ཁྲོད་བརྩམས་ཆོས།།ལྗགས་རྩོམ་དེབ་ཐར་སྣ་ཚོགས།། དུམ་པ་སུམ་ཅུ་རྩ་གྲངས།། གང་དགར་ལེགས་གྲུབ་བྱུང་ནས།། རྩོམ་པ་པོ་ཡི་ངང་ཚུལ།༈ རྒྱལ་ཁབ་ཆེན་པོའི་སྲིད་ཕྱོགས།། ལས་དོན་གཞོལ་བའི་ངང་ཚུལ།༈ རྒྱ་བོད་དུས་དེབ་ཚགས་པར།། བོད་ཀྱི་རིག་གནས་དྲ་ཚིགས།། རྩོམ་ཡིག་སྟོང་ཕྲག་དུ་མ།། དྲ་ཐོག་སྤེལ་བ་ལ་སོགས།། གསར་འགོད་པ་ཡི་ངང་ཚུལ།༈ ཚན་རིག་གློག་གླད་རྩིས་འཁོར།། ཤེས་བྱ་ཀུན་གྱི་ཕྱོགས་ལ།། ཅི་ཡང་མ་སློབ་མ་སྦྱངས།། ཕྱོགས་ཙམ་ལག་ལེན་བྱས་པས།། ཐམས་ཅད་མངོན་པར་རྟགས་སོ།། ཞེས་མི་རང་གིས་སྐྱེ་བ་འདི་རུ་ཆོས་སྲིད་ཟུང་གི་འཕྲིན་ལས་ལེགས་གྲུབ་བྱུང་ནས་འགྲོ་བ་སེམས་ཅན་ཐམས་ཅད་ལ་གང་མཁོ་གང་འཚམས་གང་འོས་ཀྱི་སྒོ་ནས་སངས་རྒྱས་ཀྱི་ཆོས་ལུགས་དང་། འཇིག་རྟེན་གྱི་གནས་ལུགས། རྒྱལ་ཁབ་ཀྱི་ཁྲིམས་ལུགས་སོགས་གཞུང་ལུགས་དང་ལག་ལེན་ཐམས་ཅད་ཤེས་རབ་རྩལ་གྱིས་ཟུང་འབྲེལ་བྱས་ཏེ། ལག་ལེན་དངོས་ལས་ཤེས་བྱ་སྣ་ཚོགས་ལོངས་སུ་སྤྱད་ནས་རང་གི་མི་ཚེ་རིང་མོའི་འགྲོ་དོན་གཞོལ་ཞིང་། མཐུན་རྐྱེན་གང་ལེགས་འབྱུང་བའི་མཛད་པ་སོགས་མདོར་ན་མར་ཁེ་སི་རིང་ལུགས་ཀྱི་རྒྱལ་ཁབ་ལྟ་ཚུལ་དང་། མི་རིགས་ལྟ་ཚུལ། ཆོས་ལུགས་ལྟ་ཚུལ། ལོ་རྒྱུས་ལྟ་ཚུལ། རིག་གནས་ལྟ་ཚུལ་སོགས་གཞིར་བཟུང་སྟེ། མི་ཚེ་གཅིག་ལ་མི་རྟག་སྒྱུ་མའི་རྨི་ལམ་གྱི་དབྱིངས་སུ་གདུལ་བྱ་སྣ་ཚོགས་བཅུ་ཕྲག་དུ་མའི་སྒྱུ་འཕྲུལ་གྱི་གར་ལ་རོལ་བ་དང་། ཟིང་ཟིང་འཇིག་རྟེན་འཁོར་བའི་བྱ་བཞག་ཕྲ་མོ་གོང་ནས་གོང་དུ་འཕེལ་ནས། ཁ་ལུས་རླུང་རྟ་མེ་ལྕེ་འབར་འབར་དང་། ཁ་བཏགས་དཀར་པོ་ཁང་སྐྱ་འབབ་འབབ་བྱས་ཏེ། འགྲོ་བ་སེམས་ཅན་ཐམས་ཅད་ལ་དགེ་བའི་ལེགས་ཚོགས་ཅུང་ཙམ་སྐྲུན་ཐུབ་པར་བྱུང་བ་དང་། ལོ་རྒས་རུང་དྲང་སྲོང་འཆི་མེད་ཡིན།། རྒྱུ་མེད་རུང་ཡིད་བཞིན་ནོར་བུ་ཡིན།། ཞེས་རང་གིས་རང་ལ་ལབ་པའི་ཁ་དཔེ་ལྟར་གདུལ་བྱའི་ལས་འཕྲོ་ཉག་ཙམ་ད་དུང་མཇུག་མ་རྫོགས་པར་ཤེས་བྱ་དང་ཡོན་ཏན་མེད་པའི་ངོ་ཚ་རྒྱབ་ཏུ་བསྐྱུར་ཏེ། ཚེ་རབས་སྔོན་མའི་ཟོན་བཟང་གི་འབྲས་བུ་ཡོངས་སུ་སྨིན་ནས། རང་མཚང་རང་གིས་བརྟོལ་ནས་ལོ་རྒྱུས་ཀྱི་ཤོག་ལྷེ་རིང་མོ་རེ་རེར་བཞིན་གྲུབ་ཅིང་། རང་གི་བུ་རབས་ཚ་རྒྱུད་རྣམས་ལ་ཁྱིམ་རབས་དེབ་ཐེར་གྱི་ཚུལ་དང་མ་ཡུམ་གངས་ལྗོངས་ཡུལ་ལ་བཀྲ་ཤིས་དར་དཀར་དྲི་མ་མེད་པའི་ལེགས་སྐྱེས་སུ་མཚོན་པ་ཙམ་ལས་མ་འདས་པས་ཐམས་ཅད་བཀྲ་ཤིས་བདེ་ལེགས་འབྱུང་གྱུར་ནས་ཕུན་ཚོགས་དཔལ་གྱིས་རབ་ཏུ་མཛེས་པར་ཤོག། སརྦ་ཛ་ཡནྟུ།། 

གསལ་བཤད་མདོར་བསྡུས། དེ་ཡང་བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་ཁྱི་སྤྱི་ལོ༢༠༡༨ལོའི་ཟླ་བ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་ཏེ་རང་རེའི་མེས་རྒྱལ་གྱིས་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པའི་བཀྲ་ཤིས་པའི་ཉིན་མོ་དང་། ༼མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར༽སྤེལ་ནས་ལོ་འཁོར་སོ་ལྔ་ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བཀྲ་ཤིས་ཕུན་སུན་ཚོགས་པའི་ཉིན་མོ་ལ། རྒྱལ་བའི་ཁབ་ཀྱི་གཞུང་ཕྱོགས་ནས་སྒྲུབ་བཞིན་ཡོད་པའི་བོད་ཀྱི་ཆེའི་ཐོག་མའི་བཅའ་ཁྲིམས་ཆེད་ལས་འཕྲིན་སྟེགས་ཚགས་པར་འདིའི༼ཕུན་ཚོགས་མེ་ལོང༽ཞེས་པའི་ལེ་ཚན་ནང་དུ་གསར་འགོད་པ་བསོད་ནམས་ཚེ་རིང་གིས་རོང་ཆེན་ལྷ་རྒྱལ་དཔལ་གྱི་གནས་ཚུལ་རགས་བཀོད་ཞེས་པའི་ཁ་བྱང་ལ༼ གྱོད་དོན་གྱི་གསལ་ཁ་སྟོན་པའི་བགྲེས་པོ་ཞིག ༽ཅེས་ཚགས་པར་གྱི་པར་ངོས་ཧྲིལ་བོ་ཞིག་བཀོལ་ནས་ཁོ་བོས་དྲང་བདེན་དང་རྒྱུ་འབྲས་ཕྱོགས་སུ་བསྙེགས་པའི་མི་ཚེའི་ལམ་བུ་ཕྲ་མོར་གདེང་འཇོག་གང་ལེགས་བྱས་ཏེ། གསར་འགོད་པས་ཕྱོགས་སྡོམ་གང་ལེགས་བྱས་ཡོད་པ་དང་། སྤྱི་ཚོགས་སྟེང་ནས་ཁོ་བོའི་མི་ཚེའི་རིན་ཐང་ཁས་ལེན་བྱས་པ་རྟག་ཏུ་མཚོན་ནས་མི་སེར་སེམས་ཁུང་གི་བཅའ་ཁྲིམས་སྲུང་སྐྱོང་མཁན་ཞེས་པར་ཡོངས་སུ་གྲགས་པ་མ་ཟད། ཁོ་བོའི་ཚེ་མཇུག་ཏུ་ད་དུང་མུ་མཐུད་དུ་སློབ་སྦྱོང་ལ་འབད་འབུངས་བྱེད་དགོས་པ་དང་ལས་དགེ་བ་དཀར་པོའི་གདུལ་བྱའི་ཕྱོགས་སུ་འབད་བརྩོན་བྱེད་དགོས་པའི་སྐུལ་ལྕག་བཏང་ནས་སྡོམ་ཚིག་འདི་འདྲ་ཞིག་མཆིས་པ་སྟེ། རོང་ཆེན་ལྷ་རྒྱལ་དཔལ་ལ་ཁྲིམས་ལུགས་རིག་པའི་གཞུང་ལུགས་དང་ཤེས་བྱ་ཕྲན་བུ་ཙམ་ལས་མེད་ནའང་ལག་ལེན་གྱི་བྱང་ཆ་སོགས་ཧ་ཅང་ཕུན་སུམ་ཚོགས་པས། ལོ་རེར་བཞིན་གྱོད་གཞི་སྣ་ཚོགས་བཅུ་ཕྲག་ཁ་ཤས་ལག་ལེན་དུ་བསྟར་ནས་། བོད་རྒྱ་སྐད་གཉིས་སྨྲ་བར་ཐོགས་པ་མེད་པའི་ངང་ནས་བཅའ་ཁྲིམས་དག་འབུལ་བྱེད་བཞིན་ཡོད་པ་མ་ཟད། རུལ་སུངས་ལ་ངོ་རྒོལ་དང་སྲིད་ཕྱོགས་ཀྱི་ཡི་གེ་ངོ་གཏུགས་བྱ་བ་ཡང་གང་མང་བསྒྲུབས་ཏེ། དམངས་ཁྲོད་ཀྱི་གྱོད་སྣ་ཁ་མཆུ་སོགས་ཞི་བར་བྱེད་པར་ལམ་སྣ་གསལ་བོ་བསྟན་ཡོད་པ་ནི་ཀུན་གྱིས་ཡིད་སྨོན་འཆོར་ས་ཉག་ཅིག་ཏུ་ངོས་འཛིན་བྱ་ཆོག ཁྱད་པར་དུ་རོང་འབྲོག་མང་ཚོགས་ཀྱི་གྲོས་སུ་ཞུགས་ནས། ལས་དཀར་ནག་གི་དབྱེ་བ་འབྱེད་ཅིང་བདེན་རྫུན་གྱི་བརྡར་ཤ་བཅད་ནས། བཙན་པོའི་གཉའ་ནས་ཟིལ་ཀྱིས་མནན་ཞིང་། གཉོམ་ཆུང་ཟེ་ཁའི་ཡར་འཐེན་བྱས་པ་སོགས་དྲང་བདེན་བསྐྱངས་པ་ལས། ཁོ་རང་གིས་ཏང་དང་མེས་རྒྱལ་ལ་བློ་སེམས་དཀར་ཞིང་། མི་དམངས་མང་ཚོགས་ལ་ཤ་ཞེན་ཆེ་བ་མཚོན་ཐུབ་ཅེས་གདེང་འཇོག་བྱས་ནས། རྒྱལ་ཡོངས་སུ་གསར་འགྱུར་འགྲེམ་སྤེལ་བྱས་ནས་དྲིལ་བསྒྲགས་བྱས་པས། ༢༠༡༩ལོའི་ཟླ་བ༡༠བར་མཚོ་སྔོན་ཞིང་ཆེན་གསར་འགྱུར་བྱ་བའི་མཐུན་ཚོགས་དང་། མཚོ་སྔོན་ཞིང་ཆེན་གསར་འགྱུར་རིག་པའི་ལྷན་ཚོགས་ཀྱིས་༢༠༡༨ལོར་མཚོ་སྔོན་གྱི་གྲངས་ཉུང་མི་རིགས་སྐད་དང་ཡིག་རིགས་གསར་འགྱུར་དཔྱད་འདེམས་ཁྲོད་དུ་གསར་འགོད་པ་བློ་མཐུན་བསོད་ནམས་ཚེ་རིང་ལགས་ལ་བྱ་དགའ་ཨང་གསུམ་པ་ཐོབ་ཡོད་པ་དང་བཅས་སོ།།

     དུས་མཚུངས་སུ་གངས་ལྗོངས་སུ་དམངས་ཁྲོད་ངག་རྒྱུན་ལས་ཀྱང་དུས་རྒྱུན་དུ་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་ནས། གང་གི་མཚན་ཙམ་འཛིན་དང་དྲན་པས་ཀྱང་།། མི་ཁ་གཏམ་ངན་གྱོད་སྣ་ཁ་མཆུ་སོགས།། མྱུར་དུ་ཞི་མཛད་རོང་ཆེན་ལྷ་རྒྱལ་དཔལ།། ལྷག་པའི་ལྷ་མཆོག་ཞབས་ལ་གསོལ་བ་འདེབས།། ཞེས་མང་ཚོགས་ཁྲི་མ་འབུམ་གྱི་སེམས་པའི་འདོད་མོས་མཚོན་ཕྱིར་ཕྱག་ཟུང་གི་སོར་བཅུའི་མེ་ཏོག་སྙིང་ཀར་སིམ་ནས་རེ་བ་ཉག་ཅིག་བཅོལ་བཞིན་སྐྱབས་སུ་མཆི་བདང་གསོལ་བ་རྩེ་གཅིག་ཏུ་འདེབས་པའི་ཡུལ་སོགས་ལྷག་བསམ་རྣམ་པ་དཀར་པོས་མོས་གུས་དང་གདེངའཇོག་ཚད་མཐོན་པོ་མཚོན་བཞིན་ཡོད་པ་སོགས་ལས་མ་འདས་སོ།། བཀྲ་ཤིས་དགེ་ལེགས་འཕེལ་ཞིང་སརྦ་ཛཡནྟུ།།  །།


༄༅།།རོང་ཆེན་འཇིག་རྟེན་འགྲིམ་པའི་ཚེ་མཇུག་གི་རྐང་རྗེས་རི་མོ་དོག་མོ་ས་ལ་བྲིས་པ་

 དྲང་སྲོང་རྒན་པོའི་གཏམ་རྒྱུད་ཐུང་ངུ་ཞེས་བྱ་བ་བཞུགས་སོ།

      ༄༅།།འདིར་ཡང“རང་འགུལ་གྱིས་ལས་འཁྱེར་ངལ་གསོ་བྱས་རུང་། རང་ཤུགས་ཀྱིས་ལས་མཚམས་བཞག་མ་མྱོང”ཞེས་རང་རྒྱལ་ལས་བྱེད་པའི་ལས་འཁྱེར་ངལ་གསོའི་ལམ་ལུགས་ལྟར་ཁོ་བོར་མཚོན་ན་སྤྱི་ལོ1998ལོའི་ཟླ9བའི་ནང་ལ་གཟི་བརྗིད་ངང་ནས་ལས་འཁྱེར་ངལ་གསོ་བྱས་པ་ཡིན་ཞིང་། སྐད་ཅིག་ཙམ་གྱིས་ལོ་ངོ22འགོར་བ་དང་འདས་ཟིན་པའི་ལོ་ཟླ་རིང་མོ་ནི་རྟ་མཆོག་ལྕགས་ཀྱིས་བསྐུལ་བ་བཞིན་ངོ་མས་མགྱོགས་པོར་འདུག ད་ལྟ་བསམ་དབང་དང་བསགས་དབང་མེད་པར་རང་ལོ་བདུན་ཅུར་ཟོན། ཡིན་ན་འང་ཐམས་ཅད་ཁ་སང་སོ་མ་མགོ་བརྩམས་པ་དང་མཚུངས། གང་ལྟར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་ལས་འཁྱེར་ངལ་གསོའི་ལས་བྱེད་པའི་དྲ་ཚིགས་ལས་འགོ་ཁྲིད་རྒན་པ་བློ་མཐུན་ཝིས་མེན་ཞཱ་ཡིས་བརྒྱུད་སྤེལ་བྱས་པའིལས་འཁྱེར་ངལ་གསོ་ངོ་མས་བཟངཞེས་པའི་རྩོམ་ཡིག་ཞིག་ཀློག་རྗེས་ཁོ་བོས་ཀྱང་རང་གིས་ལས་འཁྱེར་ངལ་གསོ་བྱས་ནས་ལོ་འཁོར20ལྷག་གི་རིང་ལ་ཚེ་མཇུག་ཏུ་དགའ་བདེའི་དཔལ་ལ་རོལ་ཞིང་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བར་ཕྱིར་མིག་ཞིག་ལྟ་དགོས་པར་བྱུང་འདུག།

      ཁོ་བོས་བལྟས་ན་ལས་འཁྱུར་ངལ་གསོ་ནི་ངལ་གསོའི་ཆེད་དུ་མིན་ཞིང་། ངལ་གསོ་ནི་མཐའ་མཇུག་གི་དམིགས་ཡུལ་ཡང་མིན་པས། ད་དུང་རང་རྐང་གི་མི་མངོན་པའི་ནུས་ཤུགས་ཡོད་ཚད་རྔོགས་འདོན་བྱེད་དགོས་པར་སེམས། ངལ་གསོ་ནི་ཚེ་མཇུག་གི་ས་ཚིགས་མིན་ལ་མི་ཚེ་ཡི་མཐའ་མཇུག་ཀྱང་མིན། ཁྱད་པར་དུ་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྒོ་ཆེན་ནང་ལ་ཐད་ཀར་སླེབས་ཟིན་པའང་མ་རེད། ལས་འཁྱུར་ངལ་གསོ་ནི་སྔར་ལས་ལྷག་པའི་སྒོ་ནས་མི་ཚེའི་བདེ་སྐྱིད་འཚོ་བ་མངོན་པར་རོལ་བ་དང་། མི་ཚེའི་འཇིག་རྟེན་ལྟ་ཚུལ་གྱི་རིན་ཐང་མངོན་འགྱུར་བྱེད་དགོས་པ་དེ་རེད། དེ་བས་གོང་ནས་བཤད་ན་ལས་ཁུངས་འགོ་ཁྲིད་པའི་ངོ་མདངས་ལ་ལྟ་མི་དགོས་ཤིང་། ཞོལ་ནས་བཤད་ན་ལས་གྲོགས་རྣམས་པས་བཟང་ངན་དཔྱད་སྡུར་ལ་ཉན་མི་དགོས་པས། དོགས་ཟོན་མཐའ་དག་སེལ་ནས་རང་དབང་རང་རྒྱལ་གྱིས་འཇིག་རྟེན་གྱི་མཐའ་ཡས་པའི་རྒྱ་མཚོ་ཆེན་པོའི་ངོགས་སུ་རང་སྣང་ཅི་འདོད་ཀྱིས་རྐྱལ་རྩལ་འདྲན་ཆོག་པར་གྱུར་པ་དང་། མོས་འདུན་བརྟན་སྲུང་དང་བློ་དཀར་འགྱུར་མེད་ཀྱི་ངང་ནས་གནམ་རྒན་མས་བཀོད་སྒྲིག་བྱས་པ་ལྟར་རང་གི་ལས་དབང་ལ་གོང་བཀུར་དང་། དོན་དངོས་ལ་རྐང་ཚུགས་པར་བྱས་ནས་རང་སེམས་འགྱོད་པ་མེད་པར་ང་རང་ཚོའི་མཐའ་འཁོར་ནས་ནམ་ཡང་ལྟོ་གོས་གནང་མཁན་གྱི་ཕ་མ་ལྟ་བུའི་མི་དམངས་མང་ཚོགས་ལ་བསྟུད་མར་དྲིན་ལན་འཇལ་དགོས་པ་དང་། ཐོག་མའི་སེམས་པ་མི་བརྗེད་པར་བྱ་བཞག་ཐམས་ཅད་སེམས་ལ་བཅིངས་ནས། གུང་ཁྲན་ཏང་མི་ཞིག་གི་ཆ་ནས“མི་དམངས་ལ་ཞབས་འདེགས་ཞུ་དགོས”ཞེས་པའི་གསེར་འོད་འཁྱུགས་བཞིན་པའི་ཡིག་འབྲི་འགའ་དེ་ནམ་ཡང་རང་གི་དམར་ཆུང་སེམས་པའི་དཀྱིལ་ལ་ཡང་ནས་ཡང་དུ་འཁོར་བཞིན་འདུག་པ་ལས་མ་འདས་སོ།།

      ཁོ་བོས་ལས་འཁྱུར་ངལ་གསོ་བྱས་ནས་ལོ་ངོ20ལྷ་གི་རིང་ལ་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་བྱ་འགུལ་དུ་ཞུགས་ཏེ། བསྟུད་མར་མང་ཚོགས་ལ་བཅའ་ཁྲིམས་རོགས་སྐྱོར་བྱ་བ་སོགས་ཞབས་འདེགས་གང་ལེགས་སྒྲུབ་ནས། རང་རྐང་གི་ཚེ་མཇུག་ཏུ་འཇོན་ཐང་མངོན་འགྱུར་བྱེད་བཞིན་ཡོད། དཔེར་ན 2018ལོའི་ཟླ་བ12པའི་ཚེས29ཉིན་ལ། མེས་རྒྱལ་ཀྱིས་སྒྱུར་བཅོས་སྒོ་འགྱེད་བྱས་ནས་ལོ་འཁོར40ལོན་པ་དང་།མཚོ་སྔོན་ཁྲིམས་ལུགས་ཚགས་པརདབུ་ཚུགས་ནས་ལོ་འཁོར35ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་དུས་བཟང་གི་ཉིན་མོར་ཚགས་པར་འདི་ཀའི་གསར་འགོད་པ་བློ་མཐུན་བསོད་ནམས་ཚེ་རིང་གིས་ཁ་བྱང་ལམི་སེར་སེམས་ཁུངས་ཀྱི་བཅའ་ཁྲིམས་ཁེ་དབང་སྲུང་སྐྱོང་བྱེད་མཁནནམབཅའ་ཁྲིམས་ཀྱི་གསལ་ཁ་གཏོལ་བའི་བགྲེས་པོ་ཞིགཞེས་པའི་བརྗོད་བྱ་གཙོ་བོ་དང་། རོང་ཆེན་ལྷ་རྒྱལ་དཔལ་ལ་བཅར་འདྲི་བྱས་པཞེས་པའི་ཆེད་སྒྲིག་རྩོམ་ཡིག་རིང་མོ་ཞིག་སྤེལ་ནས། ཁོ་བོས་ལས་འཁྱུར་ངལ་གསོ་བྱས་ཚུན་གྱི་འཚོ་བའི་རོལ་སྟངས་དང་བྱ་བའི་གྲུབ་འབྲས་སོགས་རྒྱལ་ཡོངས་སུ་དྲིལ་བསྒྲགས་བྱས་ཏེ། རོང་ཆེན་ལྷ་རྒྱལ་དཔལ་གྱིས་དྲང་བདེན་དང་རྒྱུ་འབྲས་ལྡན་པའི་ལམ་བུ་ཕྲ་མོ་བསྙེགས་པའི་བཞུད་ལམ་ཟིན་བྲིས་སུ་བཀོད་ཡོད་པ་མ་ཟད། ཕྱི་རོལ་ཡུལ་གྱི་གདེངས་འཇོག་དང་སྤྱི་ཚོགས་ཀྱིས་ཁས་ལེན་བྱས་པ་གང་ལེགས་མཚོན་ཡོད། རྩོམ་ཡིག་དེ་ལས“རོང་ཆེན་ལྷ་རྒྱལ་དཔལ་ལ་བཅའ་ཁྲིམས་ཀྱི་རྒྱུན་ཤེས་ཕྲ་མོ་ལས་མེད་ནའངདུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་དུས་མགོ་ནས་བཟུང་རྩྭ་ཐང་སྟེང་གི་བོད་རིགས་ཁྲིམས་རྩོད་པ་ཐོག་མར་གྱུར་ནསསྤྱི་ཚོགས་ཀྱི་ལག་ལེན་ཕུན་སུམ་ཚོགས་པ་དང་བྱ་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་བརྒྱུད་ནས་ལོ་རེར་བཞིན་གྱོད་གཞི་བཅུ་ཕྲག་འགའ་རེ་སྒྲུབ་གཉེར་བྱེད་བཞིན་ཡོད་ཅིང་། བྱང་ཆ་ལྡན་པའི་བོད་རྒྱ་ཡིག་རིགས་དང་སྐད་གཉིས་སྨྲ་བའི་ལམ་ནས་ཉེས་དོན་གྱོད་གཞི་དང་། དམངས་དོན་གྱོད་གཞི། སྲིད་འཛིན་གྱོད་གཞི། མང་ཚོགས་ཀྱི་ཡི་གེ་ངོ་གཏུགས་གྱོད་གཞི་སོགས་སྒྲུབ་གཉེར་བྱེད་པའི་ངོ་མཚར་ཁྱད་ཆོས་ལྡན་ཞིང་། དམངས་ཁྲོད་རྩོད་གཞི་སྣ་ཚོགས་འདུམ་སྒྲིག་བྱས་པ་དང་། རུལ་སུང་ལ་ངོ་རྒོལ་བྱས་ནས་སྤྱོད་གཙང་སྤེལ་ཞིང་། དྲང་བདེན་སྐྱོང་བ་སོགས་དགེ་མཚན་ལྡན་པའི་ངང་ནས་མི་སེར་གྱི་མདུན་དུ་གནས་པའི་འབུར་ཐོན་དཀའ་གནད་ལ་ཐུག་པའི་གནད་དོན་གང་མང་ཐག་ཆོད་བྱས་ཏེ། སྤྱི་ཚོགས་ཐོག་གི་འགལ་བ་དང་རྩོད་གཞི་ཅི་ཞིག་ལ་ཐུག་རུང་རྒྱལ་ཁབ་ཀྱི་རྒྱུན་ལྡན་ཡི་གེ་ངོ་གཏུགས་ཐབས་ལམ་སོགས་བརྒྱུད་ནས་རིམ་པ་ཁག་གི་མི་དམངས་སྲིད་གཞུང་གཙོ་གཉེར་སྡེ་ཁག་ལ་ཐག་ཆོད་འོས་འཚམས་གནང་བར་བཅུག་པ་དང་། ཡང་ན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་གོ་རིམ་བརྒྱུད་ནས་ཁྲིམས་ལྟར་གཞུང་དྲང་དྲི་མེད་ཀྱིས་ཐག་ཆོད་བྱེད་དུ་བཅུག་པས། མི་དམངས་མང་ཚོགས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བ་སོགས་ཏང་དང་མི་དམངས་སྲིད་གཞུང་། མི་དམངས་མངཚོགས་བར་གྱི་གསེར་ཟམ་ལྟ་བུར་གྱུར་ཞིང་། ཏང་དང་མང་ཚོགས་ཀྱི་འབྲེལ་ལམ་ཇེ་ཟབ་དང་། ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་ལམ་ཇེ་ཟབ་སོགས་མི་སེར་རྣམས་ཀྱིས་དུས་རྒྱུན་དུ“གུང་ཁྲན་ཏང་ལ་བཀའ་དྲིན་ཆེ་ཞུ་བ་དང་། མི་དམངས་སྲིད་གཞུང་ལ་བཀའ་དྲིན་ཆེ”ཞུ་བཞིན་ཡོད་པ་སོགས་ནི“དམངས་ལ་དོན་བཟང་སྒྲུབ་ནས། ཏང་ལ་གཟི་བརྗིད་བརྩོན”པ་ལས་མ་འདས་སོ། ཁྱད་པར་དུ་མང་ཚོགས་ཁྲོད་དུ་ཞུགས་ནས་རྟོགས་དཔྱད་ཞིབ་འཇུག་དང་། དངོས་ཐོག་བདེན་འཚོལ། དྲང་བདེན་སྐྱོང་བ། ཡིན་མིན་གསལ་འབྱེད། གནས་ལུགས་ལྟར་མི་སེམས་འགུགས་པའི་ཐབས་ལམ་སོགས་མི་སེར་སེམས་པའི་ནང་དུ་ནག་གཤེད་སྟོབས་ཤུགས་ལ་རྡུང་རྡེག་བྱེད་མཁན་དང་། ཉམས་ཐག་གཉོམ་ཆུང་ལ་རོགས་སྐྱོར་བྱེད་མཁན་གྱི་རེ་བ་ཉག་གཅིག་ཏུ་གྱུར་ཏེ། ཏང་གི་དྲིལ་བསྒྲགས་བྱ་བ་དང་བསམ་པའི་ཆབ་སྲིད་བྱ་བའི་བྱེད་ཕྱོགས་མངོན་འགྱུར་གང་ལེགས་བྱས་པས། ཁོ་བོས་ཏང་ལ་བློ་དཀར་བ་དང་། མེས་རྒྱལ་ལ་བློ་དཀར་། མི་དམངས་ལ་བློ་དཀར་བ་སོགས་ཀྱི་བསམ་པའི་ཀུན་སློང་བླ་ན་མ་མཆིས་པ་མཚོན་འདུག”ཞེས་བཀོད་འདུག དེ་བས2019ལོའི་ཟླ་བ10བའི་ནང་ལ་མཚོ་སྔོན་ཞིང་ཆེན་གསར་འགྱུར་བྱ་བ་སྒྲུབ་མཁན་གྱི་ལྷན་ཚོགས་དང་། མཚོ་སྔོན་ཞིང་ཆེན་གསར་འགྱུར་རིག་པའི་གཞུང་ལུགས་ཚོགས་པས2018ལོར“མཚོ་སྔོན་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གསར་འགྱུར”ཁྲོད་དུམི་སེར་སེམས་ཁུངས་ཀྱི་བཅའ་ཁྲིམས་ཁེ་དབང་སྲུང་སྐྱོང་བྱེད་མཁནཞེས་པའི་རྩོམ་ཡིག་འདིའི་རྩོམ་པ་པོ་བློ་མཐུན་བསོད་ནམས་ཚེ་རིང་ལ་བྱ་དགའ་ཨང་གསུམ་པ་ཐོབ་ཅིང་ཧ་ཅང་བཀྲ་ཤིས་པའི་རྟགས་སུ་མཆིས་སོ།།

     དེ་བས་ཁེ་དབང་སྲུང་སྐྱོང་ཞེས་བྱ་བ་ནི་མི་སྒེར་རམ་ཚོགས་པ་ཁག་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པར་ཟེར། ཁེ་དབང་སྲུང་སྐྱོང་གི་ཁྱབ་ཁུངས་ནི་མི་ལུས་གནོད་འཚེ་དང་། ས་ཞིང་རྩོད་གླེང་། རྩྭ་སའི་རྩོད་གླེང་། གན་རྒྱའི་རྩོད་གླེང་། མགྲིམ་འགྲུལ་དོན་རྐྱེན། སྨན་བཅོས་དོན་རྐྱེན། གཉེན་དོན། ཁྱིམ་ཚང་། རྒྱུན་འཛིན་སོགས་དམངས་དོན་རྩོད་གླེང་སོགས་སྲིད་འཛིན་དང་ཁྲིམས་འཛིན་གཏུགས་བཤེར་ཞེས་བྱ་བ་དེ་ཡིན། ཁེ་དབང་སྲུང་སྐྱོང་ཞེས་པའི་མིང་ཚིག་ནི་རང་རྒྱལ་གྱིས2000ལོའི་ཚུན་ལ་ཁེ་དབང་སྲུང་སྐྱོང་ལམ་ལུགས་དང་སྒྱུར་བཅོས་སྒོ་འབྱེད་འོག་ཏུ་གྲུབ་པ་ཞིག་ཡིན་ཞིང་། མང་ཚོགས་ཀྱིས་རང་གི་ཁེ་ཕན་དང་ཁེ་དབང་གི་ཆེད་དུ་གཏུགས་བཤེར་བྱེད་པའི་རིག་གནས་ཞིག་ཡིན་པས། ཁོ་བོས་ལས་འཁྱུར་ངལ་གསོ་བྱས་ནས་ལོ་འཁོར20ལྷག་གི་རིང་ལ་མཚོ་སྔོན་པོའི་གཡས་རུ་གཡོན་རུ་དང་། རྨ་ལུ་མའི་ཕར་ཚུར་གཉིས་ཀ མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁུངས་སུ་གསེར་ཆེན་དང་། ཁྲི་ཀ མང་རྫོང་། འབའ་རྫོང་། ཧང་རྫོང་སོགས་རྫོང་ཁག་ལྔ་དང་། ས་ཁུལ་གཞན་པ་མགོ་ལོག་དང་། རྨ་ལྷོ། མཚོ་བྱང་། མཚོ་ནུབ། མཚོ་ཤར་སོགས་དང་། ཡང་ན་ཟི་ལིང་གྲོང་ཁྱེར་དང་། གོར་མོ་གྲོང་ཁྱེར། བོད་ལྗོངས་ལྷ་ས་གྲོང་ཁྱེར། ཅང་སུའུ་ནན་ཅིན་གྲོང་ཁྱེར་སོགས་མེས་རྒྱལ་གྱི་ས་གནས་སོ་སོར་གདན་དྲངས་པ་ལྟར་སོང་ནས། ཉེས་དོན་གྱོད་གཞི་དང་དམངས་དོན་གྱོད་གཞི། སྲིད་འཛིན་གྱོད་གཞི་སོགས་སྒྲུབ་གཉེར་བྱས་ཤིང་། ཁྱད་པར་དུ་འབྲོག་ཕྱོགས་དམངས་ཁྲོད་ཀྱི་རྩྭ་སའི་རྩོད་གླེང་དང་། ས་ཞིང་རྩོད་གླེང། གཉེན་དོན་རྩོད་གླེང་། འགྲིམ་འགྲུལ་དོན་རྐྱེན། ཕྱུགས་ལས་ས་ཁུལ་གྱི་སྡེ་བ་དང་སྡེ་བའི་བར་གྱི་རྩོད་གླེང་། ཐ་ན་གཞི་རིམ་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འདེམས་བསྐོའི་བྱ་བ་སོགས་དམངས་ཁྲོད་ཀྱི་རྩོད་གླེང་སྣ་ཚོགས་ལ་དགེ་མཚན་ལྡན་པས་འདུམ་སྒྲིག་བྱ་བར་ཞུགས་ཏེ། ཧུར་ཐག་གིས་སྤྱི་ཚོགས་སྟེང་གི་འགལ་བ་སྣ་ཚོགས་མེད་པར་བཟོས་ནས། རིམ་པ་ཁག་གི་ཏང་སྲིད་འགོ་ཁྲིད་རྣམ་པས་བསྟོད་བསྔགས་གང་ལེགས་ཐོབ་པ་མ་ཟད། སྤྱི་ཚོགས་ཐོག་གི་ཕྱོགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་དགའ་བསུ་ཡང་ཐོབ་པ་ཡིན། ཁྱད་པར་དུ་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཞིག་གིས་ཁོ་བོར་གདེངས་འཇོག་གནང་ནས“བློ་མཐུན་འདི་ནི་རང་གཤིས་དྲངས་ཤིང་། ཁ་ཁོག་མེད་པ། ལྟ་ཚུལ་ཡང་དག དར་ཆ་གསལ་བསྒྲེངས། ཁ་གསལ་གཏིང་གསལ། དྲངས་བདེན་སྐྱོང་མཁན”ཞིག་ཡིན་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་མྱོང་བ་ཡིན།།

      དུས་མཚུངས་སུ་ཁོ་བོར་མཚོན་ན“སྒོ་བྱང་བཀལ་མ་མྱོང་པ་དང་། ཐང་དེམ་བཤམས་མ་མྱོང་པ། བསྒྲགས་ཡིག་བཀྲམ་མ་མྱོང་པ”སོགས་གཞུང་ཕྱོགས་མ་ཡིན་པའི་དམངས་ཁྲོད་བཅའ་ཁྲིམས་རོགས་སྐྱོར་མཁན་དང་གཞུང་ཡིག་འབྲི་མཁན་ཞབས་འདེགས་ལྟེ་གནས་ཞིག་ཏུ་གྱུར་འདུག་པས། དུས་ཡུན་རིང་བོར་དམངས་དོན་དང་། དཔལ་འབྱོར། སྲིད་འཛིན་གཏུགས་བཤེར་ལ་ཞུགས་པ་ལས་གཞན་ཡང་མང་ཚོགས་ཁྲོད་དུ་ཞུགས་ཏེ། གྱོད་དོན་རྟོགས་དཔྱོད་དང་། དངོས་ཐོག་བདེན་འཚོལ། རྒྱུ་འབྲས་གཞུང་དྲང་གིས་གྱོད་གཞི་སྒྲུབ་པ་བཅས་ཡིན་པས། མཐའ་འཁོར་གྱི་གྲོགས་པོ་ཚོས“ང་རང་ཚོའི་གམ་དུ་འདུག་པའི་ཧྥུའུ་ཨེར་མའོ་སི”ཞེས་གུ་རེ་རྩེད་བཞིན་ཡོད་པ་མ་ཟད། མི་སེར་ལ་རམ་འདེགས་ཞུས་ནས་བཅའ་ཁྲིམས་གཞུང་ཡིག་དང་། སྲིད་འཛིན་གཞུང་ཡིག དེའི་ནང་ལ་གཞི་རིམ་རྩ་འཛུགས་ཀྱི་ལོ་འགོའི་བྱ་བའི་བཀོད་སྒྲིག་དང་། ལོ་མཇུག་བྱ་བའི་སྤྱི་སྡོམ། ཀུང་ཟི་དང་མཉམ་ལས་ཁང་གི་སྒྲིག་ཡིག སྒྲིག་སྲོལ་ལམ་ལུགས། དཔལ་འབྱོར་འཛུགས་སྐྲུན་སྐོར་གྱི་སྙན་ཞུ། རྣམ་གྲངས་བརྩོན་ལེན་བྱེད་པའི་རེ་འདོད་སྙན་ཞུ། ཡང་ན་ཏང་གི་འཛུགས་སྐྲུན་བྱ་བའི་ལས་དོན་གསལ་ཞུ་སོགས་ཚབ་ཞུས་གཞུང་ཡིག་སྣ་ཚོགས་བྲིས་ནས་གོང་རིམ་ལ་ཕུལ་པ་ཡིན་པས། ཁོ་རང་ལ་གོང་གསེང་དང་ཁོམ་ལུང་མེད་ཅིང་བྱ་བའི་ལས་ཚད་ལྡབ་འགྱུར་ཡིན་ལ། ཡང་ན་ལས་འཁྱུར་ངལ་གསོ་མ་བྱས་སྔོན་ལས་ཀྱང་བྱ་བ་བྲེལ་ཚུབ་ཧ་ཅང་ཆེ་བར་འདུག ཁྱད་པར་དུ་བྱ་བའི་ཁྱབ་ཁུངས་ཀྱིས་ཚོད་འཛིན་མེད་ཅིང་། ཆེད་ལས་རང་བཞིན་གྱིས་ཚོད་འཛིན་མེད་པ། ས་གནས་རང་བཞིན་གྱིས་ཚོད་འཛིན་མེད་པ། བྱ་བའི་ཁྱབ་རྒྱ་རང་བཞིན་ཆེ་ཞིང་འགན་འཁྲིའི་རང་བཞིན་ཧ་ཅང་ལྗིད་དྲགས་པས། སྔར་བཞིན་མི་དམངས་ཀྱི་ཁྲོད་དུ་གཏིང་ཚུགས་ཞིང་མེ་ཏོག་བཞད་ནས་འབྲས་བུ་སྨིན་པ། མི་སེར་གྱིས་རེ་བ་ཅི་བཏོན་སྟོང་ཟད་དུ་མ་བཏང་པར་སེམས་ཅན་ལ་རོགས་རམ་བྱེད་རྒྱུ་དེ་རང་གི་སྐྱིད་སྣང་དུ་བཞག་སྟེ་འཇིག་རྟེན་ཐོག་ཏུ་དགའ་བདེའི་དཔལ་ལ་རོལ་བཞིན་འཚོ་བར་མཆིས་སོ།།

      ཁོ་བོ་ཀྱང་ལས་འཁྱུར་ངལ་གསོ་བྱས་མ་ཐག་ཏུ་གདན་དྲངས་པ་ལྟར་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་དང་། བོད་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་མཚོ་སྔོན་བཅའ་སྡོད་དོན་གཅོད་ཁང་གི་འབྲེལ་གཏུགས་པུའུ་ཡི་ཀྲུའུ་རིན་གཞོན་པ།མཚོ་སྔོན་བོད་རིགས་ཞིབ་འཇུགརྩོམ་སྒྲིག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་སོགས་གཅིག་ལྩོགས་ཀྱིས་བསྟུད་མར་མི་རིགས་ཆོས་ལུགས་དང་། དམངས་སྲོལ་རིག་གནས་ལོ་རྒྱུས་སོགས་ལ་ཞིབ་འཇུག་དང་། བོད་མི་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཕེལ་རྒྱས་སུ་འགྲོ་བའི་བྱ་བཞག་གང་ལེགས་སྒྲུབ་ཅིང་། ཏང་དང་མི་དམངས་ཀྱི་ལས་དོན་ལ་བསྟུད་མར་རང་ནུས་གང་འཛོམས་ཀྱིས་སྟོབས་ཤུགས་ཕུལ་བས། སྙན་པའི་བ་དན་དཀར་པོ་ཨ་སྔོན་དབྱིངས་སུ་བསྙེགས། 2012ལོའི་ཟླ་བ2པའི་ཚུན་ལ་མིག་སྔར་འཛམ་བུ་གླིང་གི་ཆེས་ཆེ་བའི་བོད་ལྗོངས་རིག་གནས་སྟེགས་བུབོད་མིའི་རིག་གནས་དྲ་བལས་གདན་དྲངས་པ་ལྟར་ཆེད་ཞུས་གསར་འགོད་པར་གྱུར་ནས། སྨྱན་གསར་བྱ་བ་ལས་ཏེ་སྔོན་གཞུག་ཏུ་བོད་རྒྱ་ཡིག་རིགས་སྐད་གཉིས་སྨྲ་བའི་ངང་ནས་རྩོམ་ཡིག5000ལྷག་བརྒྱུད་སྤེལ་དང་འབྲི་རྩོམ་བྱས་ནས། ཏང་གི་སྲིད་ཇུས་ལ་བསྟོད་བསྔགས་དང་། བཅོས་སྒྱུར་སྒོ་འབྱེད་ལ་བསྟོད་བསྔགས། བོད་ཁུལ་གྱི་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་གསར་བ་ལ་བསྟོད་བསྔགས་བྱས་པ་བཅས་ཡིན། དུས་མཚུངས་སུརྨ་ཡུལ་རོང་བོ་བློན་ཆོས་ཀྱི་གདུང་རབས་དོན་ལྡན་ཚངས་པའི་སྒྲ་དབྱངསཞེས་བྱ་བ་དང་། སྐྱབས་གཅིག་འགྲོ་བའི་མགོན་པོ་དཔལ་ལྡན་བླ་མ་སིངྔྷི་སྤྲུལ་བའི་སྐུ་གཞན་ཕན་བདེ་བའི་ཉི་མ་དཔལ་བཟང་པོའི་རྣམ་པར་ཐར་བ་འདོད་འཇོ་ནོར་བུའི་འཁྲི་ཤིང་ཞེས་བྱ་བ། མཚོ་སྔོན་བདུད་ཤུལ་འབུམ་ལུང་དགོན་བསམ་གཏན་ཉམས་དགའི་དབེན་གནས་ཀྱི་གདན་རབས་བྱུང་བ་ཚངས་སྲས་བཞད་པའི་གླུ་དབྱངསཞེས་བྱ་བ། གངས་ལྗོངས་མདོ་སྨད་གནས་མཆོག་གསུམ་གྱི་གནས་ཡིག་ཕྱོགས་བསྒྲིགས་རྫོགས་ལྡན་འཕྲུལ་གྱི་མེ་ལོངཞེས་བྱ་བ། མཚོ་སྔོན་དཔལ་གཞོང་ཕྱུག་མོའི་ལྷ་རྗེ་གྲགས་སྙན་ཅན་སྐོར་ཞིག་གི་རྣམ་ཐར་བྱུང་བ་བཻཌཱུརྱ་སྔོན་མོའི་མཛེས་རྒྱནཞེས་བྱ་བ། རྒྱ་བཟའི་ཏཱ་མིན་ཆེན་ཧུ་ཚང་གི་རུས་མཛོད་ཁ་བ་དཀར་པོའི་མེ་ཏོགཞེས་བྱ་བ། རོང་ཆེན་གསང་རྣམ་རྟོགས་བརྗོད་རང་ཉམས་གང་ཤར་ཁུ་བྱུག་སྔོན་མོའི་མགྲིན་གླུཞེས་བྱ་བ་སོགས་ལོ་རྒྱུས་དེབ་ཐེར་བཅུ་ཕྲག་རྩོམ་སྒྲིག་བྱས་ནས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་སོགས་ནས་པར་སྐྲུན་འགྲེམ་སྤེལ་བྱས་པ་མ་ཟད།  རོང་ཆེན་ལྷ་རྒྱལ་པལ་ཀྱི་རྩོམ་བསྡུས་ཕྱོགས་བསྒྲིགས་བཀྲ་ཤིས་ལྷ་དར་རིང་མོཞེས་བྱ་བ་སོགས་ཀྱང་ལེགས་བསྒྲིགས་དང་པར་སྐྲུན་བྱས་ཏེ་གང་ལྗོངས་ས་ལའི་ཡུལ་ལ་ལེགས་སྐྱེས་སུ་ཕུལ་བའང་ཤིན་ཏུ་བཀྲ་ཤིས་པའི་གནས་སུ་བསྔགས་སོ།།

གཞན་ཡང་རྨ་ཡུལ་རོང་བོ་བློན་ཆོས་ཕྱོགས་སུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཚུལ་སྐོར་ལ།སྔགས་སའི་མཚམས་ཐོག་གོང་མ་བཀྲ་ཤིས་ཆོས་རྫོང་དགེ་འཕེལ་བྱང་ཆུབ་གླིང་གི་གདན་རབསཞེས་བྱ་བ་དང་།རྒྱ་བཟའི་མཚམས་ཐོག་ཞོལ་མ་དགེ་ལྡན་བཤད་སྒྲུབ་རྣམ་པར་རྒྱལ་བའི་གླིང་གི་གདན་རབསཞེས་བྱ་བ། རྒྱ་བཟའི་བཀྲ་ཤིས་ཆོས་སྒང་རི་ཁྲོད་ཀྱི་ལོ་རྒྱུས་མདོར་བསྡུསཞེས་བྱ་བ།ལོ་བའི་རྒྱལ་པོ་ཁྲི་སྟེང་པད་དཀར་ཆོས་སྡིངས་ཀྱི་ལོ་རྒྱུས་རགས་བསྡུསཞེས་བྱ་བ།སྒུར་རུ་དགོན་ཨ་ཏི་དར་རྒྱས་གླིང་གི་ལོ་རྒྱུས་མདོར་བསྡུས་ཞེས་བྱ་བ།སྒུར་རུ་དགོན་གསོ་རིག་བདེ་ལྡན་གླིང་གི་ལོ་རྒྱུས་བསྡུས་པཞེས་བྱ་བ།རྟ་བོ་གྱང་རིང་དགོན་པའི་ལོ་རྒྱུས་མདོར་བསྡུསཞེས་བྱ་བ།དམེ་གླང་དབུས་རི་ཕྱུག་མོ་དགོན་མདོ་སྔགས་ཆོས་འཁོར་གླིང་གི་ལོ་རྒྱུས་རགས་བསྡུསཞེས་བྱ་བ་སོགས་དང་།བྲག་དཀར་སྤྲེལ་རྫོང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་གི་གདན་རབས་དད་པའི་འདབ་སྟོང་བཞད་པའི་ཉིན་བྱེདཅེས་བྱ་བ་། བོང་སྟག་ཆུ་ཁོལ་དགོན་པདྨ་མདོ་སྔགས་གླིང་གི་ལོ་རྒྱུས་རགས་བསྡུས་མཆོད་སྤྲིན་ལྷ་མོའི་ཕྱག་རྒྱཞེས་བྱ་བ།ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་གི་ལོ་རྒྱུས་བསྡུས་པ་ཆུ་འཛིན་དཀར་པོའི་ཕོ་ཉཞེས་བྱ་བ།ཆབ་འགག་བཀྲ་ཤིས་དར་ཐང་རིང་མོའི་སྔགས་དགོན་ཆུ་བར་ནོར་བུའི་གླིང་གི་ལོ་རྒྱུས་བྱུང་བ་ངོ་མཚར་པདྨའི་དགའ་ཚལཞེས་བྱ་བ་སོགས་མི་རིགས་ཆོས་ལུགས་དང་། ལོ་རྒྱུས་རྩོམ་ཡིག་བཅུ་ཕྲག་དུ་མ་བརྩམས་ཤིང་།རོང་ཆེན་བསླབ་བྱ་དྲང་སྲོང་ངག་གི་མགུར་དབྱངསདང་།དྲན་མགུར་ཁུ་བྱུག་སྔོན་མོའི་མགྲིན་གླུསོགས་སྔོན་གཞུག་ཏུཀྲུང་གོའི་མི་རིགས་ཆོས་ལུགསདྲ་བ་དང་།བོད་ལྗོངས་ཞིབ་འཇུགདུས་དེབ། མཚོ་སྔོན་རིག་གནས་ལོ་རྒྱུས་དཔྱད་ཡིག་ཕྱོགས་བསྒྲིགསལྷན་འཛོམས་རྩོམ་ཡིགམཚོ་སྔོན་པོ་དྲ་བདང་། རི་བོ་ཉི་ཟླདུས་དེབ་སོགས་ཀྱི་སྟེང་དུ་བཀོལ་ནས་འགྲེམ་སྤེལ་བྱས་པ་མ་ཟད། ཆོས་སྡེ་ཁག་གི་གདན་རབས་དང་། སྐྱེས་ཆེན་དམ་པའི་རྣམ་ཐར། རུ་སྡེ་ཁག་གི་རུས་མཛོད་སོགས་གང་ལ་གང་མཁོ་དང་། ཅི་ལ་ཅི་མཁོ་ལྟར་སེམས་ཅན་ཐམས་ཅད་ཀྱིས་རེ་བ་བཏོན་པ་སྟོང་ཟད་དུ་མ་བཏང་ཞིང་། མཐའ་དག་མེས་རྒྱལ་ལ་ལེགས་སྐྱེས་སུ་ཕུལ་ནས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་ཁུལ་ཡིག་ཚགས་ཅུས་དང་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་ཡོད་པ་མ་ཟད། འབྲེལ་ཡོད་སྡེ་ཁག་གིས་གཟེངས་བསྟོད་འཛིན་ཡིག་ཀྱང་རེ་རེར་བཞིན་གནང་ཡོད། དེའི་ནང་དུ་ཆེས་སྔ་མོར1998ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་པའིརྨ་ཡུལ་རོང་བོ་བློན་ཆོས་ཀྱི་གདུང་རབས་དོན་ལྡན་ཚངས་པའི་སྒྲ་དབྱངསཞེས་བྱ་བ་ནི་རོང་ཆེན་ལྷ་རྒྱལ་དཔལ་ཁོ་བོས་བརྩམས་ཆོས་དེབ་ཐེར་གྱི་ཐོག་མ་ཡིན་ལ་ཀྲུང་གོའི་ལོ་དེབ་གྲངས་རིག་དཔེ་མཛོད་ཁང་གི་གྲས་སུ་ཉར་ཚགས་བྱས་ཡོད་ཅིང་། ཨ་རུའི་ཀི་ལུང་པིས་ཡ་སློབ་ཆེན་དཔེ་མཛོད་ཁང་སོགས་ནས་ཀྱང་ཉར་ཚགས་བྱས་ཏེ་ལོ་རྒྱུས་དེབ་ཐེར་གྱི་གྲས་སུ་བཀོད་འདུག་པས། ཁོ་བོར་མཚོན་ན་གངས་ལྗོངས་དམངས་ཁྲོད་རྩོམ་པ་པོ་དང་། གཞུང་ཕྱོགས་མ་ཡིན་པའི་རང་མོས་རྩོམ་པ་པོ་རུ་གྱུར་ཞིང་། རང་གིས་རང་ལ་སློབ་གྲྭར་མགྲིམ་མ་མྱོང་བའི་ཡིག་རྨོང་བའི་རྩོམ་པ་པོ་ཞེས་མིང་དུ་བཏགས་ཡོད།།

      ཁྱད་པར་དུ་བཀྲ་ཤིས་འོད་སྣང་གིས་ཁེངས་པ་ཞིག་ནི་ཁོ་བོས་ཁ་བྱང་ལང་ཚོའི་སེམས་ཁུངས་ནས་ནམ་ཡང་ནུབ་པ་མེད་པའི་གསེར་མདོག་གི་ཉི་མ་སེར་བོཞེས་ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ལ་རྗེས་དྲན་དུ་ཕུལ་པའི་རྩོམ་ཡིག་སྤེལ་བར་ཀྲུང་གོའི་མི་ཡི་དབང་ཆ་ཞིབ་འཇུག་ཚོགས་པབོད་ལྗོངས་མི་ཡི་དབང་ཆའི་དྲ་བལས། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་དགོངས་པ་ཆོས་དབྱིངས་སུ་བྱོན་ནས་ལོ་འཁོར24ལོན་པའི་རྗེས་དྲན་ལྷན་འཛོམས་རྩོམ་ཡིག་ཏུ་རིམ་བཞིན་མི་དྲག་གི་རྣམ་ཐར་དང་། ཞལ་གསུང་གལ་ཆེན། གདུལ་བ་ཆེན་པོ། ལོ་རྒྱུས་ཀྱི་ཕྱག་རྗེས་སོགས་རླབས་ཆེན་གཚོ་འཛིན་མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལེ། ཏུན་ཞའོ་ཕེན། ང་ཕོ་ངག་དབང་འཇིགས་མེད་སོགས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་ཕུལ་བ་རིམ་བཞིན་སྐུ་པར་དང་བཅས་པ་བཀོལ་བའི་རྗེས་སུ་སྨྱན་གསར་གདེངས་འཇོག་ཚན་པ་ལས།“བོད་རིགས་དམངས་ཁྲོད་རྩོམ་པོ་དང་སྨྱན་གསར་གང་མང་གི་གསར་འགོད་པ་གཅིག་ལྕོགས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་རྩོམ་ཡིག་སྤེལ་ནས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་བླ་ན་མ་མཆིས་པའི་ཕྱག་རྗེས་ལ་རྗེས་དྲན་བྱས་ཏེ། པཎ་ཆེན་རིན་པོ་ཆེའི་མེས་རྒྱལ་ལ་ཤ་ཞེན་ཆེ་བའི་ཐུགས་དགོངས་ཟབ་མོ་དང་། བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་གནང་བ་སོགས་རང་རྒྱལ་བོད་བརྒྱུད་ནང་བསྟན་གྱི་མཁས་མཛངས་ལྡན་པའི་གཙོ་འཛིན་ཡིན”ཞེས་བཀོད་འདུག་ཟེར་ཞིང་། ཡིན་ནའང་སྨྱན་གསར་ཁྲི་འབུམ་མང་པོ་དང་གང་གི་རྩོམ་པ་པོ་གྲགས་ཅན་རྣམ་པས་ཀྱང་མོས་གུས་རབ་ཏུ་འཁྲུངས་པའི་བརྩེ་སེམས་བཅིངས་ནས་རླབས་ཆེན་ཀྱི་རྒྱལ་གཅེས་རིང་ལུགས་པ་དང་། སྙན་གྲགས་ཀྱི་བ་དན་ཨ་སྔོན་དབྱིངས་སུ་བསྙེགས་པའི་རྒྱལ་དོན་ཕྱག་ལས་མཛད་མཁན། ཀྲུང་གོའི་གུང་ཁྲན་ཏང་གི་གྲོགས་པོ་བློས་ཐུབ། བོད་བརྒྱུད་ནང་བསྟན་གྱི་མཁས་མཛངས་ལྡན་པའི་གཙོ་འཛིན་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་གིས་སྐུ་ཚེ་གང་པོར་མེས་རྒྱལ་གྱི་གཅིག་གྱུར་དང་། མི་རིགས་ཀྱི་མཐུན་སྒྲིལ། བོད་ལྗོངས་ཀྱི་དམངས་གཙོ་བཅོས་སྒྱུར་དང་སྒྱུར་བཅོས་སྒོ་འབྱེད། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཕན་ཚུན་མཐུན་སྦྱོར་ཡོང་བའི་ཕྱོགས་སུ་གཏན་དུ་ཉམས་པ་མེད་པའི་ཕྱག་རྗེས་མཛད་ཡོད་པས། ང་རང་ཚོས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་མཆོག་གི་རྒྱལ་གཅེས་རིང་ལུགས་ཀྱི་ཐུགས་དགོངས་མིག་དཔེར་ཞུས་ཏེ། རྦད་ཆོད་ཀྱིས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པ་དང་། རྦད་ཆོད་ཀྱིས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པ། རྦད་ཆོད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་གོང་བཀུར་དང་ཡིད་ཆེས་བྱེད་པ། རྦད་ཆོད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བྱེད་པ། བརྟན་ཞིང་འགྱུར་བ་མེད་པའི་སྒོ་ནས་རྒྱལ་ཡོངས་མི་རིགས་ལྔ་བཅུ་ང་དྲུག་དང་ལྷན་ཅིག་ཏུ་འབྱོར་ཕྱུག་ལྡན་པའི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཐུན་མོང་གི་རེ་མོས་དང་ཕུག་མདུན་ཁྱོན་ཡོངས་སུ་མངོན་འགྱུར་བྱེད་དགོས་པ་བཅས་རེད། ཡང་གཅིག་བཤད་ན་ཁོ་བོའི་རྩོམ་ཡིག་འདིར་སྨྱན་གསར་ཆེ་ཁག་གིས་བསྟུད་མར་འགྲེམ་སྤེལ་དང་བརྒྱུད་སྤེལ་བྱས་པ་ལས་རྒྱ་ཆེ་བའི་ཀློག་པ་པོ་རྣམ་པས་ཁས་ལེན་གང་ལེགས་གནང་བ་མཚོན་ཡོད་པས། ཁོ་བོར་མཚོན་ན་ཆེས་རིན་ཐང་ལྡན་པའི་བསྟོད་བསྔགས་དང་སྐུལ་ལྕག་གནང་བ་མ་ཟད། ཁོ་བོས་རྩོམ་ཡིག་གི་ལོ་རྒྱུས་ཁྲོད་དུ་ཅུང་ཙམ་ལེགས་གྲུབ་བྱུང་པའི་ཕུལ་བྱུང་རྩོམ་ཡིག་གི་འཐུས་ཚབ་གལ་ཆེན་ཞིག་ཀྱང་ཡིན་ཞེས་བཤད་ཆོག་པར་སེམས།།

      ཡང་ཅིག་བཤད་ན་ལས་འཁྱུར་ངལ་གསོ་ནི་དོན་དངོས་ཀྱི་འཚོ་བའི་ཁྲོད་དུ་རྒན་རབས་པ་ཚོའི་ཁྱབ་གདལ་གྱི་འཚོ་བའི་རོལ་སྟངས་ལྟར། སྤྱི་གླིང་ཉུལ་བ་སོགས་ཉི་མ་གཏོང་ཐབས་དང་། ལ་ལས་ལས་ཁུངས་ཀྱི་རྒྱ་སྒོ་སྲུང་བ། གད་སྙིགས་བཏུ་བ་སོགས་འཚོ་བའི་ཁ་གསབ་བཙལ་བ། ཡང་ན་ལ་ལས་སྡོང་བསིལ་འོག་དང་རྒྱ་ལམ་ཁ་ནས་སྐོར་དང་སྐོར་བྱས་ཏེ་ལབ་གླེང་བྱེད་པ་ལས་གཞན་བྱ་བ་ཅི་ཡང་མི་འདུག འོན་ཀྱང་མི་རེས་བསམ་ཚུལ་མི་འདྲ་ཞིང་བསམ་པའི་འཁོར་ཕྱོགས་ཀྱང་མི་གཅིག་པས། མི་རང་དང་རང་ལ་དགའ་ཕྱོགས་ཡོད་པས་གཞན་གྱིས་ཁྱོད་ལ་ཅི་བཤད་ཀྱང་དེ་ནི་མི་གཞན་པའི་དོན་དག་རེད། རང་དང་རང་གིས་ཕུན་སུམ་ཚོགས་པའི་འཚོ་བ་རོལ་བར་དགའ་ཞིང་། གསོན་ཤུགས་ལྡན་པ་དང་། གནས་ཚུལ་དངོས་ལ་ཁ་ཕྱོགས་པས་ན་གཞན་གྱིས་ཁྱོད་རང་ཁེར་རྐྱང་དུ་བཏང་ནའང་ཁྱོད་རང་ལ་ནུས་ཤུགས་ལྡན་པ་མཚོན་ཐུབ་ཅིང་། གཞན་གྱིས་ཁྱོད་ལ་ཕྲག་དོགས་བྱས་ན་ཁྱོད་རང་གཞན་ལས་ཕུལ་དུ་བྱུང་པ་མཚོན་ཐུབ། གཞན་གྱིས་ཁྱོད་ལ་ངན་གཏམ་བྱས་ན་ཁྱོད་ལ་སྟོབས་འབྱོར་འཛོམས་པ་མཚོན་ཐུབ། སེམས་ཅན་ཐམས་ཅད་ཀྱི་ཕྱོགས་རིས་མི་མཚུངས་པས་བཙན་གྱིས་དེའི་ནང་དུ་མགོ་བོ་འཚང་དགོས་དོན་མི་འདུག ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ལས་བྱེད་པ་དང་ལས་བཟོ་བ་སུ་དང་སུ་ཞིག་ཡིན་རུང་རང་དང་རང་གི་ཁྱད་ཆོས་ཡོད། ལ་ལས“མི་ཚེ་ཅི་ཙམ་གནས་ཐུབ་ན་དེ་སྲིད་བར་དུ་སློབ་སྦྱོང་བྱེད”ཅེས་པའི་ཐོག་མའི་དམ་བཅའ་མ་བརྗེད་པར་དོན་ཐོག་ཏུ་འཁྱོལ་ཐུབ་ཅིང་། རང་གི་སེམས་པའི་ཕུན་སུམ་ཚོགས་པའི་རྒྱུ་ནོར་ལོངས་སྤྱོད་འཐུས་ཚང་དུ་བཏང་ནས། ཤེས་ཡོན་གྱི་སྙིང་བཅུད་བསྟུད་མར་བསགས་ཏེ་རང་ཉིད་ཀྱི་མི་ཚེ་མཛེས་སྡུག་ཡོང་བར་བྱེད་བཞིན་ཡོད། ལ་ལས་རང་ཉིད་ཀྱི་ཚེ་མཇུག་ལ་ཡིད་ཆེས་མེད་པར་སེམས་པ་ཤོར་ནས་ལས་འཁྱུར་ངལ་གསོ་བྱས་པ་ནི་མི་ཚེ་ཡི་རྒྱུན་ལྡན་འཁོར་རྒྱུགས་བྱེད་འཚམས་བཞག་པར་སེམས་ཏེ། རང་གིས་སློབ་འདོད་མེད་ཅིང་། སྒྲུབ་འདོད་མེད་པ། སྒྲུབ་མི་ཤེས་པ། དགའ་ཕྱོགས་མེད་པ། ཆ་རྐྱེན་མེད་པ་སོགས་རང་གི་ཚེ་མཇུག་ལ་འདུ་ཤེས་དང་ཚོར་བ་མེད་པར་གང་ལྟར་བྱ་བ་ཅི་ཡང་ལས་རྒྱུ་མེད་པར་སེམས། དེ་ལས་ལྡོག་སྟེ་ལས་འཁྱུར་ངལ་གསོའི་འཚོ་བའི་ཁྲོད་དུ་བྱ་བ་གང་མང་འདུག་ཅིང་། སློབ་སྦྱོང་ལ་ཤུགས་སྣོན་དང་ ཕུགས་བསམ་མངོན་འགྱུར་བྱས་ཏེ། རང་ཉིད་ཀྱི་བརྗིད་ཆགས་གཟི་དཔལ་བཀྲ་བའི་རི་མོ་དར་སྤེལ་བྱས་ཆོག ལས་འཁྱུར་ངལ་གསོ་བྱས་རྗེས་ཤེས་ཡོན་གྱི་རྒྱ་མཚོ་ཆེན་པོ་ནི་ལྷག་པར་ཁྱབ་རྒྱ་ཡངས་ཤིང་མཐའ་ཡས་པས་བསྟུད་མར་སློབ་སྦྱོང་བྱེད་དགོས་པ་དང་། སྤྱི་ཚོགས་ཀྱི་ལག་ལེན་ཉམས་མྱོང་ནི་ཕུན་སུམ་ཚོགས་པ་ཡིན་པས་ཁྱོད་ཀྱིས་ནམ་ཡང་འདོན་སྤེལ་གང་ལེགས་བྱེད་དགོས། རང་ཉིད་དང་མི་སེར་བར་གྱི་འབྲེལ་བ་ལྷག་པར་དམ་ཞིང་གཏིང་ཟབ་ཡིན་པས་མང་ཚོགས་ཀྱི་ནང་དུ་ཟབ་ཞུགས་དང་མི་དམངས་ཀྱི་སྐྱིད་སྡུག་ཤེས་པར་བྱས་ཏེ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་དགོས་པ་སོགས་ད་རུང་ལེགས་འགྲུབ་མ་བྱོང་བའི་ལས་དོན་དང་ཕུགས་འདུན་རིང་མོ་དུས་ནམ་ཡིན་རུང་ཁྱོད་རང་གིས་མངོན་འགྱུར་བྱེད་པར་བསྒུགས་ཡོད། ཡང་ཅིག་བཤད་ན་དངོས་གནས་འཚོ་བའི་ཁྲོད་དུ་མིས་འདོད་མོས་ནི་ཕུགས་བསམ་ལས་མ་འདས་པས། སྐབས་ལ་ལར་མངོན་འགྱུར་བྱུང་ཐུབ་ཅིང་སྐབས་ལ་ལར་རྩ་བ་ནས་མངོན་འགྱུར་ཐུབ་པ་མ་རེད། དེ་བས་ཁོ་བོར་མཚོན་ན་སྤྱིར་བཏང་གི་མི་ཚེ་ལས་ཕ་རོལ་དུ་གོམ་གང་ཙམ་བསྒལ་ཐུབ་པར་བྱུང་མ་ཟད། ལུས་སྟོབས་རྒྱས་ལ་བཞིན་མདངས་ལྡན་ཞིང་། བདེ་བ་དང་བདེ་བའི་རྒྱུ་ཐམས་ཅད་མ་བསྒྲིགས་རང་འཛོམས་དང་། བསམ་པའི་ཐོག་གི་རྒྱུ་ནོར་ལོངས་སྤྱོད་ནི་རྒྱུན་ལྡན་གྱི་མི་དང་སྡུར་ཐབས་མི་འདུག་པར་ཧ་ཅང་ཕྱུག་ཅིང་ཕུན་སུམ་ཚོགས་པ་ཡིན། མི་ཚེ་ནི་རང་དང་རང་གི་ཐོད་པའི་ཁ་ཡིག་ལ་རག་ལས་སོ། ཁོ་བོར་མཚོན་ནའང་ལོ་ན་ཕྲ་བའི་དུས་སུ་དྭ་ཕྲུག་དང་། སྤང་པོ། སྡོམ་པོ་སློང་བོ་སོགས་ཀྱི་མི་ལུས་བླངས་ཞིང་། སྐྱིད་སྡུག་སྐྱོ་གསུམ་གྱི་ངང་ནས་སྡོད་གནས་ས་འོག་གད་པ་དང་། ཁ་ཟས་སྡུམ་བུ་ནེའུ་ལོ་ཡིན་ཞིང་། སྤྲིན་དཀར་ཐོད་ལ་བཟུང་ནས། ས་ནག་འདོམ་ལ་འཇལ་ཏེ། དུས་རྒྱུན་དུ་གཞན་ཡུལ་དུ་འཁྱམས་ཤིང་གནས་གང་ཡིན་རང་གི་ཁྱིམ་དུ་གྱུར་ནས། ཡིད་ཆེས་བརྟན་པོ་དང་། ཀུན་སློང་ཡག་པོ། མི་ཚེའི་སྙིང་རུས་བཅས་ཀྱིས་བྱིས་དུས་དཀའ་སྡུག་གི་ལོ་ཟླ་རིང་མོ་ཕར་རོལ་དུ་ཕྱིན། ཁྱད་པར་དུ་རིག་གནས་སྦྱངས་པའི་གོ་སྐབས་མེད་ཅིང་སློབ་སྦྱོང་གི་ལོ་རྒྱུས་དང་། སློབ་སྦྱོང་གི་འཛིན་རྟགས། ལས་ཀའི་ཐོབ་ཐང་སོགས་མེད་ཅིང་། གནམ་ས་འགུལ་བའི་བྱ་བཞག་གལ་ཆེན་ཞིག་ཀྱང་སྒྲུབ་མ་མྱོང་བས། སྤྱི་ཚོགས་ལ་ཕུལ་པའི་བྱས་རྗེས་ནི་བཤད་རིན་མེད་པ་ཞིག་ཡིན། འོན་ཀྱང་རི་གསུམ་རྩེ་རུ་འཛེགས་ཕོད་ན་འཇིག་རྟེན་ཁམས་སུ་དཀའ་བ་མེད། གང་ལྟར་ཡར་སྔོན་རྒྱལ་བའི་ཁབ་ཀྱི་སྲིད་སྟེགས་སུ་འཚོ་བར་གནས་པའི་སྐབས་སུ་ཡིན་ནའང་འདྲ། ད་ལྟ་ལས་འཁྱུར་ངལ་གསོའི་འཚོ་བ་རོལ་བཞིན་པའི་གནས་སུ་ཡིནའང་འདྲ། གང་ལྟར་སློབ་གྲྭ་འགྲིམ་མ་མྱོང་བ་ནི་ཁ་གཡར་ས་མིན་ཞིང་། རིག་གནས་མེད་པ་ནི་གནས་ལུགས་མིན་པ། སློབ་སྦྱོང་གི་འཛིན་རྟགས་དང་ལས་ཀའི་ཐོབ་ཐང་མེད་པ་སོགས་ཀྱི་དབང་གིས་གོམ་གང་མདུན་དུ་བསྐྱོད་ཐབས་མེད་པ་ཞིག་ག་ལ་ཡིན། ལས་ཀའི་གོ་གནས་མཐོ་དམན་དང་། བྱ་བའི་ནུས་ཤུགས་ཆེ་ཆུང་ཅི་འདྲ་ཡིན་ཀྱང་ཚང་མ་མི་དམངས་ལ་ཞབས་འདེགས་ཞུ་མཁན་ཡིན། ཁྱད་པར་དུ་ལས་འཁྱུར་ངལ་གསོ་བྱས་ཡོད་མེད་སུ་ཞིག་ཡིན་ཀྱང་ཁྱོད་རང་འཇིག་རྟེན་འདི་རུ་སླེབས་སྲིད་པ་ཡིན་ཕྱིར་གཙང་ཞིང་དྭངས་མོས་མི་ཚེ་ཞིག་རོལ་འོས་ཤིང་། ཟོལ་མེད་གཞུང་དྲང་གི་མི་བུ་ཞིག་བྱེད་འོས་པས། ནུས་ཤུགས་གང་ཡོད་ཀྱིས་མདུན་ཕྱོགས་སུ་བསྐྱོད་དགོས་པ་དང་། རང་གི་མི་ཚེ་རིང་མོ་མུ་མཐུད་དུ་འཐུས་ཚང་དུ་གཏོང་དགོས་པ་རེད། ཁྱད་པར་དུ་ཁོ་བོར་མཚོན་ན་སྤྱི་ཚོགས་གསར་བའི་ནང་ལ་མི་ལུས་བླངས་ཤིང་དར་དམར་འོག་ཏུ་ལང་ཚོ་རྒྱས། རླབས་ཆེན་མེས་རྒྱལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་གོམ་པ་མཉམ་གཤིབས་ཀྱིས་མཛེས་སྡུག་ལྡན་པའི་ངང་ནས་འཚར་ལོངས་བྱུང་བ་ཡིན། དེ་བས་ཏང་གིས་སྐྱེད་བསྲིང་དང་མི་དམངས་ཀྱིས་གསོ་སྐྱོང་བྱས་པར་དྲིན་ལན་འཇལ་འོས་པར་སེམས་ཤིང་། ཁོ་བོས་མི་ཚེ་རིང་མོའི་བཞུད་ལམ་ཁྲོད་དུ་ནམ་ཡིན་རུང་རང་གིས་རང་ལ་བླང་བྱ་ནན་མོ་དང་ཚད་གཞི་མཐོན་པོ་བཅིངས་ནས་རང་ནུས་གང་འཛོམས་ཀྱི་བྱ་བ་ཞིག་ཡིན་ཕྱིན་ཆེས་བཟང་པོར་བརྩོན་ལེན་བྱས་པ་ཡིན། འཇིག་རྟེན་ཁ་དཔེ་ལ་མདུན་ཕྱོགས་སུ་བལྟས་ན་ང་རང་མི་གཞན་ལས་ཞན་ཤིང་། རྗེས་ཕྱོགས་སུ་བལྟས་ན་ང་རང་མི་གཞན་ལས་བཟང་། ཏང་དང་མི་དམངས་སྲིད་གཞུང་གིས་གསོ་སྐྱོང་འོག་ཏུ་ཁོ་བོ་ལྟ་བུ་ཞིག་ཀྱང་གཟི་བརྗིད་ལྡན་པའི་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཏུ་གྱུར་བ་མ་ཟད། ལོ་ངོ་སུམ་ཅུའི་རིང་ལ་སྲིད་ཕྱོགས་སུ་བྱ་བ་ལས་པ་མ་ཟད། ཏང་དང་མི་དམངས་སྲིད་གཞུང་གིས་ཁོ་བོར་ཁའོ་ཀྲང་རིམ་པའི་གོ་གནས་ཞིག་ཀྱང་གནང་བ་ནི་མི་རང་ཉིད་ལ་མཚོན་ན་བསམ་ཡུལ་འདས་པའི་བླ་མེད་འགན་འཁྲི་ཡིན་པ་དང་། ཏང་དང་མི་དམངས་སྲིད་གཞུང་གི་མཛའ་བརྩེ་ལྡན་པའི་ཐུགས་ཁུར་འོག་ཏུ་མིག་སྔར་ལས་འཁྱུར་ངལ་གསོ་བྱས་རྗེས་སུ་ཡང་རྒན་གསོ་གྲོན་དངུལ་སོགས་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་དང་ཧ་ཅང་མཐུན་ཞིང་། ཧ་ལམ་ཞིང་ཆེན་ཡོངས་ཀྱི་ལས་བཟོ་བའི་ཆ་སྙོམས་གླ་ཕོགས་ཀྱི་ཆུ་ཚད་འབྲིང་བའི་གོང་མ་ལས་བརྒལ་འདུག་ཅིང་། བདེ་སྐྱིད་ཕུན་སུམ་ཚོགས་པའི་ངང་ནས་རང་གི་ཚེ་མཇུག་གི་འཚོ་བ་རོལ་བཞིན་འདུག དེ་ཡང་མི་ཞིག་གི་སྟོབས་འབྱོར་མངའ་ཐང་དང་རྒྱུ་ནོར་གྱི་དབུལ་ཕྱུག་ལ་རག་ལས་ཆེན་པོ་མེད་ནའང་འཇིག་རྟེན་གཏམ་དཔེ་ལ་རང་སེམས་ཚིམ་ན་བདེ་བ་ཡིན་ཞེས་ཟེར་པས། ཁོ་བོར་མཚོན་ན་ཡང་རང་སེམས་ཧ་ཅང་ཚིམ་ཞིང་བདེ་སྐྱིད་ལྡན་པ་ཞིག་ཡིན། ཁྱད་པར་དུ་རང་རྐང་གི་ཀླད་ཤུགས་ངལ་རྩོལ་ལས་ཐོན་པའི་རྩོམ་ཡོན་སྣ་ཚོགས་སོགས་སྤྱི་ཚོགས་ཀྱིས་དྲིན་ལན་འཇལ་བའི་ཡོང་འབབ་ཀྱང་ཧ་ཅང་བསམ་ཡུལ་ལས་འདས་པར་སེམས། བྱ་བ་དང་དཔལ་འབྱོར་གང་གི་ཐད་ནས་ཀྱང་མི་ཚེ་སྟོང་ཟད་དུ་མ་བཏང་པར་རང་སེམས་ན་འགྱོད་པ་ཆེན་པོ་མི་འདུག་ཅེས་བཤད་ཆོག གང་ལྟར་འཇིག་རྟེན་གྱི་དལ་འབྱོར་མི་ལུས་རིན་པོ་ཆེ་བླངས་པའི་གང་ཟག་ཞིག་ལ་མཚོན་ན་རང་དང་རང་གི་ཕྱག་ཟུང་གི་ངལ་རྩོལ་ནུས་ཤུགས་ལ་བསྟེན་ནས་འཇོར་དང་ལྕགས་ཁེམ་འཛིན་པའི་ཞིང་བ་ཕལ་བ་ཞིག་ཡིན་ནའང་འདྲ། ལག་ཏུ་འུར་ཆ་བཟུང་ནས་རྟ་ནོར་ལུག་གསུམ་གྱི་རྗེས་བསྙེགས་ཏེ་ཕྱུགས་ཟོག་འཚོ་སྐྱོང་བྱེད་པའི་འབྲོག་པ་ཕལ་བ་ཞིག་ཡིན་ནའང་འདྲ། སྦྱངས་བརྩོན་གྱི་ཤེས་རབ་རིག་པས་རྩལ་ལས་ཐོན་པའི་ན་གཞོན་སློབ་གྲྭ་ཆེན་མོ་བ་ཞིག་ཡིན་ནའང་འདྲ། ཀླད་ཤུགས་ཀྱི་ངལ་རྩོལ་དང་ཚན་རིག་གི་ལག་རྩལ་ལ་བསྟེན་ནས་དེང་རབས་ཅན་གྱི་ཤེས་རིག་ཡོན་ཏན་མངོན་པའི་མཁས་པའི་དབང་པོ་ཞིག་ཡིན་ནའང་འདྲ། ལུས་དབང་དང་ཐོད་པའི་ཁ་ཡིག་གིས་བཀོད་སྒྲིག་བྱས་པའི་ཐོབ་བང་ཐམ་ཀ་ཅན་གྱི་སྲིད་སྐྱོང་དཔོན་པོ་ཞིག་ཡིན་ནའང་འདྲ། དེ་དག་ཚང་མའི་ནུས་ཤུགས་ཀྱི་ཆེ་ཆུང་ངམ་ལས་རིགས་ཀྱི་ཕྱག་ལེན། ཐོབ་གོ་སའི་མཐོ་དམན་སོགས་ཅི་འདྲ་ཞིག་ཡིན་པ་ནི་ཚད་གཞི་གཙོ་བོ་མ་ཡིན་པར་དེ་ལས་གལ་ཆེན་ནང་གི་འགངས་ཆེན་ནི་སྤྱི་ཚོགས་ལ་མཁོ་བའི་མི་གཤིས་ཡག་པོ་ཞིག་ཡོད་མེད་དང་། ལྷག་བསམ་རྣམ་པར་དག་པའི་ཀུན་སློང་དང་དགེ་མཚན་ལྡན་པའི་ནུས་ཤུགས་ཡོད་རྒུ་བཏོན་ནས་མི་དམངས་མང་ཚོགས་ལ་ཞབས་འདེགས་བཟང་པོ་ཞིག་ཞུ་ཐུབ་མིན་དེ་ལ་ཐུག་ཡོད་སེམས། འདི་དག་ལས་ཁོ་བོ་རང་གིས་ལས་འཁྱུར་ངལ་གསོ་བྱས་ཚུནལོ་ངོ20ལྷག་གི་རིང་ལ་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་འི་རོལ་སྟངས་དང་མི་ཚེའི་ཕུགས་འདུན་མངོན་པའི་རིན་ཐང་སོགས་ཅུང་ཙམ་མཚོན་ཡོད་པས། རང་གི་བསམ་དོན་མ་ལུས་ཡིད་བཞིན་གྲུབ་ཅིང་། བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་དགེ་མཚན་འབུམ་ཕྲག་ལྡན་པ་དང་། རང་སྣང་གང་ཤར་གྱི་ཚོར་བ་ཐམས་ཅད་ཧ་ཅང་ཡག་པོ་ཞིག་འདུག་ཅིང་། རང་གི་ཚེ་མཇུག་ཏུ་དགའ་བདེའི་དཔལ་ལ་རོལ་བའི་གསེར་མདོག་ཉི་མས་འོད་སྣང་གིས་ཡོངས་སུ་ཁེངས་འདུག་པ་ལས་མ་འདས་སོ།། སརྦ་ཛ་ཡནྟུ།།

      རྩོམ་པ་པོ་ཡི་ལོ་རྒྱུས་མདོར་བསྡུས

      རོང་ཆེན་ལྷ་རྒྱལ་དཔལ་ནི་ཕོ་ཡིན་ལ་བོད་རིགས་ཡིན་པ་དང་། 1950ལོའི་ཟླ་བ7པའི་ཚེས་15ཉིན་ལ་མི་ལུས་བླངས་ཤིང་། མཚོ་སྔོན་ཞིང་ཆེན་ཞིན་ཧེ་རྫོང་གི་མི་ཡིན་པ་དང་། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་ནས་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ལས་བྱེད་པ་ཞིག་ཡིན།།

      1964ལོའི་ཟླ་བ7པ་ནས་1968ལོའི་ཟླ་བ་6པའི་བར་ལ་ཞིན་ཧེ་རྫོང་མི་རིགས་ཆ་ཚང་སློབ་ཆུང་ནས་སློབ་གྲྭར་ཞུགས་ཏེ། བོད་ཡིག་གི་སློབ་རིམ་གསུམ་པ་བར་བཏོན་ཞིང་དེ་ནི་ཁོ་བོའི་ཆེས་མཐོ་བའི་སློབ་སྦྱོང་གི་ལོ་རྒྱུས་ཡིན།།

      1968ལོའི་ཟླ་བ7པ་ནས་1969ལོའི་ཟླ7པའི་བར་ལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་དགེ་ཐོན་སློབ་གྲྭར་སློབ་ལོ་གཅིག་གི་རིང་ལ་མའོ་ཙེ་ཏུང་དགོངས་པའི་དྲིལ་བསྒྲགས་རུ་ཁག་ཏུ་ཁྲབ་སྟོན་བྱས་ཏེ། མིང་ཐོག་ཏུ་དམའ་འབྲིང་གི་འཛིན་རྟགས་སྟོང་བ་ཞིག་བླངས་པ་ཡིན།།

      1969ལོའི་ཟླ་བ7པར་བྱ་བར་ཞུགས་ཏེ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་ཆབ་སྲིད་པུའུ་ཡི་ནང་ནས་བྱ་བ་བཀོད་སྒྲིག་བྱེད་པར་བསྒུགས་པ་མ་ཟད། ཐེངས་གང་མང་ལ་ཞིན་ཧེ་རྫོང་དཔལ་ཁ་ཞང་དང་། གུང་ཧོ་རྫོང་དུམ་པ་ཞང་། མང་རྫོང་བྱ་མདོ་ཞང་སོགས་ཁུལ་ཡོངས་ཀྱི་ལྟེ་གནས་བྱ་བར་ཞུགས།།

      1970ལོའི་ཟླ་བ3པ་ནས་1973ལོའི་ཟླ་བ4བར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོ་ཕག་བཟོ་གྲྭ་རུ་བྱ་བ་ལས་ཏེ། ངལ་རྩོལ་སྒྱུར་བཀོད་བྱས་ཤིང་བཟོ་བའི་གྲལ་རིམ་གྱི་ཡང་སྐྱར་སློབ་གསོ་དང་ལེན་བྱས།།

      1973ལོའི་ཟླ་བ4ནས1978ལོའི་ཟླ་བ་དང་པོའི་བར་ལ་ཁྲི་ཀ་རྫོང་དཀར་བརྗིད་ཞང་སྒོ་མེ་ལྕང་ར་སློབ་ཁུལ་དུ་མི་རིགས་སློབ་གསོའི་བྱ་བ་ལས་ཤིང་། སྔོན་གཞུག་ཏུ་སྡོང་རྒན་ཐང་སློབ་ཆུང་དང་། སུམ་པ་སློབ་ཆུང་གི་དགེ་རྒན་དང་། སློབ་གཙོ། སློབ་གསོའི་ཞིབ་འཇུག་ཙུའུ་ཀྲང་། ལྕང་ར་སློབ་ཁུལ་གྱི་སྤྱི་ཁྱབ་འགན་ཁུར་བ་སོགས་ཕྲེག་ཏུ་ཁུར་ཞིང་། ཕྱིས་སུ་ཁྲི་ཀ་རྫོང་མི་རིགས་སློབ་འབྲིང་དུ་དགེ་རྒན་བྱས།།

      1978ལོའི་ཟླ་བ་དང་པོ་ནས་1985ལོའི་ཟླ་བ10བའི་བར་ལ་ཞིན་ཧེ་རྫོང་སློབ་འབྲིང་དང་། རྫོང་མཁར་ཞོལ་སློབ་ཆུང་གི་དགེ་རྒན། འཛིན་གྲྭའི་ཀྲུའུ་རིན། སློབ་གསོའི་ཞིབ་འཇུག་ཙུའུ་ཀྲང་། རྫོང་མི་དམངས་སྲིད་གཞུང་དང་རྫོང་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག ལོ་ཙཱ་བ་གཅིག་ལྕོགས། རྫོང་མི་དམངས་ཁྲིམས་ཁང་གི་མི་དམངས་འདྲི་གཅོད་རམ་འདེགས་པ་སོགས་བཅའ་ཁྲིམས་བྱ་བ་ལས་མགོ་བརྩམས། དུས་མཚུངས་སུ་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐེན་གྱི་བདེན་དབང་དང་ཁྲིམས་རྩོད་ལས་བྱེད་པའི་སྦྱོང་རྡར་འཛིན་གྲྭར་ཞུགས་ཤིང་། ཞིན་ཧེ་རྫོང་བཅའ་ཁྲིམས་བློ་སྟོན་ཁྲུའུ་ཡི་ཁྲིམས་རྩོད་པར་གྱུར་ནས། འབྲོག་པའི་རྩྭ་ཐང་སྟེང་གི་བོད་རིགས་ཁྲིམས་རྩོད་པ་ཐོག་མའི་མཚན་སྙན་ཐོབ་པ་མ་ཟད། མཚོ་སྔོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་བོད་ཡིག་རྩོམ་རིག་འབྲི་རྩོམ་སྦྱོང་རྡར་འཛིན་གྲྭ་ཐེངས་དང་པོར་ཞུགས་ཏེ་བརྩམས་ཆོས་གཞུང་ལུགས་ཀྱི་ལམ་ཁ་ཅུང་ཙམ་ཡང་པོར་ཕྱེས་ཤིང་། ཀྲུང་ཧྭ་རྒྱལ་ཡོངས་ཁྲིམས་ལུགས་རིག་པའི་ལྷན་ཚོགས་དང་། མཚོ་སྔོན་ཞིང་ཆེན་ཁྲིམས་ལུགས་རིག་པའི་ལྷན་ཚོགས། མཚོ་སྔོན་ཞིང་ཆེན་ཁྲིམས་རྩོད་པའི་ལྷན་ཚོགས། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལྷན་ཚོགས། མཚོ་སྔོན་ཞིང་ཆེན་བོད་རིགས་ཞིབ་འཇུག་ཁང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་སྐད་ཡིག་ལྷན་ཚོགས་སོགས་ཀྱི་ཁུངས་མིར་གྱུར་བ་དང་། 1979ལོ་ནས་བཟུང་སྟེམཚོ་སྔོན་ཉིན་རེའི་ཚགས་པརདང་། མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར》《མི་དམངས་སྲིད་གྲོས་ཚགས་པརསོགས་གྱི་གསར་འགོད་པར་གྱུར་མྱོང་བ་ཡིན།།

      1985ལོའི་ཟླ་བ10ནས་1986ལོའི་ཟླ་བ8པའི་བར་ལ་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་དང་མི་རིགས་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་གཅིག་ལྕོགས་བྱས།།

      1986ལོའི་ཟླ་བ8པ་ནས་1988ལོའི་ཟླ་བ་4བར་ལ་ཐུན་ཏེ་རྫོང་ཞོལ་མ་ཞང་མི་དམངས་སྲིད་གཞུང་གི་ཞང་ཀྲང་གཞོན་པ་དང་། ཞང་མི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི། རྫོང་ཞིང་ཕྱུགས་ལས་ཡུལ་མཚམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སོགས་ཀྱི་ལས་འགན་ཕྲེག་ཏུ་ཁུར་བ་ཡིན།།

      1988ལོའི་ཟླ་བ4ནས་1998ལོའི་ཟླ་བ9པའི་བར་ལ་སླར་ཡང་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དུ་ལས་གནས་སྤོར་ཏེ། དྲུང་ཡིག་ཁའོ་ཡི་ཁའོ་ཀྲང་གཞོན་པ་དང་། ཀྲུའུ་རིན་ཁའོ་ཡོན། ལས་ཁུངས་བཟོ་ཚོགས་ཀྱི་ཀྲུའུ་ཞི་སོགས་ཀྱི་འགན་འཁྲི་གཅིག་ལྕོགས་བྱས་པ་མ་ཟད། ཁུལ་ཡོངས་ཀྱི་ལྟེ་གནས་བྱ་བ་ལས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཕྱོགས་སློབ་གསོའི་བྱ་བར་ཐེངས་གཉིས་ལ་ཞུགས་ཏེ། བྱ་བ་ཐམས་ཅད་ནན་ནན་ཏིག་ཏིག་དང་གྲུབ་འབྲས་ཅུང་ཙམ་མངོན་གསལ་ཡིན་པས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། ཞིན་ཧེ་རྫོང་། གུང་ཧོ་རྫོང་། དཔལ་ཁ་ཞང་། སྤྲེལ་ནག་ཞང་སོགས་རིམ་པ་ཁག་གི་ཏང་ཨུས་དང་མི་དམངས་སྲིད་གཞུང་གིས་རིམ་བཞིན་གཟེངས་རྟགས་བྱ་དགའ་གནང་བ་མ་ཟད། མི་དམངས་མང་ཚོགས་ཀྱི་ཁྲོད་ནས་ཀྱང་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་ནས། “ཏང་གི་ལས་བྱེད་པ་བཟང་པོ་དང་མི་དམངས་ཀྱིས་སེམས་པ་གཏད་ཆོག་པའི་མི་བུ”ཞེས་གསེར་འོད་ལམ་ལམ་འཁྱུགས་པའི་གོས་ཆེན་དར་ཆ་ཕུལ་བ་སོགས་སྙན་པའི་བ་དན་དཀར་པོ་ཨ་སྔོན་དབྱིངས་སུ་བསྙེགས་ཤིང་། 1998ལོའི་ཟླ་བ9བར་གཟི་བརྗིད་ལྡན་པའི་ངང་ནས་ལས་འཁྱུར་ངལ་གསོ་བྱས་པ་སོགས་རེ་ཞིག་རྫོགས་སོ།། བཀྲ་ཤིས་འཕེལ་ཞིང་སརྦ་ཛ་ཡནྟུ།།


                                                   ༄༅།།མཇུག་བྱང་བཀྲ་ཤིས་བདེ་ལེགས།

    ༄༅།།མི་ལོ་བདུན་ཅུའི་དྲང་སྲོང་འཆི་མེད་ཡིན། །རྒས་པའི་གཉེར་མ་བརྩེགས་ཀྱང་སློབ་སྦྱོང་ཡིན། །ཤེས་རིག་ཀུན་འཛོམས་རྒྱུན་འཁྱོངས་ཀུན་སློང་ཡིན། །ཤེས་བྱའི་ཟིན་ཐོ་འདེབས་པ་རང་གཤིས་ཡིན། །སྲོལ་རྒྱུན་རིག་གནས་རང་གི་ཕ་ནོར་ཡིན། །གསུང་རབ་གླེགས་བམ་དད་པའི་རྟེན་བཞེངས་ཡིན། ། དར་འབྱོར་མི་ལུས་ཐོབ་པའི་ཚོགས་བསགས་ཡིན། །མ་ཡུམ་གངས་ལྗོངས་ཡུལ་ལ་ལེགས་སྐྱེས་ཡིན། །རང་ཉིད་མཚན་དང་སྙན་གྲགས་རྒྱས་འདོད་མིན། །རྒྱུ་དང་འབྱོར་བ་འཚོལ་བའི་དོན་དུ་མིན། །ཤེས་རིག་གཏེར་མཛོད་རྒྱ་མཚོ་ཆེན་པོ་ལས། །ཟིན་ཐོ་ཆུ་ཐིག་ཙམ་ཞིག་སྐྲུན་པ་ཡིན། །ཤེས་བྱའི་དེབ་ཐེར་དཔེ་སྦྱིན་གཟིགས་འབུལ་ཡིན། ། ཀུན་ལ་ནོངས་པ་ཅི་མཆིས་མཐོལ་ལོ་བཤགས། ། སྐྱེས་ཆེན་དམ་པ་རྣམ་པའི་ལུང་སྟན་ལས། །ང་ནི་རིགས་གསུམ་མགོན་པོའི་རྣམ་སྤྲུལ་ཡིན། །འདི་ལས་ལྷག་པའི་གདུལ་བྱ་ང་ལ་མེད། །ངོ་མཚར་ལྷ་མིའི་ལོངས་སྤྱོད་ཡོངས་སུ་རྫོགས། །སྒོ་གསུམ་གུས་པའི་ཡིད་ཆེས་ལྡན་གྱུར་ན། །དད་ལྡན་ཀུན་ལ་མཁོ་བའི་དད་རྟེན་ཡིན། །ཚེ་ལྡན་རྣམས་ལ་མི་འགྱུར་གཞི་རྟེན་ཡིན། །ཚེ་འདས་རྣམས་ལ་ཕྱི་མའི་ལམ་ཡིག་ཡིན། །གཞོན་སྐྱེས་རྣམས་ལ་མཁོ་བའི་ཤེས་བྱ་ཡིན། །རྒྱལ་ཁམས་ཀུན་ལ་གདམས་པའི་བསླབ་བྱ་ཡིན། །ཆོས་སྲིད་ཟུང་ལ་མཐུན་པའི་རིག་གནས་ཡིན། །ཁྱད་པར་གདོང་དམར་བོད་པའི་ཆོས་སྐལ་ཡིན། །རྒྱལ་བའི་བསྟན་པ་ཡུན་རིང་དར་བ་དང་། །བསྟན་འཛིན་སྐྱེས་བུའི་ས་སྟེང་ཁྱབ་པར་ཤོག ། བཀྲ་ཤིས་གནམ་ལོ་གསར་བའི་དུས་བཟང་ལ། །བཀྲ་ཤིས་དོན་བཟང་གྲུབ་པའི་རྒན་པོ་ངས། །བཀྲ་ཤིས་ལྷ་དར་རིང་མོས་མདུན་བསུས་ཏེ། །གངས་ཅན་ཁ་བའི་ཡུལ་ལ་ཁ་གཡང་འབོད། །འབྲོག་ལ་དཀར་བཞི་འཕེལ་བའི་བཀྲ་ཤིས་ཤོག །ཞིང་ལ་འབྲུ་དྲུག་སྨིན་པའི་བཀྲ་ཤིས་ཤོག །བོད་ལ་བདེ་སྐྱིད་འཛོམས་པའི་བཀྲ་ཤིས་ཤོག །བོད་པའི་སྐུ་ཚེ་བརྟན་པའི་བཀྲ་ཤིས་ཤོག །མི་རྒྱུད་ཆུ་ལས་རིང་བའི་བཀྲ་ཤིས་ཤོག །མི་གཤིས་བལ་ལས་འཇམ་པའི་བཀྲ་ཤིས་ཤོག །བོད་སྐད་གཙང་མ་སྨྲ་པའི་བཀྲ་ཤིས་ཤོག །བོད་ཡིག་དར་ཁྱབ་ཡོང་བའི་བཀྲ་ཤིས་ཤོག །གངས་ཅན་བོད་པ་གར་སོང་བཀྲ་ཤིས་ཤོག །གངས་ཅན་བོད་པ་གར་འདུག་བཀྲ་ཤིས་ཤོག །གངས་ཅན་བོད་པ་གར་ཡོད་བཀྲ་ཤིས་ཤོག །སྲིད་འབྱོར་རིག་གསུམ་འཛོམས་པའི་བཀྲ་ཤིས་ཤོག །ཁ་ལུས་རླུང་རྟ་དར་བའི་བཀྲ་ཤིས་ཤོག །སྟོབས་འབྱོར་མངའ་ཐང་རྒྱས་པའི་བཀྲ་ཤིས་ཤོག །ཚེ་རིང་ནད་མེད་བདེ་བའི་བཀྲ་ཤིས་ཤོག །བསམ་དོན་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཡུལ་མི་ལྷན་འཛོམས་ཡོང་བའི་བཀྲ་ཤིས་ཤོག །བདེ་སྐྱིད་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག །གཞོན་ནུ་ལང་ཚོ་རྒྱས་པའི་བཀྲ་ཤིས་ཤོག །རྒན་པ་ཚེ་ཐག་རིང་བའི་བཀྲ་ཤིས་ཤོག །བསྟན་འཛིན་སྐུ་ཚེ་བརྟན་པའི་བཀྲ་ཤིས་ཤོག །ཆོས་སྲིད་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག །བོད་པ་གཉིད་ལས་སངས་པའི་བཀྲ་ཤིས་ཤོག །ཕུ་ནུ་འགྲིག་མཐུན་ཡོང་བའི་བཀྲ་ཤིས་ཤོག །ནང་འཁྲུག་རྩོད་གླེང་མེད་པའི་བཀྲ་ཤིས་ཤོག འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་སོགས། ། ཕྲག་དོག་གཡོ་སྒྱུ་མེད་པའི་བཀྲ་ཤིས་ཤོག །ཉོན་མོངས་དུག་ལྔ་དོར་བའི་བཀྲ་ཤིས་ཤོག །བསམ་དོན་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག ། བྱ་བ་ལམ་དུ་འགྲོ་བའི་བཀྲ་ཤིས་ཤོག །གྲོགས་མཆེད་འཆམ་མཐུན་ཡོང་བའི་བཀྲ་ཤིས་ཤོག །བློ་ཁ་ཆོས་སུ་འགྱུར་བའི་བཀྲ་ཤིས་ཤོག །ཆོས་ཀྱི་བདུད་རྩིས་ཚིམ་པའི་བཀྲ་ཤིས་ཤོག །བསམ་དོན་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཚེ་དང་བསོད་ནམས་འཕེལ་བའི་བཀྲ་ཤིས་ཤོག །འགྲོ་བ་སེམས་ཅན་བདེ་བའི་བཀྲ་ཤིས་ཤོག །མི་རིགས་མཐུན་སྒྲིལ་ཡོང་བའི་བཀྲ་ཤིས་ཤོག །རྒྱལ་ཁབ་གཅིག་གྱུར་ཡོང་བའི་བཀྲ་ཤིས་ཤོག །འཛམ་གླིང་ཞི་བདེ་ཡོང་བའི་བཀྲ་ཤིས་ཤོག ཉིན་མོ་བདེ་ལེགས་མཚན་ཡང་བདེ་ལེགས་ཤོག །ཉི་མའི་གུང་ཡང་བཀྲ་ཤིས་བདེ་ལེགས་ཤོག །ཉིན་མཚན་ཀུན་ཏུ་བཀྲ་ཤིས་བདེ་ལེགས་ཤོག །ཐམས་ཅད་བཀྲ་ཤིས་རྟག་ཏུ་བཀྲ་ཤིས་ཤོག      

     ཞེས་༼རོང་ཆེན་ལྷ་རྒྱལ་དཔལ་གྱི་རྩོམ་བསྡུས་ཕྱོགས་བསྒྲིགས་བཀྲ་ཤིས་དར་དཀར་རིང་མོ༽འདི་ཡང་བོད་རབ་བྱུང་བཅུ་བདུན་པའི་ལྕགས་མོ་གླང་སྤྱི་ལོ2021ལོའི་གནམ་ལོ་གསར་བའི་གཟའ་སྐར་ཚེས་བཟང་ལ་གངས་ལྗོངས་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་ཆབ་འགག་བཀྲ་ཤིས་དར་ཐང་རིང་མོའི་གྲོང་རྡལ་གྱི་གསེར་མཁར་བདེ་ལེགས་དགའ་ཚལ་ཞེས་བྱ་བའི་རང་ཤག་བཀྲ་ཤིས་བདེ་སྟོང་རྣམ་པར་རྒྱལ་བའི་ཕོ་བྲང་ནས་ཕུལ་བ་སརྦ་ཛ་ཡནྟུ།།  །།       

     རྫོགས་སོ། 

 

发表评论 评论 (3 个评论)

回复 ljh8520035 2021-2-9 08:20
这部《荣菁苍文集》(藏文版)作者隆务•拉加华曾经从事国家公务员、律师、作家、记者、翻译官;爱好佛学、藏学、法学;擅长民族、宗教、文化、历史、写作、著书。正视历史,面对现实,已经编写出版《隆务明史》、《都秀寺志》、《吉东寺志》、《青河神医》、《安多圣地》、《佛教文化》、《风雨人生》、《斯尔德大师传》、《嘉萨大明千户家谱》等著作,均有甘肃民族出版社等有关单位出版发行,同时在《中国民族宗教网》、《西藏研究》、《青海文史资料》等书刊杂志上发表过《赛守寺历史概要》、《阿饶仓大师生平》、《我们心中永远不落的太阳》即“缅怀敬爱的十世班禅大师”等许多作品,并荣获有关部门的荣誉证书。于是随着20多年的退休生涯,晚年生活与学习笔记而已。但是,没上过学,总是觉得,愧疚万分,终生遗憾。故敬请各位读者提出宝贵意见、批评和建议,以便纠正。谢谢!
回复 ljh8520035 2021-2-9 09:49
གནམ་ལོ་གསར་བའི་ལོ་གསརགྱི་ལེགས་སྐྱེས་ཁྱེད་རྣམས་ལ་འབུལ། །
ཁྱེད་རྣམ་པ་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་སྨོན། །
               
回复 ljh8520035 2021-2-10 03:42
བཀྲ་ཤིས་དར་དཀར་རིང་མོ་མ་ཡུམ་གངས་ལྗོངངས་་ཡུལ་ལ་འབུལ། །
གནམ་ལོ་གསར་བའི་ནང་ལ་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཤོག །
       

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2021-2-28 02:43 , Processed in 0.084150 second(s), 17 queries .

返回顶部