博客西藏在最高处过一种生活

日志

༄༅།།རོང་ཆེན་ལྷ་རྒྱལ་དཔལ་གྱི་རྩོམ་བསྡུས་ཕ ...

已有 2265 次阅读2021-2-8 11:07 |系统分类:文化


                 ༄༅།།རོང་ཆེན་ལྷ་རྒྱལ་པལ་གྱི་རྩོམ་བསྡུས་ཕྱོགས་བསྒྲིགསབཀྲ་ཤིས་དར་དཀར་རིང་མོ་ཞེས་བྱ་བ་བཞུགས་སོ།། 
                                                      དེབ་བཞི་བ།
 
                        

                             ༄༅།།འགྲོ་བ་མིའི་རིགས་ཀྱི་ཐོག་མ་དང་བོད་མི་རིགས་གླེང་བ་ཞེས་བྱ་བ་བཞུགས་སོ།།

    ༄༅།།ལོ་རྒྱུས་དངོས་གཙོ་སྨྲ་བའི་རིང་ལུགས་པ་རྣམ་པས་ཞིབ་འཇུག་མཛད་པ་ལྟར་ན། འཛམ་གླིང་ས་འཛིན་བུ་མོའི་ཁྱོན་ཡོངས་སུ་སའི་གོ་ལ་ཧྲིལ་བོ་འདིར་འགྲོ་བ་མིའི་རིགས་ནི་ཧ་ལམ་ལོ་ངོ་ས་ཡ་བཞི་ཙམ་གྱི་ལོ་རྒྱུས་ལས་བཤད་མེད་ནའང༌། ལོ་ངོ་དུང་ཕྱུར་གཉིས་ཀྱི་ཡར་སྔོན་གྱི་འོ་འཐུང་སྲོག་ཆགས་ཀྱི་འཕོ་འགྱུར་ལས་བྱུང༌ཞིང་། ནུ་ལྡུད་སྲོག་ཆགས་ལས་མང་དུ་གྱེས་པ་ལས་གདོད་མའི་འགྲོ་བ་མིའི་འབྱུང་ཁུངས་གཙོ་བོ་བྱུང༌། དེ་ནི་ལོ་ངོ་བྱེ་བ་བདུན་གྱི་ཡར་སྔོན་དུ་སྤྱང་གྲུང་ལྡན་པའི་ཤིང་བྱི་སྟེ། ད་ལྟའི་བྱི་བའི་དབྱིབས་དང་འདྲ་བའི་སྲོག་ཆགས་ཤིག་བྱུང་བ་དེ་ལས་རིམ་བཞིན་གནའ་བོའི་སྤྲ་རུ་གྱུར་ཏེ། དེ་ནས་ལོ་ངོ་བྱེ་བ་འགའ་བརྒྱུད་ནས་རྣམ་རིག་གསལ་ཞིང་རིམ་པ་མཐོ་བའི་སྲོག་ཆགས་འགྲོ་བ་མིའི་རིགས་ཞེས་པའི་ལོ་རྒྱུས་དུས་རབས་གསར་བ་ཞིག་གི་མགོ་བརྩམས་པ་ཡིན།

    ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་འཕེལ་རིམ་ཁྲོད་དུ་འཛམ་གླིང་ཡོངས་སུ་ཆབ་སྲིད་སྡེ་ཚན་གྱི་རྒྱལ་ཁབ༢༣༡ཙམ་ཡོད་པར་བཤད་ཅིང་། ༢༠༠༠ལོའི་འཛམ་གླིང་གི་སྤྱིའི་མི་གྲངས་ནི་དུང་ཕྱུར༦༠.༥༥ལྷག་ལ་བསླེབས་ཡོད་ཟེར། དེའི་ནང་དུ༡༨༣༠ལོར་འཛམ་གླིང་ཐོག་ཏུ་མི་གྲངས་དུང་ཕྱུར༡༠ལས་མོད། ༢༠༠༠ལོའི་དུང་ཕྱུར༦༠ལྷག་གི་འཕར་ཚད་ལ་གཞིགས་ན་ལོ༡༧༠ཙམ་གྱི་རིང་ལ་འཛམ་བུ་གླིང་དུ་མི་གྲངས་དུང་ཕྱུར༥༠ཙམ་འཕེལ་ཡོད་པ་གསལ་བཤད་བྱས་ཤིང་། འཛམ་གླིང་དུ་མི་རིགས༢༠༠༠ལྷག་ཡོད་པས། ༢༠༠༥ལོ་སྤྱི་ཚོགས་ཚན་རིག་ཁང་གིས་བསྡོམས་རྩིས་ལྟར་ན་འཛམ་བུ་གླིང་འདིར་མི་རིགས་མི་འདྲ་བ༡༨༨༣ལྷག་ཡོད་པར་གཏན་ཁེལ་བྱས་ཡོད། རགས་རྩིས་བྱས་པ་ལྟར་ན་འཛམ་གླིང་ཡོངས་ན་སྐད་རིགས༤༠༠༠ལ་ཉེ་བ་ཙམ་ཡོད་པས། མི་ཁྲི༡༠༠ཡན་གྱིས་སྤྱོད་བཞིན་པའི་སྐད་རིགས༡༠༠ཙམ་དང༌། མི་ཁྲི༥༠༠༠ལས་བརྒལ་བས་བེད་སྤྱོད་བྱེད་པའི་སྐད་རིགས༢༠ཙམ་ཡོད། འོན་ཀྱང་སྐད་རིགས་ཞིབ་འཇུག་པས་བཤད་པ་ལྟར་ན་ལོ་རེར་སྐད་རིགས་བཅུ་ཕྲག་ལྷག་ཉམས་འགྲོ་བར་བཤད་ཡོད། སྤྱི་རྩིས་ལྟར་ན་འཛམ་གླིང་ན་སྐད་རིགས་མི་འདྲ་བ་༥༩༥༡ལྷག་ཡོད་པར་བཤད། དེའི་ནང་དུ་སྐབས་དེར་རང་རྒྱལ་ལ་མི་གྲངས་དུང་ཕྱིར༡༣ལྷག་ལ་སླེབས་འདུག་ཅིང་། མི་རིགས༥༦འཛོམས་པའི་འཛམ་གླིང་ཐོག་ཏུ་མི་གྲངས་ཆེས་མང་ཞིང་མི་རིགས་ཀྱང་ཅུང་ཙམ་མང་པོའི་སྟོབས་འབྱོར་མངའ་ཐང་ལྡན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཏུ་་གྱུར་འདུག།

     ཁྱད་པར་དུ་རང་རེའི་བོད་མི་རིགས་འདི་ནི་ལོ་ངོ་ཁྲི་ཕྲག་མང་བོའི་ཡར་སྔོན་ནས་གངས་རིའི་ལྗོངས་སུ་འཚོ་བར་གནས་པའི་མི་རིགས་ཤིག་ཡིན་པ་ཅི་ཞིག་གིས་གསལ་བཤད་བྱེད་ཐུབ་ཞེ་ན། དེ་ནི་ཡར་ཀླུང་གཙང་བོའི་འགྲམ་རྒྱུད་དང༌། ཤར་རྒྱལ་མོ་ཚ་བ་རོང་གི་ཡུལ་གྲུ། ཆབ་མདོ་ལྷོ་ཁ་སོགས་བོད་ཀྱི་ས་ཆ་གང་མང་ཞིག་ནས་བྲག་བསྐོས་རི་མོ་དང༌། གདོད་མའི་ཤུལ་རྫས་དང་འགྱུར་རྡོ། རྡོ་ཆས་དུས་རབས་ཀྱི་ཤུལ་རྫས་མང་དུ་རྙེད་པ་རྣམས་ལས། ཤུལ་རྫས་རྟོག་དཔྱོད་པས་ལོ་ངོ་ཁྲི་ཕྲག་མང་བོའི་ཡར་སྔོན་གྱི་དངོས་རྫས་ཤིག་ཡིན་པར་ངོས་འཛིན་གསལ་བོ་བྱས་པ་འདིས། བོད་མི་རིགས་འདི་ལོ་ངོ་ཁྲི་ཕྲག་མང་བོའི་ཡར་སྔོན་ནས་སའི་གོ་ལའི་མདོ་དབུས་མཐོ་སྒང་གངས་རི་ར་བའི་བསྐོར་བའི་ཞིང་ཁམས་འདིར་འཚོ་བར་གནས་ཡོད་པ་གསལ་བཤད་བྱས་ཤིང་ར་སྤྲོད་བྱས་ཡོད་ཅིང་། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་འཕེལ་རིམ་ཁྲོད་དུ་ཐོག་མར་བོད་བཙན་པོའི་རྒྱལ་ཁབ་ཆེན་པོར་གྲགས་ཤིང་། བར་དུ་བོད་བཙན་པོའི་རྒྱལ་ཁབ་སིལ་བུར་འཐོར་བ། མཇུག་མཐར་ཡོན་རྒྱལ་རབས་ཀྱི་དུས་རབས་ནས་བཟུང་སྟེ་རྒྱལ་ཁབ་གཅིག་གྱུར་བྱུང་ཞིང་དཔལ་ལྡན་ས་སྐྱ་བས་བོད་ཁྲི་སྐོར་བཅུ་གཉིས་ལ་དབང་བྱས་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་རྗེས་སུ་སྤུན་ཟླའི་མི་རིགས་ལྔ་བཅུ་ང་དྲུག་གི་གྲས་སུ་གཏོགས་ཤིང་། འབྲས་ལྗོངས་དང་། རྒྱ་གར། འབྲུག་ཡུལ། བལ་ཡུལ། ཧྥ་རན་སི། ཁ་ན་ཏ། ཨ་རི་སོགས་འཛམ་གླིང་ཐོག་ཏུ་གནས་པའི་བོད་མི་རིགས་ཀྱི་མི་གྲངས་ནི་ཧ་ལམ་ས་ཡ་བརྒྱད་ཡས་མས་སུ་སླེབས་འདུག་པར་སེམས།། 

     དེའི་ཕྱིར་ཁོ་བོའི་ཉེ་ལམ་བསྒྲིགས་པའི་༼གངས་ལྗོངས་དགོན་སྡེ་ཁག་གི་མཚན་བྱང་རབ་དཀར་མུ་ཏིག་ནོར་པུའི་དོ་ཤལ་ཞེས་བྱ་བ༽ལས། དུས་རབས་ཉེར་གཅིག་པའི་བོད་རབ་བྱུང་བཅུ་བདུན་པའི་ཤིང་ཕོ་རྟ༼༢༠༡༤༽ལོ་སྟེ། བསྐལ་བ་ཡག་པོ་རྫོགས་ལྡན་ཀྱི་དཔལ་ལ་བསྙེགས་པའི་དུས་འདིར་སླེབས་ཙ་ན། ཐོག་མར་འདས་པའི་སངས་རྒྱས་མར་མེ་མཛད་གྱིས་འཛམ་བུ་གླིང་འདིར་ཆོས་འཁོར་བསྐོར་ཟིན་པ་དང་། བར་དུ་ད་ལྟའི་སངས་རྒྱས་སྟོན་པ་ཤཱཀྱ་ཐུབ་པས་བསྐལ་བ་མ་སྟོང་བར་དུ་ཆོས་འཁོར་སྐོར་བཞིན་པ་དང་། བདག་ཅག་གི་སངས་རྒྱས་བཅོམ་ལྡན་འདས་སྟོན་པ་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྔ་བཅུ་ང་བརྒྱད་ཙམ་འདས་པ་དང་། སངས་རྒྱས་ཆོས་ལུགས་པའི་བཞེད་དགོངས་ལྟར་ན་མི་ཡུལ་གྱི་ཚེ་ལོ་གཅིག་ནི་ལྷ་ཡུལ་གྱི་ཚེ་ལོ་ལྔ་བརྒྱ་ཡིན་པའི་ཆ་ནས་བལྟས་ན་མ་འོངས་པའི་སངས་རྒྱས་རྗེ་བཙུན་བྱམས་པ་མགོན་པོས་ཆོས་འཁོར་སྐོར་བའི་དུས་སུ་ད་དུང་ལོ་ངོ་དུང་ཕྱིར་ང་དྲུག་དང་ཁྲི་ཕྲག་དྲུག་སྟོང་དགུ་བརྒྱ་དགུ་བཅུ་གོ་དགུ་དང་བདུན་སྟོང་ལྔ་བརྒྱ་ཙམ་ཡིན་ནོ། མི་ཡུལ་ལྟར་ན་ལོ་ངོ་བྱེ་བ་གཅིག་དང་ས་ཡ་གཅིག་སུམ་འབུམ་སུམ་ཁྲི་དགུ་སྟོང་དགུ་བརྒྱ་དགུ་བཅུ་གོ་ལྔ་ཡིན་པར་སེམས། དུས་མཚུངས་སུ་རང་ཅག་གངས་ཅན་བོད་པའི་གདོད་མའི་ཆོས་ལུགས་གཡུང་དྲུང་བོན་གྱི་བསྟན་པ་དར་ནས་ལོ་ངོ་ཆིག་ཁྲི་བདུན་སྟོང་ཆིག་བརྒྱ་དྲུག་ཅུ་རེ་ལྔ་འདས་ཞིང་། སྟོན་པ་གཤེན་རབ་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་བཞི་སྟོང་བརྒྱད་བརྒྱ་སོ་ལྔར་འདོད་ཅིང་། ལོ་ངོ་ཆིག་ཁྲི་བརྒྱད་སྟོང་གི་ལོ་རྒྱུས་ཆུ་རྒྱུན་རིང་མོར་གྲགས་པའི་གངས་ཅན་བོད་ཀྱི་གདོད་མའི་ཆོས་ལུགས་གཤེན་རབ་བོན་གྱི་བསྟན་པ་ནི་བོད་ཀྱི་ལོ་རྒྱུས་ཐོག་ཏུ་འོད་སྟོང་རབ་ཏུ་འབར་བའི་རིག་གནས་བང་མཛོད་ཆེན་པོའི་འབྱུང་ཁུངས་དང་ཆོས་ལུགས་གྲུབ་མཐའ་གལ་ཆེན་ཁག་ཅིག་ཡིན་པ་ལས་མ་འདས་སོ་ཞེས་ཟེར་བ་ཡིན། གདོང་དམར་བོད་ཀྱི་ཆོས་སྲིད་ཟུང་གི་ལོ་རྒྱུས་ལ་ཞིབ་འཇུག་གང་ལེགས་ཞིག་བྱེད་འདོད་ན་ངེས་པར་དུ་བོད་རང་གི་གདོད་མའི་ཆོས་ལུགས་གཡུང་དྲུང་བོན་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པ་ནས་གཞི་ཚུགས་དགོས་ཤིང་། གལ་སྲིད་དེ་ལ་ཆོས་ལུགས་གྲུབ་མཐའི་ཕྱོགས་རེས་ཀྱི་དབང་དུ་གྱུར་ནས་ཞིབ་འཇུག་མ་བྱས་པ་དང་བྱེད་ཀྱང་མི་སྲིད་ན། དེ་ནི་ལོ་རྒྱུས་དངོས་གཙོ་སྨྲ་བའི་རིང་ལུགས་པ་ཞིག་མིན་པ་མ་ཟད། བོད་ཁ་བ་ཅན་གྱི་ཆོས་ལུགས་པ་རྣམ་དག་ཞིག་ཀྱང་ཡེ་ནས་མ་ཡིན་པས། 

       བོད་ཞེས་རྣ་བོ་གྱེན་ལ་བསྒྲེངས་ཀྱང་རང་གི་མི་རིགས་སེམས་ན་མེད་པ།

       བོད་ཀྱི་ལ་རྒྱ་ཁ་ནས་བཤད་ཀྱང་བོད་པའི་བརྩེ་དུང་རྒྱུད་ན་མེད་པ།

       བོད་སྐད་གལ་ཆེན་ཁ་ནས་ཟེར་ཀྱང་བོད་སྐད་གཙང་མ་ངག་ན་མེད་པ།

       བོད་ཀྱི་ཡི་གེ་གལ་ཆེན་ཟེར་ཀྱང་བོད་ཡིག་ལེགས་ཆ་རང་ལ་མེད་པ།

     ཞེས་པ་སོགས་ཀྱི་ཁ་བཤད་དོན་ལ་མི་གནས་ཤིང་། མདོ་ལས་གསུངས་བ་ལྟར། འདུ་ཤེས་མེད་པ་དང་། འདུ་བྱེད་མེད་པ་དང་། ཚོར་བ་མེད་པ་དང་། བསམ་བློ་མེད་པ་དང་། རྣམ་པར་ཤེས་པ་མེད་པ་དང་། སྨྲ་བའི་ངག་སྒོ་མེད་པའི་ལྐུགས་པ་ལྟ་བུ་དང་། ལྟ་བའི་མིག་ཟུང་མེད་པས་ལོང་བ་ལྟ་བུ་དང་། དུས་རབས་ཀྱི་གོམ་སྒྲ་གསར་བའི་རྗེ་སུ་བསྙེགས་མི་འདོད་པའི་ལེ་ལོ་ལྡར་མ་ལྟ་བུ་དང་། ལོ་རྒྱུས་དངོས་གཙོ་རིང་ལུགས་དང་ཁ་བྲལ་བའི་ཕྱིར་སྣུར་རང་བཞིན་ལྟ་བུ་དང་། ཕྱི་ཚུལ་རིང་ལུགས་ཀྱི་རྙིང་ཞེན་བག་ཆགས་མངོན་པ་ཙམ་ལ་སྤྲོ་བ་ཆེན་པོ་ལྡན་པའི་གླེན་རྟགས་ཅན་ཁག་ཅིག་ཁོ་ན་འདུག དེ་ཅིའི་ཕྱིར་མཚོན་ཐུབ་ཞེ་ན། ངས་ལོ་འཁོར་གཉིས་ཙམ་གྱི་རིང་ལ། རང་ཉིད་ཀྱི་པོད་ཁུག་སྟོང་བ་མིན་པ་ཙམ་ལ་བོད་པའི་རིག་གནས་དྲ་བའི་དགེ་མཚན་ལྡན་པའི་མཐུན་རྐྱེན་བརྒྱུད་ནས་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས། པོད་ཡིག་ཉིས་སྟོང་ལྷག་ཙམ་འགྲེམ་སྤེལ་བྱས་ཡོད་ཅིང་། རྒྱ་ཡིག་གི་ཡིག་ཆ་ལ་ཀློག་པ་པོ་ཧ་ཅང་མང་། ཡིག་ཆ་ལ་ལར་ཀློག་པ་པོ་སྟོང་ཕྲག་དང་ཁྲི་ཕྲག་དུ་མར་སླེབས་སྲིད་ཅིང་དཔྱད་བརྗོད་སྤེལ་མཁན་ཡང་ཧ་ཅང་མང་པོ་འདུག དེ་ཕལ་ཆེར་མི་རིགས་གཞན་གྱི་ཀློག་པ་པོ་ཡིན་པ་འདྲ། འོན་ཀྱང་བོད་ཡིག་ཀློག་པ་པོ་དེ་འདྲ་མང་པོ་ཞིག་མི་འདུག བཅུ་ཕྲག་འགའ་རེ་ལས་མེད། ཧ་ལམ་ལྟ་མཁན་མེད་ཅེས་ཟེར་ཆོག གལ་ཏེ་ལྟ་མཁན་ཡོད་ན་དེ་ལས་ཀྱང་སྐྱོན་བརྗོད་དང་བསམ་འཆར་གང་མང་ཞིག་ཡོང་བར་སེམས། དེ་ནི་ངས་ཡིག་ཆའི་བརྗོད་བྱའི་དོན་དང་བརྗོད་བྱའི་ཚིག་ལ་ནོར་འཆུགས་མི་ཉུང་བ་ཞིག་ཡོད་སྲིད་པ་དང་། ཐ་ན་རྩོམ་པ་པོ་གཞན་པའི་རྩོམ་ཡིག་བརྒྱུད་སྤེལ་བྱས་པ་ཡིན་ནའང་ཡིག་ནོར་སོགས་ལ་དག་བཅོས་གང་ལེགས་མ་ཐུབ་པ་མང་པས། ཀློག་པ་པོ་རྣམས་ཀྱི་སྐྱོན་བརྗོད་དང་བསམ་འཆར་ནི་ཧ་ཅང་རིན་ཐང་ལྡན་ཞིང་། ང་དང་ང་ལྟ་བུར་སློབ་བུ་རྒན་པ་ཞིགལ་མཚོན་ན་ཡིད་བཞིན་ནོར་བུ་ལྟ་བུ་སྐུལ་ལྕགས་ཆེན་པོ་ཡིན་པར་སེམས་པས་སོ། ཡིན་ན་འང་།

         བོད་ཀྱི་འཕོ་འགྱུར་མ་ཤེས་བོད་པའི་ལོ་རྒྱུས་བཤད་མཁན།

         བོད་ལ་བརྩེ་དུང་མེད་པར་བོད་ཀྱི་ལ་རྒྱ་བཤད་མཁན།

         བོད་ཡིག་ཀློག་འདོན་མེད་པར་བོད་ཡིག་གལ་ཆེན་བཤད་མཁན།

         བོད་སྐད་གཙང་མ་ཕར་ཞོག་གཞན་སྐད་འཆར་འཆོར་བཤད་མཁན།

     ཞེས་གོང་འོག་བར་གསུམ་ཀྱི་བོད་པ་རྣལ་མ་ཐམས་ཅད་ཀྱི་ནང་ན་ང་དང་ང་ལྟ་བུ། ལ་ལ་མཁས་པ་ཡིན་པས་ཐམས་ཅད་ཁུང་དུ་ཚུད་ཅིང་བྱང་ཆུབ་པར་འདུག་སྙམ་ནས། གསུང་རྩོམ་ཁ་ཤས་བྲིས་ནས་པར་སྐྲུན་འགྲེམ་སྤེལ་བྱས་ཟིན་པའམ་རྩོམ་ཡིག་འགའ་རེ་བྲིས་ནས་སྤེལ་ཐུབ་པར་བྱུང་ན་ང་རྒྱལ་དང་ཁེངས་དྲག་གིས་མགོ་བོ་འཐིམས་ཏེ། བསྟུད་མར་ཞིབ་འཇུག་དང་འབད་བརྩོན་བྱ་འདོད་མེད་པ་མ་ཟད། བོད་པ་གཞན་པས་སློབ་སྦྱོང་གི་འདུན་པ་རབ་ཏུ་ཁེངས་ཏེ་ཟིན་བྲིས་དང་། ཟིན་ཐོ། ངོས་ཟིན་ལྟ་བུ་རེ་བྲིས་ནས་གསར་འགྱུར་དང་དུས་དེབ་ཐོག་ཏུ་སྤེལ་ནའང་ཕྲག་དོག་གི་མེ་ལྕེ་དགུང་ལ་མཆེད་ནས་འཕྱ་སྨོད་བྱེད་པར་ཧ་ཅང་དགའ་བ་དང་། མཁས་པ་ཁ་ཤས་ངོམ་སུམ་འཛེམ་མེད་ཀྱིས་གད་མོ་ཤོར་ནས་གཤིན་རྗེ་གྲོང་དུ་སླེབས་སྲིད་པའི་དབང་ལས་མ་འདས་སོ། ལ་ལ་ལྷན་སྐྱེས་ཀྱི་ཤེས་རབ་མེད་ཀྱང་མི་རིགས་རང་གི་བླ་སྲོག་ཏུ་གྱུར་བའི་བོད་ཡིག་སློབ་འདོད་བསམ་པ་རྒྱུད་ན་མེད་པས། ན་གཞོན་གང་མང་ཞིག་གིས་ང་རང་སློབ་གྲྭར་འགྲོ་མ་ཐུབ་པས་རིག་གནས་ཡོད་པ་མ་རེད་ཟེར་བ་དེ་ཁ་གཡར་ས་བྱས་ཏེ། སློབ་སྦྱོང་དང་ཡང་ན་རང་སྦྱོང་གི་འདུ་ཤེས་ཙམ་ཡང་གཏན་ནས་མེད་པས། མ་མཐར་གྱུར་ཀྱང་མི་ཚེ་འདིར་ཞ་ར་ཞིག་གི་མི་ལུས་མི་ལེན་ག་མེད་བྱུང་བ་ལས་མ་འདས་སོ། ལ་ལ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམ་ནས་ཡོན་ཏན་ཅུང་ཙམ་འབྱོར་ཀྱང་མགོ་བོ་མཐོ་རུ་བཏེགས་ནས་གཞན་སྐྱོན་ཁོ་ནར་མཛུབ་མོ་འཛུགས་པར་མཁས་པ་ལས་རང་ཐོག་ཏུ་ལག་ལེན་གྱི་ཤེས་བྱ་ཅུང་ཙམ་ཡང་མི་འདུག་པས་བོད་ཡིག་གི་ལག་ལེན་ཕར་ཞོག་རྒྱ་ཡིག་ལག་ལེན་བྱེད་པའི་རྒྱུན་ཤེས་ཀྱང་མེད་པས། སེམས་པ་བག་ཁུམ་དུ་གྱུར་ཞིང་ཐ་ན་གོ་བརྡ་ཅུང་ཙམ་གསལ་བའི་གཞུང་ཡིག་ཕལ་བ་ཞིག་ཀྱང་འབྲི་མི་ཤེས་པ་མང་པོ་འདུག་པ་ལས་མ་འདས་སོ། དཔེར་ན་ལོ་འགའི་སྔོན་ལ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་དང་། མཚོ་སྔོན་དགེ་ཐོན་ཆེད་སྦྱོང་སློབ་གླིང་སོགས་ནས་མཐར་ཕྱིན་པའི་སློབ་ཆེན་པ་འཇོན་ཐང་ལྡན་པ་དྲུག་ཅུ་ལྷག་ཙམ་བོད་ཁུལ་གྱི་རྫོང་ཁག་ག་གེ་མོ་ཞིག་ལ་བགོས་ནས་ལས་ཀར་ཞུགས་པར་བསྒུགས་ཡོད། དེ་ནས་ལོ་འགའ་འགོར་བའི་དབང་གིས་ཁོ་ཚོས་ཀྱང་མི་དམངས་སྲིད་གཞུང་ལ་ལས་ཞུགས་སྙན་སེང་བྲིས་ཏེ་ལས་ཀར་ཞུགས་པའི་ཞུ་འབུལ་ནན་མོ་བྱེད་པར་འདོད་ནས་ཁོ་བོའི་གམ་དུ་ཡི་གེ་འབྲི་རུ་ཡོང་། ཁོ་བོ་ཀྱང་ཡ་མཚར་སྐྱེས་ནས་སློབ་ཆེན་པ་ཚོར་ན་རེ། རོང་འབྲོག་མང་ཚོགས་ལ་མཚོན་ན་ཁོ་ཚོས་སྲིད་འཛིན་གཞུང་ཡིག་དང་ཁྲིམས་ལུགས་གཏུགས་བཤེར་སྐོར་གྱི་ཡིག་ཆ་འབྲི་མ་ཤེས་པར་ངའི་གམ་དུ་མི་ཡོང་ག་མེད་བ་བྱུང་བ་གྲངས་ལས་འདས་ན་འང་ཁྱོད་ཚོ་སློབ་གྲྭ་ཆེན་མོ་བ་དྲུག་ཅུ་ལྷག་གི་ནང་ནས་སྙན་སེང་སོགས་གཞུང་ཡིག་ཕལ་བ་ཞིག་ཀྱང་འབྲི་མ་ཤེས་པར་གཞན་ལ་རེ་བ་བཅོལ་དོན་ཅི་ཡིན་ཞེས་དྲིས་པ་ན། ཁོ་ཚོས་ཀྱང་འཛེམ་པ་མེད་པར་བོད་ཡིག་དང་རྒྱ་ཡིག་གང་རུང་ཤེས་པ་བདེན་མོད་ཀྱང་གཞུང་ཡིག་འབྲི་མ་ཤེས་པར་ཁྱེད་ཀྱི་གམ་དུ་ཡོང་བ་ཡིན་པས་ཐུགས་རྗེ་གནང་རོགས་ཟེར། དེ་བས་ང་ཡང་ཐབས་ཟད་ནས་ཁོ་ཚོ་ལ་སྙན་སེང་ཡི་གེ་བྲིས་ནས་མི་སྟེར་ག་མེད་བྱུང་། འོན་ཀྱང་ཁོ་བོའི་སེམས་པའི་ངོགས་སུ་རིག་གནས་མེད་ན་སྡུག་བསྔལ་ལོས་ཡོད་མོད། ཤེས་བྱ་མེད་ན་དེ་བས་ཀྱང་སྡུག་བསྔལ་ཆེ་བར་སྙམ། ལ་ལ་ཤེས་རབ་རྩལ་གྱི་སྦྱང་སྟོབས་དང་བྲལ་ནས་ལོང་བཤད་དགུ་བཤད་དང་ཁ་འཁྲུག་གཏམ་ངན་ཁོ་ན་བརྗོད་པར་སྤྲོ་བ་ཆེན་པོ་ཡོད་པ་ལས་བོད་མི་རིགས་རང་གི་ཡིད་བཞིན་ནོར་བུ་ལྟ་བུའི་རིག་གནས་ཤེས་རིག་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་ཕྱོགས་སུ་ཧུར་བརྩོན་བྱེད་ཐབས་མེད་པས། ཐ་ན་རང་ཅག་བོད་རིགས་རང་སྐྱོང་ཁུལ་སོ་སོས་ཀྱང་བོད་ཀྱི་སྐད་ཡིག་བྱ་བའི་སྲོལ་ཡིག་སོགས་ཁྲིམས་ལྟར་གཏན་འབེབས་བྱས་ཏེ་ཕྱི་ཚུལ་གྱི་རྣམ་པ་ཡག་པོར་འདུག་སྲིད་ནའང་ལག་ལེན་གྱི་ཁྲོད་ནས་དེ་འདྲའི་ནུས་པ་ཆེན་པོ་མ་འབྱུང་ཞིང་ཕྱི་རོལ་ཡུལ་གྱི་ཞན་ཆ་མང་པོ་འདུག ཁྱད་པར་དུ་བོད་ཡིག་སློབ་སྦྱོང་དང་། བཀོལ་སྦྱོད། ཁྱབ་གདལ་དུ་གཏོང་བ་བཅས་ཀྱི་ཕྱོགས་ལ་འབད་འབུངས་བྱས་པ་ཧ་ཅང་མི་འདང་བ་ལས་མ་འདས་སོ། འོན་ཀྱང་གསལ་བོར་བཤད་ན་བོད་མི་རིགས་རང་གི་སྐད་ཡིག་དང་། དགེ་མཚན་ལྡན་པའི་རིག་གནས་ཤེས་བྱ་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་ནི་སྲིད་གཞུང་གི་མི་རིགས་སྐད་ཡིག་བྱ་བའི་ལས་ཁུངས་ཁ་ཤས་དང་། མི་རིགས་སྐད་ཡིག་བྱ་བ་ལས་མཁན། བོད་ཀྱི་མིང་དུ་གྲགས་པའི་ཡོན་ཏན་ཅན་སྐོར་ཞིག་གི་འོས་འགན་ཁོ་ན་མ་ཡིན་པར་བོད་ཁམས་ཡོངས་སུ་སྤྱི་ཚོགས་ཐོག་གི་ང་དང་ལྟ་བུའི་བོད་པ་དཀྱུས་མ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམ་མ་མྱོང་ཞིང་རང་སྦྱོང་ཞོར་ལ་ཡིག་རྨོང་པ་མིན་པ་ཙམ་དུ་གྱུར་བ་ཐམས་ཅད་ལ་ཡང་རགས་ལས་ཡོད་པར་སེམས། དེ་བས་བོད་མི་རིགས་རང་ཐོག་གི་ཞན་ཆ་ལ་བཅོས་སྒྱུར་གང་ལེགས་བྱ་དགོས་བ་ལས། གཞན་དབང་དུ་གྱུར་བའི་ལོ་རྒྱུས་གནས་ཚུལ་ཁ་ཤས་མ་གཏོགས་རང་ཐོག་ཏུ་གནས་པའི་ཞན་ཆ་ལ་མཛུབ་མོ་འཛུགས་མ་ཤེས་ན་ནམ་ཡང་འཛམ་གླིང་ཐོག་གི་འགྲོ་བ་མིའི་རིགས་དང་སྔོན་ཐོན་མི་རིགས་གཞན་པ་ལས་རྗེས་ལུས་ཡིན་པའི་རྣམ་པ་འདི་དག་ལ་བསམ་བློ་བཏང་ན་མིག་ཟུང་ནས་མཆིལ་མ་འཐོར་བ་དང་ཤ་མཆིན་པའི་སྟེང་འོག་བརྗེ་བ་ཞིག་མ་ཡིན་ནམ། སྤྱིར་འཛམ་བུ་གླིང་ནས་བལྟས་ན་ཡང་།

        མི་རིགས་ཐམས་ཅད་ཀྱི་ནང་ནས་བོད་ཀྱི་མི་རིགས་འདི་རླབས་ཆེན་ཡིན།།

        སྐད་རིགས་ཐམས་ཅད་ཀྱི་ནང་ནས་བོད་སྐད་གཙང་མ་འདི་སྙན་མོ་ཡིན།།

        ཡིག་རིགས་ཐམས་ཅད་ཀྱི་ནང་ནས་བོད་པའི་ཡི་གེ་འདི་མཆོག་གྱུར་ཡིན།།

        གྱོན་པ་ཐམས་ཅད་ཀྱི་ནང་ནས་པའི་བོད་ལྭ་བ་འདི་ཡག་པོ་ཡིན།།

        མི་གཤིས་ཐམས་ཅད་ཀྱི་ནང་ནས་བོད་པའི་ཀུན་སློང་འདི་ཨེ་མ་ཧོ།།

     ཁྱད་པར་དུ་པཎ་ཆེན་རིན་པོ་ཆེའི་ཞལ་སྔ་ནས། མི་རིགས་ཤིག་ལ་མཚོན་ན། རང་གི་སྐད་དང་ཡི་གེ་གཞི་འཛིན་རྒྱུ་འདི་ཧ་ཅང་ནས་ཀྱང་གལ་ཆེ་བའི་བྱ་བ་ཞིག་རེད། དེའི་རྒྱུ་མཚན་ནི་མི་རིགས་ཤིག་ལ་རང་གི་སྐད་དང་ཡི་གེ་ཡོད་པ་དེ་མི་རིགས་གནས་རྒྱུ་དང་མི་རིགས་ཚུགས་རྒྱུའི་རྩ་བའི་མཐུན་རྐྱེན་ཞིག་ཡིན་པ་རེད། དེའི་རྐྱེན་གྱིས་སི་ཏ་ལིན་གྱིས་མི་རིགས་ཤིག་གནས་པ་ལ་མཐུན་རྐྱེན་བཞི་བཤད་པ་དེའི་ནང་དུ་གཙོ་བོ་མི་རིགས་ཀྱི་སྐད་དང་ཡི་གེ་བཤད་ཡོད་པ་རེད། ཅེས་གསུངས་ཡོད། གངས་ཅན་བོད་པ་རྣམས་ཀྱིས་ཐུགས་འདང་གསལ་བོ་ཐོངས།།     

          གནམ་ལོ་གསར་བའི་བཀྲ་ཤིས་ཉིན་མོ་ལ།།

          བཀྲ་ཤིས་དོན་བཟང་འགྲུབ་པའི་རྒན་པོ་ངས།།

          གངས་ཅན་བོད་པ་གང་འགྲོ་བཀྲ་ཤིས་ཤོག།

          གངས་ཅན་བོད་པ་གར་སླེབས་དོན་གྲུབ་ཤོག།

                             

           ཚེ་རིང་ནད་མེད་བདེ་བའི་བཀྲ་ཤིས་ཤོག།

           བསམ་དོན་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག།

           སྟོབས་འབྱོར་མངའ་ཐང་རྒྱས་པའི་བཀྲ་ཤིས་ཤོག།

           བདེ་སྐྱིད་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག།

 

           འབྲོག་ལ་དཀར་བཞི་འཕེལ་བའི་སྨོན་ལམ་འདེབས།།

           ཞིང་ལ་འབྲུ་དྲུག་འཕེལ་བའི་སྨོན་ལམ་འདེབས།།

           བོད་ལ་བདེ་སྐྱིད་འཛོམས་པའི་སྨོན་ལམ་འདེབས།།

           བོད་པའི་སྐུ་ཚེ་བརྟན་པའི་སྨོན་ལམ་འདེབས།།

 

            མི་རྒྱུད་ཆུ་ལས་རིང་བའི་སྨོན་ལམ་འདེབས།།

            མི་གཤིས་བལ་ལས་འཇམ་པའི་སྨོན་ལམ་འདེབས།།

            བོད་སྐད་གཙང་མ་སྨྲ་པའི་སྨོན་ལམ་འདེབས།།

            བོད་ཡིག་དར་ཁྱབ་ཡོང་བའི་སྨོན་ལམ་འདེབས།།

 

            གཞོན་ནུ་ལང་ཚོ་རྒྱས་པའི་བཀྲ་ཤིས་ཤོག།

            རྒན་པ་ཚེ་ཐག་རིང་བའི་བཀྲ་ཤིས་ཤོག།

            བསྟན་འཛིན་སྐུ་ཚེ་བརྟན་པའི་བཀྲ་ཤིས་ཤོག།

            ཆོས་སྲིད་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག།

 

             བོད་རིགས་གཉིད་ལས་སངས་པའི་བཀྲ་ཤིས་ཤོག།

             སྲིད་འབྱོར་རིག་གསུམ་འཛོམས་པའི་བཀྲ་ཤིས་ཤོག།

             མི་རིགས་མཐུན་སྒྲིལ་ཡོང་བའི་བཀྲ་ཤིས་ཤོག།

             རྒྱལ་ཁབ་གཅིག་གྱུར་ཡོང་བའི་བཀྲ་ཤིས་ཤོག།

             འཛམ་གླིང་ཞི་བདེའི་བཀྲ་ཤིས་དཔལ་འབར་ཤོག།

 

     ཞེས་བྱ་པ་འདི་ཡང་རོང་ཆེན་དེ་ཝ་ར་ཛཱ་ཤྲཱི་འཇམ་དབྱངས་བློ་བཟང་འཕྲིན་ལས་སམ་ཆོང་ཆེན་ལྷ་རྒྱལ་དཔལ་ཞེས་འབོད་པས་བོད་རབ་བྱུང་བཅུ་བདུན་པའི་ཤིང་ཕོ་རྟ༼༢༠༡༤༽ལོའི་ཧོར་ཟླ་དང་པོའི་ཚེས་བཞི་ཉིན་ལ་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་སུ་ཆབ་འགག་གསེར་གཞོང་རིང་མོའི་གྲོང་རྡལ་གྱི་གསེར་མཁར་བདེ་ལེགས་དགའ་ཚལ་ཞེས་བྱ་བའི་རང་ཤག་བདེ་སྟོང་རྣམ་པར་རྒྱལ་བའི་ཕོ་བྲང་ནས་སྦྱར་བ་སརྦ་ཛ་ཡནྟུ།།  །།

 

                                 ༄༅།།མདོ་ཁམས་ཡུལ་གྱི་ཆགས་ཚུལ་ཤེས་བྱའི་ཟེགས་མ་ཞེས་བྱ་བ་བཞུགས་སོ།

     ༄༅།།དུང་དཀར་ཚིག་མཛོད་ལས། མདོ་ཁམས་གདུགས་ཆེན་བརྐྱང་པ་འདྲ།། སྒང་ཆེན་ཕག་མོ་ཉལ་བ་འདྲ།། སྒང་ཕྲན་ཕོ་གུས་བསྣུར་བ་འདྲ།། རི་བོ་ཁྲི་གདུགས་བརྐྱངས་པ་འདྲ།། རི་མགོ་རྨོག་ཕོར་སྒོར་བ་འདྲ།། རི་རྩེ་མདུང་མོ་གཤིབ་པ་འདྲ།། ཐང་ནི་དར་དཀར་བདས་པ་འདྲ།། དེ་མདོ་ཁམས་ས་ཡི་འདྲ་ལུགས་ཡིན།། ཞེས་པ་དང༌། སོག་ལ་སྐྱ་བོ་ནས་རྨ་ཆུ་ཁུག་པ་ཡན་ལ་མདོ་སྟོད་མི་ཡི་ཆོལ་ཁ་ཟེར། མདོ་སྟོད་དང་མདོ་སྨད་གཉིས་ཀྱི་བསྡུས་མིང་ལ་མདོ་ཁམས་ཞེས་ཟེར་བར་འདོད་ཅིང་། སྤྱིར་བོད་གངས་ཅན་ལ་རི་ཆུ་མཚོ་གསུམ་མིང་གྲགས་ཅན་གང་འདྲ་ཆགས་ཡོད་ཞེ་ན། རི་མཐོན་པོ་མིང་ཅན་བཅུ་གཅིག་ནི། གངས་དཀར་ཏེ་སེ་ཇོ་མོ་གངས་དཀར་དང་།། ཉང་སྟོད་ཧ་བོའི་གངས་དང་ཙ་རི་ཏྲ།། འབྲོག་ལ་ཕྱི་གངས་བསམ་གཏན་གངས་བཟང་དང་།། གཉན་ཆེན་ཐང་ལྷ་ཡར་ལྷ་ཤམ་པོ་དང༌།། རྨ་ཆེན་སྦོམ་ར་མདོ་ལ་རིང་མོ་དང་།། ཨ་ཆེན་གངས་རི་ལ་སོགས་ལྷུན་གྱིས་གྲུབ།། མཚོ་ཆེན་པོ་མིང་ཅན་བཅུ་ཐམ་པ།། མ་ཕམ་གཡུ་མཚོ་ཏི་སེ་འགྲམ་དུ་ཆགས།། གནམ་མཚོ་ཕྱུག་མོ་ནག་ཆུའི་ལྟེ་བར་འཁྱིལ།། ཡར་འབྲོག་གཡུ་མཚོ་ཡར་འབྲོག་ཡུལ་ན་ཆགས།། ཕག་མཚོ་ཟེར་བ་དབུས་གཙང་ས་ན་མཛེས།། སྐྱ་རེངས་སྔོ་རེངས་བེའུ་དུག་མཚོ་དང༌།། སྟོང་རི་མཚོ་ནག་ཁྲི་ཤོར་རྒྱལ་མོ་དང་།། སྐྱེམས་མཚོ་ལ་སོགས་མདོ་སྨད་ཡུལ་ན་མཛེས།། ཆུ་གཙང་བོ་ཆེན་པོ་དུ་མ་ནི།ཆུ་གཙང་རང་རེའི་བོད་ན་ཡོད།། མངའ་རིས་ཕྱོགས་ནས་ཆུ་བའི་འབབ།། རྟ་མཆོག་ཁ་འབབ་ལོ་ཧི་ཏཱ།། གངྒ་རྨ་བྱ་ཁ་ནས་འབབ།། སིཏཱ་གླང་ཆེན་ཁ་ནས་འབབ།། སིནྡྷུ་སེང་གེའི་ཁ་ནས་འབབ།། དེ་ལ་ཁ་འབབ་རྣམ་བཞིར་གྲགས།། རྨ་ཆེན་གངས་ནས་རྨ་ཆུ་བཞུར།། འབྲི་ཆུ་གདང་ལ་རི་ནས་འབབ།། རྨ་འབྲི་ཆུ་གཉིས་ཀྲུང་གོར་འབབ།། དེང་སང་ཀྲུང་ཧྭ་ཆུ་མཛོད་ཟེར།། རྒྱལ་རོང་རྒྱལ་མོ་རྔུལ་ཆུ་གཉིས།། ཁམས་ཀྱི་ཕྱོགས་ནས་དལ་གྱིས་འབབ།། ཡར་ལུང་ཁོག་ནས་བབས་པ་ཡིས།། ཡར་ཀླུང་གཙང་བོ་ཞེས་སུ་གྲགས།། ཙོང་ཆུ་རྫ་ཆུ་བསང་ཆུ་དང༌།། དགུ་ཆུ་སོགས་ཀྱང་ས་ཡི་རྒྱན།། ཞེས་སུ་གྲགས་སོ། དེས་ན་རྒྱ་བོད་ཚིག་མཛོད་ཆེན་པོ་ལས། མདོ་ཁམས་ཡུལ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་མིང་རྙིང་ལ་ཟེར་ན་ཡང༌མདོ་སྟོད་ལ་ནང་གསེས་ཀྱིས་ཕྱེ་ན་དེ་ལས་ཁྱབ་རྒྱ་ཆེ་བ་མ་ཟད། ཆུ་བཞི་སྒང་དྲུག་ཞེས་སུ་གྲགས། ཆུ་བཞི་སྟེ། རྫ་ཆུ། འབྲི་ཆུ། ཟླ་ཆུ། རྒྱལ་མོ་རྔུལ་ཆུ་སོགས། དེའི་ནང་ནས་དཔྱེ་ནས་བཤད་ན་གཤམ་གསལ་འདི་ལྟ་སྟེ།

     འབྲི་ཆུ་ནི་རྒྱལ་ནང་གི་གཙང་བོ་ཆེས་རིང་ཤོས་དེ་ཡིན་ལ། གཙང་བོ་དེ་གདང་ལའི་རི་རྒྱུད་རྒྱ་ལ་རྩི་ཟླུམ་གྱི་ལྷོ་ནུབ་ཕྱོགས་ནས་བབས་ཏེ་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་དགུ་མདོ་དང་། བོད་ལྗོངས་དང་ཟི་ཁྲོན་གྱི་འབྲེལ་མཚམས་བརྒྱུད་དེ་མཐར་བོད་ལྗོངས་སྨར་ཁམས་རྫོང་དང་ཡུན་ནན་ས་ཁུལ་སོགས་བརྒྱུད་ཏེ་ཧྲང་ཧེར་བརྒྱུད་ནས་ཏུང་ཧེ་རྒྱ་མཚོ་ཆེན་པོར་འབབ་ཀྱིན་ཡོད། ཆུ་བོ་འདིའི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ༦༣༠༠ཙམ་དང་ཆུ་བོ་འབབ་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི༡༨༠ཙམ་ཟིན་ཡོད་ཟེར་ཏོ།།
     
རྫ་ཆུ་ནི་མཚོ་སྔོན་ཞིང་ཆེན་རྫ་སྟོད་རྫོང་ཁོངས་ཀྱི་རི་བོ་ཤྭ་ར་སྐྱ་ནས་འབབ་ཏེ་བོད་ལྗོངས་ཆབ་མདོ་གྲོང་བརྡལ་སོགས་ནས་སྨར་ཁམས་རྫོང་བརྒྱུད་དེ་ཡུན་ནན་ཞིང་ཆེན་དུ་བཞུར་རྗེས་མེ་ཀོང་གཙང་པོར་འདྲེས་ཤིང་། དེ་ནས་འབར་མ་དང་། ལའོ་ཝོ། ཐེ་གོ ཁམ་པོ་རྫ། ཡའོ་ནན་སོགས་རྒྱལ་ཁབ་དུ་མ་བརྒྱུད་མཐར་རྒྱ་མཚོ་ལྷོ་མར་འབབ་ཀྱིན་ཡོད། རྫ་ཆུའི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ༢༡༧༩དང་འབབ་ཡུལ་གྱི་ས་ཁྱོན་ལ་སྟོང་རྨིད་གྲུ་བཞི་མ་ཁྲི༡༦་༤ཙམ་ཟིན་ཡོད་ཟེར་ཏོ།།

     རྒྱལ་མོ་རྔུལ་ཆུ་ནི་གདང་ལའི་ལྷོ་ཕྱོགས་བོད་ལྗོངས་ཨ་མདོ་རྫོང་ཁོངས་ནས་བབས་ཏེ་ནག་ཆུ་དང་། འབྲི་རི། སྦྲ་ཆེན། སྟེང་ཆེན། ལྷོ་རོང་། དཔའ་ཤོད། མཛོ་སྒང་སོགས་རྫོང་ཁག་དུ་མ་བརྒྱུད་ནས་ཡུན་ནན་ཞིང་ཆེན་དུ་བཞུར་རྗེས་འབར་མའི་སར་ཝུན་གཙང་པོ་བརྒྱུད་མཐར་རྒྱ་གར་རྒྱ་མཚོ་ཆེན་མོར་འབབ་ཀྱིན་ཡོད། བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ༣༢༤༠ཡོད་པ་དང་བཞུར་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ༢༣༥༠༠༠ཙམ་ཡོད་པས་ཆུ་བོ་འདི་ནི་བོད་ཀྱི་ཆུ་ཆེན་གཉིས་པར་གྲགས་སོ།།   

     མདོ་ཁམས་བོད་ཀྱི་སྒང་དྲུག་སྟེ། ཟལ་མོ་སྒང༌། ཚ་བ་སྒང༌། སྨར་ཁམས་སྒང༌། སྤོ་འབོར་སྒང༌། དམར་རྫ་སྒང༌། མི་ཉག་རབ་སྒང་སོགས་སྒང་དྲུག་ཏུ་ཕྱེ་བ་ཡིན་ནོ། ཞེས་གསུངས་པ་ལྟར་སྒང་དང༌། གཤོང་འབུར་ཐང་ཆེན་བཅས་ས་ཆའི་ཆགས་སྟངས་དང་བསྟུན་ནས་ཐ་སྙད་སྣ་ཚོགས་བཏགས་པ་ནི། མིའུ་འདྲ་ཆགས་ཞེས་བྱ་བ་ལས། ས་བཅད་ཡུལ་བགོས་སྲིད་པས་བྱས།། ཡུལ་མཚམས་ཐམས་ཅད་ཆུ་ཡིས་ཕྱེ།། ཡུལ་རེར་ཆུ་རེ་མིང་དུ་བཏགས།། ཞེས་པ་ལྟར་ཁམས་ཀྱི་སྲིན་མོ་རྫོང་གསུམ། མདོ་ཁམས་ཀྱི་ཆུ་ཆེན་གསུམ། མདོ་ཁམས་སྒང་བཞི། མདོ་ཁམས་ཆུ་བཞི་སྒང་དྲུག། མདོ་ཁམས་སྒང་ལྔ།། མདོ་ཁམས་ཕྱུག་དྲུག། མདོ་ཁམས་རོང་དགུ། མདོ་ཁམས་ཤོད་ཆེན་བཅོ་བརྒྱད་བཅས་དུ་མར་བཤད་པ་ལས། ཁམས་ཀྱི་སྲིང་མོ་རྫོང་གསུམ་ནི་ནགས་ཤོད་རང་ལ་ཆགས་པ་ནི་བསླུ་མེད་རྡོ་རྗེའི་ལུང་གིས་ཟིན་པ་ཞིག་ཡིན་ཏེ། སྔ་འགྱུར་རྫོགས་ཆེན་ཆོས་འབྱུང་ཆེན་མོར་དྲངས་པའི་ལུང་བསྟན། ཨོ་རྒྱན་གླིང་པའི་བཀའ་ཐང་ཤེལ་བྲག་མ་དང༌། རྡོ་རྗེ་གླིང་པའི་རྣམ་ལྕག་མ། པདྨ་གླིང་པའི་བཀའ་རྒྱ་མ། སངས་རྒྱས་གླིང་པའི་པུ་རི་མ་རྣམས་ལས། ཚིག་གཅིག་དབྱངས་གཅིག་གིས། མི་ལ་ལུས་ཆས་ཡ་མ་ཟུང་དུ་འོངཿ དམ་པའི་ཆོས་ཀྱང་ཡ་མ་ཟུང་དུ་འགྲོཿ དགེ་རྒྱས་བྲིས་པའི་རི་མོ་ཤུལ་རྗེས་འོངཿ ཁམས་ཀྱི་སྲིན་མོ་རྫོང་གསུམ་གཏེར་ཁ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུངཿ ཁམས་པ་ཉི་མ་གྲགས་པའི་མཚན་ཅན་འབྱུངཿ ཞེས་དང༌། ཡང་དེ་ཉིད་དུ་དྲངས་པ། རང་གཏེར་བླ་མ་བདེ་མཆོག་གི་ཆོས་ཚན་ལས། ང་ཡི་སྦས་པའི་གཏེར་ཁ་རྣམསཿ ཁམས་པ་ཉི་མ་གྲགས་པས་སྤྱོདཿ ཅེས་གསལ་བར་བསླུ་མེད་རྡོ་རྗེའི་ལུང་གིས་ཡང་ཡང་བསྔགས་པའི་ཁམས་ཀྱི་སྲིན་མོ་རྫོང་གསུམ་ནི་ནགས་ཤོད་ཡིན་མིན་དོགས་མི་དགོས་པ་ནི་བསྟན་གཉིས་གླིང་པའི་ལྟ་བ་སངས་རྒྱས་དགོངས་འདུས་ལས། ནགས་ཤོད་རི་བོ་སྲིན་མོ་རྫོང་གི་སྤོར་ཞེས་གསུངས་པ་བཞིན། ཁམས་ཀྱི་སྲིན་མོ་རྫོང་ནས་རྫོགས་ཆེན་རྩ་གསུམ་གསང་བ་སྙིང་ཐིག་སོགས་གདན་དྲངས། ཞེས་དང༌། པདྨ་གླིང་པའི་གཏེར་ལུང་ལས། ནགས་ཤོད་རི་ལ་སྦས་པའི་དི་ར་བདུནཿ ཞེས་དང༌། ཡང་དེ་ཉིད་ལས་ནགས་ཤོད་རི་བོ་སྲིན་མོ་རྫོང་གི་སྤོརཿ ཞེས་ནགས་ཤོད་ཅེས་གསལ་བར་གསུངས་པ་འདི་ལས་གཞན་པའི་ཁམས་ཀྱི་སྲིན་མོ་རྫོང་ཞིག་བརྒྱ་བྱིན་མིག་སྟོང་ལྡན་པས་བཙལ་ཀྱང་རྙེད་དུ་མེད་དོ།། ཁམས་ཀྱི་ཆུ་ཆེན་གསུམ་གྱི་ནང་ཚན་ནགས་ཆུའི་ཆུ་མགོ་ཨ་མདོ་སྐྱ་ནག་མཚོ་ནས་ནག་ཆུ་བརྒྱུད་ཆུ་ཕྲན་མང་པོ་འདྲེས་ཏེ་མཐར་མདོ་ཁམས་ནགས་ཤོད་སྦས་ཡུལ་ལྗོངས་ནས་འབབ་པའི་ཆུ་ཆེན་དེ་ལ་བར་གྱི་ཚིག་སྣ་བསྡུས་ཏེ་ནགས་ཆུ་ཞེས་འབོད། དཔེར་ན་ཡུལ་སོག་ཤོད་ལུང་པ་ནས་འབབ་པའི་ཆུ་ལ་སོག་ཆུ་དང༌། ཡུལ་རྒྱལ་ཤོད་ལུང་པ་ནས་འབབ་པའི་ཆུ་ལ་རྒྱལ་ཆུ་ཞེས་འབོད་པ་བཞིན་ནོ། ཡང་རྒྱ་བོད་ཚིག་མཛོད་ཆེན་པོ་ལས། མདོ་སྨད་ནི་གཡེར་མོ་ཐང་ཞེས་གྲགས་པ་སྟེ། མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ལྷོ་ནུབ་རྒྱུད་ཀྱི་རྨ་ཆུའི་འགྲམ་རྒྱུད་ལ་ཟེར་ཞིང་། ཨ་ཆེན་གངས་རི་ནས་མདོ་ལ་རིང་མོའི་བར་ལ་ཨ་མདོ་ཞེས་གྲགས་སོ།།

ཞེས་བྱ་པ་འདི་ཡང་རོང་ཆེན་ལྷ་རྒྱལ་དཔལ་ཞེས་འབོད་པས་བོད་རབ་བྱུང་བཅུ་བདུན་པའི་ཤིང་ཕོ་རྟ༼༢༠༡༤༽ལོའི་ཧོར་ཟླ་དང་པོའི་ཚེས་བཞི་ཉིན་ལ་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་སུ་ཆབ་འགག་གསེར་གཞོང་རིང་མོའི་གྲོང་རྡལ་གྱི་གསེར་མཁར་བདེ་ལེགས་དགའ་ཚལ་ཞེས་བྱ་བའི་རང་ཤག་བདེ་སྟོང་རྣམ་པར་རྒྱལ་བའི་ཕོ་བྲང་ནས་སློབ་སྦྱོང་གི་ཟིན་ཐོ་རགས་ཙན་བཀོད་ནས་བསྒྲིགས་པ་སརྦ་ཛ་ཡནྟུ།།

 

༄༅།།བོད་ཆེན་པོའི་རྒྱལ་རབས་རིམ་བྱོན་གྱི་མཚན་བྱང་བཀོད་པ་ཙམ་ལས་མཛད་འཕྲིན་

ཅུང་ཙམ་གླེང་བ་མུ་ཏིག་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།

     ༄༅།། དེ་ཡང་བོད་ཆེན་པོའི་རྒྱལ་རབས་རིམ་བྱོན་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ལོ་རྒྱུས་དང་། ཡང་ན་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་དབང་ལམ་ལུགས་ལ་ཧ་ཅང་འབྲེལ་བ་ཟབ་མོ་ཡོད་ཅིང་། དེའི་རྒྱུ་རྐྱེན་གཙོ་བོ་ནི་ངེད་ཅག་བོད་རིགས་དང་། སོག་རིགས། མན་ཇུ་རིགས་སོགས་ཀྱི་རིག་གནས་འཕེལ་རྒྱས་དང་འབྲེལ་བ་དམ་པོ་ཡོད་པ་མ་ཟད། སྔོན་བྱོན་ལོ་རྒྱུས་མཁས་ཅན་ཕལ་ཆེ་བ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུད་འཛིན་པ་ཡིན་པས་སོ།། 

     བོད་གངས་ཅན་ཞེས་པའི་རྒྱལ་ཁབ་ཆེན་པོ་འདི་ཉིད་ལ་མཚོན་ན། ཆེས་སྔ་བའི་དུས་སུ་བོད་ཀྱི་ཡུལ་ཆ་ཤས་རྒྱ་ཆེ་བ་རྒྱ་མཚོ་ཡིན་པ་དང༌། རིམ་གྱིས་མཚོའི་རྒྱུན་སྐམ་ནས་ཡུལ་ལྗོངས་ཆགས། དེ་ནས་རིམ་གྱིས་མིའི་འགྲོ་བ་བྱུང་ཞིང༌། དེ་ཡང་མིའི་འགྲོ་བ་ནི་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང༌། མ་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་བྲག་སྲིན་མོ་གཉིས་འདུས་པ་ལས་བྱུང་བ་ཡིན་ཟེར། ཐུགས་རྗེ་ཆེན་པོ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུད་བྱའི་ཆོས་ལྡན་ཞིང་བཀོད་དུ་ཡོངས་སུ་གྲགས་པའི་གངས་ཅན་བོད་ཆེན་པོའི་རྒྱལ་ཁབ་ཀྱི་ས་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་ས་ཡ་གཉིས་དང་བཞི་འབུམ་ཙམ་ཡིན་ཞིང༌།  དེ་ལས་བལ་ཡུལ་གྱི་རྒྱ་ཁྱོན་ལྔ་བཅུ་ཙམ་ཡིན་པ་དང༌། ཁོར་ཡུག་ཀུན་ཏུ་ཤར་རྒྱ་ནག་དང༌། མན་ཇུ། སོག་པོ། ནུབ་ཏུ་བལ་ཡུལ་དང༌། རྒྱ་གར། པ་ཀི་སི་ཐན། ཨབ་གྷ་ནི་སི་ཏན། བྱང་དུ་ཏུར་ཀི་སི་ཏན་དང༌། ཨུ་རུ་སུ། ལྷོ་རུ་འབྲུག་ཡུལ་དང༌། འབྲས་ལྗོངས། འབར་མ། བྷང་ལ་སྡེ་ཤི་བཅས་རྒྱལ་ཁབ་དུ་མའི་དབུས་སུ་གནས་ཡོད། དེ་ལྟ་བུའི་རྒྱ་ཁྱོན་ཅན་གྱི་བོད་ཀྱི་རྒྱལ་ཁབ་དེ། སྤྱི་ལོ་མ་བྱུང་བའི་ལོ127གོང་ལ་བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་བྱོན་པ་ནས་བཟུང་རྒྱལ་རབས་བཞི་བཅུ་ཞེ་གཉིས་པ་གླང་དར་མའི་བར་ལ་མི་ལོ900ལྷག་གི་རིང་ལ་ཆོས་དང་སྲིད་ཀྱི་བྱུང་བ་མཐའ་ཡས་པ་ཞིག་འདུག་ཅིང་། སྤྱི་ལོ900ཙམ་ནས་མི་ལོ347ཙམ་གྱི་རིང་ལ་བོད་ཡུལ་མདོ་སྟོད་སྨད་དང༌། དབུས་གཙང་བཅས་པ་སིལ་བུར་འཐོར་ཏེ་བོད་ཁམས་སུ་ཉམས་གུད་ཆེན་པོར་གྱུར་ཞིང་། ཕྱིས་སུ་རིམ་གྱིས་དཔལ་ལྡན་ས་སྐྱ་པའི་ཁྲི་རབས་ཉི་ཤུས་སྲིད་ལོ96རིང་ལ་བོད་ཁམས་སྤྱི་ལ་མངའ་དབང་བསྒྱུར་ཞིང༌། དེ་རྗེས་སུ་ཕག་མོ་གྲུབ་པ་ཁྲི་རབས་བཅུ་གཅིག་གིས་སྲིད་ལོ86དང༌། རིན་སྤུངས་པ་ཁྲི་རབས་བཞི་ནས་སྲིད་ལོ130དང༌། སྡེ་པ་གཙང་པའི་ཁྲི་རབས་གསུམ་གྱིས་སྲིད་ལོ76བཅས་ཀྱི་རིང་ལ་སྔ་གཞུག་ཏུ་མངའ་དབང་བསྒྱུར་བ་མ་ཟད། དགའ་ལྡན་ཕོ་བྲང་གི་དུས་རབས་སུ་སྤྱི་ལོ1642ལོ་ནས1950བར་ལོ367སོགས་ལ་བོད་ཆེན་པོའི་རྒྱལ་སྲིད་བསྐྱངས་པ་ཡིན། བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་བྱོན་པ་ནས་བོད་ཆེན་པོའི་རྒྱལ་རབས་དབུ་བརྙེས་ནས་རྒྱལ་རབས་བཞི་བཅུ་ཞེ་གཉིས་པ་གླང་དར་མ་ཨུ་དུམ་བཙན་གྱི་བར་ལ་བོད་སྤྱི་ལ་དབང་པའི་རྒྱལ་རབས་བཞི་བཅུ་ཞེ་གཉིས་བྱོན་པ་དང་། བོད་ཆེན་པོ་སིལ་བུར་འཐོར་བའི་དུས་སྐབས་སུ་ལོ་འཁོར་བཞི་བརྒྱ་ལྷག་འདས་ཤིང་། རྒྱལ་རབས་བཞི་བཅུ་ཞེ་གསུམ་པ་དཔལ་ལྡན་ས་སྐྱ་གོང་མ༧འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་མཆོག་གིས་བོད་ཁྲི་སྐོར་བཅུ་གསུམ་ལ་གཅིག་གྱུར་གྱིས་མངའ་དབང་མཛད་པ་ནས་རྒྱལ་རབས་དགུ་བཅུ་གོ་བརྒྱད་པ་རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་བའི་སྐུ་རིང་བར་ལ་བོད་ཆེན་པོའི་རྒྱལ་རབས་རིམ་བཞིན་བྱོན་ཏེ། ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་བོད་ཀྱི་རྒྱལ་སྲིད་བསྐྱངས་པ་དང་། སྔོན་བྱོན་མཁས་དབང་རྣམ་པས་རིན་ཆེན་གསེར་ལས་ལྷག་པའི་ཞིབ་འཇུག་གྲུབ་འབྲས་དང་གསུང་རྒྱུན་སྣ་ཚོགས་ལྟར། འདི་རུ་ཁོ་བོས་ཀྱང་བོད་མི་རིགས་རང་གི་ལོ་རྒྱུས་ཕྱོགས་ཙམ་ཡིན་རུང་ཤེས་ན་འདོད་པའི་ཀུན་སློང་དང་སློབ་སྦྱོང་གི་འདུ་ཤེས་ལས་ཤེས་བྱའི་ཟེགས་མ་ཙམ་གྱི་ཟིན་ཐོ་ལྟ་བུ་ཞིག་བཀོད་ནས་བསྒྲིགས་འདུག་པ་ལས།

      རྗེ་ཚན་དང་བོ་གནམ་གྱི་ཁྲི་བདུན་བྱོན་པའི་སྐོར།

     རྒྱལ་རབས་ཐོག་མ་གཉའ་ཁྲི་བཙན་པོ་ནི་དམངས་ཁྲོད་ངག་རྒྱུན་དུ་སྟེང་ཕྱོགས་ལྷ་ལས་བྱོན་པར་གྲགས་ཤིང་། དོན་ལ་སྤྱི་ལོ་སྔོན་གྱི127ཙམ་ལ་ཁྲི་བར་གྱི་བདུན་ཚིགས་དང་དམུ་བཟའ་ལྡེ་མེ་བཙུན་གཉིས་ཀྱི་སྲས་སུ་འཁྲུངས་པའི་གཉའ་ཁྲི་བཙན་པོ་ཤེས་པ་ཅན་བཅུ་གཉིས་ཀྱིས་བོད་ཁ་གཡའ་དྲུག་གི་རྗེ་བོར་བསུས་ཞེས་ཟེར་ཞིང་། ཡང་ཁ་ཅིག་གིས་ཁོང་གི་མཚན་དངོས་ལ་ཨུ་བེ་ར་ཞེས་ཟེར་ཞིང༌། ཁོང་རང་སྤྱི་ལོའི་སྔོན་གྱི་126ལོར་ཁྲིར་འཁོད་ཟེར་བ་དང་། བོད་ཀྱི་རྒྱལ་རབས་དང་པོ་ཡིན་ལ་གནམ་གྱི་ཁྲི་བདུན་གྱི་ཡ་གྱལ་ཡང་ཡིན་ཞིང་། མཚན་གཞན་འོ་དེ་པུ་རྒྱལ་ཡང་ཞུ། རྒྱལ་པོ་དེ་ག་དུས་བྱུང་བའི་སྐོར་ལ་ཤོད་སྟངས་སྣ་ཚོགས་ཡོད། ༼བཀའ་ཆིམས་ཀ་ཁོལ་མ༽ལས། གཉའ་ཁྲི་བཙན་པོ་ནས་ལྷ་ཐོ་ཐོ་རིའི་བར་ལ་ལོ་ལྔ་བརྒྱ་སོང་། ལྷ་ཐོ་ཐོས་ལོ་བརྒྱ་དང་ཉི་ཤུ་ཐུབ་ཅིང་། དེ་ནས་སྲོང་བཙན་སྒམ་པོའི་བར་ལོ་བརྒྱ་དང་བཅུ་གཅིག་སོང་ཞེས་བཤད་པ་ལྟར་ན། གཉའ་ཁྲི་བཙན་པོ་ནས་སྲོང་བཙན་སྒམ་པོ་འཁྲུངས་པའི་མེ་གླང་སྤྱི་ལོ617ལོའི་བར་ལོ་བདུན་བརྒྱ་དང་སོ་གཅིག་ཡོད་པ་ཡར་འདེད་བྱས་ཏེ་རྩིས་ན། ཧན་ནུབ་མའི་རྒྱལ་རབས་ཀྱི་གོང་མ་ཧན་ཨུ་རྡིས་ཀྱི་ཡོན་ཧྲོའི་ཁྲི་ལོ་དྲུག་པ་སྤྱི་ལོའི་གོང་གི་117ལོ་ལ་བྱུང་དགོས་ཀྱི་འདུག་ཀྱང་། ༼མཁས་པའི་དགའ་སྟོན༽ལས། བོད་རྗེ་གཉའ་ཁྲི་བཙན་པོ་ནས། ཐོག་མའི་གདུང་རབས་ཉི་ཤུ་རྩ་བདུན་ལ། མི་ལོ་དྲུག་བརྒྱ་དང་ནི་དྲུག་ཅུ་སོང་། དེ་ནས་ལྷ་ཐོ་ཐོ་རི་གཉན་བཙན་སོགས་གདུང་རབས་ལྔར། ལོ་ནི་བརྒྱ་དང་ལྔ་བཅུ་ལོན་ནོ་ཞེས་བཀའ་གཙིགས་ལ་སོགས་ཡིག་རྙིང་དུ་མར་བཤད་ཅེས་གསལ་བ་ལྟར་ན་གཉའ་ཁྲི་བཙན་པོ་ནས་སྲོང་བཙན་སྒམ་པོ་འཁྲུངས་པའི་མེ་གླང་སྤྱི་ལོ617ལོ་བར་ལ་ལོ་བརྒྱད་བརྒྱ་དང་བཅུ་སོང་བ་ཡར་འདེད་བྱས་ཏེ་རྩིས་ན། ཧན་ནུབ་མའི་རྒྱལ་རབས་ཀྱི་གོང་མ་ཧན་ཀའོ་ཙུའུ་ལིའུ་པང་ཁྲི་ལོ་བཅུ་གཅིག་པ་ཤིང་སྦྲུལ་སྤྱི་ལོའི་གོང་གི་196ལོ་ལ་བྱུང་དགོས་ཀྱི་འདུག གཞན་ཡང་གཉའ་ཁྲི་བཙན་པོ་བྱུང་ཚུལ་སྐོར་ལ་རྒྱ་གར་ནས་བོད་དུ་བསྒྱུར་བའི་སངས་རྒྱས་ཆོས་ལུགས་ཀྱི་ཆོས་དཔེ༼ལྷ་ལས་ཕུལ་བྱུང་གི་བསྟོད་པའི་འགྲེལ་པ༽དང་། བོད་ཡིག་གི་ལོ་རྒྱུས་མང་པོ་ཞིག་གི་ནང་དུ་གཉའ་ཁྲི་བཙན་པོ་ནི་སྟོན་པ་ཤཱཀྱ་མུ་ནེའི་གདུང་རྒྱུད་ནས་བྱུང་བ་དང་། རྒྱ་གར་ནས་བོད་མཐའ་མཚམས་སུ་བྲོས་བྱོལ་དུ་ཡོང་བའི་རྒྱལ་པོ་རུ་པ་ཏི་ཟེར་བ་དེ་རྗེས་སུ་གཉའ་ཁྲི་བཙན་པོར་བཏགས་པ་ཡིན་ཟེར་བ་སོགས་བཤད་ཀྱང་དེ་ནི་བོད་ཀྱི་ལོ་རྒྱུས་རྒྱ་གར་ལ་ཁུངས་བཅོལ་བའི་ཤོད་ཚུལ་ཞིག་ཡིན་པ་ལས་དངོས་དོན་ངོ་མ་མིན་པར་སེམས། ས་སྐྱའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་དུས་ཐོག་ཕལ་ཆེར་མཉམ་པའི་བོད་ཀྱི་ལོ་རྒྱུས་མཁས་པའི་དབང་པོ་ལྕང་གླིང་པ་རོལ་པའི་རྡོ་རྗེས་བརྩམས་པའི༼ཡུམ་བུ་བླ་སྒང་གི་དཀར་ཆག༽ནང་སྤོ་བོའི་ཡུལ་དུ་བྱ་མོ་བཙུན་བྱ་བའི་བུད་མེད་ཅིག་ལ་བུ་སྤུན་དགུ་སྐྱེས་པ་ལས་ཆུང་ཤོས་ཨུ་བེ་ར་ཟེར་བ་བཞིན་མཛེས་པ། ལག་སོར་དྲ་བས་འབྲེལ་བ། མཐུ་རྩལ་ཤིན་ཏུ་ཆེ་བ་ཞིག་བྱུང་བ་དེ་ཡུལ་མི་ཀུན་གྱིས་གདོན་འདྲེར་རྩིས་ཏེ་ཡུལ་དེ་ནས་ཕུད་པ་རིམ་གྱིས་ཡར་ལུང་དུ་བྱོན་པ་ན། ཡར་ལུང་གི་མི་རྣམས་བོད་ཀྱི་རྒྱལ་པོ་གསར་པ་འཚོལ་བའི་སྐབས་དང་ཁེལ་ཏེ་བྱང་ལམ་གཡའ་ལེ་གོང་ཟེར་བ་དེར་ཕྲད་ནས་ཁོ་ཚོས་ཁྱེད་སུ་ཡིན། གང་ནས་འོངས་ཞེས་དྲིས་པས་ང་སྤོ་བོའི་ཡུལ་ནས་འོངས། ད་བོད་ལ་འགྲོ་ཟེར། འོ་ན་ཁྱེད་ལ་མཐུ་རྩལ་གང་འདྲ་ཡོད་ཞེས་པས་ང་ནུས་པ་ཆེ་དྲགས་པའི་རྐྱེན་གྱིས་ཡུལ་ནས་ཕུད་པ་ཡིན་ཞེས་སྨྲས། འོ་ན་ཁྱེད་ཀྱིས་བོད་ཀྱི་རྗེ་ཨེ་ནུས་བྱས་པས། ཁྱེད་རང་རྣམས་ཀྱིས་ང་གཉའ་བར་ཁྲི་ལ་བཏེག་གྱིས་དང་། མཐུ་སྟོབས་རྫུ་འཕྲུལ་རིམ་གྱིས་ཤེས་འོང་ཞེས་སྨྲས་པ་བཞིན་འབངས་རྣམས་ཀྱིས་དེ་ལྟར་བྱས་ནས་རྗེ་དེ་གཉའ་རུ་ཁུར་བས་མཚན་ལའང་གཉའ་ཁྲི་བཙན་པོ་ཞེས་ཐོགས་སོ་ཞེས་གསལ་བ་ལས། གཉའ་ཁྲི་བཙན་པོ་ནི་རྒྱ་གར་ནས་བོད་དུ་བྲོས་བྱོལ་ཕེབས་པའི་རྒྱ་གར་བ་ཞིག་མ་ཡིན་པར་རང་ཅག་སྤོ་བོའི་ཡུལ་ནས་ལྷོ་ཁར་ཡུལ་བྱོལ་དུ་ཕེབས་ཤིང་། བོད་སྐད་ཤེས་པའི་བོད་མི་རང་ཡིན་པ་མཐོང་ཐུབ། ཡང་རྒྱ་ཡིག་གི༼ཐང་ཡིག་རྙིང་མ༽ནང་བོད་ཀྱི་བཙན་པོའི་གདུང་རྒྱུད་ཀྱི་འབྱུང་ཁུངས་དེ་ལྷོ་བྱང་རྒྱལ་རབས་ཀྱི་དུས་སུ་ལིན་སུང་ས་གནས་ཀྱི་དཔོན་རིགས་ཕན་མི་ཟེར་བ་དེ་ཡིན་ཞིང་། དེ་ལ་པུར་རྒྱལ་ཟེར་བ་ཡིན་ཚུལ་སོགས་བཤད་པ་དེ་ནི་བོད་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་མེད་པའི་དབང་གིས་དེ་ལྟར་འོལ་ཚོད་ཀྱིས་བྲིས་པའམ་འདོད་པའི་དབང་གིས་ཆེད་གཉེར་གྱིས་བྲིས་པ་ཙམ་ཞིག་ཡིན། དེབ་ཐེར༼ཆོས་འབྱུང་མཁས་པའི་དགའ་སྟོན༽གྱིས་མཚོན་པའི་བོད་ཀྱི་ལོ་རྒྱུས་མང་པོའི་ནང་གཉའ་ཁྲི་བཙན་པོ་ནི་གནམ་གྱི་ལྷ་ནས་མི་ཡུལ་དུ་བྱོན་པ་སོགས་ཀྱི་བཤད་ཚུལ་བཀོད་པ་ནི་གནའ་རབས་བོན་གྱི་ལོ་རྒྱུས་དང་ངག་སྒྲོས་ལས་འབྱུང་བ་ལྟར་བཀོད་པ་སྟེ། དེ་ཡང་ཚན་རིག་དང་མཐུན་པའི་ཤོད་ཚུལ་མིན་པ་ཞོར་ལ་གོ་བར་གྱུར་རོ། དེ་ལྟར་གཉའ་ཁྲི་བཙན་པོས་བོད་ཀྱི་རྗེ་བོ་མཛད་པ་ནས་བཟུང་པུར་རྒྱལ་གྱི་གདུང་རབས་དབུ་བརྙེས་ཤིང་། བཙན་པོ་དེའི་སྐུ་གཤེན་མཚེ་མི་སྨུ་རྒྱལ་དང་། ཅོ་མི་ཕྱག་གར་གཉིས་ཀྱིས་མཛད། སྐུ་མཁར་ཡུམ་བུ་བླ་སྒང་བརྩིགས། བོན་གྱི་ལོ་རྒྱུས་ལ་ལར་གསས་མཁར་གཡུང་དྲུང་ལྷ་རྩེ་ཞེས་བྱ་བ་དང་། སྐུ་མཁར་འཕྱིང་བ་སྟག་རྩེ་ཡང་བཙན་པོ་འདིའི་རིང་ལ་བརྩིགས་པར་བཤད། གནམ་མུག་མུག་གམ་མུ་ཚོ་བཟའ་བྱ་བ་ཁབ་ཏུ་བཞེས་པར་སྲས་མུ་ཁྲི་བཙན་པོ་འཁྲུངས། སྲས་ཀྱིས་ཆིབས་ཁ་ཐུབ་ཙམ་ན་ཡབ་ཨ་སྔོན་དབྱིསངས་སུ་གཤེགས་ཞེས་གྲགས་པས་སྐུ་ཚེ་དེ་ཙམ་གྱི་རིང་པོ་མ་བཞུགས་པར་སེམས། ཁོང་རང་སྤྱི་ལོའི་སྔོན་གྱི་126ལོར་ཁྲིར་འཁོད་ཟེར་བ་དང་། སྤྱི་ལོ་སྔོན་གྱི126ལོ་འམ་སྤྱི་ལོ་སྔོན་གྱི414ལོར་སྲིད་ཁྲིར་འཁོད་ནས་རྒྱལ་སྲིད་བསྐྱངས་པ་སོགས་དུ་མ་འདུག་ཀྱང་རང་ཅག་གི་མཁས་པ་ཕལ་མོ་ཆེས་བཞེད་དགོངས་ལྟར་ན། སྤྱི་ལོ་སྔོན་གྱི126ལོ་འམ་སྤྱི་ལོ་སྔོན་གྱི414ལོར་སྲིད་ཁྲིར་འཁོད་ནས་རྒྱལ་སྲིད་བསྐྱངས་པ་སོགས་བཞེད་ཕྱོགས་དུ་མ་འདུག གདར་ཤ་གསལ་བོ་ཆོད་ཀི་མེད་པར་སེམས། གང་ལྟར་སྤྱི་ལོའི་སྔོན་གྱི་417ལོའི་ཤིང་བྱི་ལོར། སྤུ་བོའི་ཡུལ་དུ་ཡབ་ཐེ་རང་མང་སྙ་ཨུ་བེ་ར་དང༌། ཡུམ་མོ་བཙུན་བྱ་བ་གཉིས་ལ་སྲས་དགུ་འཁྲུངས་པའི་ཐ་ཆུང་དེ་ཡིན་ལ། སྐུ་ནར་སོན་པ་དང་ཐུགས་རྒྱུད་གྱོང་ཞིང་སྟོབས་རྩལ་ཆེ་སྟབས་ཡུལ་དཔོན་དང་འཐབ་འཛིང་བྱས། མཐར་སྤུ་བོ་ནས་ཡུལ་བུད་དེ་བོད་དུ་ཕྱིན། ལམ་བར་དུ་བོད་ཀྱི་རྒྱལ་ཕྲན་གྱི་གཉའ་གནོན་འོག་ནས་བྲོས་བྱོལ་བྱས་ཏེ། མགོན་དང་དཔུང་གཉེན་བཙལ་བའི་བོད་མི་ཁག་གཅིག་དང་འཕྲད་པ་དེ་དག་དང་བསྡོངས་ནས་བོད་ཡུལ་དུ་ཕྱིན། ཐོག་མར་བོད་ཀྱི་རྒྱལ་ཕྲན་དེ་ཉིད་དབང་དུ་བསྡུས། སྤྱི་ལོའི་སྔོན་གྱི་360ལོར་བོད་ཀྱི་རྒྱལ་པོ་ཐོག་མར་གྱུར། སྐུ་མཁར་ཡུམ་བུ་བླ་སྒང་བརྩིགས། དེ་ནས་ཞང་ཞུང་ཕུད་པའི་བོད་ཀྱི་ཡུལ་གྲུ་ཕལ་མོ་ཆེ་དབང་དུ་བྱས། བོད་ཀྱི་བཙན་པོ་ཞེས་པའི་མཚན་སྙན་ཐོག་མར་བཞེས། མཆན་ཁེབས་ཀྱི་བློན་ཆེན་ལ་ལྷོ་དང་སྙགས་གཉིས་ཀྱིས་བྱས། བོན་པོ་མཚེ་མི་སྨུ་རྒྱལ་དང༌། ཙོ་མི་ཕྱག་གར་གཉིས་སྐུ་གཤེན་དུ་བསྟེན། སྐུ་གཤེན་ཞེས་པ་ནི་རྒྱལ་པོའི་བླ་མཆོད་དམ་དབུ་བླ་ཡིན་པར་སེམས། ཕྱིང་བ་སྟག་རྩེར་ཕེབས་ཏེ་ཁྲིམས་དང་ལས་ཀའི་སྒྲིག་གཞི་བཟོས། གནམ་མུག་མུག་གམ་མུ་ཚོ་བཟའ་ཞེས་བྱ་བ་ཁབ་ཏུ་བཞེས། སྲས་མུ་ཁྲི་བཙན་པོ་འཁྲུངས་སྐབས་དེར་སྐུ་ན་བགྲེས་པོར་སླེབས་སྟབས་སྲས་ཀྱིས་ཆིབས་ཁ་ཐུབ་ཙམ་ན་སྤྱི་ལོའི་སྔོན་གྱི་345པའི་ཤིང་ཕག་ལོར་སྐུ་གཤེགས་ཟེར་བ་ངེས་སོ།།

      རྒྱལ་རབས་གཉིས་པ་མུ་ཁྲི་བཙན་པོ་ནི་ཡབ་གཉའ་ཁྲི་བཙན་པོ་དང་ཡུམ་གནམ་མུག་མུག་གཉིས་ཀྱི་སྲས་སུ་སྤྱི་ལོའི་སྔོན་གྱི་355པའི་མེ་སྟག་ལོར་སྐུ་འཁྲུངས་ཤིང་། ས་དིང་དིང་ཁབ་ཏུ་བཞེས། སྤྱི་ལོ་སྔོན་གྱི་དུས་རབས་དང་པོའི་སྐབས་སུ་སྲིད་ཁྲིར་བཞུགས། སྐུ་གཤེན་གཅོའུ་ལན་ཚས་མཛད། གསས་ཁང་ཁོ་མ་ནེ་ཆུང་བཞེངས། བོན་གཤེན་ནམ་མཁའ་སྣང་བའི་མདོག་ཅན་ལས་ཁྲོ་བོ་དབང་ཆེན་གྱི་རྒྱུད་ཞུས། ལྷ་རི་གྱང་ཐོ་ལ་བསྒྲུབ་པ་བྱས། ཞང་ཞུང་ནས་མཁས་པ་ཆེན་པོ་བརྒྱ་རྩ་བརྒྱད་གདན་དྲངས། བོད་དུ་བོན་གྱི་འདུ་གནས་ཆེན་པོ་སུམ་ཅུ་རྩ་བདུན་བཙུགས། བོད་ཀྱི་ཡིག་གཟུགས་ལ་ལེགས་བཅོས་ཐེངས་དང་པོ་བྱས། སྤྱི་ལོ་སྔོན་གྱི་272པའི་ས་གླང་ལོར་སྐུ་གཤེགས།།

      རྒྱལ་རབས་གསུམ་པ་དེང་ཁྲི་བཙན་པོ་ནི་ཡབ་མུ་ཁྲི་བཙན་པོ་དང་ཡུམ་ས་དིང་དིང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་སྤྱི་ལོ་སྔོན་གྱི་དུས་རབས་དང་པོའི་སྐབས་སུ་སྲིད་ཁྲིར་བཞུགས། སྐུ་གཤེན་གཅེ་སྨིན་དཀར་གྱིས་མཛད། གསས་མཁར་ཁོ་མ་ཡང་རྩེ་བཞེངས། སོ་བཟའ་ཐམ་ཐམ་མ་ཁབ་ཏུ་བཞེས།།

      རྒྱལ་རབས་བཞི་བ་སོ་ཁྲི་བཙན་པོ་ནི་ཡབ་དིང་ཁྲི་བཙན་པོ་དང་ཡུམ་སོ་ཐམ་ཐམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་སྤྱི་ལོ་སྔོན་གྱི་དུས་རབས་དང་པོའི་སྐབས་སུ་ཁྲིར་བཞུགས། སྐུ་གཤེན་གཅེ་འོད་དཀར་གྱིས་མཛད་ཅིང་། གསས་མཁར་རྨུ་ར་དགུ་ཁྱུང་བཞེངས། དགོ་བཟའ་ཏོག་མེར་མེར་མ་ཁབ་ཏུ་བཞེས།།

      རྒྱལ་རབས་ལྔ་བ་མེ་ཁྲི་བཙན་པོ་ནི་ཡབ་སོ་ཁྲི་བཙན་པོ་དང་ཡུམ་ཏོག་མེར་མེར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། སྤྱི་ལོ་སྔོན་གྱི་དུས་རབས་དང་པོའི་སྐབས་སུ་སྲིད་ཁྲིར་བཞུགས། སྐུ་གཤེན་མཚེ་མི་ཟུང་སྨན་གྱིས་བྱས། གསས་མཁར་ཟོ་བོ་ཁྱུང་ལག་བཞེངས། གདགས་ལྷ་མོ་དཀར་མོ་ཁབ་ཏུ་བཞེས།།

      རྒྱལ་རབས་དྲུག་པ་གདགས་ཁྲི་བཙན་པོ་ནི་ཡབ་མེ་ཁྲི་བཙན་པོ་དང་ཡུམ་འདགས་ཁྲི་ལྷ་མོ་དཀར་པོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་སྤྱི་ལོ་སྔོན་གྱི་དུས་རབས་དང་པོའི་སྐབས་སུ་སྲིད་ཁྲིར་བཞུགས། སྐུ་གཤེན་དག་པ་མི་ཆེན་གྱིས་མཛད། གསས་ཁང་གཡུང་དྲུང་ལྷ་རྩེ་བཞེངས། སྲིབས་ཁྲི་ལྷ་མོ་སྔོན་མོ་སྔོན་མོ་ཁབ་ཏུ་བཞེས།།

      རྒྱལ་རབས་བདུན་པ་སྲིབས་ཁྲི་བཙན་པོ་ནི་ཡབ་འདགས་ཁྲི་བཙན་པོ་དང་ཡུམ་སྲིབས་ཁྲི་ལྷ་མོ་སྔོན་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། སྤྱི་ལོ་སྔོན་གྱི360ལོ་ནས་སྤྱི་ལོ་སྔོན་གྱི200ལོའི་བར་དུས་རབས་དང་པོའི་སྐབས་སུ་སྲིད་ཁྲིར་བཞུགས་ནས་བོད་ཆེན་པོའི་རྒྱལ་སྲིད་རིམ་བཞིན་བསྐྱངས་པ་དང་བཅས་སོ། སྐུ་གཤེན་གཅེའུ་ཞལ་དཀར་གྱིས་མཛད། གསས་ཁང་ཁོ་མ་རུ་རིང་བཞེངས། ས་བཙན་ཀླུ་རྗེ་ཁབ་ཏུ་བཞེས། སྤྱི་ལོའི་སྔོན་གྱི་84པའི་མེ་བྱ་ལོར་སྐུ་གཤེགས་སོ།། འདི་ཡན་གྱི་རྒྱལ་རབས་རྣམས་སྐུ་གཤེགས་པའི་ཚེ་སྤྱི་བོའི་རྨུ་ཐག་ལ་འཇུས་ནས་སྐུ་ཕུང་ས་ལ་མ་བཞག་པར་གནམ་དུ་གཤེགས་པའི་ཕྱིར་ན་གནམ་གྱི་ཁྲི་བདུན་ཞེས་པའི་མཚན་བྱུང་བར་གྲགས་ཀྱང༌། དོན་དམ་པས་སྐུ་ཕུང་མེ་ལ་བསྲེགས་པའི་དུ་བ་གནམ་དུ་སོང་བ་ལ་དེ་ལྟའི་ཟེར་སྲོལ་བྱུང་བར་སྙམ་ཞིང་། གོང་གི་རྒྱལ་རབས་བདུན་གྱིས་སྲིད་སྐྱོང་གི་དུས་ཚོད་ནི་སྤྱི་ལོའི་སྔོན་གྱི་360ནས་སྤྱི་ལོའི་སྔོན་གྱི་84ལོ་བར་ལ་བོད་ཆེན་པོའི་རྒྱལ་སྲིད་བསྐྱངས་པར་གྲགས་སོ།།

     རྗེ་ཚན་གཉིས་པ་སྟོད་ཀྱི་སྟེང་གཉིས་བྱོན་པའི་སྐོར

     རྒྱལ་རབས་བརྒྱད་པ་གྲི་གུམ་བཙན་པོ་ནི་ཡབ་སྲིབས་ཁྲི་བཙན་པོ་དང་ཡུམ་ས་བཙུན་ཀླུ་རྗེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། སྤྱི་ལོ་སྔོན་གྱི་དུས་རབས་དང་པོའི་སྐབས་སུ་སྲིད་ཁྲིར་བཞུགས། སྐུ་གཤེན་གཅེའུ་ཚེམས་དཀར་གྱིས་མཛད། གསས་མཁར་ས་ལེ་བྱེའུ་ཚང་བཞེངས། ཀླུ་སྲིང་མེར་ལྕམ་ཁབ་ཏུ་བཞེས། སྤྱི་ལོའི་སྔོན་གྱི་84པ་མེ་བྱི་ལོར་རྒྱལ་པོའི་སྲིད་ཁྲི་མངའ་གསོལ་ནས། དུས་སྐབས་དེར་སྤུ་རྒྱལ་གྱི་མངའ་ཁོངས་སུ་ཡོད་པའི་རྒྱལ་ཕྲན་རྣམས་སྟོབས་ཤུགས་ཆེན་པོར་ཆགས་སྟབས། གཙང་གི་རྒྱལ་ཕྲན་ལོ་ངམ་དང་། དེ་ཕྱོགས་ཀྱི་བོན་པོ་རྣམས་ཀྱིས་རྒྱལ་སྲིད་ལ་ཐེ་གཏོགས་བྱས་པས་རྒྱལ་པོ་གྲི་གུམ་བཙན་པོས་གཡུང་དྲུང་བོན་གྱི་བསྟན་པ་བསྣུབས། དེའི་ཚེ་སྟག་གཟིག་གི་གུ་ར་ཝ་ཏ་ཞེས་པའི་ཡུལ་ནས་སྟག་གཟིག་ཡུལ་གྱི་ཆོས་ལུགས་བོད་དུ་བསྒྱུར་ཏེ་རྒྱལ་པོའི་བླ་མཆོད་དུ་བཀུར། ཁ་ཆེའི་ཡུལ་དུ་དཔུང་འཇུག་བྱས་ཏེ་གཡུལ་ལས་རྒྱལ། ཕྱིར་བོད་དུ་ལོག་པའི་ལམ་དུ་གཙང་གི་མྱང་ཡུལ་དུ་སླེབས་པ་དང༌། རྒྱལ་ཕྲན་ལོ་ངམ་གྱིས་གཡོ་ཐབས་ཀྱིས་བསུ་བའི་མཛད་སྒོའི་ཁྲོད་དུ་མདའ་འཕངས་ཏེ། སྤྱི་ལོའི་སྔོན་གྱི་81ལྕགས་བྱི་ལོར་རྒྱལ་པོ་བཀྲོངས། སྤུར་ཟངས་ཀྱི་གའུ་ནང་དུ་བཅུག་སྟེ་ཉང་ཆུའི་ནང་དུ་བསྐྱུར། དམག་རྣམས་ཕམ་པར་བྱས་ཏེ་སྤུ་རྒྱལ་བོད་གྱི་རྒྱལ་སྲིད་འཕྲོག རྒྱལ་སྲས་རྣམས་སྤུ་ཀོང་སོགས་ཀྱི་ཡུལ་དུ་བྲོས། སྲས་མོ་བཙན་དབང་གིས་ཆུང་མར་གྱུར། བཙུན་མོ་གཡོག་ཏུ་བཀོལ། བོད་ཀྱི་རྒྱལ་སྲིད་ལོ་བཅུ་གསུམ་ཙམ་ལ་ལོ་ངམ་གྱིས་བཟུང༌། སྲིད་སྐྱོང་གི་དུས་ཚོད་སྤྱི་ལོའི་སྔོན་གྱི་84ལོ་ནས་སྤྱི་ལོའི་སྔོན་གྱི་31བར་ཡིན།།

     རྒྱལ་རབས་དགུ་བ་སྤུ་དེ་གུང་རྒྱལ་ནི་ཡབ་གྲི་གུམ་བཙན་པོ་དང་ཡུམ་ཀླུ་སྲིང་མེར་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས། ཁོང་ཡབ་ཡུམ་གཉིས་ཀྱི་སྲས་འབྲིང་བ་ཡིན་ཞིང་། སྐུ་ན་གཞོན་པའི་སྐབས་སུ་ཡབ་རྒྱལ་པོ་གྲི་གུམ་བཙན་པོ་ཉིད་ལོ་ངམ་གྱིས་བཀྲོངས་ཏེ་རྒྱལ་སྲིད་ཤོར་སྟབས་སྤུ་བོའི་ཡུལ་དུ་བྲོས་བྱོལ་ལ་ཕེབས། ཡུལ་དེའི་རྗེ་བོར་བཀུར། དེ་ནས་ལོ་ངོ་བཅུ་ལྷག་ཙམ་གྱི་རྗེས་སུ་སྤུ་རྒྱལ་གྱི་ཉེ་ཚན་དུ་གྱུར་པ་བཀྲགས་ཀྱི་རུས་ལ་གཏོགས་པའི་བློན་པོ་རུ་ལས་སྐྱེས་དང་དཔུང་སྡེབ་བྱས་ནས་གཙང་ཁུལ་དུ་དམག་དྲངས། མཁར་ཉང་རོ་ཤམ་པོ་རྩེ་ནས་ཕར། ལོ་ངམ་འཁོར་དང་བཅས་པ་བསད་དེ་སྤྱི་ལོའི་སྔོན་གྱི་68པའི་ཆུ་གླང་ལོར་སླར་ཡང་སྤུ་རྒྱལ་བོད་ཀྱི་རྒྱལ་སྲིད་ཐོབ། ཞང་ཞུང་གི་ཡུལ་ནས་ཁྱུང་ཕོ་མུ་ཁྱུང་རྒྱན་དང༌། ལྷ་ཁྱུང་རྒྱན་སྐུ་མཆེད་གཉིས་གདན་དྲངས་ནས་བོན་གྱི་བསྟན་པ་སླར་ཡང་དར་བར་བྱས། ཕྱིང་བ་སྟག་རྩེ་རུ་སྐུ་མཁར་དངོས་སུ་བརྩིགས། སྐུ་གཤེན་གཅེའུ་གཉའ་བཞེད་ཀྱིས་བྱས་ཤིང་གསས་ཁང་ཁྲི་སྐོར་བཞེངས། འོམ་ཐང་སྨན་མཚོ་ཁབ་ཏུ་བཞེས། སྐབས་དེ་ནི་བོད་ཀྱི་བཟོ་ལས་ལག་རྩལ་དང་ཞིང་ལས་ཐོན་སྐྱེད་ཀྱི་སྐོར་ལ་ཡར་ཐོན་ཆེ་ཤོས་ཀྱི་དུས་རབས་ཤིག་ཏུ་སླེབས། འདི་གཉིས་ལ་སྟོད་ཀྱི་སྟེང་གཉིས་ཟེར་བའང་སྤུ་རྒྱལ་བོད་ཀྱི་སྲིད་དབང་སྟོང་བའི་བར་སྐབས་ཀྱི་སྔོན་རྗེས་སུ་བྱུང་བའི་རྒྱལ་པོ་གཉིས་ཡིན་པའི་ཕྱིར་ན་མཚན་ཡང་དེ་ལྟར་དུ་བྱུང་བར་སྣང༌ཞིང་བོད་ཆེན་པོའི་རྒྱལ་སྲིད་རིམ་བཞིན་བསྐྱངས་སོ།།

     རྗེ་ཚན་གསུམ་པ་སའི་ལེགས་དྲུག་བྱོན་པའི་སྐོར།

     རྒྱལ་རབས་བཅུ་བ་ཨེ་ཤོ་ལེགས་ནི་ཡབ་སྤུ་དེ་གུང་རྒྱལ་དང་ཡུམ་འོམ་ཐང་སྨན་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཁོང་གི་སྐུ་རིང་ནས་བཟུང་བོད་ཆེན་པོའི་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་སོགས་ལ་སོགས་ལ་ཧ་ཅང་དར་རྒྱས་ཆེན་པོར་ཕྱིན། སྐུ་གཤེན་སྟོབས་ར་ཤིབས་ཤང་གིས་མཛད། གསས་ཁང་ས་ལེ་ལྗོན་ཕྱུག་མོ་བཞེངས། རྨུ་ལྕམ་བྲ་སྨན་ཁབ་ཏུ་བཞེས་ནས། རྒྱལ་སྲས་དེ་ཤོ་ལེགས་སྐུ་འཁྲུངས་པ་དང་བཅས་སོ།།

     རྒྱལ་རབས་བཅུ་གཅིག་པ་དེ་ཤོ་ལེགས་ནི་ཡབ་ཨེ་ཤོ་ལེགས་དང་ཡུམ་རྨུ་ལྕམ་བྲ་སྨན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་གཤེན་མི་མོ་ཆུང་གིས་མཛད། གསས་ཁང་ཁོ་མ་ཡང་རྩེ་བཞེངས། ཀླུ་ལྕམ་མེར་མ་ཁབ་ཏུ་བཞེས།།

     རྒྱལ་རབས་བཅུ་གཉིས་པ་ཐི་ཤོ་ལེགས་ནི་ཡབ་དེ་ཤོ་ལེགས་དང་ཡུམ་ཀླུ་སྨན་མེར་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། སྐུ་གཤེན་འཛིན་བོན་ཁོག་དེར་གྱིས་བྱས། གསས་ཁང་ས་ལེ་བང་བང་བཞེངས། བཙུན་མོ་གུང་སྨན་ཁབ་དུ་བཞེས།།

     རྒྱལ་རབས་བཅུ་གསུམ་པ་གུ་རུ་ལེགས་ནི་ཡབ་ཐི་ཤོ་ལེགས་དང་ཡུམ་བཙུན་མོ་གུང་སྨན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་གཤེན་མཚེས་པ་གནམ་འདུལ་གྱིས་མཛད། གསས་ཁང་རིན་ཆེན་ཟུར་མང་བཞེངས། མཚོ་སྨན་འབྲོང་མ་ཁབ་ཏུ་བཞེས།།

     རྒྱལ་རབས་བཅུ་བཞི་བ་འབྲོང་ཞི་ལེགས་ནི་ཡབ་གུ་རུ་ལེགས་དང་ཡུམ་མཚོ་སྨན་འབྲོང་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་གཤེན་ལྷ་བོན་ཡེ་གཤེན་བདུད་འདུལ་གྱིས་མཛད། གནམ་སྨན་བུ་མོ་ཁབ་ཏུ་བཞེས།།

     རྒྱལ་རབས་བཅོ་ལྔ་བ་ཨི་ཤོ་ལེགས་ནི་ཡབ་འབྲོང་ཞི་ལེགས་དང་ཡུམ་གནམ་སྨན་བུ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། སྐུ་གཤེན་ཨ་ལ་དུན་ཅུག་གིས་མཛད། རྨུ་ལྕམ་རྨང་ལེགས་ཁབ་ཏུ་བཞེས། གོང་གི་རྒྱལ་རབས་འདི་དྲུག་པོ་སྐུ་གཤེགས་པའི་ཚེ་བང་སོ་གཡའ་སྤང་མཚམས་སུ་བཏབ་པས་ན་ས་ཡི་ལེགས་དྲུག་ཟེར་པ་སོགས་སྤྱི་ལོ་སྔོན་གྱི་དུས་རབས་དང་པོའི་སྐབས་སུ་སྲིད་ཁྲིར་བཞུགས་ནས་བོད་ཆེན་པོའི་རྒྱལ་སྲིད་རིམ་བཞིན་བསྐྱངས་སོ།།

     རྗེ་ཚན་བཞི་བ་སའི་ལྡེ་བརྒྱད་བྱོན་པའི་སྐོར།

     རྒྱལ་རབས་བཅུ་དྲུག་པ་ཟ་ནམ་ཟིན་ལྡེ་ནི་ཡབ་ཨུ་ཤོ་ལེགས་དང་ཡུམ་རྨུ་ལྕམ་སྨན་ལེགས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། མཚོ་སྨན་ཁྲི་དཀར་ཁབ་ཏུ་བཞེས། སྐུ་གཤེན་བོན་པོ་གཡུང་དྲུང་རྒྱལ་པོས་མཛད་ནས་བཞུགས་སོ།།

     རྒྱལ་རབས་བཅུ་བདུན་པ་འཕྲུལ་ནམ་གཞུང་བཙན་ལྡེ་ནི་ཡབ་ཟ་ནམ་ཟིན་ལྡེ་དང་ཡུམ་མཚོ་སྨན་ཁྲི་དཀར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སེ་གཉན་མེར་མོ་ཁབ་ཏུ་བཞེས། སྐུ་གཤེན་ཞང་ཞུང་མཚོ་མི་ཀུན་སྣང་གིས་མཛད་ནས་བཞུགས་སོ།།

     རྒྱལ་རབས་བཅོ་བརྒྱད་པ་སེ་སྣོལ་གནམ་ལྡེ་ནི་འཕྲུལ་ནམ་གཞུང་བཙན་ལྡེ་དང་ཡུམ་བསེ་སྙམ་མང་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཀླུ་མོ་མེར་མོ་ཁབ་ཏུ་བཞེས།།

     རྒྱལ་རབས་བཅུ་དགུ་བ་སེ་སྣོལ་བོ་ལྡེ་ནི་ཡབ་སེ་སྣོད་གནམ་ལྡེ་དང་ཡུམ་ཀླུ་མོ་མེར་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འོ་བཟའ་སྡེ་མོ་མཚོ་ཁབ་ཏུ་བཞེས། སྐུ་གཤེན་ཞང་ཞུང་ཨ་སོ་གཙུག་ཕུད་ཀྱིས་མཛད་ནས་བཞུགས་སོ།།

     རྒྱལ་རབས་ཉི་ཤུ་བ་ལྡེ་སྣོལ་ནམ་ནི་ཡབ་སེ་སྣོད་བོ་ལྡེ་དང་ཡུམ་འོ་བཟའ་སྡེ་མོ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁྲི་སྨན་རྗེ་མོ་ཁབ་ཏུ་བཞེས། སྐུ་གཤེན་ཞང་ཞུང་ཨ་ལ་དན་ཅིས་མཛད་ནས་བཞུགས་སོ།།

     རྒྱལ་རབས་ཉེར་གཅིག་པ་ལྡེ་སྣོལ་བོ་ནི་ཡབ་ལྡེ་སྣོད་ནམ་དང་ཡུམ་ཁྲི་སྨན་རྗེ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། གཉན་བཙུན་གཉན་མོ་ཁབ་ཏུ་བཞེས། སྐུ་གཤེན་ཞང་ཞུང་དར་མ་ཧ་རིས་མཛད་ནས་བཞུགས་སོ།།

     རྒྱལ་རབས་ཉེར་གཉིས་པ་ལྡེ་རྒྱལ་བོ་ནི་ཡབ་ལྡེ་སྣོལ་བོ་དང་ཡུམ་གཉན་བཙན་གཉན་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། སྨན་བཙན་ལུག་སྐོང་ཁབ་ཏུ་བཞེས། སྐུ་གཤེན་ཞང་ཞུང་ད་ས་ཧ་རེས་མཛད་ནས་བཞུགས་སོ།།

     རྒྱལ་རབས་ཉེར་གསུམ་པ་ལྡེ་སྤྲིན་བཙན་ནི། ཡབ་ལྡེ་སྣོལ་པོ་དང༌ཡུམ་སྨན་བཙུན་ལུག་སྒོང་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། གཉན་བཙུན་མང་མོ་རྗེ་ཁབ་ཏུ་བཞེས། སྐུ་གཤེན་ཞང་ཞུང་མུ་ལ་མ་ཧོས་མཛད། གོང་གི་རྒྱལ་རབས་འདི་དག་གི་བང་སོ་ཆུ་བོའི་གཞུང་དུ་བཏབ་པས་ཆུ་ལ་ལྡེ་བརྒྱད་ཅེས་ཀྱང་གྲགས་པ་སོགས་སྤྱི་ལོ220ལོ་ནས་420ལོ་བར་ལ་རིམ་པར་བྱོན་ནས་བོད་ཆེན་པོའི་རྒྱལ་སྲིད་ལོ200རིང་ལ་བསྐྱངས་སོ།།

     རྗེ་ཚན་ལྔ་བ་འོག་གི་བཙན་བཞི་བྱོན་པའི་སྐོར།

     རྒྱལ་རབས་ཉེར་བཞི་བ་རྒྱལ་ཏོ་རི་ལོང་བཙན་ནི་ཡབ་ལྡེ་སྤྲིན་བཙན་དང་ཡུམ་གཉན་བཙན་མང་མོ་རྗེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། འོ་མ་ལྡེ་བཟའ་འབྲི་བཙུན་བྱང་མ་ཁབ་ཏུ་བཞེས། སྐུ་གཤེན་ཞང་ཞུང་ཏཱ་ར་ལ་ཧཱ་རེས་མཛད། ཐོན་མི་འབྲིང་པོ་རྒྱལ། སྣུབས་སྨན་ཏཱ་རེ། སྟོང་འདར་རྗེ་རྣམས་ཀྱིས་བློན་པོ་བྱས། བཙན་པོ་འདིའི་གཅུང་པོ་ལྟབ་ནག་ཅེས་པ་ཐང་མཚམས་སུ་ཕེབས། དེའི་རྒྱུད་ལ་ཞང་ལྔ་གཅུང་པ་ཞེས་སུ་གྲགས་སོ།།

     རྒྱལ་རབས་ཉེར་ལྔ་པ་ཁྲི་བཙན་ནམ་ནི་ཡབ་རྒྱལ་ཏོ་རི་ལོང་བཙན་དང་ཡུམ་འོ་མ་ལྡེ་བཟའ་འབྲི་བཙུན་བྱང་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྨན་བཟའ་ཁྲི་དཀར་ཁབ་ཏུ་བཞེས། སྐུ་གཤེན་ཞང་ཞུང་མུ་ལ་ཧཱ་རྒྱལ་གྱིས་མཛད། སྣུབས་གཉའ་དོར་གཙུག་དང༌། སྲས་ཁྲི་ཟུང་མོང་ཁོང་གིས་བློན་པོ་བྱས།།

     རྒྱལ་རབས་ཉེར་དྲུག་པ་ཁྲི་སྒྲ་དཔུང་བཙན་ནི་ཡབ་ཁྲི་བཙན་ནམ་དང་ཡུམ་སྨན་བཟའ་ཁྲི་དཀར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྨན་བཟའ་ཀླུ་སྟེང་ཁབ་ཏུ་བཞེས། སྐབས་དེར་ཡང་མུ་ལ་ཧཱ་རྒྱལ་གྱིས་སྐུ་གཤེན་མཛད། མགར་སྒྲ་ཛི་མུ་དང༌། ཐོན་མི་གླུ་མང་དྲེད་པོས་བློན་པོ་བྱས།།

    རྒྱལ་རབས་ཉེར་བདུན་པ་ཁྲི་ཐོག་རྗེ་བཙན་ནི་ཡབ་ཁྲི་སྒྲ་དཔུང་བཙན་དང་ཡུམ་སྨན་བཟའ་ཀླུ་སྟེང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པ་དང་། རུ་ཡོང་བཟའ་སྟོང་རྒྱལ་མོ་མཚོ་ཁབ་ཏུ་བཞེས་ནས། མགར་གཉའ་བཙན་ལྡེམ་བུ་དང༌། སྣུབས་སྐྱེས་ཐོག་རྗེ་མོར་བཙན་གྱིས་བློན་པོ་བྱས་པ་སོགས་སྤྱི་ལོ420ལོ་ནས581ལོ་བར་ལ་རིམ་པར་བྱོན་ནས་བོད་ཆེན་པོའི་རྒྱལ་སྲིད་ལོ160ལྷག་བསྐྱངས་སོ།།

       རྗེ་ཚན་དྲུག་པ་ཧ་ཅང་སྐྱིད་པའི་རྒྱལ་རབས་བཅུ་བྱོན་པའི་སྐོར།

      རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་ནི་ཡབ་ཁྲི་ཐོག་རྗེ་བཙན་དང་ཡུམ་རུ་ཡོང་བཟའ་སྟོང་རྒྱལ་མོ་མཚོ་གཉིས་ཀྱི་སྲས་སུ་སྤྱི་ལོ་406པའི་ཤིང་རྟ་ལོར་སྐུ་བལྟམས་ཤིང་། རྣོ་བཟའ་མང་པོ་རྗེ་ཁབ་ཏུ་བཞེས། ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་རིང་ལ་ཡར་ཀླུང་ཁོག་གི་ཕོ་བྲང་ཡུམ་བུ་བླ་སྒང་ངམ་ཡུམ་བུ་བླ་མཁར་དུ་གནམ་ནས་བབས་པའི་དཔང་སྐོང་ཕྱག་རྒྱ་དང་། མདོ་སྡེ་ཟ་མ་ཏོག གསེར་གྱི་མཆོད་རྟེན། མ་ཎི་ཡི་གེ་དྲུག་མ་སོགས་ཀྱི་གླེགས་བམ་ཕྱག་ཏུ་འབྱོར་བར་བརྟེན་ནས་བོད་རྒྱལ་དེའི་སྐུ་རིང་ལ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བོད་ཡུལ་དུ་དར་པའི་དབུ་བརྙེས་ཞེས་ཡོངས་སུ་གྲགས་ཀྱང་དོན་ལ་བལ་པོའི་ཡུལ་ནས་པཎྜི་ཏ་བློ་སེམས་མཚོ་དང༌། ལོ་ཙཱ་བ་ཐི་ལེ་སེ་གཉིས་ཀྱིས་སྤང་ཀོང་ཕྱག་རྒྱ་པ་དང་མདོ་སྡེ་ཟ་མ་ཏོག་གི་གླེགས་བམ་གཉིས།  གསེར་གྱི་མཆོད་རྟེན་གཅིག་མུ་དྲའི་ཕྱག་རྒྱ་ཞེས་པ་ནོར་བུའི་རིགས་ཀྱི་རྡོ་ལ་ཡིག་དྲུག་རང་བྱོན་ཅན་ཚད་ཁྲུ་གང་ཙམ་གཅིག  ཙིན་ཏ་མ་ཎིའི་སྐོས་ཕོར་ཞེས་པ་བཅུ་གཅིག་ཞལ་ཡིད་བཞིན་ནོར་བུའི་གཟུགས་ཀྱི་སྐོས་ཕོར་གཅིག སྙིང་པོ་ཡི་གེ་དྲུག་པ་བཅས་ཁྱེར་ནས་བོད་དུ་འོངས་ཏེ་ཕོ་བྲང་ཡུམ་བུ་བླ་སྒང་དུ་བཞུགས་པའི་སྤུ་རྒྱལ་ལྷ་ཐོ་ཐོ་རིའི་ཕྱག་ཏུ་ཕུལ། རྒྱལ་པོ་ངོ་མཚར་སྐྱེས་ཏེ་ཕོ་བྲང་གི་དཀོར་མཛོད་དུ་བཞུགས་སུ་གསོལ་ཞིང་། གསེར་སྐྱེམས་དང་གཡུ་སྔོན་གྱིས་མཆོད་པ་བྱས། མཚན་ལ་གཉན་པོ་གསང་བ་ཞེས་སུ་གསོལ། རྒྱལ་པོས་ཕྱག་དང་བཀུར་བསྟི་རྒྱ་ཆེར་བྱས་པས་བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་དབུ་དུས་སྐབས་དེ་ནས་བརྙེས་པར་གྲགས། ཆུ་སྤྲུལ་333ལོར་རྒྱ་གར་ནས་སངས་རྒྱས་ཀྱི་ཆོས་ལུགས་བོད་དུ་ཐོག་མར་ཞུས་པ་དང༌། དེ་དུས་སུ་བོད་ཀྱི་གསོ་བ་རིག་པ་ཡང་དར་རྒྱས་ཆེས་ཆེན་པོར་བྱུང༌བ་མ་ཟད། རྒྱལ་སྲིད་ཡུན་རིང་བསྐྱངས། སྤྱི་ལོ་493པའི་ཆུ་བྱ་ལོར་སྐུ་གཤེགས་ཟེར་པས། དགུང་གྲངས་87ཡིན་པར་འདོད་ཀྱང་ཡིག་ཆ་ལ་ལར་ཁོང་ཡང་དགུང་གྲངས120རིང་ལ་སྐུ་བཞུགས་ནས་རྒྱལ་སྲིད་བསྐྱངས་པར་གྲགས། གོང་གི་རྒྱལ་རབས་ལྔ་ལ་ཚིགས་ལ་བཙན་ལྔ་ཞེས་ཀྱང་གྲགས་ཤིང་སྲིད་སྐྱོང་གི་དུས་ཚོད་ནི་སྤྱི་ལོ341ནས་སྤྱི་ལོ་493བར་བསྡོམས་པས་ལོ་152ཙམ་ཡིན་པར་སེམས།།

     རྒྱལ་རབས་ཉེར་དགུ་པ་ཁྲི་གཉན་གཟུངས་བཙན་ནི་ཡབ་ལྷ་ཐོ་ཐོ་རི་གཉན་བཙན་དང་ཡུམ་རྣོ་བཟའ་མང་པོ་རྗེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། སྐུ་གཤེན་ཞང་ཞུང་ཚ་ལ་ཞེས་པས་མཛད། སྦས་སྣང་གཞེར་ལྷ་བཙན་དང༌། མགར་ཁྲི་འབྲིང་གཉིས་ཀྱིས་བློན་པོ་བྱས། སྤྱི་ལོ་493པའི་ཆུ་བྱ་ལོར་བོད་ཀྱི་སྲིད་ཁྲིར་མངའ་གསོལ། རྒྱལ་པོས་རང་གི་མའི་མིང་པོ་ལ་ཞང་ཞེས་བོས་པས་དེའི་ཕྱིན་ཆད་དུ་མ་ཡི་མིང་པོ་ལ་ཨ་ཞང་དུ་འབོད་པའི་སྲོལ་བྱུང་ཞིང༌། དེའི་ཡན་གྱི་དུས་སུ་ཨ་ཞང་ལ་ཇོ་བོ་ཞེས་འབོད་སྲོལ་ཡོད། འབྲོ་བཟའ་མོ་དུང་ཡང་གཞེར་ཁབ་ཏུ་བཞེས། སྤྱི་ལོ་516པའི་མེ་སྤྲེལ་ལོར་སྐུ་གཤེགས་པ་དང་། ཁོང་གི་བང་སོ་དོན་མཁར་མདའ་རུ་བརྩིགས་ཤིང་དེ་ཡང་ཕུལ་མེད་ས་ཕུང་བརྡལ་པ་འདྲ་བ་ཞིག་ཡོད་དོ། 

     རྒྱལ་རབས་སུམ་ཅུ་པ་འབྲོང་གཉན་ལྡེའུ་ནི་ཡབ་ཁྲི་གཉན་གཟུངས་བཙན་དང་ཡུམ་འབྲོང་བཟའ་མོ་དུང་ཡང་བཞེར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་གཤེན་ཕོན་པོ་མ་རུང་གིས་མཛད། མཆིམས་བཟའ་ཀླུ་རྒྱལ་ངན་བུ་འཚོ་ཁབ་ཏུ་བཞེས། སྙགས་ཐང་པ་ཡར་རྗེས་བློན་པོ་བྱས། སྤྱི་ལོ་516ལོར་བོད་ཀྱི་སྲིད་ཁྲིར་མངའ་གསོལ། སྐུ་གཞོན་པའི་དུས་སུ་སུམ་པའི་ཡུལ་དུ་བྱོན་སྐབས་བོན་པོ་ཞིག་གི་ཆུང་མ་རྒྱལ་མོ་ཆ་ལྕམ་བྱ་བ་དང་འབྲེལ་བ་བྱུང་ནས་སྲས་སུམ་རི་རིང་པོ་ཞེས་པ་ཞིག་འཁྲུངས་ཀྱང་ངོ་མ་བླངས། རྗེས་སུ་རྒྱལ་པོ་ལ་མཛེ་ནད་ཕོག་པ་དང༌། བཙུན་མོ་ལ་སྲས་ཀྱང་དམུས་ལོང་ཞིག་འཁྲུངས་སོ། དེ་ཅུང་ཟད་ཆེར་ལོངས་པ་ན་ཡབ་ཀྱིས། ཁྱོད་ཀྱིས་འ་ཞའི་ཡུལ་ནས་སྨན་པ་བོས་ཏེ་མིག་ཕྱེས་ལ་རྒྱལ་ས་ཟུངས། གལ་ཏེ་མིག་འབྱེད་མ་ཐུབ་ན་སུམ་པའི་ཡུལ་དུ་བོན་པོའི་ཆུང་མ་རྒྱ་མོ་ཆ་ལྕམ་བྱ་བ་ལ་ངའི་བུ་སུམ་རི་རིང་པོ་ཞེས་པ་ཡོད་པས་དེ་བོས་ནས་ཁྱོད་རང་གཤེགས་རྫུ་གྱིས་ལ་ཁོ་རྒྱལ་སར་ཆུག་ཅེས་གསུངས་ཏེ། ཡབ་ཡུམ་གཉིས་བློན་པོ་སྙགས་ཐང་པ་ཡར་རྗེ་དང་བཅས་པ་གདུང་རྒྱུད་ལ་སྙན་མི་ཕོག་པའི་ཆེད་དུ་ཡར་ཀླུང་ཞང་མདར་བང་སོ་བརྩིགས་ནས་གསོན་པོར་དུར་དུ་བཞུགས་པར་གྲགས་ཤིང་། བང་སོའི་མིང་ལ་ཡང་གསོན་མཆད་ཟླུམ་པོ་ཞེས་ཟེར་བ་དང་། བོད་ཡུལ་འདིར་མཛེ་ནད་གཞན་ལ་འགོ་བ་འགོག་པའི་ཆེད་དུ། མཛེ་ནད་ཕོག་པའི་ནད་པར་སྡོད་གནས་དུར་ཁྲོད་ཀྱི་འགྲམ་མམ་ཡང་ན་རི་སྟོང་དུ་ཁང་པ་བརྩིགས་ཏེ་སྡོད་དུ་བཅུག དེ་ལ་ཉིན་ལྟར་འཚོ་བའི་ཉེར་སྤྱོད་ཁང་བའི་སྒེའུ་ཁུང་བརྒྱུད་དེ་སྤྲོད་པའི་སྲོལ་དེ་བོད་རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་སྤྲེལ་སྤྱི་ལོ1980ཡས་མས་བར་དུ་གནས་ཡོད་ཟེར་ཏོ།།

     རྒྱལ་རབས་སུམ་ཅུ་སོ་གཅིག་པ་སྟག་རི་གཉན་གཟིགས་ནི་ཡབ་འབྲོང་གཉན་ལྡེའུ་དང་ཡུམ་འཆིམས་བཟའ་ཀླུ་རྒྱལ་ངན་བུ་འཚོ་གཉིས་ཀྱི་སྲས་སུ་ས་ཕག579ལོར་སྐུ་འཁྲུངས་པ་དང་། དེའི་དུས་སུ་བོད་ཁམས་གཅིག་གྱུར་བཟོ་འགོ་ཚུགས་ཤིང་སྐབས་དེར་བོད་ལ་ཚོང་ལས་དར་ཞིང་རྒྱས། འདི་ཉིད་བལྟམས་པའི་དུས་སུ་དམུས་ལོང་དུ་བྱུང་བ་ལ། འ་ཞའི་ཡུལ་ནས་སྨན་པ་བོས་ཏེ་མིག་ཕྱེས་པས་སྟག་མོ་རི་ལ་རི་དྭགས་གཉན་འགྲོ་བ་གཟིགས་ཐུབ་པ་བྱུང་བས་མཚན་ལ་སྟག་རི་གཉན་གཟིགས་སུ་གསོལ་བར་གྲགས། སྤྱི་ལོ་556པའི་ཤིང་ཕག་ལོར་བོད་ཀྱི་རྒྱལ་པོར་གྱུར། སྐབས་དེར་རྒྱལ་ཕྲན་གོང་མ་རྣམས་ཀྱི་དུས་སུ་བཀའ་ཡི་མངའ་ཁོངས་ལས་འདས་པའི་རྒྱལ་ཕྲན་རྣམས་ཀྱི་སུམ་གཉིས་མངའ་འོག་དུ་འདུས། བན་པོ་རྗེ། འ་ཞ་རྗེ། དྲང་གར་རྗེ། ཟིན་པོ་རྗེ། ཞང་ཞུང་རྗེ་རྣམས་འདུལ་བའི་མགོ་ཚུགས། ཉང་སྦས་གནོན་གསུམ་འབངས་སུ་ཆུད། བྲེ་དང་ཕུལ་སྲང་བཅོས། འབྲུ་མར་རྣམས་ཚད་ལ་བཅལ་བ་སོགས་ཚོང་ལས་ལ་ཡར་རྒྱས་ཧ་ཅང་ཆེན་པོར་བྱུང་བའི་དུས་རབས་ཤིག་ཡིན། སྐུ་གཤེན་ར་སངས་ཁྲི་ནེ་ཁོད་ཀྱིས་མཛད། སྟོང་བཙུན་འབྲོ་དཀར་ཁབ་ཏུ་བཞེས། སྣ་ནམ་མང་གཉའ་དང༌། སྤྲ་ཁྲི་ཟུང་ལན་པ་གཉིས་ཀྱིས་བློན་པོ་བྱས། སྤྱི་ལོ་608པའི་ས་འབྲུག་ལོར་སྐུ་གཤེགས་པ་དང་བང་སོ་དོན་མཁར་མདའ་རུ་བརྩིགས། གྲལ་ནི་ཁྲི་བཟུང་བང་སོའི་གཡོན་ན་ཡོད། དེ་ཡང་ཕུལ་མེད་ས་ཕུང་བརྡལ་བ་འདྲ་ཞེས་སོ། 

     རྒྱལ་རབས་སུམ་ཅུ་སོ་གཉིས་པ་གནམ་རི་སྲོང་བཙན་ནི་ཡབ་སྟག་རི་གཉན་གཟིགས་དང་ཡུམ་འོལ་གོང་བཟའ་སྟོང་བཙན་འགྲོ་དཀར་གཉིས་ཀྱི་སྲས་སུ་ལྕགས་བྱ་601ལོར་སྐུ་འཁྲུངས། ལ་ལས་སྤྱི་ལོ་592པའི་ཆུ་བྱི་ལོར་སྐུ་འཁྲུངས་ཟེར། ཆུང་ངུའི་དུས་སུ་ཁྲི་སློན་བཙན་ཞེས་མཚན་གསོལ། གཅུང་ལ་སློན་ཀོལ་ཞེས་པ་བྱུང༌། སྤྱི་ལོ་608པའི་ས་འབྲུག་ལོར་བོད་ཀྱི་རྒྱལ་པོར་གྱུར། རྒྱལ་སྲས་སྤུན་གཉིས་ཀྱིས་མྱང་ཙེ་སྐུ་དང༌། དབའ་དབྱི་ཚབ། དབའ་མྱེས་སྣང༌། དབའ་བུ་ཚབ། མནོན་མགྲོན་པོ། ཆེས་པོ་ནགས་སེང་བཅས་དྲུག་ལ་དེང་ཕྱིན་ཆད་ཟིང་པོ་རྗེ་རྒྱབ་ཏུ་བོར། སྤུ་རྒྱལ་པང་དུ་ལེན་པའི་མནའ་འཇོག་ཏུ་བཅུག་ནས་བཀའ་འོག་ཏུ་བསྡུས། དེ་རྗེས་གཅུང་སློན་ཀོལ་དང་ཡུམ་སྟོང་བཙུན་འབྲོ་དཀར་གཉིས་ལ་རྒྱལ་སྲིད་བཅོལ་ནས། བཙན་པོ་ཁྲི་སློན་བཙན་ནམ་གནམ་རི་སྲོང་བཙན་རང་ཉིད་ཀྱིས་དམག་དཔོན་བྱས་ཏེ་དམག་ཁྲི་དང་བཅས་པ་ངས་ཡུལ་དུ་ཕྱིན་ནས་མཁར་ཡུ་སྣ་གཏོར། དགུ་གྲི་ཟིང་པོ་རྗེ་བསད། མང་པོ་རྗེ་སུམ་བུ་ནི་གྲུ་གུའི་ཡུལ་དུ་བྲོས། ཕག་གི་ཡུང་བ་མན་ཆད། རྒོད་བྲོ་སྣ་ཡན་ཆད་བཙན་པོའི་ཕྱག་ཏུ་བླངས། རྒྱལ་པོ་འདིའི་རིང་ལ་ཁྱུང་པོ་སྤུང་སད་ཟུ་ཙེས་གཙང་བོད་ཀྱི་རྒྱལ་པོ་མར་མུན་མགོ་བཅད་དེ་གཙང་དུད་ཁྲི་གཉིས་ཙམ་བཙན་པོའི་ཕྱག་ཏུ་ཕུལ་བས་བཙན་པོ་ཐུགས་དགྱེས་ནས་ཁྱུང་པོ་སྤུང་སད་ཟུ་ཙེ་གཙང་སྡེའི་དཔོན་ཏུ་བསྐོས། དྭགས་པོ་འབངས་སུ་མངའ་བ་ལས་དེའི་རྗེས་ངོ་ལོག་བྱས་པ་སླར་ཡང་མངའ་འོག་ཏུ་བཅུག ཚེ་སྤོང་བཟའ་འབྲི་མ་ཐོད་དཀར་ཁབ་ཏུ་བཞེས། གོང་གི་རྒྱལ་རབས་བཞི་ལ་ཕུན་སུམ་ཚོགས་པའི་བོན་རྒྱལ་བཞི་རུ་གྲགས་ཤིང་། སྲིད་སྐྱོང་གི་དུས་ཚོད་སྤྱི་ལོ་493ནས་སྤྱི་ལོ་629བར་ལ་བོད་ཆེན་པོའི་རྒྱལ་སྲིད་ལོ136ཙམ་བསྐྱངས་སོ།།

     རྒྱལ་རབས་སུམ་ཅུ་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནི་ཡབ་གནམ་རི་སྲོང་བཙན་དང་ཡུམ་ཚེ་སྤོང་བཟའ་འབྲི་མ་ཐོད་དཀར་གཉིས་ཀྱི་སྲས་སུ་མེ་གླང་617ལོར་སྐུ་འཁྲུངས་ཤིང་། བོད་ཁམས་གཅིག་གྱུར་མཛད་པ་དང་། བོད་ཡིག་གསར་གཏོད་མཛད་པ། ཕོ་བྲང་དམར་པོ་བཞེངས་པ། བོད་ཡུལ་དུ་སངས་རྒྱས་བསྟན་པའི་སྲོལ་བཏོད་པ་སོགས་སྲིད་ལོ་ཉི་ཤུ་ཙམ་ལ་བསྐྱངས་པ་དང་། ལྕགས་ཁྱི650ལོར་དགོངས་པ་ཆོས་དབྱིངས་སུ་བྱོན་ཟེར། དགུང་གྲངས33ཡིན་པར་སེམས་ཤིང་། དགུང་གྲངས་13ཐོག་རྒྱལ་སྲིད་བཟུང་པའི་དབང་དུ་བཏང་ན་སྲིད་ལོ20རིང་ལ་རླབས་ཆེན་གྱི་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་དེ་འདྲ་མང་པོ་ཞིག་ལྷུན་གྱིས་གྲུབ་པ་ཡང་སྤྲུལ་བའི་བྱང་ཆུབ་སེམས་དཔའ་དངོས་ཤིག་ཡིན་པ་མ་གཏོགས་ཧ་ཅང་དཀའ་མོ་མ་ཡིན་ནམ། ཡང་ཁ་ཅིག་གིས་བཤད་པ་ལྟར་ན་དགུང་གྲངས82ལ་བཞུགས་པར་ཀྱང་གྲགས་ཞིང་། གང་ལྟར་ཁོང་ནི་ཐུགས་རྗེ་ཆེན་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པ་དང་། དབུ་གཙུག་ཏུ་མགོན་པོ་འོད་དཔག་མེད་ཀྱི་ལྷ་སྐུ་རང་བྱོན་ཞིག་ཀྱང་བཞུགས་ཡོད་ཟེར། ཁོང་གིས་བོད་ཡུལ་གཅིག་གྱུར་གྱི་རྒྱལ་སྲིད་སྐྱོང་བ་ལ་དགོས་པ་དུ་མའི་དབང་གིས་བོད་ཆེན་པོའི་རྒྱལ་ས་ཐོག་མ་ཡུམ་བུ་བླ་སྒང་ནས་དབུས་ཕྱོགས་སུ་སྤོར་རྒྱུའི་བཀའ་བགྲོས་ཐོག བོད་དབུས་འགྱུར་གྱི་ལྗོངས་འདིར་ཡུལ་གྱི་བཀོད་པ་དང་སའི་དཔྱད་པ་སོགས་ལ་བརྟག་དཔྱད་ཞིབ་མོ་མཛད་མཐར། དབུ་རུ་ཤོད་ཆེན་གྱི་སའི་ལྟེ་བ་འོ་ཐང་མཚེའི་འགྲམ་དེར་ཡུལ་ལྗོངས་ཉམས་དགའ་ལ། ས་གཞི་ཁོད་སྙོམས་པའི་དབུས་སུ་གཡས་གཡོན་གྱི་རི་རྒྱུད་གཞན་དང་མ་འདྲེས་པའི་རི་དེའུ་སེང་གེ་གནམ་ལ་འཕྱོ་བ་ལྟ་བུ་སྟེ། ད་ལྟའི་ལྷ་སའི་ཕོ་བྲང་ཆེན་མོ་པོ་ཏ་ལ་ཆགས་ཡུལ་དམར་པོ་རི་འདི་ཉིད་ལ་ས་དཔྱད་ཁྱད་པར་དུ་འཕགས་ཤིང༌། རི་དེའི་རྩེ་མོ་ནས་འཁོར་ཡུག་གི་སྣང་ཚུལ་ཚང་མ་ལག་མཐིལ་དུ་བླངས་པ་ལྟར་མཐོང་ཐུབ་པ་སོགས་ཕ་རོལ་གཞན་སྡེ་རྣམ་པར་གནོན་པའི་དགེ་མཚན་དང་ལྡན་པའི་སའི་དགེ་བཅུ་འཛོམས་པའི་ས་དཔྱད་ལ་གཟིགས་ནས། དམར་པོ་རིའི་ཐོག་ཏུ་ཕོ་བྲང་མཐོ་ཞིང་བཙན་པ་ཞིག་བཞེངས་ཏེ། བོད་རྒྱལ་བློན་དཔུང་དང་བཅས་པ་ཕོ་བྲང་དེར་བཞུགས་ནས་བོད་ཁམས་ཡོངས་ལ་དབང་སྒྱུར་མཛད། དེ་ནས་སྔར་གྱི་ཆབ་འབངས་རྣམས་ཚོ་ཁག་རེ་རེ་བཞིན་ཞིབ་བཤེར་བདེ་འཇགས་སུ་བཀོད་པ་དང༌། རུས་ཚོ་ཀུན་ལ་ཉེ་རིང་མེད་པ་བྱས་ནས་བཀའ་དྲིན་སྲིད་ཀྱིས་བསྐྱངས། བཟང་པོ་ལ་བྱ་དགའ་གནང་། ངན་པ་ལ་ཆད་པ་གཅོད། མཐོ་བ་རྣམས་ཁྲིམས་ཀྱིས་མནན། དམའ་བ་རྣམས་ཐབས་ཀྱིས་སྐྱོང་བ་སོགས་ཞི་རྒྱས་དབང་དྲག་གི་མཛད་པ་གང་ལ་གང་འཚམ་གྱིས་ཕྱག་ལེན་ཡག་པོ་མཛད་པས། བཙན་པོ་སྲོང་བཙན་སྒམ་པོའི་མཛད་འཕྲིན་དར་བའི་འགོ་ཚུགས་པ་དང༌། སྟོད་མངའ་རིས་སྐོར་གསུམ་མན་དང་སྨད་མདོ་ཁམས་སྒང་དྲུག་ཡན་གྱི་བོད་འབངས་ཀྱི་རིགས་ཐམས་ཅད་གཅིག་གྱུར་ཏུ་མཛད་དེ། ཕྱོགས་བཞིའི་རྒྱལ་ཁབ་རྣམས་ལ་ཞི་བའི་གཉེན་འབྲེལ་དང༌། དྲག་པོའི་དམག་དཔུང་འཇུག་པ་སོགས་ཡུལ་དུས་དང་བསྟུན་པའི་སྒོ་ནས་ཆབ་སྲིད་ཕྱོགས་བཞིའི་མཐའ་རུ་བསྐྱེད། མི་རིགས་གཞན་པ་དང་རྒྱལ་ཁབ་གཞན་གྱི་རིག་གནས་ཀྱི་སྙིང་བཅུད་མང་པོ་ཚུར་བླངས་ནས། བོད་མི་རིགས་རང་གི་རིག་གནས་ཀྱི་གསོས་སུ་བཏབ་སྟེ་དར་སྤེལ་གང་ལེགས་བཏང༌པས། དུས་རབས་་དེར་བོད་ཀྱི་ཆབ་སྲིད་དང༌། དཔལ་འབྱོར། དམག་དོན། རིག་གནས། ཁྲིམས་ལུགས་སོགས་ཨེ་ཤ་ཡའི་གླིང་འདིར་རྒྱལ་ཁབ་གཞན་ལས་མི་དམན་པ་ཞིག་ཆགས་ཡོད་པ་སྟེ། དང་པོ་བོད་ཡུལ་རུ་ཆེན་ལྔ་རུ་ཕྱེ་བ་དང༌། ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་བཅད་པ། རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་ཕྱེ་བ། གཡུང་གི་མི་སྡེ་ཁེང་དང་ཡང་ཁེང་ཕྱེ་བ། ཞང་གསུམ་བློན་བཅས་དབུས་ཀྱི་འདུན་ས་འཛིན་པ། དཔའ་སྡེ་གསུམ་གྱིས་མཐའ་ཡི་སོ་ཁ་སྲུང་བ་སོགས་སྲིད་འཛིན་གནད་དྲུག་ཏུ་གྲགས་ཤིང༌། གཉིས་པ་བཀའ་འགྲོས་ཆེན་པོ་དྲུག་གསུམ་པ་དང་། ཡིག་ཚངས་དྲུག་བཞི་པ། བཀའ་ཡི་ཕྱག་རྒྱ་དྲུག་ལྔ་པ། རྐྱེན་དྲུག་དྲུག་པ། དཔའ་མཚན་དྲུག་པ་བཅས་དྲུག་ཚན་དྲུག་གིས་བོད་ཀྱི་ཁོད་སུམ་ཅུ་སོ་དྲུག་གཏན་ལ་ཕབ། ལྷ་ཆོས་དགེ་བ་བཅུ་དང༌། མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་སྲོལ་བཙུགས།།

     ཆོས་རྒྱལ་སྲོང་བཙན་སྒམ་པོས་དགུང་གྲངས་བཅུ་གསུམ་ཐོག་ཏུ་རྒྱལ་སྲིད་བཟུང༌བའི་དབང་དུ་བཏང་ན། སྔོན་གཞུག་ཏུ་བཙུན་མོ་ལྔ་ཁབ་ཏུ་བཞེས་པ་ལས། བཙུན་མོ་རྣམས་ཀྱང་མཛངས་མ་ཕལ་བ་ཁོ་ན་ཙམ་མ་ཡིན་པར་ཁོང་རྣམ་པས་རེ་རེར་བཞིན་བཞེངས་པའི་ལྷ་ཁང་རྣམས་ལས་ཀྱང་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་གཙོ་བོ་མཚོན་ཡོད་པ་སྟེ། བཙུན་མོ་ཐོག་མ་མོང་བཟའ་ཁྲི་ལྕམ་ནི་བོད་ཡུལ་དབུས་སུ་མོང་གི་ཁྱིམ་རྒྱུད་དུ་འཁྲུངས་ཤིང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཁབ་ཏུ་བཞེས་པ་དང་། མཛད་རྗེས་གཙོ་བོར་བྲག་ཡེར་པའི་ལྷ་ཁང་བཞེངས་པར་མཛད། བཙུན་མོ་གཉིས་པ་མི་ཉག་རུ་ཡོང་བཟའ་ནི་མདོ་ཁམས་མི་ཉག་ཡུལ་དུ་འཁྲུངས་ཤིང་མཛད་རྗེས་གཙོ་བོར་བྲག་མགོན་པོའི་ལྷ་ཁང་བཞེངས། བཙུན་མོ་གསུམ་པ་ཞང་ཞུང་བཟའ་ལི་ཐིག་སྨན་ནི་གངས་ཏི་སེའི་འདབས་ཞོལ་གྱི་མ་ཕམ་གཡུ་མཚོའི་འགྲམ་དུ་ཞང་ཞུང་རྒྱལ་པོའི་སྲས་མོར་འཁྲུངས་ཤིང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་སྲིང་སད་མ་ཀ་ཞེས་པ་དེ་ཞང་ཞུང་རྒྱལ་པོའི་བཙུན་མོར་ཕྱིན་པ་དང་དུས་མཚུངས་ཙམ་ན། ཞང་ཞུང་རྒྱལ་པོའི་སྲས་མོ་ལི་ཐིག་སྨན་འདི་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོར་བསུས་ཤིང་། མཛད་རྗེས་གཙོ་བོར་ཐེམ་བུ་ལྐོག་གི་ལྷ་ཁང་བཞེངས་པ་ཡིན་ཟེར་ཀྱང་ད་ལྟ་གནས་འདི་གསལ་བོ་ཞིག་ངོས་འཛིན་ཐུབ་ཀིན་མེད་པ་འདྲའོ། གོང་གི་བཚུན་མོ་རྣམས་ཀྱིས་བཞེངས་པའི་ལྷ་ཁང་རྣམ་གསུམ་ནི་ཐོག་མར་བོད་ཀྱི་གདོད་མའི་ཆོས་ལུགས་གཡུང་དྲུང་བོན་གྱི་ལུགས་ལྟར་བཞེངས་པ་ཡིན་ཀྱང་ཕྱིས་སུ་ཧ་ལམ་ནང་བའི་ཆོས་ལུགས་ཀྱི་ལྷ་ཁང་དུ་འགྱུར་ཟིན་ཟེར། བཙུན་མོ་བཞི་བ་བལ་བཟའ་ཁྲི་བཙན་ནི་དེང་དུས་བལ་བོའི་རྒྱལ་ས་ཀ་ཏེ་མན་ཏུར་བལ་བོའི་རྒྱལ་པོ་འོད་ཟེར་ཁྲི་བཙན་གྱི་སྲས་མོར་འཁྲུངས་ཤིང་། རྗེ་བཙུན་སྒྲོལ་མ་སྔོན་མོའི་རྣམ་སྤྲུལ་ཡིན་པར་ཡོངས་སུ་གྲགས་ལ་བོད་ཤིང་འབྲུག་སྤྱི་ལོ་632ལོར་སྲོང་བཙན་སྒམ་པོའི་ཁབ་ཏུ་ཕེབས། མཛད་རྗེས་གཙོ་བོར་བོད་ས་ཕག་སྤྱི་ལོ་639ལོར་ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེངས་པ་དང་། ལྷ་ཁང་འདི་ནི་བལ་བཟའ་ཁྲི་བཙུན་གྱིས་གདན་དྲངས་པའི་ཇོ་བོ་མི་བསྐྱོད་རྡོ་རྗེའི་དགུང་གྲངས་བརྒྱད་ཅན་གྱི་སྐུ་རྟེན་འགངས་ཅན་བཞུགས་གནས་སུ་ཆེད་དུ་བཞེངས་པ་དང་། བོད་གངས་ཅན་ཡུལ་དུ་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ལྷ་ཁང་ཆེས་ཐོག་མ་ཡིན། བཙུན་མོ་ལྔ་པ་རྒྱ་བཟའ་ཀོང་ཇོ་ནི་རྒྱ་ནག་ཐང་རྒྱལ་རབས་ཀྱི་རྒྱལ་པོ་ཐང་ཐའེ་ཙུང་གི་སྲས་མོར་འཁྲུངས་ཤིང་། རྗེ་བཙུན་སྒྲོལ་མ་དཀར་མོའི་རྣམ་སྤྲུལ་ཡིན་པར་ཡོངས་སུ་གྲགས་ལ་བོད་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཁབ་ཏུ་བཞེས་ནས། མཛད་རྗེས་གཙོ་བོར་རྒྱ་སྟག་ར་མོ་ཆེའི་ལྷ་ཁང་བཞེངས་པ་ཡིན། ལྷ་ཁང་འདི་ནི་ལྕགས་ཕག་སྤྱི་ལོ651ལོར་བཞེངས་ཞིང་རྒྱ་བཟའ་ཀོང་ཇོས་གདན་དྲངས་པའི་ཇོ་བོ་ཤཱཀྱ་མུ་ནེ་དགུང་གྲངས་བཅུ་གཉིས་ཀྱི་སྐུ་ཚད་ཅན་བཞུགས་པའི་གནས་སུ་ཆེད་དུ་བཞེངས་པ་ཡིན་ཀྱང་ཕྱིས་སུ་དགོས་པ་དུ་མའི་དབང་གིས་གཙུག་ལག་ཁང་འདི་གཉིས་བརྗེས་ནས་ད་ལྟའི་ཚུལ་འདི་བཞུགས་ཤིང་། བཙུན་མོ་འདིརནམ་པ་གཉིས་ནི་རྗེ་བཙུན་སྒྲོལ་མ་དཀར་སྔོན་གཉིས་ཀྱི་རྣམ་སྤྲུལ་དུ་ཡོངས་སུ་གྲགས་སོ།།

     དེ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ། དཀར་ནག་རྒྱ་དང་བལ་པོ་དང་།། ལི་ཡུལ་ལ་སོགས་མཐའ་བཞིར་འབྲེལ།། ཞང་གསུམ་བློན་བཞིས་གཙོ་བྱས་པའི།། དགུང་ནང་བཀའ་ཡི་བློན་ཆེན་བསྐོས།། དབུས་ཀྱི་མདུན་ས་ཆེན་མོ་བཙུགས།། མཛངས་བློན་བཞི་པས་བརྡ་སྤྲོད་བརྩམས།། ལྔ་པས་རི་ཁྱིམ་ཀླུང་དུ་ཕབ།། བོད་ཀྱི་གྲོང་སྡེ་གསར་དུ་བཅོས།། ལྕགས་ཁྱིར་སྲོང་བཙན་དགུང་དུ་གཤེགས།། ཞེས་ཟེར་བ་ལྟར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་ཤར་ཕྱོགས་ཐང་གི་རྒྱལ་ཁབ་དང་། ལྷོ་རྒྱ་གར། ལྷོ་ནུབ་བལ་པོ། ནུབ་བྱང་ལི་ཡུལ་སོགས་ཕྱོགས་མཐའི་རྒྱལ་ཁམས་རྣམས་སུ་ཆོས་དང་རིག་གནས་ཀྱི་འབྲེལ་བ་དམ་པོ་བཙུགས་ཤིང་། ལྷག་པར་དུ་རྒྱ་གར་ནས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས་གདན་དྲངས་ནས་བོད་ཡིག་ཏུ་བསྒྱུར་ནས་ནང་ཆོས་བོད་དུ་དར་བའི་དབུ་བརྙེས་པ་དང་། ཞང་གསུམ་བློན་བཅས་དབུས་ཀྱི་འདུན་ས་འཛིན་ཞེས་པའི་ཞང་གསུམ་བློན་དང་བཞི་ནི། ཆོས་འབྱུང་༼མཁས་པའི་དགའ་སྟོན༽ལས། སྟོད་ན་འབྲོ་རྒྱལ་མཚན་སེང་གེ་དང་། སྨད་ན་མཆིམས་སྐྱེས་བཟང་སྟག་སྣ། བར་ན་སྣ་ནམ་རྒྱལ་རྒན། བློན་པོ་སྦས་སྐྱེས་བཟང་སྟག་སྣ་བཅས་ཞང་གསུམ། གཞན་ཡང་བློན་པོ་གཅིག་བཅས་བཞི་ལ་ཞང་གསུམ་བློན་བཞི་ཟེར། ཡིན་ནའང༼ལྡེའུ་ཆོས་འབྱུང༽ནང་། ཞང་གསུམ་ནི། སྣ་ནམ། མཆིམས། འབྲོ་གསུམ་དང་། བློན་བཞི་ནི། ཁུ་དང་། མགར། སྦས། འགོས་བཅས་ཡིན་ཟེར། དཔོན་རིགས་དེ་དག་གིས་གཙོ་བོར་བྱས་པའི་ཆབ་སྲིད་སྐྱོང་བའི་སྒྲིག་གཞི་རིམ་པ་མི་འདྲ་བ་དང་། ལས་འགན་ཀྱང་མི་འདྲ་བའི་གྲོས་ཚོགས་ཁག་ནི། དགུང་བློན་བཞི་ནི། སྲོང་བཙན་སྒམ་པོའི་སྐབས་སུ་དགུང་བློན་ཆེ་བ་བཞི་འམ་མེད་ཐབས་མེད་པའི་བློན་ཆེན་བཞི་བཞུགས་པ་སྟེ། མགར་སྟོང་བཙན་དང་། ཐོན་མི་སམྦྷོཊ། འབྲི་སེ་རི་གུང་ཐུན། སྙགས་ཁྲི་བཟང་ཡང་སྟོན་བཅས་ཡིན། དགུང་བློན་རྣམས་ཀྱི་འོས་འགན་གཙོ་བོ་ནི། ཕྱིའི་དགྲ་འདུལ་ཞིང་། ནང་གི་ཆོས་དང་རིག་གནས་སྤེལ་བའི་ཐབས་ཇུས་སྣ་ཚོགས་བསྐྱངས་དགོས་པ་དང་བཅས་སོ།།

      གཞན་ཡང་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སུ་རང་བྱུང་འཕགས་པ་མཆེད་བཞི་བྱོན་པ་ལས་ཀྱང་རྒྱལ་པོས་རྩེ་པོ་ཏ་ལ་ཕོ་བྲང་དམར་པོ་བཞེངས་རྗེས། རང་ཉིད་ཀྱི་སྤྲུལ་པའི་དགེ་སློང་ཞིག་བལ་ཡུལ་དུ་བཏང་ནས་བལ་ཡུལ་གྱི་མཐའ་མཚམས་སུ། ཙནྡན་གྱི་ནགས་གསེབ་ཏུ་ཡོད་པའི་ཤིང་ཙནྡན་གྱི་ལྗོན་ཤིང་གས་སྲུབས་ཡོད་པ་ཞིག་གི་ནང་ནས། རང་བྱུང་དུ་ཐོན་པའི་འཕགས་པ་ལོ་ཀེ་ཤྭ་རའི་སྐུ་བརྙན་མཆེད་བཞི་བཞུགས་པ་བོད་དུ་གདན་དྲངས་སྐབས། སྐུ་བརྙན་སོ་སོས་རིམ་བཞིན་གསུང་བྱོན་པ་ལྟར། དང་པོ་བལ་ཡུལ་ཡམ་བུ་ཡ་འགལ་དུ་བཞུགས་པ་ནི་འཕགས་པ་འཇའ་མ་ལི་དང་། གཉིས་པ་བལ་བོད་ཀྱི་མཐའ་མཚམས་སུ་བཞུགས་པ་ནི་འཕགས་པ་དབུ་ཁང་། གསུམ་པ་མངའ་རིས་མང་ཡུལ་དུ་བཞུགས་པ་ནི་འཕགས་པ་ཝ་ཏི། བཞི་བ་འཕགས་པ་ལོ་ཀེ་ཤྭ་ར་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་མཆོད་ཡུལ་དུ་གདན་དྲངས་པ་དེང་སེང་རྩེ་པོ་ཏ་ལའི་འཕགས་པ་ལྷ་ཁང་གི་རྟེན་གཙོར་བཞུགས་པར་གྲགས་སོ། ཡར་སྔོན་གཙང་པ་རྒྱལ་པོས་དབུས་སུ་དམག་དྲངས་ནས་དགེ་ལུགས་པའི་དགོན་པ་ཁག་ཅིག་གི་ཆོས་ལུགས་བསྒྱུར་བ་དང་། མཆོད་གཞིས་ཕྲོགས་པ་སོགས་ཀྱི་དུས་ཟིང་བྱུང་སྐབས། སྐྱིད་ཤོད་སྡེ་པ་ཨ་དཔལ་གྱིས་སོག་པོར་དམག་རོགས་ཞུ་རྟེན་ཏུ་འཕགས་པ་ལོ་ཀེ་ཤྭ་ར་སྤྲད་དེ་ལོ་འགའ་ཤས་སུ་སོག་ཡུལ་དུ་འཁྱར་ཀྱང་ཕྱིས་སུ་སོག་པོའི་རྒྱལ་མོ་དཱ་ལིའི་གུན་ཇི་ལ་སྟོང་འཁོར་ཧོ་ཐོག་ཐུས་བསྐུལ་མ་གནང་བ་ལྟར། ༧ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་ལ་ཆེད་དུ་ལེགས་སྐྱེས་སུ་འབུལ་བར་འོངས་པ་དང་། པོ་ཏ་ལའི་ཕོ་བྲང་དཀར་པོ་གསར་བཞེངས་ཀྱི་རྟེན་འབྲེལ་མཛད་སྒོ་ཚུགས་པ་གཉིས་དང་ལྷན་ཅིག་ཏུ་རྟེན་འབྲེལ་མ་བསྒྲིགས་ལྷུན་གྲུབ་ཏུ་འཛོམས་པ་བཞིན། སྔར་གྱི་བཞུགས་ཡུལ་འཕགས་པ་ལྷ་ཁང་ནང་དུ་རང་འཇགས་སུ་བཞུགས་སུ་གསོལ་བ་ནི་ང་རང་ཚོས་ད་ལྟ་འདྲེན་བྱེད་དབང་པོའི་གསོས་སུ་ཤར་བ་འདི་ཡིན། དེ་ནས་རིམ་བཞིན་བོད་ཡུལ་མི་དྲག་མི་ཆེན་གྱི་བུ་རྣམས་རྒྱ་ནག་ཏུ་ཡོན་ཏན་སློབ་ཏུ་བཏང་སྟེ་རྒྱ་ནག་ཡུལ་ནས་ཆོས་དང༌། སྨན། རྩིས། སྒྱུ་རྩལ། དཔལ་འབྱོར་སོགས་ཀྱི་སྲོལ་རྒྱུན་སྣ་ཚོགས་བོད་དུ་དྲངས། བོད་ཁམས་དར་ཞིང་རྒྱས་པར་གྱུར་ཅིང༌། ཐང་རྒྱལ་པོས་ཀྱང་དེ་ཝ་མག་པའི་ཆོ་ལོ་དང་། མཚོ་ནུབ་མའི་རྒྱལ་པོ་ཤིང་ཧཱེའི་ཆིན་ཝང་ཞེས་པའི་ཆོ་ལོ། སླར་ཙུང་དབང་ཞེས་པའི་ཆོ་ལོ་སོགས་མང་དུ་བསྐུར། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་ལྔ་ལས། ཁོང་དང་མོང་བཟའ་ཁྲི་ལྕམ་གཉིས་ལ་སྲས་གུང་རི་གུང་བཙན་བྱུང་ཡང་ཡབ་རྗེའི་དགོངས་པ་འདས་རྗེས་སུ་རྒྱལ་ས་དབོན་སྲས་མང་སྲོང་མང་བཙན་ལ་བསྐུར། དེ་དག་གི་ལོ་ཚིགས་བཞེད་ཚུལ་མི་འདྲ་བ་མང་ནའང་སྔོན་བྱོན་ལོ་རྒྱུས་ཞིབ་འཇུག་མཁས་དབང་རྣམ་པས་གསུང་རྒྱུན་ལས། བོད་ཆེན་པོའི་རྒྱལ་རབས་སོ་གསུམ་པ་འམ་བོད་ཆོས་ལྡན་རྒྱལ་རབས་སུ་གྲགས་པའི་ཐོག་མ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནི། ཡབ་གནམ་རི་སྲོང་བཙན་དང༌། ཡུམ་འབྲི་བཟའ་ཐོད་དཀར་གཉིས་ཀྱི་སྲས་སུ་སྤྱི་ལོ617པའི་མེ་གླང་ལོར་མལ་གྲོ་རྒྱ་མ་ནང་གི་ཕོ་བྲང་བྱམས་པ་མི་འགྱུར་གླིང་དུ་སྐུ་བལྟམས་པ་དང་། དགུང་ལོ་བཅུ་གསུམ་ལོན་པའི་སྤྱི་ལོ་629པའི་ས་གླང་ལོར་ཡབ་གནམ་རི་སྲོང་བཙན་གཤེགས་པ་དང་ལྷན་ཅིག་ཏུ་རྒྱལ་པོའི་ཁྲི་ལ་འཁོད། སྔ་རྗེས་སུ་མི་ཉག་རུ་ཡོང་བཟའ་དང༌། ཞང་ཞུང་བཟའ་ལི་ཐིག་སྨན། མོང་བཟའ་ཁྲི་ལྕམ་བཅས་བོད་ཀྱི་སྲས་མོ་གསུམ་ཁབ་ཏུ་བཞེས། སྐུ་གཤེན་ཞང་ཞུང་ར་རིང་གིས་མཛད། མྱང་མང་པོ་རྗེ་ཞང་སྣང་དང༌། ཁྱུང་པོ་སྤུང་སད་ཟུ་ཙེ། དབའ་དབྱི་ཚབ། མགར་སྟོང་བཙན་སོགས་ཀྱིས་བློན་པོ་མཛད། སྤྱི་ལོ་632པའི་ཆུ་འབྲུག་ལོར་བལ་བཟའ་ཁྲི་བཙུན་བོད་དུ་བཙུན་མོར་བསུས་ཤིང་ཇོ་བོ་མི་བསྐྱོད་རྡོ་རྗེ་སྤྱན་དྲངས། སྤྱི་ལོ་633པའི་ཆུ་སྦྲུལ་ལོར་ཐོན་མི་སམྦྷོཊ་ལ་སོགས་པ་གཞོན་ནུ་རིག་པ་ཅན་ཁག་གཅིག་རྒྱ་གར་འཕགས་པའི་ཡུལ་དུ་སློབ་སྦྱོང་ལ་མངགས། སྤྱི་ལོ་634པ་ཤིང་རྟ་ལོར་རྒྱ་བོད་སྐྱེས་ཀྱི་འབྲེལ་བ་ཐོག་མར་བརྒྱུད་ནས་བྱུང་བའི་དམག་འཁྲུག་གི་འགོ་གཟིགས་སུ་ཕེབས་ཏེ་དམག་དཔོན་གནང་ཞིང༌། རྒྱལ་སྲིད་ཁོང་གི་གཅུང་གུང་རི་གུང་བཙན་ལ་སྐྱོང་དུ་བཅུག ཕྱིས་སུ་སྤྱི་ལོ་638པའི་ས་ཁྱི་ལོར་སླར་ཡང་རྒྱལ་པོའི་ཁྲི་ལ་བཞུགས། སྤྱི་ལོ་641པའི་ལྕགས་གླང་ལོར་བློན་པོ་མགར་སྟོང་བཙན་གྱིས་རྒྱ་བཟའ་ཀོང་ཇོ་བོད་དུ་བསུས་ནས་ཇོ་བོ་ཤཱཀྱ་མུ་ནེ་སྤྱན་དྲངས། སྤྱིལོ་644པ་ཤིང་འབྲུག་ལོར་རྒྱལ་པོ་ལིག་སྙ་ཤུབ་བརླགས་ཏེ་ཞང་ཞུང་ཐམས་ཅད་བོད་འབངས་སུ་བཀུག སྤྱི་ལོ་650པ་ལྕགས་ཁྱི་ལོར་དགོངས་པ་ཆོས་དབྱིངས་སུ་བྱོན། ཡར་ཀླུང་འཕྱོང་པོའི་ནང་དུ་བང་སོ་ལྷ་ཁང་ལྔ་ཡོད་པ་ཞིག་བཞེངས་པའི་རེ་མིག་དབུས་མའི་ནང་དུ་བཞུགས་སོ།། 

      རྒྱལ་རབས་སུམ་ཅུ་སོ་བཞི་བ་གུང་རི་གུང་བཙན་ནི་ཡབ་སྲོང་བཙན་སྒམ་པོ་དང་ཡུམ་མོང་བཟའ་ཁྲི་ལྕམ་གཉིས་ཀྱི་སྲས་སུ་ས་ཁྱི་638ལོར་སྐུ་འཁྲུངས་ཤིང་། དགུང་གརངས་བཅུ་གསུམ་ལོན་པའི་ལྕགས་ཁྱི་650ལོར་སྲིད་ཁྲིར་མངའ་གསོལ། ཤིང་ཡོས་655ལོར་སྐུ་གཤེགས་ཟེར། གང་ལྟར་སྔོན་བྱོན་མཁས་དབང་རྣམ་པས་གསུང་པ་ལས། རྒྱལ་རབས་སུམ་ཅུ་སོ་བཞི་བ་དང་། བོད་ཆོས་ལྡན་རྒྱལ་རབས་གཉིས་པར་གྲགས་པའི་རྒྱལ་པོ་གུང་རི་གུང་བཙན་ནི། ཡབ་རྒྱལ་པོ་གནམ་རི་སྲོང་བཙན་དང༌། ཡུམ་འབྲི་བཟའ་ཐོད་དཀར་གཉིས་ཀྱི་སྲས་སུ་སྤྱི་ལོ་621པ་ལྕགས་སྦྲུལ་ལོར་སྐུ་བལྟམས་ཤིང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་གཅུང་ཡིན་པས། དགུང་ལོ་བཅུ་བཞི་སོན་པའི་ཤིང་རྟ་སྟེ་སྤྱི་ལོ་634ལོར་རྒྱལ་སྲིད་བསྐྱངས། སྐུ་གཤེན་ཞང་ཞུང་ཁྱུང་སྐར་གྱིས་མཛད། འ་ཞ་བཟའ་མོང་རྗེ་ཁྲི་དཀར་ཁབ་ཏུ་བཞེས། མྱང་མང་པོ་རྗེ་ཞང་སྣང་དང༌། སྣུབས་བཙན་ཏོ་རེ་གཉིས་ཀྱིས་བློན་པོ་བྱས། སྲས་མང་སྲོང་མང་བཙན་སྐུ་བལྟམས་པའི་ས་ཁྱི་ལོ་སྟེ་སྤྱི་ལོ་638ལོར་དགུང་ལོ་བཅོ་བརྒྱད་ལ་ཕེབས་པ་དང་ནང་གི་འགལ་རྐྱེན་དུ་མའི་དབང་གིས་སྐུ་མྱ་ངན་ལས་འདས་སོ། བང་སོ་དོན་མཁར་མདའ་རུ་གནམ་རི་སྲོང་བཙན་གྱི་གཡོན་དུ་བརྩིགས་ནས་བཞུགས་སོ།།
      
རྒྱལ་རབས་སུམ་ཅུ་སོ་ལྔ་བ་མང་སྲོང་མང་བཙན་ནི་ཡབ་གུང་རི་གུང་བཙན་དང་ཡུམ་འ་ཞ་བཟའ་གཉིས་ཀྱི་སྲས་སུ་ཆུ་གླང་653ལོར་སྐུ་འཁྲུངས་ཤིང་། དགུང་ལོ13སྟེང་སྲིད་ཁྲིར་འཁོད། ས་ཡོས་679ལོར་དགོངས་པ་རྫོགས་ཟེར། གང་ལྟར་ཡང་སྔོན་བྱོན་མཁས་དབང་རྣམ་པས་གསུང་རྒྱུན་ལས། རྒྱལ་རབས་སུམ་ཅུ་སོ་ལྔ་བ་དང་། བོད་ཆོས་ལྡན་རྒྱལ་རབས་གསུམ་པར་གྲགས་པའི་རྒྱལ་པོ་མོང་སྲོང་མང་བཙན་ནི། ཡབ་རྒྱལ་པོ་གུང་རི་གུང་བཙན་དང༌། ཡུམ་འ་ཞ་བཟའ་མོང་རྗེ་ཁྲི་དཀར་གཉིས་ཀྱི་སྲས་སུ་སྤྱི་ལོ་638པ་ས་ཁྱི་ལོར་སྐུ་བལྟམས། སྤྱིལོ་650པའི་ལྕགས་ཁྱི་ལོར་དགུང་ལོ་བཅུ་གསུམ་ལོན་པ་དང་རྒྱལ་སྲིད་ལ་འཁོད། སྐུ་གཤེན་ཁྱུང་པོ་སྟག་སྒྲས་མཛད། འབྲོ་བཟའ་ཁྲི་མ་ལོད་ཁབ་ཏུ་བཞེས། མགར་སྟོང་བཙན་ཡུལ་སྲུང་དང༌། མཆིམས་མང་གཉེར་གྱིས་བློན་པོ་མཛད། སྤྱི་ལོ་659པ་ས་ལུག་ལོར་བཙན་པོ་མང་སྲོང་མང་བཙན་སྦྲགས་ཀྱི་ཤར་ན་བཞུགས་ཤིང༌། བློན་ཆེན་མགར་སྟོང་བཙན་གྱིས་བོད་དམག་ཆིག་སྟོང་ཙམ་ཁྲིད་ནས་འ་ཞའི་ཡུལ་དུ་སླེབས། དེང་སང་ཨ་མདོ་རྡོ་སྦིས་ཀྱི་སྟོང་རུ་མཚོ་ནག་ཏུ་གྲགས་པའི་ཡུལ་དེར་དམག་འཁྲུག་བྱས་པས། བོད་དམག་ཆིག་སྟོང་གིས་ཐང་དམག་བརྒྱད་ཁྲི་ཕམ་དུ་བཅུག་སྟེ་རྒྱལ་ཁ་ཐོབ། སྤྱི་ལོ་662པ་ཆུ་ཁྱི་ལོར་བློན་པོ་མགར་སྟོང་བཙན་གྱིས་གྲུ་གུའི་ཡུལ་དུ་དམག་དྲངས། སྤྱི་ལོ་667པའི་མེ་ཡོས་ལོར་བཙན་པོ་འོར་མང་དུ་གཤེགས་ཏེ། བློན་པོ་མགར་སྟོང་བཙན་འབྲས་ནད་ཀྱི་འདས། སྤྱི་ལོ་676པ་མེ་བྱི་ལོར་མང་སྲོང་མང་བཙན་སྐུ་མྱ་ངན་ལས་འདས། བང་སོ་གུང་རི་གུང་བཙན་གྱི་གཡོན་དུ་བརྩིགས་ནས་བཞུགས་སོ།། 

      རྒྱལ་རབས་སུམ་ཅུ་སོ་དྲུག་པ་རྒྱལ་པོ་འདུས་སྲོང་མང་བཙན་ནི་ཡབ་མང་སྲོང་མང་བཙན་དང་ཡུམ་འབྲོ་བཟའ་ཁྲི་མ་ལོད་གཉིས་ཀྱི་སྲས་སུ་ས་ཡོས་679ལོར་ཡབ་བཙན་པོའི་དགོངས་པ་རྫོགས་ནས་ཞག་འགའི་རྗེས་སུ་སྐུ་འཁྲུངས་ཞེས་ཟེར་ཞིང་། དགུང་གྲངས13སྟེང་སྲིད་ཁྲིར་འཁོད་ཀྱང་སྐུ་ན་ཕྲ་བའི་དབང་གིས་ཡུམ་བཙན་མོ་འབྲོ་བཟའ་ཁྲི་མ་ལོད་ཀྱིས་དངོས་སུ་རྒྱལ་སྲིད་བསྐྱངས་པར་མཛད་ཅིང་། ཤིང་འབྲུག704ལོར་སྐུ་གཤེགས་སོ། གང་ལྟར་སྔོན་བྱོན་མཁས་དབང་རྣམ་པས་གསུང་རྒྱུན་ལས། རྒྱལ་རབས་སུམ་ཅུ་སོ་དྲུག་པ་དང་། བོད་ཆོས་ལྡན་རྒྱལ་རབས་བཞི་བར་གྲགས་པའི་འདུས་སྲོང་མང་བཙན་རྗེའམ་རླུང་ནམ་འཕྲུལ་གྱི་རྒྱལ་པོ་ནི། ཡབ་མང་སྲོང་མང་བཙན་དང༌། ཡུམ་འབྲོ་བཟའ་ཁྲི་ལོད་གཉིས་ཀྱི་སྲས་སུ་སྤྱི་ལོ་676པ་མེ་བྱི་ལོར་འཁྲུངས། ལོ་ངོ་བཞི་ལ་སོན་པའི་ས་ཡོས་ཏེ་སྤྱི་ལོ679པའི་ལོར་རྒྱལ་པོའི་སྲིད་ཁྲིར་འཁོད། སྐུ་གཤེན་སྤེ་ནེ་གུ་ཡིས་མཛད། ཆབ་སྲིད་ཀྱི་འགན་དབང་གཙོ་བོ་མ་ཡུམ་ཁྲི་མ་ལོད་ཀྱིས་བསྐྱངས། མགར་བཙན་སྙ་ལྡོམ་བུ་དང༌། དབས་ཏ་ར་ཁོང་ལོད་གཉིས་ཀྱིས་བློན་པོ་མཛད། ལྗང་མོ་ཁྲི་བཙུན་དང༌། མཆིམས་བཟའ་བཙན་མོ་ཏོག་གཉིས་ཁབ་ཏུ་བཞེས། ལྗང་མོ་ཁྲི་བཙུན་ལ་སྲས་ཆེ་བ་ལྗང་ཚ་ལྷ་དབོན་འཁྲུངས། མཆིམས་བཟའ་ལ་སྲས་ཆུང་བ་མེས་ཨག་ཚོམ་ཅན་འཁྲུངས། སྤྱི་ལོ་703པ་ཆུ་ཡོས་ལོར་བཙན་པོས་སྐུ་དངོས་ཀྱིས་འཇང་ཡུལ་དུ་དམག་དྲངས་ཏེ་འཇང་པ་རྣམས་ཆམ་ལ་ཕབ། སྤྱི་ལོ་704པ་ཤིང་འབྲུག་ལོར་འཇང་ཡུལ་དུ་སྐུ་མྱ་ངན་ལས་འདས། བང་སོ་ཡབ་ཀྱི་བང་སོའི་གཡོན་དུ་བརྩིགས། རྒྱལ་པོ་འདིའི་སྐབས་སུ་རྩལ་པོ་ཆེའི་བློན་འབངས་བདུན་བྱུང་བ་སྟེ། གཅིག་ནི་རྔོག་རིང་ལ་ནག་པོས་གླང་པོ་ཆེ་ཐེག་ནུས། གཉིས་ནི་རྔོག་གླིང་ཁམས་ཀྱིས་གཡག་བྲུས་པོ་ཆེ་ཐེག་ནུས། གསུམ་ནི་གནོན་རྒྱལ་མཚན་གྱིས་མདའ་སྟོང་ཁ་མས་བྱ་ཁྲའི་རྐེད་པ་གཅོད་ནུས། བཞི་ནི་སྦས་རྒོད་གདོང་ཅན་གྱིས་མིག་རྒྱང་གསུམ་ལ་མདའ་རྒྱང་རེས་སླེབས་ནུས། ལྔ་ནི་མགོས་གཡག་ཆུང་གིས་ཤ་བའི་བླུད་བུ་བྱེ་མས་བཀང་སྟེ་ཀླད་ལ་སྐོར་ནུས། དྲུག་ནི་ཅོག་རོ་འབྲོང་གཤེར་གྱིས་འབྲོང་ཐུར་དུ་རྒྱུག་པ་གྱེན་དུ་འཐེན་ནུས། བདུན་ནི་གནོན་ཁྲི་བདུན་གཡུ་བྱིན་གྱིས་རྟ་བཟང་པོ་གཡང་ལ་མཆོངས་པ་གྱེན་ལ་འདྲེན་ནུས་པ་དང་བཅས་སོ།། 

      རྒྱལ་རབས་སུམ་ཅུ་སོ་བདུན་པ་ཁྲི་ལྡེ་གཙུག་བརྟན་ནམ་མེས་ཨག་ཚོམ་ཅན་ནི་ཡབ་འདས་སྲོང་མང་པོ་རྗེ་དང་ཡུམ་འཆིམས་བཟའ་བཙན་མོ་གཉིས་ཀྱི་སྲས་སུ་ལྕགས་འབྲུག་པའི་སྤྱི་ལོ་704ལོར་སྐུ་འཁྲུངས་ཤིང་། མཚན་གཞན་སད་ན་ལེགས་མཇིང་ཡོན་དང་། ཁྲི་ལྡེ་གཙུག་བཙན་ཡང་ཟེར། དགུང་ལོ་ལྔ་པར་གཅེན་མུ་ནེ་བཙན་པོ་རྒྱལ་སར་འཁོད། ཉེར་གཉིས་པ་ལ་མུ་ཏིག་བཙན་པོ་རྒྱལ་སར་བཞུགས། དགུང་ལོ་ཉེར་དགུ་པའི་ཤིང་སྤྲེལ་སྤྱི་ལོ་801ལོར་གཅེན་མུ་ཏིག་བཙན་པོ་སྐུ་གཤེགས་པ་དང་ལྷན་ཅིག་ཏུ་རྗེ་ཁྲི་ལྡེ་གཙུག་བརྟན་འདི་ཉིད་རྒྱལ་པོའི་སྲིད་ཁྲིར་བཞུགས་ནས་སྲིད་བསྐྱངས་ཤིང་། འབྲོ་བཟའ་ཁྲི་མ་ལེགས་དང༌། མཆིམས་རྒྱལ་བཟའ་ལེགས་མོ་བཙན། ཅོག་རོ་བཟའ་བརྩན་རྒྱལ་རྣམས་ཁབ་ཏུ་བཞེས། བཙུན་མོ་ཆེ་བ་ལ་སྲས་མངའ་བདག་ཁྲི་རལ་པ་ཅན་དང༌། གཙང་མ། གླང་དར་མ་འུ་དམ་བཙན་གསུམ་དང༌། བཙུན་མོ་ཆུང་བ་ལ་ལྷ་རྗེ་དང༌། ལྷུན་གྲུབ་གཉིས་བཅས་ལྔ་འཁྲུངས།  དགུང་ལོ13སྟེང་སྲིད་ཁྲིར་བཞུགས་ཀྱང་སྐུ་ན་ཕྲ་བའི་དབང་གིས་སྔར་བཞིན་ཨ་ཕྱི་འབྲོ་བཟའ་ཁྲི་མ་ལོད་ཀྱིས་རྒྱལ་སྲིད་བསྐྱངས་དགོས་པར་མཛད་པས། ཤིང་འབྲུག755ལོར་དགོངས་པ་ཆོས་དབྱིངས་སུ་བྱོན། ཡང་ཁ་ཅིག་གིས་དགུང་ལོ་བཞི་བཅུ་པ་སྤྱི་ལོ་815པའི་ཤིང་ལུག་ལོར་སྐུ་གཤེགས་ཟེར་། བང་སོ་འཕྲུལ་རྒྱལ་གྱི་མདུན་དུ་བརྩིགས་པ་དང༌། བང་སོའི་མིང་ལ་རྒྱལ་ཆེན་འཕྲུལ་གྱི་རི་བོ་ཞེས་ཟེར་བ་སོགས་བཞེད་ཚུལ་གང་མང་འདུག་ཅིང་། གང་ལྟར་སྔོན་བྱོན་མཁས་དབང་རྣམ་པས་གསུང་རྒྱུན་ལས། བོད་རྒྱལ་སོ་བདུན་པ་དང་ཆོས་ལྡན་རྒྱལ་རབས་ལྔ་པ་རྒྱལ་པོ་ཁྲི་ལྡེའུ་གཙུག་བརྟན་ནམ་མེས་ཨག་ཚོམ་ཅན་ནི། ཡབ་རྒྱལ་པོ་འདུས་སྲོང་མང་རྗེ་དང༌། ཡུམ་མཆིམས་བཟའ་བཙན་མོ་མེ་ཏོག་གཉིས་ཀྱི་སྲས་སུ་སྤྱི་ལོ་698པའི་ས་ཁྱི་ལོར་ཕོ་བྲང་ལྡན་དཀར་དུ་སྐུ་འཁྲུངས་ཤིང་། སྤྱི་ལོ་705པ་ཤིང་སྦྲུལ་ལོར་རྒྱལ་པོའི་གསེར་ཁྲིར་མངའ་གསོལ། སྐུ་ན་གཞོན་ནུའི་སྐབས་དེར་ཆབ་སྲིད་གཙོ་བོ་ཕྱི་མོ་འབྲོ་བཟའ་ཁྲི་མ་ལོད་ཀྱིས་བསྐྱངས་པ་ཡིན། སྤྱི་ལོ་712པ་ཆུ་བྱི་ལོར་རྒྱ་བཟའ་གྱིམ་ཤིང་ཀོང་ཇོ་ཁབ་ཏུ་བཞེས་ཤིང་། དེའི་རྗེས་སུ་སྣ་ནམ་བཟའ་ཁབ་ཏུ་བཞེས། སྦས་སྐྱེས་བཟང་སྟོང་བཙན་དང༌། མཆིམས་རྒྱལ་གཟིགས་ཤུ་ཏིང༌། འབྲོ་ཆུ་བཟང་འོར་མ་བཅས་ཀྱིས་བློན་པོ་བྱས། ཆབ་སྲིད་མཐའ་བཞིར་བསྐྱེད། སྤྱི་ལོ་742པ་ཆུ་རྟ་ལོར་སྲས་ཁྲི་སྲོང་ལྡེ་བཙན་འཁྲུངས། སྤྱི་ལོ་755པ་ཤིང་ལུག་ལོར་ཡར་འབྲོག་སྦྲ་ཚལ་དུ་བློན་པོ་འབལ་ལྡོང་ཙབ་དང་ལང་མྱེས་གཟིགས་གཉིས་ཀྱིས་ལྐོག་ཏུ་ཇུས་ངན་བཏོན་ནས་བཀྲོངས། བང་སོ་མུ་ར་རི་ཞེས་པ་འཕྲུལ་གྱི་རྒྱལ་པོའི་གཡོན་དུ་བརྩིགས་ནས་བཞུགས་སོ།།

     རྗེ་ཚན་བདུན་པ་ཤིན་ཏུ་དར་བའི་རྒྱལ་རབས་ལྔ་བྱོན་པའི་སྐོར།

     རྒྱལ་རབས་སུམ་ཅུ་སོ་བརྒྱད་པ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ནི་ཡབ་ཁྲི་ལྡེ་གཙུག་བརྟན་དང་ཡུམ་གྱིམ་ཤིང་ཀོང་ཇོ་གཉིས་ཀྱི་སྲས་སུ་ལྕགས་རྟ730ལོར་སྐུ་འཁྲུངས་ཤིང་། དགུང་ལོ25སྟེང་ནས་སྲིད་ཁྲིར་བཞུགས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་པ་དང་། མཁན་ཆེན་བོ་དྷི་ས་ཏྭ་སྤྱན་དྲངས་ནས་སད་མི་མི་བདུན་རབ་ཏུ་བྱུང་ཞིང་སོ་ཐར་འདུལ་བའི་བསྟན་པ་སྤེལ་མགོ་ཚུགས། སློབ་དཔོན་པདྨ་འབྱུང་གནས་སྤྱན་དྲངས་ཏེ་རྗེ་འབངས་ཉེར་ལྔ་སོགས་ལ་གསང་སྔགས་ཟབ་མོའི་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ཀ་ཅོག་ཞང་གསུམ་སོགས་ལོ་ཙཱ་པ་ཆེན་པོ་རྣམས་ཀྱིས་རྒྱལ་བའི་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་མང་བོ་བོད་སྐད་དུ་བསྒྱུར་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་མཛད་པར་བརྟེན་ནས་བོད་རྒྱལ་དེའི་སྐུ་རིང་ལ་བོད་ཡུལ་དུ་སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་མཛད་པ་དང་། བོད་བཙན་པོའི་རྒྱལ་རབས་ཞེས་པའི་དབུ་བརྙེས་ནས་སྟོབས་འབྱོར་མངའ་ཐང་ལྡན་པར་གྱུར་བ་དང་། ཤིང་གླང785ལོར་དགོངས་པ་ཆོས་དབྱིངས་སུ་བྱོན་པར་གྲགས། འོན་ཀྱང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་འཁྲུངས་སྐོར་ལ་སྦ་བཞེད་རྗེས་འབྲངས་དང་བཅས་པ་རྣམས་ཀྱིས་གྱིམ་ཤིང་ཀོང་ཇོ་ལས་ཁྲི་སྲོང་ལྡེ་བཙན་འཁྲུངས་ཀྱང་སྣ་ནམ་བཟའ་ཡིས་ཀོང་ཇོའི་སྲས་འཕྲོགས་ཏེ་ཁོང་རང་ལས་སྐྱེས་པ་ལྟར་བྱས་པས། རྗེ་བློན་རྣམས་ཐེ་ཚོམ་དུ་གྱུར་པས་ཞལ་ལྕེ་གཅོད་པའི་སྤོབས་པ་མ་བྱུང་པས། མི་རིང་བར་སྲས་ཞབས་འཛུགས་ཀྱི་དགའ་སྟོན་ལ་བཙུན་མོ་གཉིས་ཀྱི་ཕ་ཞང་དང༌། བློན་འབངས་རྣམས་འཚོགས་པའི་དབུས་སུ་རྒྱལ་པོས་འབྲས་ཆང་གིས་བཀང་བའི་གསེར་གྱི་ཕོར་པ་སྲས་ཀྱི་ལག་ཏུ་གཏད་ནས། བུ་རང་གི་ཞང་པོའི་ལག་ཏུ་ཐོད་ཅེས་གསུངས་པས། སྲས་ཀྱིས་རིན་པོ་ཆེའི་ཕོར་པ་རྒྱ་ཞང་རྣམས་ཀྱི་ལག་ཏུ་གཏད་ནས། ང་ཁྲི་སྲོང་ལྡེ་བཙན་རྒྱ་ཚ་ཡིན།། སྣ་ནམ་བཟའ་ཞང་གིས་དོན་མི་འཚལ།། ཞེས་གསུངས་པ་དང༌ཀོང་ཇོ་ཡིད་རབ་ཏུ་དགའ་སྟེ། ཚེ་སྔོན་མའི་ལས་གྱིས་འཕོས་པ་ཡིས།། ང་རྒྱ་ནས་འོང་བའི་བུ་མོ་ལ།། རྗེ་འགྲན་མེད་རྒྱལ་པོའི་སྲས་ཤིག་འཁྲུངས།། ཞེས་པ་སོགས་ཀྱི་གཏམ་སྨྲས་ཚུལ་མང་པོ་འདུག རྗེ་འདི་ཉིད་སྐུ་བཞུགས་སྐབས་ཀྱི་ཆོས་སྲིད་ཀྱི་མཛད་འཕྲིན་ལོ་རྒྱུས་སྤྱི་དང་། མཐར་སྲས་མུ་ནེ་བཙན་པོ་རྒྱལ་སར་འཁོད་ཅིང་ཆོས་རྒྱལ་ཁོང་རང་ཉིད་སྒོམ་སྒྲུབ་ཁོ་ནར་འབད་དེ་བཞུགས་ཚུལ་རྒྱལ་རབས་གསལ་བའི་མེ་ལོང་སོགས་དེབ་ཐེར་མང་པོ་ཞིག་ཏུ་གསལ་ན་ཡང་དགུང་གྲངས་གང་བཞུགས་དང༌། འཆད་ཉན་སྒོམ་སྒྲུབ་ཀྱི་འཕྲིན་ལས་རླབས་ཆེ་ཤོས་ཤིག་ཡིན་པ་མ་ཟད། གསང་སྔགས་རྙིང་མའི་ཤིང་རྟའི་སྲོལ་འབྱེད་མཁན་སློབ་ཆོས་གསུམ་ཞེས་པའི་སློབ་དཔོན་ཆེན་པོ་གསུམ་གྱི་ཡ་གྱལ་གཅིག་ཀྱང་ཡིན་པས། གང་ལྟར་སྔོན་བྱོན་མཁས་དབང་རྣམ་པས་ཞིབ་འཇུག་གནང་པའི་གསུང་རྒྱུན་ཅུང་ཙམ་གསལ་བོ་ལྟར་ན། རྒྱལ་རབས་སུམ་ཅུ་སོ་བརྒྱད་པ་དང་བོད་ཆོས་ལྡན་རྒྱལ་རབས་དྲུག་པར་གྲགས་པའི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ནི་ཡབ་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་དང༌། ཡུམ་གྱིམ་ཤིང་ཀོང་ཇོ་གཉིས་ཀྱི་སྲས་སུ་སྤྱི་ལོ་742པའི་ཆུ་རྟ་ལོར་སྐུ་བལྟམས། སྤྱི་ལོ་755པའི་ཤིང་ལུག་ལོར་རྒྱལ་པོའི་སྲིད་ཁྲིར་མངའ་གསོལ་ཞིང་། སྣང་བཞེར་ཟླ་བརྩན་དང༌། ཞང་མཆིམས་རྒྱལ་གཟིམས་ཤུ་ཐེང༌། བློན་སྐྱེས་བཟང་རྒྱལ་ཀོང༌། ཞང་སྟོང་རྩན། སྦྲང་རྒྱལ་སྒྲ་ལེགས་གཟིགས། དབས་བཙན་བཞེར་མདོ་ལོད། བློན་ཁྲི་སྒྲ་སྟག་ཚབ། སྟག་སྒྲ་ཀླུ་ཁོང་ལ་སོགས་པ་རྣམས་ཀྱིས་བློན་པོ་བྱས། མཆིམས་བཟའ་ལྷ་མོ་བཙན་དང༌། མཁར་ཆེན་བཟའ་མཚོ་རྒྱལ། འབྲོ་བཟའ་ཁྲི་རྒྱལ་མོ་བཙན། ཚེ་སྤོང་བཟའ་མེ་ཏོག་སྒྲོན། ཕོ་ཡོངས་བཟའ་རྒྱལ་མོ་བཙུན་བཅས་བཙུན་མོ་ལྔ་ཁབ་ཏུ་བཞེས། སྤྱི་ལོ་761པའི་ལྕགས་གླང་ལོར་བསམ་ཡས་གཙུག་ལག་ཁང་གི་རྨང་བཏིང༌། སྤྱི་ལོ་763པ་ཆུ་ཡོས་ལོར་སློབ་དཔོན་པད་མ་འབྱུང་གནས་བོད་དུ་ཕེབས།  ཆོས་ཀྱི་སྡེ་བཙུགས་ནས་གྲྭ་བཙུན་རྣམས་ལ་འཚོ་བ་བླ་ན་མེད་པའི་སྲི་ཞུ་གང་ལེགས་བསྩལ། གྲྭ་བཙུན་རེ་ལ་ཡོན་བདག་མི་ཚང་གསུམ་རེ་གནང་ནས་བཀུར་བསྟི་ཞུས། བོད་དམག་གིས་ཐང་དམག་ཕམ་པར་བྱས་ཏེ་རྒྱལ་ས་ཞི་ཨན་དུ་སླེབས། རྒྱ་ནག་གོང་མ་ཏེ་ཙོང་རྒྱལ་པོ་ཤིན་ཅང་དུ་བྲོས། དགུང་ལོ་སོ་དགུ་པ་ལྕགས་སྤྲེལ་སྤྱི་ལོ་780ལོར་ལྷ་སྲས་ཆེ་བ་མུ་ནེ་བཙན་པོ་རྒྱལ་སར་བཀོད་ནས་བཙན་པོ་ཁྲི་སྲོང་ལྡེ་བཙན་ཁོང་ཉིད་ཀྱིས་སྒོམ་སྒྲུབ་སོགས་དམ་ཆོས་ཉམས་ལེན་གྱི་མཛད་པ་གཙོ་བོར་གནང་སྟེ་ཡུན་རིང་བཞུགས། དགུང་ལོ་ང་ལྔ་པའི་མེ་བྱི་སྤྱི་ལོ་796ལོའི་ལོ་གསར་མཚན་མོར་རྟ་རྒྱུགས་པས་ཆིབས་ཀྱིས་བསྐྱུར་ནས་དགོངས་པ་ཞི་བའི་དབྱིངས་སུ་བྱོན། དེབ་ཐེར་འགའ་ཞིག་ཏུ་མཚན་མོ་ལྐོག་མདའ་ཕོག་ནས་བཀྲོངས་ཡང་ཟེར། བང་སོ་མུ་ར་རི་ལ་ཡབ་ཀྱི་བང་སོའི་རྒྱབ་ངོས་ཀྱི་གཡས་ཕྱོགས་སུ་བརྩིགས་ནས་བཞུགས་སོ།། 

     རྒྱལ་རབས་སུམ་ཅུ་སོ་དགུ་བ་མུ་ནེ་བཙན་པོ་ནི་ཡབ་ཁྲི་སྲོང་ལྡེ་བཙན་དང་ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གཉིས་ཀྱི་སྲས་སུ་ཤིང་འབྲུག764ལོར་སྐུ་འཁྲུངས་ཤིང་། དགུང་ལོ13སྟེང་སྲིད་ཁྲིར་བཞུགས་པ་དང་། བཙན་པོ་འདིའི་སྐུ་རིང་དུ་འབངས་མི་སེར་གྱི་སྐྱིད་སྡུག་ལ་ཐུགས་སེམས་གང་ལེགས་གཟིགས་ནས་བོད་ཁམས་ཡོངས་སུ་དབུལ་ཕྱུག་ལན་གསུམ་བསྙམས་པ་སོགས་ཕྱག་རྗེས་ཆེན་པོ་མཛད་པར་གྲགས་ཀྱང་མ་ཡུམ་ཕྲག་དོག་གི་དབང་དུ་སོང་སྟེ་དུག་དྲངས་ནས་བཀྲོངས་ཏེ། མེ་བྱ817ལོར་སྐུ་མྱ་ངན་ལས་འདས་ཟེར་བ་ཡིན། འོན་ཀྱང་ཁ་ཅིག་གིས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དང་ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གཉིས་ལ་སྲས་མཆེད་གསུམ་བྱོན་པའི་ནང་གི་ཆེ་བ་མུ་ནེ་བཙན་པོ། འབྲིང་བ་མུ་ཏིག་བཙན་པོ། ཆུང་བ་མུ་རུ་བཙན་པོ་རྣམ་གསུམ་ཡིན་ཞིང༌། ཆོས་འབྱུང་མཁས་པའི་དགའ་སྟོན་ལྟར། རྒྱལ་རབས་སུམ་ཅུ་སོ་དགུ་བ་དང་ཆོས་ལྡན་རྒྱལ་རབས་བདུན་པར་གྲགས་པའི་མུ་ནེ་བཙན་པོ་ནི་ཡབ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང༌། ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས་པ་དང་། དགུང་ལོ་བཅོ་བརྒྱད་པ་ལྕགས་སྤྲེལ་ལོ་ཡབ་ཁྲི་སྲོང་ལྡེ་བཙན་སྒོམ་སྒྲུབ་ལ་ཕེབས་ནས་གཅེན་མུ་ནེ་བཙན་པོ་རྒྱལ་སར་འཁོད། དགུང་ལོ་སོ་བཞི་པའི་སྐབས་སུ་ཡབ་ཁྲི་སྲོང་ལྡེ་བཙན་གྱི་དགོངས་པ་ཆོས་དབྱིངས་སུ་བྱོན། སོ་ལྔ་པ་མེ་གླང་ལོ་སྤྱི་ལོ་797ལོར་གཅེན་མུ་ནེ་བཙན་པོ་འདས་ནས། གཅུང་མུ་ཏིག་བཙན་པོ་རྒྱལ་སར་འཁོདཔ་ཡིན་ཞིང་། དགུང་ལོ་ཞེ་གཉིས་པའི་ཤིང་སྤྲེལ་སྤྱི་ལོ804ལོར་སྐུ་མྱ་ངན་ལས་འདས། འདི་འཁྲུངས་ལོ་ལས་གཞན་ཐམས་ཅད་དེབ་སྔོན་ལྟར་དུ་བཀོད་པ་དང༌། མུ་ཏིག་བཙན་པོ་ཞེས་པ་སྲས་འབྲིང་བའི་མཚན་ཡིན་མིན་སྐོར་ལ་དེབ་ཐེར་ཁག་ལས་མི་འདྲ་བ་སྣ་ཚོགས་ཞིག་སྣང་ཡང་འདིར་༼ཆོས་འབྱུང་མཁས་པའི་དགའ་སྟོན་༽ལྟར་བཀོད་པ་ཡིན་ཞེས་ཟེར་ཏོ།།

     རྒྱལ་རབས་བཞི་བཅུ་པ་མུ་ཏིག་བཙན་པོའམ་སད་ན་ལེགས་མཇིང་ཡོན་ནི་ཡབ་ཁྲི་སྲོང་ལྡེ་བཙན་དང༌། ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གཉིས་ཀྱི་སྲས་སུ་སྤྱི་ལོ་763པའི་ཆུ་ཡོས་ལོར་སྐུ་འཁྲུངས་པ་ཡིན་ཞིང་། དགུང་ལོ་བཅོ་བརྒྱད་པར་གཅེན་མུ་ནེ་བཙན་པོ་རྒྱལ་སར་འཁོད། ལོ་དེར་ཞང་གི་བུ་དབུ་རིང་བསད་པའི་རྐྱེན་གྱིས་ལོ་དགུའི་རིང་ཞང་སྟོད་དུ་ཡུལ་ཕུད་པའི་ཆད་པ་བཅད། དགུང་ལོ་སོ་ལྔ་པའི་སྤྱི་ལོ་797པའི་མེ་གླང་ལོར་གཅེན་པོ་སྐུ་གཤེགས་པ་དང་ལྷན་ཅིག་ཏུ་རྒྱལ་རབས་བཞི་བཅུ་བ་དང་ཆོས་ལྡན་རྒྱལ་རབས་བརྒྱད་པར་གྲགས་པའི་མུ་ཏིག་བཙན་པོ་རྒྱལ་སར་འཁོད། སྐབས་དེར་བོད་ཀྱི་དམག་ཤུགས་ཧ་ཅང་ཆེ་བས་ཕྱོགས་བཞིའི་རྒྱལ་ཁབ་རྣམས་ལ་དཔུང་འཇུག་བྱས། རྒྱ་གར་གྱི་རྒྱལ་པོ་དྷརྨ་པ་ལ་ཡང་བོད་དུ་ཁྲིད་དེ་བཟང་བཙོན་བྱས་ཟེར་བར་གྲགས། དགུང་ལོ་ཞེ་གཉིས་པའི་ཤིང་སྤྲེལ་སྤྱི་ལོ་804ལོར་ཕོ་ཡོངས་བཟའ་འམ་སྣ་ནམ་པས་ཇུས་ངན་བཏོན་ནས་བཀྲོངས་སོ།།

     འདིར་ཡང༼དེབ་དཀར་མཆན་འགྲེལ༽ལས། རྒྱལ་སྲས་མུ་ཏིག་བཙན་པོ་ནི་བོད་ཀྱི་རྒྱལ་རབས་ཞེ་གཉིས་པོའི་གྲས་སུ་མིན་ཟེར་ཏེ། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སོགས་ལོ་རྒྱུས་རེ་འགར་ཁྲི་སྲོང་ལྡེ་བཙན་གྱི་སྲས་འབྲིང་བ་མུ་ཏིག་བཙན་པོ་ཡིན་པ་དང་། མུ་ཏིག་བཙན་པོ་དང་སད་ན་ལེགས་མཇིང་ཡོན་གཅིག་ཏུ་བཤད་པ་ནི། རྒྱལ་བོ་བཀའི་ཐང་ཡིག་ལ་བརྟེན་པ་ཡིན་ལ། རྒྱལ་བོ་བཀའི་ཐང་ཡིག་དང་གསེར་སྡོང་དཀར་ཆག་ཏུ། མུ་ཏིག་བཙན་པོ་དང་། ཁྲི་ལྡེ་སྲོང་བཙན། སད་ན་ལེགས་མཇིང་ཡོན། མུ་རི་བཙན་པོ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ལྟ་བུར་རྒྱལ་བུ་གཅིག་ལ་མཚན་བཞི་བྱུང་ཚུལ་གསུངས། ཐང་ཡིག་ལ་ནོར་འཁྲུལ་མང་བའང་དཔའ་བོ་གཙུག་ལག་ཕྲེང་བ་སོགས་ཀྱིས་གསུངས་པར་མ་ཟད། གསེར་ཐང་དུ་ཐང་ཡིག་གི་ལུང་དེ་དྲངས་པའི་མཇུག་ཏུའང་། ཐང་ཡིག་སྡེ་ལྔར་གྲགས་པ་འདིའི་བྱིངས་རྣམས་ཆེས་གནའ་བོའི་དུས་སུ་བྲིས་པ་ཞིག་ཡིན་པ་གོར་མ་ཆག་ལ། འོན་ཀྱང་ཚིག་སྦྱོར་ཕལ་ཆེར་ཉམས་པ་དང་། བླུན་འཆར་གྱི་རྫུན་ཡང་མང་དུ་བསྲེས་པས་ཡི་གེར་འོང་བ་ཞིག་མི་འདུག ཅེས་གསུངས་པ་ཆེས་ཆེར་དོན་ལ་གནས་ཤིང་། རྒྱལ་དབང་རང་ཉིད་ཀྱིས་ཀྱང་དུ་ཀུ་ལའི་གོས་བཟང་དུ། ཐང་ཡིག་གི་ལོ་ཚིགས་སོགས་བསྒྲིག་ཐབས་མེད་ཅེས་མ་དག་པར་གསུངས། དེས་ན་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ལ་སྲས་གསུམ་ཡོད་པའི་ཆེ་བ་མུ་ནེ་བཙན་པོ་རྒྱལ་སར་བཞུགས་ཏེ། འབངས་མི་སེར་གྱི་སྐྱིད་སྡུག་ལ་ཐུགས་སེམས་གང་ལེགས་གཟིགས་ནས་དབུལ་ཕྱུག་ལན་གསུམ་བསྙམས་པ་སོགས་ཕྱག་རྗེས་ཆེ་ཡང་མ་ཡུམ་ཕྲག་དོག་གི་དབང་དུ་སོང་སྟེ་དུག་དྲངས་ནས་བཀྲོངས། འབྲིང་བ་མུ་ཏིག་བཙན་པོ་བློན་པོ་འགོས་ཀྱིས་ས་མཐར་སྤྱུགས། ཆུང་བ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་རྒྱལ་སར་བཞུགས་ཏེ་རྒྱལ་ཁམས་ཆོས་བཞིན་བསྐྱངས་པ་ཡིན་ཏེ། བོད་ཀྱི་ལོ་རྒྱུས་༼ཀུན་དགའི་མེ་ལོང་༽ཞེས་བྱ་བ་ལས། འབྲིང་བོ་མུ་ཏིག་བཙན་པོ་ནི། སྔར་ཡབ་རྒྱལ་བོ་དང་བློན་པོ་ཞང་གཉིས་དམག་སྲིད་སོགས་ཀྱི་དོན་ལ་བཀའ་བགྲོས་སྐབས་སྒོ་སྲུང་ལ་ཞང་རྒྱལ་ཚ་ལྷ་སྣང་གི་བུ་དབུ་རིང་བཞག་པ་ལ། སྲས་མུ་ཏིག་བཙན་པོ་རྒྱལ་བོ་དང་བློན་པོ་ཞང་གཉིས་བཀའ་བགྲོས་སར་འགྲོ་གྲབས་བྱེད་སྐབས་དབུ་རིང་གིས་བཀག་པས། སྲས་མུ་ཏིག་བཙན་པོས་ཆུ་གྲི་བསྣུན་ཏེ་བཀུམས། བློན་པོ་འགོས་ཀྱིས་ཞལ་ལྕེ་གསུམ་དང་སྡིག་གསུམ་བཅད་དེ། སྲས་མུ་ཏིག་བཙན་པོ་ས་མཐར་སྤྱུགས་པ་རྒྱལ་སར་འདོན་རྒྱུ་བྱས་ཏེ་སྤྱན་དྲངས་མོད། ལམ་དུ་སྣ་ནམ་པས་ཆིབས་དཀྲོགས་ཏེ་ལྷུང་ནས་རྟ་གྲིར་འདས་ཞེས་དང་། སྲིད་དོན་རྒྱལ་རབས་ལས་ཀྱང་དེ་དང་མཐུན་པར། བློན་པོ་འགོས་ཀྱིས་ཞལ་ལྕེ་དགའ་གསུམ་དང་། སྡུག་གསུམ་བཅད་པའི་དོན་བཞིན། ལྷོ་བྲག་ཏུ་ལོ་དགུ་སྤྱུགས་པས་རྒྱལ་བོ་གནང་མ་ཐུབ། ཁོ་བོ་ནི་ལོ་ན་གཞོན་སྐབས་མུ་ཏིག་བཙན་པོ་སྤྱུགས་པའི་གནས་དེར་མཇལ་བར་བསྐྱོད་པ། ལྷོ་བྲག་མཁར་ཆུ་ན། རུ་ཀླུང་ཐམས་ཅད་ནགས་ཚལ་སྟུག་པོས་ཁྱབ་ཅིང་། ཤིན་ཏུ་གཟར་ཞིང་དོག་པའི་ཅ་ཕྲེང་བརྒྱུད་བྲག་རི་མཐོན་པོ་གཡང་ས་ཅན་ཞིག་གི་ལྡེབས་སུ་ཕུག་རིང་ཞེས་པའི་བྲག་གི་ཕུག་པ་ཆེ་ཆུང་གསུམ་ལ་མཇལ། དེའི་གནས་འཛིན་པས་མུ་ཏིག་བཙན་པོ་བཞུགས་པའི་སྐབས་ཀྱི་ལོ་རྒྱུས་སྙན་མོ་དང་སེམས་སྐྱོ་བའི་གཏམ་རྒྱུད་མང་བོ་ཞིག་བརྗོད་བྱུང་། ཞེས་གསུངས་འདུག་པ་ལྟར་ཏོ།།

     རྒྱལ་རབས་བཞི་བཅུ་ཞེ་གཅིག་པ་ཁྲི་ལྡེ་སྲོང་བཙན་ནི་ཡབ་མུ་ཏིག་བཙན་པོ་དང་ཡུམ་ལྷ་རྩེ་གཉིས་ཀྱི་སྲས་སུ་མེ་ཁྱི806ལོར་སྐུ་འཁྲུངས་པ་ཡིན་ཞིང་། མེ་བྱ817ལོར་སྲིད་ཁྲིར་མངའ་གསོལ་པ་དང་དེའི་དུས་སུ་ནང་བ་སངས་རྒྱས་ཆོས་ལུགས་ཧ་ཅང་དར་ཤིང་རྒྱས་པར་མཛད་པ་དང་། ལྕགས་བྱ841ལོར་སྐུ་བཀྲོངས་ཟེར། གང་ལྟར་སྔོན་བྱོན་མཁས་དབང་རྣམ་པས་ཅུང་ཙམ་གཅིག་མཐུན་གྱི་གསུང་རྒྱུན་ལས། རྒྱལ་རབས་བཞི་བཅུ་ཞེ་གཅིག་པའམ་བོད་ཆོས་ལྡན་རྒྱལ་རབས་དགུ་པར་གྲགས་པའི་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་ནི། ཡབ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང༌། ཡུམ་མཆིམས་བཟའ་ལྷ་མོ་བཙན་གཉིས་ཀྱི་སྲས་སུ་སྤྱི་ལོ776པའི་མེ་འབྲུག་ལོར་སྐུ་འཁྲུངས་ཤིང་། མདོར་ན་ཁྲི་ལྡེ་སྲོང་བཙན་ནམ་སད་ན་ལེགས་མཇིང་ཡོན་དང་མུ་རུ་བཙན་པོ་སོགས་ཀྱང་ཟེར་བར་གྲགས་པས། རྗེ་གཅིག་ལ་མཚན་དུ་མ་མཆིས་པར་སེམས། དགུང་ལོ་ལྔ་པར་གཅེན་མུ་ནེ་བཙན་པོ་རྒྱལ་སར་འཁོད། ཉེར་གཉིས་པ་ལ་མུ་ཏིག་བཙན་པོ་རྒྱལ་སར་བཞུགས། དགུང་ལོ་ཉེར་དགུ་པའི་ཤིང་སྤྲེལ་སྤྱི་ལོ་804ལོར་གཅེན་མུ་ཏིག་བཙན་པོ་སྐུ་མྱ་ངན་ལས་འདས་པ་དང་ལྷན་ཅིག་ཏུ་རྗེ་ཁྲི་གཙུག་ལྡེ་བཙན་ནམ་མུ་རུ་བཙན་པོ་འདི་ཉིད་རྒྱལ་པོའི་སྲིད་ཁྲི་ལ་བཞུགས་ནས་བོད་ཀྱི་རྒྱལ་སྲིད་བསྐྱངས། འབྲོ་བཟའ་ཁྲི་མ་ལེགས་དང༌། མཆིམས་རྒྱལ་བཟའ་ལེགས་མོ་བཙན། ཅོག་རོ་བཟའ་བརྩན་རྒྱལ་རྣམས་ཁབ་ཏུ་བཞེས། བཙུན་མོ་ཆེ་བ་ལ་སྲས་ཆེ་བ་ཁྲི་གཙུག་ལྡེ་བཙན་ནམ་མངའ་བདག་ཁྲི་རལ་པ་ཅན་དང༌། འབྲིང་བ་གཙང་མ། ཆུང་བ་གླང་དར་མ་འུ་དམ་བཙན་གསུམ་འཁྲུངས་པ་དང༌། བཙུན་མོ་ཆུང་བ་ལ་སྲས་ཆེ་བ་ལྷ་རྗེ་དང༌། ཆུང་བ་ལྷུན་གྲུབ་གཉིས་བཅས་རྒྱལ་སྲས་ལྔ་འཁྲུངས་པ་ཡིན། དགུང་ལོ་བཞི་བཅུ་པ་སྤྱི་ལོ་815པའི་ཤིང་ལུག་ལོར་སྐུ་མྱ་ངན་ལས་འདས་པ་དང་། བང་སོ་འཕྲུལ་རྒྱལ་གྱི་མདུན་དུ་བརྩིགས་པ་དང༌། བང་སོའི་མིང་ལ་རྒྱལ་ཆེན་འཕྲུལ་གྱི་རི་བོ་ཞེས་ཟེར་ཏོ།། 

      རྒྱལ་རབས་བཞི་བཅུ་ཞེ་གཉིས་པ་ཁྲི་གཙུག་ལྡེ་བཙན་ནམ་མངའ་བདག་ཁྲི་རལ་པ་ཅན་ནི། ཡབ་ཁྲི་ལྡེ་སྲོང་བཙན་དང༌ཡུམ་འབྲོ་བཟའ་ཁྲི་མ་ལེགས་གཉིས་ཀྱི་སྲས་སུ་སྤྱི་ལོ་806པའི་མེ་ཁྱི་ལོར་སྐུ་འཁྲུངས་པ་དང་། དགུང་ལོ་བཅུ་པའི་ཤིང་ལུག་སྤྱི་ལོ་815ལོར་རྒྱལ་སར་འཁོད། ཅོག་རོ་བཟའ་དཔལ་གྱི་ངང་ཚུལ་དང་། མཆིམས་བཟའ་ཁྱུང་དཀར་མ། སྣ་ནམ་བཟའ་ཨ་རྗེ་ཕོ་ལེགས། ཚེ་སྤོང་བཟའ་ལྷུན་གྱི་བུ་མོ། ལྷ་ལུང་མེ་ཏོག་མ་བཅས་ཁབ་ཏུ་བཞེས་ཀྱང་སྲས་མ་བྱུང་ཟེར། དགུང་ལོ་བཅུ་དྲུག་པའི་ལྕགས་གླང་སྤྱི་ལོ་821ལོར་ཐང་དང་འདུམ་བྱས་ནས་རྒྱ་ནག་ཏུ་རྡོ་རིང་བཙུགས་ཤིང་། དེའི་ཕྱི་ལོར་དགུང་ལོ་བཅུ་བདུན་པའི་ཆུ་སྟག་སྤྱི་ལོ་822ལོར་བོད་དུ་རྡོ་རིང་བཙུགས། དེའི་ཕྱི་ལོར་རྡོ་རིང་ལ་ཡི་གེ་བྲིས་ཟེར་སྲོལ་ཡོད།  དེ་ཡང་བོད་གྱི་དེབ་ཐེར་ཆེན་པོ་༼མདོ་སྨད་ཆོས་འབྱུང་༽དུ་རྒྱའི་གོང་གུ་རྨེ་རུ་ཞེས་བྱ་བར་རྒྱ་བོད་ཀྱི་ས་མཚམས་བྱས་ཏེ། དེར་བོད་བཙན་པོའི་གཙུག་ལག་ཁང་དང་རྒྱ་རྗེའི་གཙུག་ལག་ཁང་བརྩིགས་པར་བཤད་ཀྱང་མཆོད་རྟེན་དཀར་པོ་འདིར་ངོས་འཛིན་ཞེས་པ་ལྟར་ན། འདི་རུ་མཆོད་རྟེན་དཀར་པོ་ཞེས་སུ་གྲགས་པ་དེ་ནི་རྒྱ་བོད་ས་མཚམས་ཀྱི་རྡོ་རིང་བཞེངས་ས་དེ་ཞིབ་འཇུག་པ་ཁ་ཤས་ཀྱིས་ཀན་སུའུ་ཞིང་ཆེན་མངའ་ཁུངས་སུ་བོད་སྐད་དུ་ཐེན་ཞི་འམ་རྒྱ་སྐད་དུ་ཐེན་ཧྲོས་ཟེར་བའི་ཤར་ལྷོར་ཡོད་པའི་མེས་ཅིས་རི་བོ་ཞེས་པར་ངོས་འཛིན་གྱི་ཡོད་རུང་གདར་ཤ་གསལ་བོ་ཆོད་ཀིན་ཡོད་མེད་མི་ཤེས་སེམས། ཁྱད་པར་དུས་རབས་དེར་མངའ་བདག་ཁྲི་རལ་པ་ཅན་གྱི་སྐུ་རིང་ལ་རྒྱ་བོད་ས་མཚམས་ཀྱི་མཆོད་རྟེན་དཀར་པོ་ཞེས་པ་དེར་ཞིབ་ཏུ་འཇུག་པའི་གོ་སྐབས་ང་རང་ལ་ཡང་མ་མཆིས་མོད།  གང་ལྟར་མངའ་བདག་ཁྲི་རལ་བ་ཅན་ཁོང་ནི་བོད་རྒྱལ་གདུང་རབས་ལས་བཤད་པ་ལྟར་ན། བོད་ཆོས་རྒྱལ་མེས་དབོན་རྣམ་གསུམ་ལས་གསུམ་པ་ཡིན་ཞིང་གསང་བདག་ཕྱག་ན་རྡོ་རྗེའི་སྤྲུལ་བ་ཡིན། དུས་མཚུངས་སུ་མཆོད་རྟེན་དཀར་པོ་ཞེས་མདོ་སྨད་ཡུལ་དུ་གྲགས་ཆེ་བའི་ཁྲི་ཀའི་མཆོད་རྟེན་དཀར་པོ་འམ་མི་ཉག་མཆོད་མཆོད་རྟེན་ཞེས་པ་དེ་བཞེངས་ཤིང་། དེ་ནི་ད་ལྟའི་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་གི་ཧོ་ཡུན་གྲོང་རྡལ་དང་རྨ་ཀླུང་ཕྱུག་མོ་དལ་གྱིས་འབབ་པའི་བར་ན་བཞུགས་ཡོད་ཅིང་། དེ་ནི་མངའ་བདག་ཁྲི་རལ་བ་ཅན་བྱང་ངོས་སུ་དམག་ལ་བྱོན་སྐབས་རྒྱ་བོད་ཀྱི་ས་མཚམས་སུ་ཁོང་ཉིད་དངོས་སུ་ཕེབས་ནས། ཁོང་གི་དབུ་སྐྲ་ནང་རྟེན་དུ་གནངས་ནས་བཞེངས་པའི་མཆོད་རྟེན་ཞིག་ཀྱང་ཡིན་ཟེར། བོད་རབ་བྱུང་བཞི་པའི་ཤིང་འབྲུག་སྤྱི་ལོ1244ལོར་ས་པཎ་ཀུན་དགའ་རྒྱལ་མཚན་མཆོག་ཧོར་གོ་དན་རྒྱལ་པོའི་གདན་ཞུས་ལྟར་ས་སྐྱ་ནས་མདོ་སྨད་ཡུལ་དུ་ཆིབས་ཁ་བསྒྱུར་དུས་ཁྲི་ཀའི་མཆོད་རྟེན་དཀར་པོ་ལ་ཞལ་མཇལ་ཞིང་རབ་གནས་ལེགས་པར་མཛད་པས། མཆོད་རྟེན་འདི་ནི་མདོ་སྨད་ཡུལ་དུ་གྲགས་ཆེ་ཞིང་ཐུགས་རྟེན་བྱིན་ཅན་དུ་བརྩི་བའི་མཆོད་རྟེན་ཞིག་ཡིན་པ་མ་ཟད། བོད་རབ་བྱུང་བཅུ་དྲུག་པའི་ས་ཕོ་ཁྱི་སྤྱི་ལོ1958ལོའི་བར་ལ་མཆོད་རྟེན་གྱི་སྲིབ་ཁ་དག་ནས་མངའ་བདག་ཁྲི་རལ་པ་ཅན་གྱི་དབུ་སྐྲ་རང་བྱུང་དུ་ཕྱི་རུ་མངོན་འདུག་པར་གྲགས། ད་ལྟའི་བར་དུ་ལོ་ངོ་ཆིག་སྟོང་ཉིས་བརྒྱ་ཙམ་ལ་ཉེ་བའི་ལོ་རྒྱུས་ཡོད། བོད་ཆོས་ལྡན་རྒྱལ་རབས་བཅུ་བར་གྲགས་པའི་རྒྱལ་པོ་ཁྲི་གཙུག་ལྡེ་བཙན་ནམ་མངའ་བདག་ཁྲི་རལ་པ་ཅན་གྱི་སྐུ་རིང་ལ་བོད་བརྒྱུད་ནང་བ་སངས་རྒྱས་ཀྱི་བསྟན་པའང་ཤིན་ཏུ་དར་བ་དང་། དབུས་ཕྱོགས་སུ་གྲྭ་བཙུན་སུམ་སྟོང་བྱུང་བར་གྲགས་ཤིང་། གྲྭ་བཙུན་རྣམས་ལ་འཚོ་བ་བླ་ན་མེད་པའི་སྲི་ཞུ་གང་ལེགས་བསྩལ་ནས། གྲྭ་བཙུན་རེ་ལ་ཡོན་བདག་མི་ཚང་བདུན་རེ་གནང་ནས་བཀུར་བསྟི་ཞུ་སྲོལ་གྱི་སྲིད་ཇུས་ཡག་པོ་གཏན་ལ་ཕབ། དགུང་གྲངས་སོ་གཅིག་པའི་མེ་འབྲུག་སྤྱི་ལོ་836ལོར་མལ་གྲོ་ཞམ་པའི་ཕོ་བྲང་ནས་རྒུན་ཆང་མྱོས་པར་བཞེས་ཏེ། གསེར་ཁྲིར་གཟིམས་པའི་ཚེ། དབས་སྟག་རྣ་ཅན་དང༌། ཅོག་རོ་ལྷ་ལོད། ལེགས་སྡུག་བཙན་གསུམ་གྱིས་ལྐོག་གཡོ་ངན་པ་བཏོན་ནས་དབུ་ལྟག་ཏུ་བསྐོར་ནས་བཀྲོངས། བང་སོ་ནི་དོན་མཁར་མདའི་གཡོན་ཕྱོགས་སུ་བརྩིགས་ནས་བཞུགས་སོ།། 

     རྗེ་ཚན་བརྒྱད་པ་དམ་པའི་ཆོས་བསྣུབས་པའི་རྒྱལ་རབས་གཅིག་བྱོན་པའི་སྐོར། 

     རྒྱལ་རབས་ཐ་མའམ་གངས་ཅན་བོད་ཀྱི་ངག་རྒྱུན་དུ་གྲགས་པའི་རྒྱལ་རབས་བཞི་བཅུ་ཞེ་གཉིས་པ་གླང་དར་མ་ཨུ་དུམ་བཙན་པོ་ནི་ཡབ་ཁྲི་ལྡེ་སྲོང་བཙན་དང༌ཡུམ་འབྲོ་བཟའ་ཁྲི་མ་ལེགས་གཉིས་ཀྱི་སྲས་སུ་སྤྱི་ལོ་815པའི་ཤིང་ལུག་ལོར་སྐུ་འཁྲུངས། སྤྱི་ལོ་836པའི་མེ་འབྲུག་ལོར་གཅེན་ཁྲི་གཙུག་ལྡེ་བཙན་ནམ་མངའ་བདག་ཁྲི་རལ་ཅན་གཞན་གྱིས་ལྐོག་གཡོ་ངན་པ་བཏོན་ནས་བཀྲོངས་པ་དང་ལྷན་ཅིག་ཏུ་རྒྱལ་སྲིད་ཀྱི་ཁྲི་ལ་བསྐོས། བཙུན་མོ་ཆེ་བ་སྣ་ནམ་བཟའ་དང༌། བཙུན་མོ་ཆུང་བ་ཚེ་སྤོང་བཟའ་བཙུན་མོ་འཕན་གཉིས་ཁབ་ཏུ་བཞེས། དེ་ནས་ལོ་ངོ་ལྔའི་རིང་ལ་བོད་ཆེན་པོའི་རྒྱལ་རབས་གོང་མ་རྣམས་ཀྱི་སྔར་སྲོལ་ལྟར་སངས་རྒྱས་ཆོས་ལུགས་ལ་དད་པ་བྱས་ནས་རྒྱལ་སྲིད་ལེགས་པར་བསྐྱངས། ལོ་ངོ་དྲུག་པ་ནས་བོད་བཙན་པོའི་རྒྱལ་ཁབ་ཀྱི་ཆབ་སྲིད་དང་། དཔལ་འབྱོར། དམག་དོན་སོགས་ལ་ཤུགས་སྣོན་བྱ་བའི་ཆེད་དུ་དབུས་ཕྱོགས་ཀྱི་གྲྭ་བཙུན་རྣམས་ལ་འཚོ་བ་བླ་ནས་སྦྱོར་བའི་སྲིད་ཇུས་དེ་བཅོས་སྒྱུར་བྱས་ནས་མེད་པར་བཟོས་ཤིང་། དབུས་ཕྱོགས་སུ་གྲྭ་བཙུན་སུམ་སྟོང་བཞུགས་པ་རྣམས་ཀྱིས་ཀྱང་ཚོང་ལས་དང་། སོ་ནམ། རི་དྭགས་རྔོན་པ་སོགས་ཀྱི་ལས་ལ་མ་ཞུགས་ཐབས་མེད་ཆགས་པ་ལས་དམ་པའི་ཆོས་བསྣུབས་པའི་གཏེ་བོ་ངན་པ་དང་སྡིག་ཅན་རྒྱལ་པོ་ཐ་ཤལ་བར་གྲགས། གླང་དར་མ་ཨུ་དུམ་བཙན་པོ་ནི་དམངས་ཁྲོད་དུ་ལབ་པའི་དུད་འགྲོ་ལྟ་བུའི་གླང་རྒན་འཇིགས་སུ་རུང་བ་དང་། མགོ་ན་རྭ་སྐྱེས་ཤིང་། ཞལ་ལྕེ་ནག་པོ་ཡིན་པ། ཁ་སྣ་ནས་མེ་ཞགས་འཁྱུགས་པ། ཐོག་མའི་དུས་ནས་སངས་རྒྱས་བསྟན་པའི་དགྲ་རུ་ལངས་པ་སོགས་ནག་པོ་བདུད་ཀྱི་རིགས་ཤིག་ག་ལ་ཡིན་མོད། ཁོང་ཡང་བོད་བཙན་པོའི་གདུང་རྒྱུད་དང་། རྒྱལ་རབས་བཞི་བཅུ་ཞེ་གཅིག་པ་ཁྲི་ལྡེ་སྲོང་བཙན་གྱི་རྒྱལ་སྲས། ཁྲི་གཙུག་ལྡེ་བཙན་ནམ་མངའ་བདག་ཁྲི་རལ་བ་ཅན་གྱི་སྐུ་གཅུང་སོགས་ཡིན། འོན་ཀྱང་བོད་ཆེན་པོའི་རྒྱལ་ཁབ་ཀྱི་ཆབ་སྲིད་དང་། དཔལ་འབྱོར། དམག་དོན་ཐད་ཤུགས་སྣོན་བྱ་ཆེད་སྐབས་བསྟུན་སྲིད་ཇུས་དང་ཐབས་ཇུས་སོགས་སྙོམས་སྒྲིག་བྱེད་པའི་ཁྲོད་དུ་དབུས་ཕྱོགས་ཀྱི་གྲྭ་བཙུན་རྣམས་ལ་འཚོ་བ་བླ་ནས་སྦྱོར་བའི་སྲིད་ཇུས་དེ་མེད་པར་དུ་བཏང་བ་ཡིན་ཞིང་། ཁྱད་པར་དུ་རྒྱལ་པོ་ཁྲི་གཙུག་ལྡེ་བཙན་ནམ་མངའ་བདག་ཁྲི་རལ་པ་ཅན་གྱི་སྐུ་རིང་ལ་བོད་བརྒྱུད་ནང་བ་སངས་རྒྱས་ཀྱི་བསྟན་པ་ཤིན་ཏུ་དར་བ་དང་། དབུས་ཕྱོགས་སུ་གྲྭ་བཙུན་སུམ་སྟོང་བྱུང་བར་གྲགས་ཤིང་། གྲྭ་བཙུན་རྣམས་ལ་འཚོ་བ་བླ་ན་མེད་པའི་སྲི་ཞུ་གང་ལེགས་བསྩལ་ཏེ། གྲྭ་བཙུན་རེ་ལ་ཡོན་བདག་མི་ཚང་བདུན་རེ་གནང་ནས་སྔར་བས་ཀྱང་བཀུར་བསྟི་ཞུ་སྲོལ་གྱི་སྲིད་ཇུས་ཡག་པོ་གཏན་ལ་ཕབ་པ་དེ་མེད་པར་བཟོས་པ་དང་། གྲྭ་བཙུན་དེ་དག་རྣམས་ཀྱིས་ཀྱང་ཟས་རང་གྲུབ་དང་གོས་རང་གྲུབ་ཀྱི་དགེ་མཚན་ལྡན་པའི་འཚོ་བའི་མཐུན་རྐྱེན་ལེགས་པོ་ལས་འགྱུར་ལྡོག་ཆེན་པོ་བྱུང་ནས་གློ་བུར་དུ་རང་ཁ་རང་གསོ་བྱ་དགོས་པར་བྱུང་ཞིང་།  དུས་རབས་དེ་ཙམ་ལ་མཚོན་ན་བོད་ཆེན་པོར་ས་རྒྱ་ཆེ་རུང་མི་གྲངས་ཉུང་པའི་དབང་གིས་བོད་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཀྱང་ཅུང་ཙམ་ཞན་པའི་གནས་བབས་འོག་ཏུ་དབུས་ཕྱོགས་ཀྱི་ཡོན་བདག་དེ་དག་ཧ་ལམ་དུད་ཁྱིམ་ཉིས་ཁྲི་ཆིག་སྟོང་ལྷག་གིས་ཀྱང་རྒྱལ་པོའི་ཁབ་ཀྱི་ཆབ་སྲིད་དང་། དཔལ་འབྱོར། དམག་དོན་བཅས་ལ་ཞབས་འདེགས་ཞུ་དགོས་པའི་ཆེད་དུ་གྲྭ་བཙུན་རྣམས་ཕྱིར་འཐེན་བྱ་རྒྱུའི་སྲིད་ཇུས་དང་ཐབས་ཇུས་གཏན་འབེབས་གནང་པ་དེ་ཚད་ལས་བརྒལ་ཞིང་། དམ་པའི་ཆོས་དང་ཆོས་ཀྱི་སྡེ་ལ་མི་རུང་པའི་ནོར་འཆུགས་ཆེན་པོ་བཟོས་པས་ནང་བ་སངས་རྒྱས་ཀྱི་ཆོས་ལ་དད་མཁན་རྣམས་མ་དགའ་བར་ངོ་ལོག་བྱས་པ་དང་། གང་ལྟར་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་ལྡན་པ་དང་འབངས་མི་སེར་རྣམས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་སྲིད་ཇུས་དེ་སྤེལ་ནས་ཟླ་བ་དྲུག་ཙམ་ལས་མ་ཕྱིན་པའི་ལྕགས་བྱ་སྤྱི་ལོ་841ལོར་རྒྱལ་པོ་ཕོ་བྲང་གི་ཕྱི་རོལ་ཏུ་སྐྱོ་གསེང་ལ་ཕེབས་སྐབས། ལྷ་ལུང་དཔལ་རྡོར་ཞེས་པའི་གྲྭ་བཙུན་ཞིག་གིས་ལྐོག་མདའ་བརྒྱབས་ཏེ་ལྷ་ས་རུ་སྐུ་བཀྲོངས། དུས་དེ་ནས་བཟུང་བོད་སྤྱི་ལ་དབང་པའི་རྒྱལ་པོ་ཞིག་བྱུང་མ་བྱུང་པ་དང་། སྤྱིར་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལ་ཕྱིར་མིག་ལྟ་དགོས་ན་དེ་འདྲའི་གཅིག་ཆོད་ཀྱིས་གདར་ཤ་གསལ་བོ་ཆོད་པ་ནི་མཁས་པའི་དབང་པོ་བྱོན་པ་ཡིན་ཀྱང་སླ་མོ་ཞིག་མ་ཡིན་མོད། བོད་ཀྱི་ལོ་རྒྱུས་དར་ཆེ་བ་ལས་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་ནས་རྒྱལ་པོ་གླང་དར་མ་ཨུ་དམ་བཙན་པོའི་བར་ལ་དངོས་གནས་རྒྱལ་རབས་བཞི་བཅུ་ཞེ་གཉིས་འདས་པ་དང་། བོད་ཆེན་པོའི་རྒྱལ་སྲིད་མི་ལོ900ལྷག་ཙམ་ལ་བསྐྱངས་ཏེ། དུས་རབས་དེ་ནས་བཟུང་བོད་ཁམས་སིལ་བུར་འཐོར་བའི་མགོ་ཚུགས་ནས་དཔལ་ལྡན་ས་སྐྱ་པའི་སྲིད་འཛིན་བར་ལ་ལོ་ངོ་400ལྷག་འདས་པར་གྲགས་སོ།།   

      རྗེ་ཚན་དགུ་བ་དཔལ་ལྡན་ས་སྐྱ་པའི་སྲིད་འཛིན་རིམ་པ་བདུན་བྱོན་པའི་སྐོར།

      རྒྱལ་རབས་བཞི་བཅུ་ཞེ་གསུམ་པ་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་ནི་བོད་རབ་བྱུང་བཞི་པའི་ཤིང་མོ་ལུག་སྤྱི་ལོ1235ལོར་ཡབ་ཟངས་ཚ་བསོད་ནམས་རྒྱལ་མཚན་དང་ཡུམ་མ་ཅིག་ཀུན་དགའ་སྐྱིད་གཉིས་ཀྱི་སྲས་སུ་གཙང་ས་སྐྱར་སྐུ་འཁྲུངས། དགུང་ལོ་ཆུང་དུས་ནས་ཡི་གེ་འབྲི་ཀློག་སོགས་རིག་པའི་གནས་ལྔ་ལ་དཀའ་ཚེགས་ཆེན་པོ་མ་དགོས་པར་མཁྱེན་ཞིང་། དགུང་ལོ་བཅུ་བ་བོད་རབ་བྱུང་བཞི་པའི་ཤིང་ཕོ འབྲུག་སྤྱི་ལོ1244ལོར་ཁུ་བོ་ས་སྐྱ་པཎྜི་ཏ་ཧོར་རྒྱལ་པོ་གོ་དན་གྱིས་གདན་དྲངས་པ་ལྟར་ལྱང་ཅུ་སྡེ་བཞིར་ཕེབས་སྐབས་ཞབས་ཕྱིར་བྱོན་པ་དང་། དགུང་ལོ་བཅུ་བདུན་པ་བོད་རབ་བྱུང་བཞི་པའི་ལྕགས་ཕག་སྤྱི་ལོ1251ལོར་ས་པཎ་དགོངས་པ་ཆོས་དབྱིངས་སུ་བྱོན་ཁར་རང་ཉིད་ཀྱི་ཆོས་བརྒྱུད་འཛིན་པའི་བདག་པོར་བསྐོས། དགུང་ལོ་བཅུ་དགུ་བ་བོད་རབ་བྱུང་བཞི་པའི་ཆུ་མོ་གླང་སྤྱི་ལོ1253ལོར་ཧུ་པེ་ལ་འམ་ཧོར་གོང་མ་སེ་ཆེན་སེ་ཆེན་རྒྱལ་པོའི་བླ་མཆོད་ཀྱི་འབྲེལ་བ་ཆགས། ཡན་ལག་ལྔ་མཚོན་རྣོན་པོས་སོ་སོར་ཕྲལ་ཏེ་རྒྱལ་བ་རིགས་ལྔའི་བཀོད་པ་བསྟན་པ་སོགས་ཀྱི་རྫུ་འཕྲུལ་སྣ་ཚོགས་བསྟན་པས་གོང་མ་སེ་ཆེན་འཁོར་བཅས་མི་ཕྱེད་པའི་དད་པ་ལ་བཀོད། དེ་ནས་བོད་རབ་བྱུང་བཞི་བའི་ལྕགས་ཕོ་སྤྲེལ་ཏེ་སྤྱི་ལོ1260ལོར་གོང་སེ་ཆེན་རྒྱལ་བོ་རང་དགུང་ལོ་ཞེ་དྲུག་སྟེང་སྲིད་ཁྲིར་བཀོད། འགྲོ་མགོན་འཕགས་པ་དགུང་ལོ་ཉེར་དྲུག་པར་ཕོ་བྲང་དུ་གདན་དྲངས་ཏེ་ཀཽ་ཤྲཱི་དང་ཏཱི་ཤྲཱི་ཞེས་གོང་མའི་དབུ་བླའི་འཇའ་ས་གནང་། རྒྱལ་བོ་དང་བཙུན་མོ་གཙོས་སྐལ་ལྡན་ཉེར་ལྔ་ལ་དཔལ་ལྡན་ས་སྐྱ་པའི་ཡི་དམ་ཀྱཻ་རྡོ་རྗེའི་དབང་གནང་། དེ་ནས་རིམ་བཞིན་དབང་ཐེངས་གཉིས་དང་གསུམ་པའང་བསྐུར་བས། དབང་དང་བོའི་ཡོན་དུ་གཡང་ཊིའི་ཐམ་ག་དང་། མུ་ཏིག་གིས་རྒྱན་པའི་སྣམ་སྦྱར། སྐུ་ཆོས་སོགས་དངོས་འབུལ་གྱ་ནོམ་པ་དང་བཅས་བོད་ཁྲི་སྐོར་བཅུ་གསུམ་ཕུལ་བ་དང་། དབང་གཉིས་པའི་ཡོན་དུ་བོད་ཆོལ་ཁ་གསུམ་ཕུལ་ཏེ་སྲིད་ཀྱི་བདག་པོར་བསྐོས། དབང་གསུམ་པའི་ཡོན་དུ་ཆོས་དུང་དཀར་བོ་རྒྱང་གྲགས་དང་། རྒྱལ་བོ་མ་སྐྱེས་དགྲའི་བདེ་བར་གཤེགས་པའི་གདུང་སྐལ་འཕེན་གདུང་དང་། རྒྱའི་མི་ཡུར་ཆེན་པོ་དང་བཅས་གསེར་དང་དངུལ་དར་གོས་སོགས་གྱ་ནོམ་ཞིག་ཕུལ་བ་རེད། ལོ་དེར་ས་པཎ་གྱི་སྐུ་གདུང་ངོ་མཚར་ཅན་བྱོན་པས་རྒྱལ་པོ་ཧུ་པི་ལི་སོགས་དད་ནས་འགྲོ་མགོན་འཕགས་པ་ལ་དབང་ཞུས་པས། ཐོག་མར་རྒྱལ་པོ་གཙོས་མི་ཉི་ཤུ་རྩ་ལྔ་ལ་གསང་སྔགས་ཀྱི་དབང་གནང་། དབང་ཡོན་དུ་བོད་ཁྲི་སྐོར་བཅུ་གསུམ་ཕུལ་བ་དང་ཧོར་གོང་མ་རྒྱལ་པོའི་ཏཱི་ཤྲཱིའམ་དབུ་བླའི་གོ་གནས་སོགས་ཕུལ་ནས་བོད་ཆེན་པོའི་ཆོས་སྲིད་གཉིས་ཀའི་དབང་གི་བདག་པོར་བསྐོས་པས། དེ་ནས་བཟུང་བོད་ཀྱི་སྲིད་ལ་མངའ་དབང་མཛད་ནས་བཀའ་དྲིན་ཆེན་པོས་བསྐྱངས་པ་དང་། བོད་རབ་བྱུང་བཞི་བའི་ཆུ་ཕོ་བྱི་བ་སྤྱི་ལོ1252ལོར་བོད་དུ་ཕེབས། གོང་མས་འགྲོ་མགོན་འཕགས་པ་ལ་བོད་ཀྱི་ཆོས་སྲིད་གཉིས་ཀའི་བདག་པོར་བསྐོས་པའི་འཇའ་ས་མུ་ཏིག་མ་ཕུལ་བ་དང་། དགུང་ལོ་ཉེར་གཅིག་པ་བོད་རབ་བྱུང་བཞི་པའི་ཤིང་མོ་ཡོས་སྤྱི་ལོ1255ལོར་སྙེ་ཐང་མཁན་ཆེན་གྲགས་པ་སེང་གེའི་དྲུང་དུ་དགེ་སློང་གི་སྡོམ་པ་བཞེས། རབ་བྱུང་ལྔ་བའི་ས་སྦྲུལ་སྤྱི་ལོ1269ལོར་ཧོར་ཡིག་གསར་པ་གཏན་ཕབ་ཀྱིས་ཕུལ་ཏེ་རྗེས་སུ་ཐང་གའི་ཐོག་བེད་སྤྱོད་བྱེད་སྲོལ་ཀྱང་ཡོད། དགུང་ལོ་སོ་དྲུག་པ་རབ་བྱུང་ལྔ་བའི་ལྕགས་ཕོ་རྟ་སྤྱི་ལོ1270ལོར་སླར་ཡང་ཧོར་གོང་མ་རྒྱལ་པོ་ལ་གསང་སྔགས་ཀྱི་དབང་གནང་བའི་ཡོན་དུ་ཤེལ་དམ་གླིང་དྲུག་མ་དང་། གནམ་གྱི་འོག ས་ཡི་སྟེང་ན་རྒྱ་གར་ལྷའི་སྲས་པོ། སྤྲུལ་པའི་སངས་རྒྱས། ཡི་གེ་རྩོམ་མི། རྒྱལ་ཁམས་འཇགས་སུ་འཇུག་པ་པོ། གནས་ལྔ་རིག་པའི་པཎྜི་ཏ་འཕགས་པ་ཏཱི་ཤྲཱི་ཞེས་པའི་འཇའ་ས་དང་གོ་གནས་ཕུལ། རབ་བྱུང་ལྔ་བའི་མེ་ཕོ་བྱི་བ་སྤྱི་ལོ1276ལོར་སླར་བོད་དུ་ཕེབས་ནས་ས་སྐྱའི་ཆོས་རྒྱལ་མཛད་ཅིང་། གཙང་ཆུ་མིག་རིང་མོར་དགེ་འདུན་ཁྲི་ཕྲག་བདུན་ལ་བསྙེན་བཀུར་ཏེ་ཆུ་མིག་ཆོས་འཁོར་མཛད། དགུང་ལོ་ཞེ་དྲུག་པ་རབ་བྱུང་ལྔ་པའི་ལྕགས་ཕོ་འབྲུག་སྤྱི་ལོ1280ལོར་ལྷ་ཁང་བླ་བྲང་དུ་དགོངས་པ་ཆོས་དབྱིངས་སུ་བྱོན་པ་སོགས་རྒྱལ་རབས་བཞི་བཅུ་ཞེ་བཞི་བ་ངྷརྨ་པཱ་ལ་ཀྵི་ཏ། བཞི་བཅུ་ཞེ་ལྔ་བ་ཤར་བ་འཇམ་དབྱངས་རིན་ཆེན་རྒྱལ་མཚན། བཞི་བཅུ་ཞེ་དྲུག་པ་བདག་ཆེན་བཟང་བོ་དཔལ། བཞི་བཅུ་ཞེ་བདུན་པ་བདག་ཆེན་ནམ་མཁའ་ལེགས་པ། བཞི་བཅུ་ཞེ་བརྒྱད་པ་འཇམ་དབྱངས་དོན་ཡོད་རྒྱལ་མཚན་རྣམས་རིམ་པར་བྱོན་ནས་རྒྱལ་སྲིད་བསྐྱངས་སོ།།

     འདིར་ཡང་ང་རང་ཚོས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་འཕེལ་རིམ་ལ་ཕྱིར་མིག་བལྟས་ནས། དོན་དངོས་དུ་མ་ངེས་པར་དུ་གསལ་བོ་རྟོགས་ཐུབ་དགོས་པ་སྟེ། བོད་རབ་བྱུང་ལྔ་བའི་ལྕགས་མོ་ལུག་སྤྱི་ལོ1271ལོར་སོག་པོ་རྒྱལ་པོ་འམ་ཧོར་གོང་མ་སེ་ཆེན་རྒྱལ་པོས་ཡོན་རྒྱལ་རབས་བཙུགས་ནས་རྒྱལ་ཁབ་གསར་བ་དབུ་བརྙེས་ཤིང་། རྒྱལ་རབས་དེ་ནས་བཟུང་རང་རྒྱལ་གྱི་མི་རིགས་མང་པོ་དང་ལྷན་ཅིག་ཏུ་བོད་ཆེན་པོ་འདི་ཡང་ཡོན་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གི་མངའ་འོག་ཏུ་དངོས་སུ་བཅུག་པ་དང་། ཡོན་རྒྱལ་རབས་ཀྱིས་ལོ་ངོ98རིང་ལ་ཀྲུང་གོར་མངའ་དབང་མཛད་ནས་ལོ་རྒྱུས་ཀྱི་འཕེལ་རིམ་གསར་བ་ཞིག་ལ་སླེབས། དུས་རབས་དེ་ནས་བཟུང་ད་ལྟ་བོད་རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་བྱི་བ་ལོའི་བར་དུ་མེས་རྒྱལ་གཅིག་གྱུར་བྱས་ནས་ལོ་འཁོར་750ཙམ་འདས་ཟིན་པ་དང་ཧ་ལམ་མི་ལོ800བསྙེགས་བཞིན་ཡོད་པ་ལས། བོད་རབ་བྱུང་དྲུག་བའི་ས་ཕོ་སྤྲེལ་སྤྱི་ལོ1368ལོར་མེན་རྒྱལ་རབས་དབུ་བརྙེས་ནས་ཡོན་རྒྱལ་རབས་ཀྱི་ཚབ་བྱས་ཏེ། བསྟུད་མར་ལོ་འཁོར98རིང་ལ་ཡང་ཀྲུང་དབྱང་སྲིད་གཞུང་གིས་བོད་ས་གནས་སྲིད་གཞུང་ལ་རིམ་བཞིན་དཔོན་རིགས་བསྐོ་བཞག་དང་བླ་དཔོན་ཆེ་གྲས་ཁག་ལ་ཆོ་ལོ་གསར་བ་བསྩལ་བ་སོགས་དངོས་སུ་བདག་དབང་མཛདཔ་དང་། བོད་རབ་བྱུང་བཅུ་གཅིག་པའི་ཤིང་ཕོ་སྤྲེལ་སྤྱི་ལོ1644ལོར་ཆིན་རྒྱལ་རབས་དབུ་བརྙེས་ཏེ་རྒྱལ་ས་པེ་ཅིན་དུ་གཏན་ལ་ཕབ་ནས་ཀྲུང་གོའི་རྒྱལ་ཡོངས་གཅིག་གྱུར་བྱས་ཤིང་། ཕྱིས་སུ་བོད་རབ་བྱུང་བཅོ་ལྔ་བའི་ཆུ་ཕོ་བྱི་བ་སྤྱི་ལོ1912ལོར་ཀྲུང་ཧྭ་མེན་གོ་རྒྱལ་ཁབ་དངོས་སུ་བཙུགས་པའི་བར་ལ་ཆིན་རྒྱལ་རབས་ཀྱི་གོང་མ་ཁྲི་རབས་བཅུ་ཐམ་པ་ཙམ་རིམ་བཞིན་བྱོན་ནས་སྲིད་ལོ268རིང་ལ་རྒྱལ་སྲིད་བསྐྱངས། ཁྱད་པར་དུ་བོད་རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་འབྲུག་སྤྱི་ལོ1652ལོར་ཆིན་རྒྱལ་རབས་ཀྱི་གོང་མ་ཐབས་སྐྱོང་རྒྱལ་པོ་ཁྲི་ལོ་དགུ་བར་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་གཙོ་འཛིན་རྣམ་གཉིས་ཏེ་རྒྱལ་དབང་ཐམས་ཅད་མཁྱེན་པ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བ༧ངག་དབང་བློ་བཟང་རྒྱ་མཚོ་མཆོག་པེ་ཅིན་དུ་སྤྱན་དྲངས་ཏེ་ཆོ་ལོ་གནང་བ་དང་། ཕྱིས་སུ་ཀུན་གཟིགས་སྣང་བ་མཐའ་ཡས༧པཎ་ཆེན་ཨེར་ཏི་ནིས་སྐུ་ཕྲེང་ལྔ་བ་བློ་བཟང་ཡེ་ཤེས་མཆོག་ལ་ཆོ་ལོ་གནང་བ་མ་ཟད། དུས་དེ་ནས་བཟུང་རྒྱལ་དབང་ཐམས་ཅད་མཁྱེན་པ་ཏཱ་ལའི་བླ་མ་དང་ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་ཨེར་ཏི་ནིས་རྣམ་པ་གཉིས་ལ་ཆིན་རྒྱལ་རྒྱལ་རབས་གོང་མས་བླ་ཐོབ་དང་ཆོ་ལོ་དངོས་སུ་གནང་བ་ལས་བོད་ལྗོངས་ས་གནས་སྲིད་གཞུང་གི་ཆབ་སྲིད་དང་ཆོས་ལུགས་ཀྱི་ཐོབ་ཐང་གསལ་བོ་གཏན་ལ་ཕབ་པ་མཚོན་ཞིང་། རྒྱལ་རབས་དེ་ནས་བཟུང་རྒྱལ་བ་པཎ་ཆེན་རྣམ་གཉིས་གྱི་ཡང་སྲིད་ནི་ཀྲུང་དབྱང་སྲིད་གཞུང་གིས་དངོས་སུ་ངོས་འཛིན་དང་ཆོས་སྲིད་ཟུང་གི་ཆོ་ལོ་གནང་དགོས་པའི་སྲོལ་བཙུགས་ཤིང་། བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། ནང་སོག་བཅས་སུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་གོང་གྲོས་བླ་སྤྲུལ་ཆེན་པོ་ཁག་ཅིག་གིས་ཀྱང་གོང་མའི་དབུ་བླ་མཛད་པ་སོགས་ཧ་ལམ་བླ་ཆེན་ཉིས་བརྒྱ་དང་བཞི་བཅུ་ཞེ་གསུམ་བྱོན་པར་གྲགས། དུས་མཚུངས་སུ་མཚོ་སྔོན་ནས་ཀྱང་ཆིན་རྒྱལ་རབས་ཀྱི་དུས་སུ་པེ་ཅིན་དུ་རྒྱུན་བཞུགས་ཧོ་ཐོག་ཐུ་ཆེན་པོ་བརྒྱད་ཅེས་ཡོངས་སུ་གྲགས་པའི་གོང་མའི་དབུ་བླ་ལྕང་སྐྱ་རོལ་བའི་རྡོ་རྗེ་དང་། ཐུའུ་བཀན་ཆོས་ཀྱི་ཉི་མ། སྟོང་སྐོར་མདོ་སྡེ་རྒྱ་མཚོ། སྐུ་ཕྱོགས་ཨ་ཀྱཱ་རིན་པོ་ཆེ། ལ་མོ་གསེར་ཁྲི་རིན་པོ་ཆེ། ཨ་ལགས་བླ་ཁོ་རིན་པོ་ཆེ། སྐུ་ཕྱོགས་བཙན་པོ་མ། སྐུ་ཕྱོགས་ཆུ་བཟང་ཚང་སོགས་སྐུ་ཕྲེང་རིམ་བྱོན་ཡིན་ལ། ཕྱིས་སུ་ཀྲུང་ཧྭ་མེན་གོ་རྒྱལ་ཁབ་ཀྱི་དུས་སུ་ཀྱང་བོད་སོག་ཨུ་ཡོན་ལྷན་ཁང་གིས་ལྷ་ས་རུ་བོད་སྡོད་གཞུང་དོན་ཁང་བཙུགས་ནས་ཀྲུང་དབྱང་སྲིད་གཞུང་བོད་ལྗོངས་མངགས་གཏོང་ལས་ཁུངས་སུ་གྱུར་ཡོད་པ་དང་། བོད་རབ་བྱུང་བཅུ་དྲུག་པའི་ས་མོ་གླང་སྤྱི་ལོ1949ལོར་རྒྱལ་ཡོངས་བཅིངས་བཀྲོལ་བྱས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་བར་ལ་སྲིད་ལོ38ཙམ་བསྐྱངས་ཤིང་། དུས་སྐབས་དེར་མཚོན་ནའང་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་འབྲུག་སྤྱི་ལོ1640ལོར་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་མཆོག་གི་ཡང་སྲིད་ངོས་འཛིན་དང་གསེར་ཁྲིར་མངའ་གསོལ་བའི་ཆོ་ག་སོགས་ཀྱང་ཀྲུང་དབྱང་སྲིད་གཞུང་གིས་དངོས་སུ་ཆོག་མཆན་བཀོད་པ་དང་། རྟེན་འབྲེལ་བླ་ན་མེད་པ་ཞུས་པ་ལས་མེས་རྒྱལ་གཅིག་གྱུར་གྱི་ལོ་རྒྱུས་འཕེལ་རིམ་གསལ་བོ་ཞོག་མཚོན་ཞིང་དོན་དངོས་ལས་ར་སྤྲོད་གང་ལེགས་བྱས་ཡོད་པ་དང་བཅས་སོ།།

     ཁྱད་པར་དུ་དཔལ་ལྡན་ས་སྐྱ་གོང་མ་རྣམ་ལྔ་ལས་ཆོས་རྗེ་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་མཆོག་ནི་རབ་བྱུང་གསུམ་པའི་ཆུ་ཕོ་སྟག་སྤྱི་ལོ1182ལོར་ཡབ་འཁོན་དཔལ་ཆེན་འོད་པོ་ཆེ་དང་། ཡུམ་མ་ཅིག་གར་ཕུ་མ་ཉི་ཁྲི་ལྕམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། དགུང་ལོ་ཆུང་དུས་སུ་མཚན་ལ་དཔལ་ལྡན་དོན་གྲུབ་ཅེས་ཞུ་ཞིང་། རྗེས་སུ་ཁུ་བོ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ཀུན་དགའ་རྒྱལ་མཚན་དུ་གསོལ། དེ་ནས་ཁུ་བོའི་དྲུང་དུ་ས་སྐྱ་གོང་མའི་གསུང་བཅུད་མདོ་སྔགས་ཀྱི་ཟབ་གནད་མ་ལུས་གསན་ཞིང་། འཕགས་པ་འཇམ་དཔལ་དབྱངས་ཀྱི་བྱིན་རླབས་ག་བུར་གསར་བའི་ཐིགས་པ་སྙིང་ལ་སིམ་པས་མི་ཤེས་པའི་ཚ་གདུང་རྒྱང་རིང་པོར་བསྲིངས་ཏེ། སྐུ་ན་ཕྲ་བའི་དུས་ནས་སཾ་སྐྲྀ་ཏའི་སྐད་སྨྲ་བ། ལཉྫ་དང་ཝརྟུའི་ཡི་གེ་འབྲི་བ་སོགས་སྔོན་གྱི་བག་ཆགས་སད་པའི་རྣམ་འགྱུར་དུ་མ་མཛད་ཅིང་། དགུང་ལོ་ཉེར་གསུམ་པ་རབ་བྱུང་གསུམ་པའི་ཤིང་ཕོ་བྱི་བ་སྤྱི་ལོ1204ལོར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་དང་མཇལ། པཎ་ཆེན་དང་དེའི་སློབ་མ་ས་གྷ་ཤི། སུ་གྷ་ཏ་ཤྲཱི་ལ་སོགས་ལས་སྒྲ་ཚད་སོགས་རིག་གནས་ཆེ་བ་ལྔ་དང་། སྙན་ངག་མངོན་བརྗོད་སོགས་རིག་གནས་ཆུང་བ་ལྔ་སྟེ་རིག་པའི་གནས་བཅུ་ལ་སྦྱངས་པ་མཐར་ཕྱིན་མཛད་པ་ལས། བཟོ་རིག་པ་དང་། གསོ་བ་རིག་པ། སྒྲ་རིག་པ། གཏན་ཚིགས་རིག་པ། ནང་རིག་པ་སྟེ་རིག་པའི་གནས་ཆེ་བ་ལྔ་དང་། སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་སོགས་རིག་པའི་གནས་ཀུན་ལ་མཁས་པར་སྦྱངས་པས། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་གངས་ལྗོངས་ཡུལ་དུ་བྱོན་པའི་པཎྜི་ཏ་ཐོག་མར་གྱུར་ཏེ། འཛམ་གླིང་ས་འཛིན་བུ་མོའི་ཁྱོན་ཡོངས་སུ་གངས་ལྗོངས་ཁ་བ་ཅན་གྱི་ཡུལ་དུ་པཎྜི་ཏའི་ཆོ་ལོ་ཐོབ་མཁན་ཀྱང་ཐོག་མ་ཡིན། གཞན་ཡང་ཞུ་དོན་རྡོ་རྗེ་སྐྱབས་ལས་བྱམས་ཆོས་སོགས་ལུང་གི་སྐོར། རྨ་བྱ་བྱང་བརྩོན་དང་ཚུར་སྟོན་གཞོན་སེང་ལས་ཚད་མ། སྤྱི་བོ་ལྷས་པ་བྱང་ཆུབ་འོད་ལས་གདམས་པ་སྣ་ཚོགས་གསན་ཏེ། སྡེ་སྣོད་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པ་བརྙེས་ཤིང་མཁས་པའི་སྙན་གྲགས་ས་སྟེང་ཀུན་ཏུ་ཁྱབ། རྒྱ་གར་ལྷོ་ཕྱོགས་ཀྱི་མུ་སྟེགས་འཕྲོག་བྱེད་སོགས་བོད་དུ་ཡོང་ནས་ནང་བསྟན་ལ་ཚུར་རྒོལ་བྱས་པ་ལས་རིགས་པས་ཚར་བཅད་དེ་བསྟན་པ་ལ་བཅུག་ཅེས་གྲགས། དགུང་ལོ་ཉེར་བདུན་པ་རབ་བྱུང་བཞི་པའི་ས་ཕོ་འབྲུག་ལོར་ཁ་ཆེ་པཎ་ཆེན་དྲུང་དུ་བསྙེན་པར་རྫོགས། དགུང་ལོ་སུམ་ཅུ་སོ་ལྔ་པ་རབ་བྱུང་གསུམ་པའི་མེ་ཕོ་བྱི་བ་སྤྱི་ལོ1216ལོར་དཔལ་ལྡན་ས་སྐྱ་པའི་གདན་ཁྲི་མཛད། དགུང་ལོ་ལྔ་བཅུ་ང་དགུ་བ་ལྕགས་ཕོ་བྱི་བ་སྤྱི་ལོ1240ལོར་ཧོར་གོ་དན་རྒྱལ་པོའི་དམག་དཔོན་དོར་རྟ་ནག་པོས་སྣེ་ཁྲིད་བྱས་པའི་སོག་དམག་ཁྲི་འགའ་བོད་ཡུལ་དུ་མངགས། ཧོར་དམག་རྣམས་མདོ་སྨད་བརྒྱུད་ནས་བོད་དབུས་གཙང་གི་ས་ཁུལ་དུ་འོངས་ཤིང་། རང་འགུལ་གྱིས་མགོ་བཏགས་སྣེ་ལེན་བྱེད་མཁན་རྣམས་ལ་གནོད་འཚེ་མ་བྱས་པར་ས་གནས་ཀྱི་དཔོན་རིགས་རང་འཇགས་སུ་འཇོག་པ་དང་། འགོག་རྒོལ་བྱེད་མཁན་རིགས་ལ་དྲག་གནོན་བྱེད་པ་བཅས་ཞི་དྲག་ཟུང་འབྲེལ་གྱི་བྱ་ཐབས་ལག་བསྟར་བྱས་པར་བརྟེན། ཕལ་ཆེ་བས་མགོ་བཏགས་ཤིང་སྣེ་ལེན་བྱས་སྟབས་བདེ་བླག་ངང་བོད་ཀྱི་དབུས་སུ་སླེབས། ཧོར་གོ་དན་གྱིས་དམག་དཔོན་དོར་རྟ་ནག་པོ་བོད་དུ་མངགས་པའི་དམིགས་ཡུལ་གཙོ་བོ་ནི། བོད་ཀྱི་ཆོས་སྲིད་ཕྱོགས་གཉིས་ཀྱི་གནས་ཚུལ་དངོས་ལ་ཕྱོགས་ཡོངས་ནས་རྟོག་ཞིབ་བྱས་ནས་ཧོར་རྒྱལ་པོའི་དབང་འོག་ཏུ་མ་བསྡུས་པའི་བོད་ཀྱི་ས་གནས་ཁག་ལ་དབང་བསྒྱུར་སྟོབས་ཤུགས་གཅིག་གི་ནང་ནས་བོད་ཀྱི་གནས་ཚུལ་ལ་མཁྱེན་པ་ཡངས་པའི་འཐུས་ཚབ་མི་སྣ་ཞིག་བཙལ་འཚོལ་དུ་དམིགས་ཏེ། བོད་འདི་ཉིད་སོག་པོའི་མངའ་འོག་ཏུ་བསྡུས་པར་བྱེད་རྒྱུའི་གནད་དོན་གལ་ཆེན་སྐོར་གྲོས་གླེང་བྱེད་རྒྱུ་དེ་ཡིན། དེར་བརྟེན་ཧོར་དམག་དཔོན་དོར་རྟ་ནག་པོས་བོད་མཐའ་ཁོབས་ཀྱི་རྒྱལ་ཁམས་ན་དགེ་འདུན་གྱི་སྡེ་ནི་བཀའ་གདམས་ཆེ། ངོ་བསྲུང་ནི་སྟག་ལུང་ཆོས་རྗེ་མཁས། གཟི་བརྗིད་ནི་འབྲི་གུང་སྤྱན་སྔ་ཆེ། ཆོས་ནི་ས་སྐྱ་པཎྜི་ཏ་མཁས་པར་འདུག་པས་གང་སྤྱན་འདྲེན་གྱི་ལུང་སྩོལ་ཅིག་ཅེས་ཧོར་གོ་དན་རྒྱལ་པོ་ལ་སྙན་ཞུ་ཕུལ་བས། གོ་དན་གྱིས་བོད་སོག་ཕྱོགས་གཉིས་ཀྱིས་གཙོ་བྱས་པའི་ཁྱོན་ཡོངས་ཀྱི་གནས་ཚུལ་ལ་བསམ་གཞིགས་བྱས་ནས་ཆོས་སྲིད་ཕྱོགས་གཉིས་ཀར་མཁྱེན་པ་ཡངས་པའི་ས་སྐྱ་པནྜི་ཏ་ཀུན་དགའ་རྒྱལ་མཚན་གདན་འདྲེན་དགོས་ཞེས་གསུངས་ཤིང་། ས་སྐྱ་པཎྜི་ཏ་དགུང་ལོ་དྲུག་ཅུ་རེ་གཉིས་པ་རབ་བྱུང་གསུམ་པའི་ཆུ་མོ་ཡོས1243ལོར་ཧོར་རྒྱལ་གོ་དན་གྱིས་གདན་འདྲེན་གྱི་ཡི་གེ་དངོས་འབུལ་སྤོམ་ཆེན་དང་བཅས་པ་ཁྱེར་བའི་ཕོ་ཉ་མངགས་པ་སོགས་དངོས་སུ་འབྱོར། གདན་འདྲེན་པའི་བཀའ་ཕབ་ནས་བོད་རབ་བྱུང་བཞི་པའི་ཤིང་ཕོ་འབྲུག་སྤྱི་ལོ1244ལོར་ཕོ་ཉ་རྡོར་སྲི་མགོན་དང་། དཔོན་ཇོ་དར་མ་གཉིས་ལ་གདན་ཞུའི་བཀའ་ལུང་དང་གནང་སྦྱིན་འབོར་ཆེན་བསྐུར་ཏེ་གདན་འདྲེན་པར་མངགས་པ་ཡིན། ཧོར་གོ་དན་གྱིས་མངགས་པའི་ཕོ་ཉ་དང་གདན་ཞུའི་བཀའ་ལུང་ས་སྐྱར་འབྱོར་བའི་སྐབས་དེར་ས་སྐྱ་པཎྜི་ཏ་མཆོག་དགུང་གྲངས་དྲུག་ཅུ་རེ་གསུམ་ལ་ཕེབས་ཟིན་མོད། འོན་ཀྱང་ཁོང་གིས་བོད་གངས་ཅན་གྱི་སྤྱི་ཚོགས་ལ་ཕྱོགས་ཡོངས་ནས་དུས་བདེ་ཞི་འཇགས་དང་བོད་མི་སྤྱིའི་སྐབས་དེའི་བསམ་འདུན་མངོན་འགྱུར་ཡོང་ཆེད། ཁོང་རང་ཉིད་སྐུ་ན་མཐོ་བ་དང་འགྲོ་བསྐྱོད་ཀྱི་ལམ་ཐག་ཧ་ཅང་རིང་ཞིང་ལམ་བར་དཀའ་སྡུག་ཇི་ཡོང་ཚོད་དཔག་དཀའ་བ་བཅས་ཀྱི་གནས་ཚུལ་རྣམས་ལ་ཁྱད་བསད་གནང་ནས་ཧོར་ཡུལ་རྒྱལ་སར་ཕེབས་རྒྱུའི་ཞལ་བཞེས་གནང་། གདན་ཞུའི་ཡི་གེ་དེ་ལས་འཇིགས་སློང་གི་ཚིག་འདི་ལྟར། ངས་མཐའ་ཡི་ཁྲིམས་ར་བླངས། དམག་དཔུང་ཆེན་པོས་བརྡ་དེད་བྱས་ནས་སེམས་ཅན་མང་པོ་ལ་གནོད་པ་བྱས་ན་མི་སྐྲག་པ་ཨེ་ཡིན། དེས་ན་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་མང་པོ་སོམས་ལ་ཁྱོད་མགྱོགས་པར་ཤོག་ཅེས་གསལ་བོ་འཁོད་ཡོད་པ་དང་། དེ་ལྟར་འཇིགས་སྐུལ་དང་བྱ་དགའ་ཟུང་འབྲེལ་གྱི་སྒོ་ནས་ས་པཎ་ཁོང་ཧོར་ཡུལ་དུ་ཕེབས་དགོས་པའི་བཀའ་བཙན་པོ་གནང་པས། ཁོང་གི་ཐུགས་དགོངས་ལ་ཡང་རང་རེའི་བོད་འདི་སིལ་བུར་ཐོར་ནས་བཟུང་ནང་འཁྲུག་ཁོ་ནས་དུས་འདའ་ཞིང་། དེང་སང་ཡང་ཆོས་ལུགས་གྲུབ་མཐའ་སོ་སོའི་བླ་དཔོན་དང་ས་གནས་ཀྱི་མངའ་བདག་ཁག་གིས་རང་རང་གི་ཆོས་གཞིས་མངའ་འབངས་རྩོད་རེས་བྱེད་པ་དང་། རང་རང་གི་གྲུབ་མཐའ་དང་མངའ་རིས་ལ་ཕན་པ་ཁོ་ན་དོན་དུ་གཉེར་ནས་བོད་གངས་ཅན་སྤྱི་པའི་བསམ་པ་མེད་པར་བརྟེན། བོད་དབུས་གཙང་ཁམས་གསུམ་དུ་ཧོར་དམག་འཛུལ་ནས་བསྲེགས་གསོད་ཕྲོགས་གསུམ་གྱི་ཁྲག་གི་ཁ་ལོ་བསྒྱུར་བ་ལ་ཕར་རྒོལ་གྱི་ནུས་པ་མེད་པར་གཅིག་རྗེས་གཉིས་མཐུད་དུ་མགོ་བཏགས་ཞུས་པར་བལྟས་ན། དཔུང་པ་མཉམ་གཤིབས་ཀྱིས་ཕ་རོལ་བར་འགོག་རྒོལ་བྱེད་མ་ནུས་པ་ནི་གནས་སྐབས་ཙམ་མ་ཡིན་པས། ཞི་བ་དང་འཇམ་པོའི་ཐབས་ལ་བརྟེན་ནས་དམ་པའི་ཆོས་ཀྱི་ཞགས་པ་བརྟན་པོ་དེས་ཧོར་གྱི་དམག་ངན་འབྲོང་རྒོད་དེའི་རྐང་ལག་བཅིངས་ཐུབ་ན་བོད་དང་སྐྱེ་འགྲོ་ཡོངས་ལ་ཕན་པ་བླ་ན་མེད་པ་ཞིག་འབྱུང་བར་ངེས་སོ་དགོངས་ནས། སྐུ་ན་ཤིན་ཏུ་སྨིན་ཡང་སྐུ་སྲོག་ལ་ཕོངས་པ་མེད་པར་ཧོར་ཡུལ་དུ་འབྱོན་རྒྱུར་ཐུགས་ཐག་བཅད། གང་ལྟར་སྐབས་དེར་མཚོན་ན་བོད་ཁམས་སིལ་བུར་གྱུར་པའི་ལོ་ངོ་བཞི་བརྒྱ་ལྷག་ཙམ་གྱི་རིང་ལ་ཡུལ་གྲུ་སོ་སོའི་རང་རང་གི་མངའ་བདག་ཅེས་པའི་ཡུལ་དཔོན་ཆུང་ངུ་ཙམ་རེ་ལས་མེད་ཅིང༌། རིམ་བཞིན་མི་རྣམས་ཀྱིས་ཡོན་ཏན་ཅན་ལ་བརྩི་བཀུར་བྱེད་པ་དང༌། ཆོས་ལུགས་ལ་དད་པ་ཆེན་པོར་བྱུང་བས་དཔལ་འབྱོར་གྱི་འཁོས་ཀ་ཅུང་ཟད་ཡོད་པ་རྣམས་ཀྱིས་རང་གི་བུ་རྒྱུད་ལ་རིག་གནས་སློབ་པ་དང༌། ཆོས་སྒོར་འཇུག་པ། རབ་ཡིན་ན་རྒྱ་གར་དུ་མངགས་ནས་ཆོས་དང་ལོ་ཙཱ་སློབ་ཏུ་འཇུག་བཞིན་ཡོད། དེ་དག་བསླབ་པ་མཐར་ཕྱིན་ནས་སླར་བོད་ཡུལ་དུ་ལོག་སྟེ་དགོན་གནས་གསར་འདེབས་དང༌། ཆོས་དང་རིག་གནས་ཀྱི་རྒྱུན་འཛིན་སློབ་མ་མང་པོ་གསོ་སྐྱོང་གནང་གི་ཡོད་ནའང་དེ་དག་དང་འབྲེལ་ཡོད་ཀྱི་རྗེ་འབངས་ཚང་མས་བླ་མ་དང༌དགོན་བདག་ལ་དད་ཞེན་བརྩི་བཀུར་ཞུ་བར་མ་ཟད། ཡོན་འབུལ་དང་ཞལ་འདེབས་གང་ནུས་སྒྲུབ་ཀྱིན་ཡོད་པས་རིམ་བཞིན་ཆོས་ཀྱི་སློབ་དཔོན་དང༌། ཡུལ་གྱི་དཔོན་ཆེན་སྦྲག་མར་གྱུར་པ་ན་དེ་དག་ཡུལ་གྲུ་སོ་སོའི་བླ་མ་རྣམས་མ་བསྐོས་རང་བྱུང་དུ་གྲུབ། དུས་དེར་སྟོན་པ་ཤཱཀྱ་ཐུབ་པའི་དགོངས་བཞེད་ཇི་བཞིན་བློ་ཕུགས་ཆོས་ལ་གཏད། ཆོས་ཕུགས་སྤྲང་ལ་གཏད། སྤྲང་ཕུགས་ཤི་ལ་གཏད། ཤི་བ་གྲོགས་སྟོང་དུ་འགྲོ་བའི་དབེན་ས་རི་ཁྲོད་ཁོ་ན་ལ་འགྲིམས་པའི་དམ་པའི་ཆོས་ཡང་དག་པར་ཉམས་སུ་ལེན་པའི་རྗེ་བཙུན་མི་ལ་རས་པ་ལྟ་བུའི་བྱ་བྲལ་ཁག་ཅིག་བྱུང་བ་དང༌། རྗེ་དམངས་སྤྱི་ཡིས་གུས་བཀུར་དང་དད་པ་ཐོབ་པའི་རྐྱེན་གྱིས་འཇིག་རྟེན་ཆོས་བརྒྱད་ཀྱི་རླུང་གིས་ཡང་ཡང་བསྐྱོད་དེ་དཔལ་འབྱོར་ལོངས་སྤྱོད་དང་དཔུང་རོགས་རྒྱབ་རྟེན་གང་ཐོབ་བྱེད་པ་དང༌། དགྲ་འདུལ་གཉེན་སྐྱོང་གི་ཐབས་ཤེས་ལ་བརྩོན་པའི་ཡུལ་གྱི་དཔོན་པོའི་ལམ་དུ་བསྐྱོད་པའི་དུས་མཚམས་དེར་སླེབས་པ་དང་། ཆོས་སྲིད་ཟུང་འབྲེལ་གྱི་ལམ་དུ་བསྐྱོད་པའི་རྨང་གཞི་གང་ལེགས་ཆགས་ཤིང་། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དར་ཟིན་པའི་རྗེས་སུ་རང་རེ་བོད་ཀྱི་བླ་ཆེན་རྣམས་དཔོན་ཆེན་གྱི་རྣམ་པ་ལྟ་བུས་མཛད་འཕྲིན་སྐྱོང་ཚུལ་འདི་ནི་ཧོར་དང༌། ཏཱ་མིང༌། མན་ཇུ་གོང་མ་རྣམས་ཀྱིས་ཆེ་བསྟོད་དང་མངའ་གསོལ་ལ་བརྟེན་ནས་བྱུང་སྟེ། དཔེར་ན་བོད་སིལ་བུའི་སྐབས་སུ་བྱུང་བའི་ལོ་ཆེན་རིན་ཆེན་བཟང་པོ། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས། མངའ་བདག་མར་པ་ལོ་ཙཱ་བ། མཁས་གྲུབ་ཁྱུང་པོ་རྣམ་འབྱོར། མི་ལ་བཞད་པའི་རྡོ་རྗེ། དྭགས་པོ་ཟླ་འོད་གཞོན་ནུ། འཁོན་སྟོན་དཀོན་མཆོག་རྒྱལ་པོ། ཕག་མོ་གྲུ་པ་ཆོས་ཀྱི་སེང་གེ འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ལ་སོགས་པ་མཁས་གྲུབ་ཀྱི་བླ་མ་མང་པོ་ཡོད་པ་དེ་དག་ཐམས་ཅད་ཀྱང་གནས་ཡུལ་གཅིག་ཏུ་ངེས་པ་མེད་པ། ཆོས་དང་རིག་གནས་གང་དུ་དར་བའི་ཡུལ་དེར་ཕེབས་ནས་ཐོས་བསམ་གནང་བ་དང༌། གདུལ་བྱ་སྐྱོང་བ། བྱོན་པའི་ཚེ་ནའང་སྐུ་ཆས་ཡོ་བྱད་འགེལ་བའི་རྟ་དྲེལ་རེ་གཉིས་དང༌། འཁོར་དུ་སློབ་བུ་རེ་གཉིས་དང་འགྲོགས་ནས་འབྱོན་གྱིན་ཡོད་པར་མ་ཟད། སྐབས་འགར་རང་ཉིད་གཅིག་པུར་ཞབས་ཐང་དུ་ཁུར་པོ་བསྣམས་ནས་འབྱོན་གྱིན་ཡོད་པའང་མར་པ་ཆོས་ཀྱི་བློ་གྲོས་རྒྱ་གར་དུ་ཕེབས་ཚུལ་ཁོ་ན་ཙམ་ལ་བལྟས་ན་ཤེས། དེ་བས་ཀྱང་ཡོན་གོང་མ་སེ་ཆེན་ཧན་གྱིས་ས་པཎ་ཁུ་དབོན་ཧོར་ཡུལ་དུ་གདན་འདྲེན་ཞུས་ཤིང་དབུ་བླར་བཀུར། འགྲོ་མགོན་ཆོས་རྒྱལ་འཕགས་པ་བོད་ཆོལ་ཁ་གསུམ་གྱི་མངའ་བདག་ཏུ་བསྐོས་པ་ནས་བཟུང༌། དུས་རབས་རིམ་བྱུང་གི་བོད་ཀྱི་བླ་ཆེན་རྣམས་ལ་ཧོར་གོང་མའམ་ཡོན་རྒྱལ་རབས་དང༌། ཏཱ་མིང་གོང་མའམ་མིང་རྒྱལ་རབས། མན་ཇུ་གོང་མའམ་ཆིན་རྒྱལ་རབས་རིམ་བྱོན་རྣམས་ཀྱིས་སྔ་ཕྱིར་རིམ་བཞིན་བདག་རྐྱེན་དང་ཆོ་ལོ་གནང་བའི་དབང་གིས་བླ་མའི་བཞུགས་གནས་ལ་ཕོ་བྲང་དང༌། གསེར་ཁྲི། འབྱོན་ལམ་དུ་གདུགས་དང་ཕེབས་བྱམས་སོགས་རྟ་པ་བརྒྱ་ཚོ་མང་པོས་བསྐོར་ནས་ལྷ་ཆེན་གཡུལ་ལ་ཆས་པ་ལྟར་ཕེབས་བསུ་བྱེད་སྲོལ་བྱུང༌བ་ཡིན། དེ་ནི་ཡར་སྔོན་བོད་ཀྱི་བླ་མ་དམ་པ་རྣམས་ཀྱི་བྱ་གཏོང་ཕྱོགས་མེད་དུ་འགྲིམས་པའི་རྒྱལ་ཁམས་པའི་འཚོ་བའི་སྤྱོད་ལམ་དེ་ཐོབ་དང་སྙན་གྲགས་ལྡན་པའི་ཁྲི་གདུགས་བར་གྱི་མི་ཆེན་གྱི་འཚོ་བའི་ལམ་དུ་བསྐྱོད་པའི་དུས་མཚམས་ཤིག་ཏུ་སླེབས། དེ་འདྲ་ཡིན་ཕྱིར་འགྲོ་མགོན་འཕགས་པ་ནས་བཟུང་བོད་ཀྱི་བླ་ཆེན་ཕལ་ཆེ་བའི་སྙན་གྲགས་དང་མཛད་འཕྲིན་དེ་སྲིད་ཀྱི་དབང་ཤུགས་དང་ལྷན་དུ་དར་རྒྱས་ཡོང་གི་ཡོད་པ་གསལ་པོར་མཐོང་ཐུབ་པས། བོད་རབ་བྱུང་གསུམ་པའི་ས་མོ་བྱ་སྟེ་སྤྱི་ལོ་1189ལོར་མོང་གོལ་མི་རིགས་ཀྱི་རྒྱལ་པོ་ཇིང་གེར་ཧན་གྱིས་མོང་གོལ་ཚོ་པ་ཁག་གཅིག་གྱུར་བྱས་པ་ནས། རིམ་བཞིན་ཡ་གླིང་དཀྱིལ་མ་དང་ནུབ་མ། ཨོ་གླིང་ཤར་བརྒྱུད་བཅས་ལ་རྒྱང་བསྐྱོད་དམག་འཁྲུག་བྱས་ཏེ། ཐོག་མར་ཕྱི་ནས་ཡོང་བའི་བཙན་འཛུལ་སྟོབས་ཤུགས་ཟིལ་གྱིས་མནན་མཐར། གཞི་ནས་ཀྲུང་གོའི་རྒྱལ་ནང་དུ་གཅིག་འགྱུར་བྱེད་པའི་དམག་འཁྲུག་བརྒྱབ་པ་བརྒྱུད་ནས་ཤིས་ཞ་དང༌། སུང་ལྷོ་མ། ཅིན་རྒྱལ་རབས་གསུམ་ཕུད་པའི་རྒྱལ་ནང་གི་ས་ཁུལ་མང་ཆེ་བ་ལའང་དབང་བསྒྱུར་བྱས་ཡོད་པ་མ་ཟད། སྐབས་དེར་བོད་ཀྱི་ནང་ཁུལ་དུ་ཡང་ཆོས་ལུགས་ཚོགས་པ་ཁག་དང༌། ཆབ་སྲིད་ཀྱི་སྟོབས་ཤུགས་ཕྱོགས་ཁག་རྣམས་གཅིག་གྱུར་མེད་པའི་གོ་སྐབས་དེ་དང་བསྟུན་ནས། བོད་རབ་བྱུང་གསུམ་པའི་མེ་ཕོ་སྟག་སྟེ་སྤྱི་ལོ་1206ལོར་ཧོར་གོ་དན་རྒྱལ་པོས་བོད་ཁམས་དབུས་གཙང་ཕྱོགས་སུ་དམག་དཔུང་བཏང་ཀྱང་སྐབས་དེའི་དབུས་གཙང་མངའ་རིས་བཅས་ཀྱི་མངའ་བདག་ཚང་མས་ཧོར་དམག་ཕྱིར་ཟློག་གི་རྒོལ་ལན་སློག་མ་ནུས་པའི་གནོན་ཤུགས་དང་ཛ་དྲག་ཆེན་པོའི་དབང་གིས་གངས་ལྗོངས་རིག་པའི་དཔའ་བོ་དང་བདག་ཅག་གི་མེས་པོ་དམ་པ་ས་པཎ་རིན་པོ་ཆེ་དགུང་གྲངས་རེ་གསུམ་པ་རབ་བྱུང་གསུམ་པའི་ཤིང་ཕོ་འབྲུག་སྤྱི་ལོ1244ལོར་ཧོར་རྒྱལ་པོ་གོ་དན་གྱིས་གདན་དྲངས་པ་བཞིན་ཁོང་རང་ཉིད་དང་། སྐུ་ཚ་འགྲོ་མགོན་འཕགས་པ། ཕྱག་ན་རྡོ་རྗེ་སྐུ་མཆེད་གཉིས་དང་བཅས་ལྱང་ཅུ་སྡེ་བཞིར་གྲགས་པ་དེང་སང་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་རྫོང་གི་མངའ་འོག་ཏུ་ཕེབས་ནས་རྒྱལ་པོ་དང་ཞལ་མཇལ་ནས་ཡོན་མཆོད་ཀྱི་འབྲེལ་བ་ཆགས་ཤིང་། བོད་དུ་དཔོན་རིགས་བསྐོ་ལུགས་དང་ཁྲལ་འུལ་བསྐུལ་བ་སོགས་ལ་ཞལ་འཆམས་བྱུང་པས། བོད་དབུས་གཙང་མངའ་རིས་དང་བཅས་པའི་དགེ་བའི་བཤེས་གཉེན་ཡོན་མཆོད་རྣམས་ལ་ཕྱག་ཡིག་བཏང་སྟེ་བོད་ཆེན་པོའི་ས་ཕྱོགས་འདི་ཡོན་རྒྱལ་རབས་ཀྱི་གོང་མ་རྒྱལ་པོའི་མངའ་ཁོངས་སུ་བཅུག་ཅིང་། བོད་ཁམས་བདེ་འཇགས་དང་། མི་རིགས་མཐུན་སྒྲིལ། མེས་རྒྱལ་གཅིག་གྱུར་ཡོང་བར་རྨང་གཞི་ཆེན་པོ་བཏིང་པ་དང་། བསྐལ་བ་མ་སྟོང་བར་དུ་མི་ཉམས་པའི་མཛད་རྗེས་ཆེན་པོ་བཞག་པས། དེ་ནས་བཟུང་དཔལ་ལྡན་ས་སྐྱ་པས་བོད་ཁྲི་སྐོར་བཅུ་གསུམ་ལ་མངའ་དབང་མཛད་པའི་དབུ་ཚུགས་པ་དང་། གངས་ལྗོངས་འགྲོ་བའི་མགོན་པོ་ས་པཎ་མཆོག་ནི་མེས་རྒྱལ་ཆེན་པོ་གཅིག་གྱུར་ཡོང་བར་མཛད་རྗེས་རླབས་ཆེན་མཛད་མཁན་གྱི་རྒྱལ་གཅེས་མི་སྣ་གྲགས་ཅན་ཞིག་ཏུ་གྱུར་ཡོད་པར་མ་ཟད། རྒྱལ་རབས་བཞི་བཅུ་ཞེ་དགུ་བ་ས་སྐྱ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་སོགས་རིམ་པར་བྱོན་ནས། བོད་རབ་བྱུང་བཞི་བའི་ཤིང་མོ་མོ་ཡོས་སྤྱི་ལོ1255ལོ་ནས་1353བར་བོད་ཆེན་པོའི་སྲིད་ལོ96རིང་ལ་བསྐྱངས་སོ།།

     རྗེ་ཚན་བཅུ་བ་ཕག་གྲུ་སྡེ་སྲིད་སྲིད་སྐྱོང་རིམ་པ་བཅུ་གཉིས་བྱོན་པའི་སྐོར

     རྒྱལ་རབས་ལྔ་བཅུ་བ་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན། ལྔ་བཅུ་ང་གཅིག་པ་ཏཱ་སི་ཏུ་འཇམ་དབྱངས་ཤཱཀྱ་རྒྱལ་མཚན། ལྔ་བཅུ་ང་གཉིས་པ་གྲགས་པ་རིན་ཆེན། ལྔ་བཅུ་ང་གསུམ་པ་ཆོས་རྗེ་བསོད་ནམས་གྲགས་པ། ལྔ་བཅུ་ང་བཞི་བ་མི་དབང་གྲགས་པ་རྒྱལ་མཚན། ལྔ་བཅུ་ང་ལྔ་བ་ཝང་གྲགས་པ་འབྱུང་གནས། ལྔ་བཅུ་ང་དྲུག་པ་ཀུན་དགའ་ལེགས། ལྔ་བཅུ་ང་བདུན་པ་ཆོས་རྗེ་ངག་གི་དབང་བོ། ལྔ་བཅུ་ང་བརྒྱད་པ་སྤྱིན་སྔ་ཆོས་ཀྱི་གྲགས་པ་དང་རིན་སྤུངས་པ་མཚོ་སྐྱེས་རྡོ་རྗེ། ལྔ་བཅུ་ང་དགུ་བ་ངག་དབང་བཀྲ་ཤིས་གྲགས་པ་སོགས་རིམ་པར་བྱོན་ནས་བོད་རབ་བྱུང་དྲུག་པའི་ཤིང་ཕོ་རྟ་སྤྱི་ལོ1354ལོ་ནས1618བར་ལ་བོད་ཆེན་པོའི་རྒྱལ་སྲིད་264རིང་ལ་བསྐྱངས་སོ།།

     རྗེ་ཚན་བཅུ་གཅིག་པ་གཙང་བ་སྡེ་སྲིད་སྲིད་སྐྱོང་རིམ་པ་གཅིག་བྱོན་པའི་སྐོར།

     རྒྱལ་རབས་དྲུག་ཅུ་པ་ཀརྨ་ཆོས་དབྱངས་རྡོ་རྗེ་དང་། བསྟན་སྐྱོང་དབང་བོ་སོགས་རིན་སྤུངས་པ་ཁྲི་རབས་བཞི་བྱོན་ནས་བོད་ཆེན་པོའི་རྒྱལ་ཁབ་སྲིད་ལོ130བསྐྱངས་པ་དང་། སྡེ་པ་གཙང་པའི་ཀོའུ་ཧྲི་ཧན་ནམ་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་སོགས་ཁྲི་རབས་བཞི་ཡིས་སྲིད་ལོ76བསྐྱངས་ཤིང་། སྡོམས་པས་སྲིད་ལོ206རིང་ལ་བོད་ཆེན་པོར་མངའ་དབང་བསྒྱུར་ཞིང་རྒྱལ་སྲིད་བསྐྱངས་སོ།།

      རྗེ་ཚན་བཅུ་གཉིས་པ་སྡེ་སྲིད་སྲིད་སྐྱོང་རིམ་པ་སུམ་ཅུ་སོ་བརྒྱད་བྱོན་པའི་སྐོར།

     རྒྱལ་རབས་དྲུག་ཅུ་རེ་གཅིག་པ་བསོད་ནམས་ཆོས་འཕེལ། དྲུག་ཅུ་རེ་གཉིས་པ་རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ། དྲུག་ཅུ་རེ་གསུམ་པ་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ། དྲུག་ཅུ་རེ་བཞི་བ་བློ་བཟང་ཐུབ་བསྟན། དྲུག་ཅུ་རེ་ལྔ་བ་བློ་བཟང་སྦྱིན་པ། དྲུག་ཅུ་རེ་དྲུག་པ་ཡོངས་སུ་གྲགས་པའི་སྡེ་སྲིད་སངས་རྒྱས་རྒྱ་མཚོ། དྲུག་ཅུ་རེ་བདུན་པ་ངག་དབང་རིན་ཆེན། དྲུག་ཅུ་རེ་བརྒྱད་པ་ལྷ་བཟང་ཧན། དྲུག་ཅུ་རེ་དགུ་བ་སྟག་རྩེ་བ་ལྷ་རྒྱལ་རབ་བརྟན། བདུན་ཅུ་བ་ང་ཕོད་རྡོ་རྗེ་རྒྱལ་བོ། བདུན་ཅུ་དོན་གཅིག་པ་ཏིའི་ཆིང་བ་དུར་བསོད་ནམས་རྒྱལ་བོ། བདུན་ཅུ་དོན་གཉིས་པ་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ། བདུན་ཅུ་དོན་གསུམ་པ་ཝང་འགྱུར་མེད་རྣམ་རྒྱལ། བདུན་ཅུ་དོན་བཞི་བ་རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོ། བདུན་ཅུ་དོན་ལྔ་བ་དེ་མོ་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོ། བདུན་ཅུ་དོན་དྲུག་པ་པ་ཚེ་གླིང་ངག་དབང་ཚུལ་ཁྲིམས། བདུན་ཅུ་དོན་བདུན་པ་རྒྱལ་དབང་བརྒྱད་པ་འཇམ་དཔལ་རྒྱ་མཚོ། བདུན་ཅུ་དོན་བརྒྱད་པ་ཀུན་གླིང་རྟ་ཚག་བསྟན་པའི་མགོན་པོ། བདུན་ཅུ་དོན་དགུ་བ་དེ་མོ་ངག་དབང་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། བརྒྱད་ཅུ་ཐམ་པ་བ་ཚེ་གླིང་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ། བརྒྱད་ཅུ་གྱ་གཅིག་པ་པཎ་ཆེན་བསྟན་པའི་དབང་ཕྱུག བརྒྱད་ཅུ་གྱ་གཉིས་པ་རྭ་སྒྲེང་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱལ་མཚན། བརྒྱད་ཅུ་གྱ་གསུམ་པ་བཤད་སྒྲ་དབང་ཕྱུག་རྒྱལ་བོ། བརྒྱད་ཅུ་གྱ་བཞི་བ་སྡེ་དྲུག་མཁྱེན་རབ་དབང་ཕྱུག བརྒྱད་ཅུ་གྱ་ལྔ་བ་རྒྱལ་དབང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ། བརྒྱད་ཅུ་གྱ་དྲུག་པ་རྟ་ཚག་ངག་དབང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན། བརྒྱད་ཅུ་གྱ་བདུན་པ་དེ་མོ་ངག་དབང་བློ་བཟང་འཕྲིན་ལས་རབ་རྒྱས། བརྒྱད་ཅུ་གྱ་བརྒྱད་པ་རྒྱལ་དབང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ། བརྒྱད་ཅུ་གྱ་དགུ་བ་དགའ་ལྡན་ཁྲི་བ་བློ་བཟང་རྒྱལ་མཚན། དགུ་བཅུ་ཐམ་པ་བ་བཤད་སྒྲ་དཔལ་འབྱོར་རྡོ་རྗེ། དགུ་བཅུ་གོ་གཅིག་པ་ཆང་ཁྱིམ་མཁྱེན་རབ་དཔལ་བཟང༌། དགུ་བཅུ་གོ་གཉིས་པ་ཞོལ་ཁང་དོན་གྲུབ་ཕུན་ཚོགས། དགུ་བཅུ་གོ་གསུམ་པ་དགའ་ལྡན་ཁྲི་བ་བློ་བཟང་རྒྱལ་མཚན། དགུ་བཅུ་གོ་བཞི་བ་རྒྱལ་དབང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ། དགུ་བཅུ་གོ་ལྔ་བ་གླང་མདུན་ཀུན་དགའ་དབང་ཕྱུག དགུ་བཅུ་གོ་དྲུག་པ་རྭ་སྒྲེང་ཐུབ་བསྟན་འཇམ་དཔལ་ཡེ་ཤེས། དགུ་བཅུ་གོ་བདུན་པ་སྟག་བྲག་ངག་དབང་གསུང་རབ། དགུ་བཅུ་གོ་བརྒྱད་པ་རྒྱལ་དབང་བཅུ་བཞི་བ་སོགས་རིམ་བཞིན་བྱོན་ནས་སྲིད་ལོ367རིང་ལ་བོད་ཆེན་པོར་མངའ་དབང་བསྒྱུར་ཞིང་རྒྱལ་སྲིད་བཀའ་དྲིན་བླ་ན་མེད་པས་བསྐྱངས་སོ།།

     གཞན་ཡང་བོད་ཀྱི་རྒྱལ་མོ་ཐོག་མ་འབྲོ་བཟའ་ཁྲི་མ་ལོད་ནི་བོད་ཆེན་པོའི་རྒྱལ་རབས་སུམ་ཅུ་སོ་ལྔ་བ་བཙན་པོ་མང་སྲོང་མང་བཙན་གྱི་བཙུན་མོ་ཡིན་ལ། མེ་ཕོ་བྱི་བ་སྤྱི་ལོ676ལོར་བཙན་པོ་མང་སྲོང་མང་བཙན་སྐུ་མྱ་ངན་ལས་འདས་པས་བོད་ཀྱི་རྒྱལ་སྲིད་བསྐྱངས་པ་ཡིན། བོད་ཆེན་པོའི་རྒྱལ་རབས་སུམ་ཅུ་སོ་ལྔ་བ་བཙན་པོ་མང་སྲོང་མང་བཙན་གྱིས་འབྲོ་བཟའ་ཁྲི་མ་ལོད་བཙུན་མོར་བཞེས་ནས་རྒྱལ་རབས་སུམ་ཅུ་སོ་དྲུག་པ་འདུས་སྲོང་མང་པོ་རྗེ་འཁྲུངས་ཤིང་། རྒྱལ་སྲས་འདུས་སྲོང་མང་བཙན་སྐུ་ན་ཕྲ་བའི་སྐབས་སུ་སྲིད་ལོ་བཅུ་གསུམ་རིང་ལ་བསྐྱངས་པ་དང་། བཙན་པོ་འདུས་སྲོང་བཀྲོངས་རྗེས་བོད་ཆེན་པོའི་རྒྱལ་རབས་སུམ་ཅུ་སོ་བདུན་པ་བཙན་པོ་ཁྲི་ལྡེ་གཙུག་བརྟན་སྐུ་ན་ཕྲ་བའི་དབང་གིས་ཀྱང་ལོ་བརྒྱད་རིང་ལ་ཆབ་སྲིད་བསྐྱངས་བ་སོགས་སྔ་རྗེས་སུ་བོད་ཆེན་པོའི་ཆབ་སྲིད་ཀྱི་ཐུགས་འགན་ལོ་ཉེར་གཅིག་ལ་བཟུང་ཞིང་། བོད་བཙན་པོའི་རིང་ལ་རྒྱ་ནག་རྒྱལ་པོའི་རྒྱལ་མོ་ཐོག་མ་ཚུལ་ཞིས་ཐཱེ་ཧཱིག་གམ་རྒྱལ་མོ་ཝུའུ་ཙེ་ཐེན་དང་མཚུངས་པར་ཡོངས་སུ་གྲགས་ཤིང་། བོད་ཆེཔ་པོའི་ལོ་རྒྱུས་ཐོག་གི་བཙུན་མོ་འདི་ནི་ཆབ་སྲིད་ཀྱི་འཇོན་ཐང་དང་། དབང་ཐང་སོགས་ལ་འགྲན་མི་བཟོད་པ་ཞིག་ཡིན་པས། རྒྱལ་རབས་གསུམ་གྱི་རིང་ལ་བཙུན་མོ་དང་། ཡུམ། ཨ་ཕྱིའམ་ཕྱི་མོའི་གནས་བབ་བཟུང་སྟེ། སྤྱི་ལོའི་དུས་རབས་བདུན་པའི་དུས་མཇུག་ནས་དུས་རབས་བརྒྱད་པའི་དུས་མགོ་ཙམ་ལ་བོད་བཙན་པོའི་རྒྱལ་ཁབ་ཀྱི་ཆབ་སྲིད་དང་། དཔལ་འབྱོར། དམག་དོན། རིག་གནས། ཁྲིམས་ལུགས་བཅས་ཀྱི་ཁྱབ་ཁོངས་མཆིས་སོ་ཅོག་ལ་ཕྱག་རྗེས་མི་དམན་པ་ཞིག་མཛད་ཅིང་། མགར་བཙན་སྙ་ལྡོམ་བུ་དང་། དབས་ཏ་ར་ཁོང་ལོད་གཉིས་ཀྱིས་བློན་པོ་མཛད། སྤྱི་ལོ679ལོར་སྲས་འདུས་སྲོང་མང་བཙན་ཁྲི་ལ་བཀོད། ལྕགས་ཕོ་འབྲུག་སྤྱི་ལོ780ལོར་ཀླུ་འཕེལ་ས་ཁུལ་དུ་བོད་ཀྱིས་འབྲི་ཆུའི་དམག་སྒར་ཞེས་པ་བཙུགས་ནས་ཤར་ཕྱོགས་སུ་དམག་ཤུགས་རྒྱ་བསྐྱེད་དེ། དེང་དུས་ཡུན་ནན་ས་ཁུལ་གྱི་ས་ཆ་དང་སྡེ་འབངས་མང་པོ་སྲིད་འོག་ཏུ་བཅུག སྤྱི་ལོ689ལོར་སྔར་བོད་འབངས་སུ་ཡོད་པའི་འཇང་པ་ཚོ་ཁག་རྣམས་ཀྱིས་ངོ་ལོག་བྱས་པས། སྤྱི་ལོ690ལོར་འཇང་ཡུལ་དུ་དམག་བཏང་པ་དང་། སྤྱི་ལོ692ལོའི་ཡས་མས་ཙམ་བར་ལ་རྒྱལ་སྲིད་བསྐྱངས། ཁྱད་པར་དུ་སྤྱི་ལོ703ལོར་རྒྱལ་སྲས་འདུས་སྲོང་མང་བཙན་བཀྲོངས་སྐབས་སུ་བཙན་པོ་ཁྲི་ལྡེ་གཙུག་བརྟན་སྐུ་ན་ཕྲ་བས་ཕྱི་ནང་གི་ཆབ་སྲིད་ཐུགས་འགན་དེ་རྒྱ་མོ་འབྲོ་བཟའ་ཁྲི་མ་ལོད་ཀྱིས་སླར་ཡང་ཡོངས་སུ་བཞེས། དུས་དེར་བློན་འབངས་ཁག་ཅིག་གིས་ངོ་ལོག་བྱས་པར་དྲག་གནོན་བཏང་བ་དང་། ཁུ་མང་པོ་རྗེ་ལྷ་ཟུང་ཞེས་པ་བློན་ཆེན་པོར་བསྐོ་གཞག་གནང་། འོན་ཀྱང་ཕྱི་མོ་ཁྲི་མ་ལོད་ཀྱི་སྙན་དུ་ཕྲ་མ་བྱུང་བས་རིང་པོར་མ་ལོན་པར་གླིང་རིང་ཚལ་དུ་ཁུ་མང་པོ་རྗེ་ལྷ་ཟུང་ལ་ཁྲིམས་ཉེས་ཕབ་ནས། དེའི་ཚབ་ཏུ་དབས་ཁྲི་གཟིགས་ཞང་ཉེན་བློན་ཆེན་དུ་བསྐོས། གཞན་ཡང་སེ་རིབ་ཅེས་པའི་རྒྱལ་ཕྲན་སོགས་ནས་ངོ་ལོག་བྱས་པ་རྣམས་ཀྱང་དམག་དང་ཁྲིམས་ཀྱིས་མནན་ཅིང་། བོད་ས་མོ་བྱ་སྤྱི་ལོ709ལོར་སེ་རིབ་ཀྱི་རྒྱལ་པོ་ཡང་གསོན་བཟུང་བྱས་པ་སོགས་བོད་བཙན་པོའི་ཆབ་སྲིད་ཇེ་བརྟན་དང་། བོད་ཡུལ་བདེ་འཇགས་སུ་གནས་རྒྱུར་མཛད་རྗེས་ཆེན་པོ་མཛད་གནང་ཡོད། ཆུ་ཕོ་བྱི་བ་སྤྱི་ལོ712ལོར་བཙན་མོ་འབྲོ་བཟའ་ཁྲི་མ་ལོད་སྐུ་འདས་པར་གྲགས་ཤིང་། མདོར་ན་རྒྱལ་མོ་འབྲོ་བཟའ་ཁྲི་མ་ལོད་ནི་བོད་ཆེན་པོའི་རྒྱལ་རབས་སུམ་ཅུ་སོ་དྲུག་པར་ཡོངས་སུ་གྲགས་སོ།།

     དེ་བས་ན་བོད་བཙན་པོའི་རྒྱལ་མོ་འབྲོ་བཟའ་ཁྲི་མ་ལོད་ནི་རྒྱལ་རབས་སུམ་ཅུ་སོ་དྲུག་པར་གྲགས་པ་དང་། རྒྱལ་སྲས་མུ་ཏིག་བཙན་པོ་ནི་བོད་བཙན་པོའི་རྒྱལ་རབས་བཞི་བཅུ་ཐམ་པ་བ་ཡིན་ཞིང་། བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ནས་རྒྱལ་པོ་གླང་དར་མའི་བར་ལ་རྒྱལ་རབས་བཞི་བཅུ་ཞེ་གཉིས་འདས་ཡོད་པའི་དབང་དུ་བཏང་ན། ལོ་རྒྱུས་ཐོག་ཏུ་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་ཐ་མ་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བའི་བར་ལ་བོད་ཆེན་པོའི་རྒྱལ་རབས་ཆིག་བརྒྱ་དག་བྱོན་ནས་གངས་རིའི་ལྗོངས་སུ་བོད་ཁམས་སྲིད་གྱིས་བསྐྱངས་པར་མཛད་ཡིན་སྙམ་མོ།།

     ཁྱད་པར་དུ་བོད་ཆེན་པོའི་རྒྱལ་རབས་སིལ་བུར་འཐོར་རྗེས། བོད་ས་གནས་ཁག་གི་རྒྱལ་ཕྲན་མང་པོ་བྱུང་བས། དང་པོ་ལྷ་སའི་རྒྱལ་ཕྲན་དང་། གཉིས་པ་མངའ་རིས་རྒྱལ་ཕྲན། གསུམ་པ་ཡར་རྩེ་རྒྱལ་ཕྲན། བཞི་བ་ཡར་ཀླུང་ཇོ་བོའི་རྒྱལ་ཕྲན། ལྔ་བ་མདོ་སྨད་ཙོང་ཁའི་རྒྱལ་ཕྲན་སོགས་བྱུང་ནས་ལོ་འཁོར་བཞི་བརྒྱ་དང་དགུ་ཡི་རིང་ལ་བོད་ཡུལ་ཁ་འཐོར་དུ་སོང་པའི་གནས་སུ་ལྷུང་ཞིང་། སྟོད་ནས་རྒྱལ་ཕྲན་བཞི་བྱུང་བ་སྟེ། རྒྱལ་ཕྲན་གཅིག་ནི་ལྷ་སའི་རྒྱལ་ཕྲན་དེ་གླང་དར་མའི་སྲས་སུ་གྲགས་པའི་ཡུམ་བརྟན་གྱི་སྲས་རྣམས་ཀྱིས་ལྷ་ས་བདག་བཟུང་བྱས་ཤིང་། ལྷ་སདང་། བསམ་ཡས། སྟོད་ཁམས་སོགས་ལ་མངའ་དབང་བྱས། རྒྱལ་ཕྲན་གཉིས་པ་ནི་གླིང་དར་མའི་གདུང་རྒྱུད་གནམ་ལྡེ་འོད་སྲུང་གི་སྲས་མངའ་བདག་དཔལ་འཁོར་བཙན་ཞེས་བྱ་བ་ཡིན་ལ། དེ་ལ་སྲས་ཁྲི་བཀྲ་ཤིས་བརྩེགས་པའི་དཔལ་དང་སྐྱིད་ལྡེ་ཉི་མ་མགོན་གཉིས་འཁྲུངས་པས། སྐྱིད་ལྡེ་ཉི་མ་མགོན་གྱིས་ལྷ་སའི་རྒྱལ་ཕྲན་བཙུགས་ནས་རྒྱལ་རབས་བཅུ་དྲུག་ཙམ་བྱུང་བ་མ་ཟད། ལྷ་སའི་མངའ་བདག་གིས་ལྷ་སའི་རྒྱལ་ཕྲན་ལ་དབང་བསྒྱུར་བྱེད་པར་བདེ་བ་ཡོང་ཆེད་དུ་རང་གི་མངའ་ཁོངས་རྣམས་རང་གི་རིགས་སྲས་གསུམ་ལ་བགོས་ནས་སྐྱོང་དུ་བཅུག་པ་སྟེ། ཆེ་བ་དཔལ་ལྡེ་ཉི་མ་མགོན་གྱིས་མང་ཡུལ་ཕྱོགས་སུ་བཟུངབ་དང་། འབྲིང་བ་བཀྲ་ཤིས་ལྡེ་མགོན་གྱིས་སྤུ་ཧྲེང་ཕྱོགས་སུ་བཟུང་། ཆུང་བ་ལྡེ་གཙུག་མགོན་གྱིས་ཞང་ཞུང་ཕྱོགས་སུ་བཟུང་། དེ་གསུམ་ལ་སྟོད་ཀྱི་མགོན་གསུམ་ཞེས་སུ་གྲགས་སོ།། 

     དེའི་དུས་སུ་མངའ་བདག་ཡུམ་བརྟན་ཤོག་ཁས་དབུ་རུ་ཕྱོགས་སུ་བཟུང་བ་དང་། མངའ་བདག་འོད་སྲུང་ཤོག་ཁས་གཡོ་རུ་ཕྱོགས་སུ་བཟུང་། ཕྱིས་སུ་བོད་མེ་ཕོ་བྱི་བ856ལོ་ནས་བཟུང་ཤོག་ཁག་གཉིས་དབར་ལ་ནང་འཁྲུག་ལོ་བཅུ་གཉིས་ཙམ་ལ་ལངས་པས། མཐར་གླང་དར་མའི་གདུང་རྒྱུད་མངའ་བདག་འོད་སྲུང་ཕམ་ཞིང་། འོད་སྲུང་གི་སྲས་མངའ་བདག་དཔལ་འཁོར་བཙན་དགུང་ལོ་སོ་གཅིག་པ་ཤིང་ཡོས895ལོར་འབངས་གྱེན་ལོག་ལངས་ཏེ་བཀྲོངས། དེའི་སྲས་ཆེ་བ་སྐྱིད་ལྡེ་ཉི་མ་མགོན་དང་། ཆུང་བ་ཁྲི་བཀྲ་ཤིས་བརྩེགས་པའི་དཔལ་རྣམ་གཉིས་ཀྱི་མངའ་ཁོངས་ས་ཆ་མང་ཆེ་བ་ཡུམ་བརྟན་གྱིས་ཕྲོགས་ཤིང་། སྐྱིད་ལྡེ་ཉི་མ་མགོན་མངའ་རིས་ཕྱོགས་སུ་ཕྱིར་འཐེན་བྱས་ནས་བཞུགས་པ་དང་། དེ་ནས་མངའ་རིས་སྐོར་གསུམ་དབང་དུ་འསྡུས། མངའ་བདག་སྐྱིད་ལྡེ་ཉི་མ་མགོན་ལ་སྲས་གསུམ་བྱུང་བ་ལས་ཆེ་བ་དཔལ་གྱི་མགོན་གྱིས་མར་ཡུལ་ལ་དྭགས་ཀྱི་སྲིད་དབང་བཟུང་སྟེ་ལ་དྭགས་རྒྱལ་རྒྱུད་བྱུང་ཞིང་། འབྲིང་བ་བཀྲ་ཤིས་མགོན་གྱིས་གུ་གེའི་སྲིད་དབང་བཟུང་ནས་གུ་གེའི་རྒྱལ་རྒྱུད་བྱུང་བ། ཆུང་བ་ལྡེ་གཙུག་མགོན་གྱིས་མང་ཡུལ་གུང་ཐང་གི་སྲིད་དབང་བཟུང་སྟེ་གུང་ཐང་རྒྱལ་རྒྱུད་བྱུང་བ་བཅས་རེད། གུ་གེ་ཞེས་པའི་ཐ་སྙད་དེ་ནི་ཞང་ཞུང་གི་སྐད་ཡིན་ལ་དེའི་གོ་དོན་ནི་ཤེས་རིག་ཅེས་པའི་དོན་ཡིན། རྒྱལ་ཕྲན་གསུམ་པ་ནི་སྐྱིད་ལྡེ་ཉི་མ་མགོན་གྱི་གདུང་རབས་བཅུ་གཅིག་པས་ཡར་རྩེ་ས་ཁུལ་བདག་བཟུང་བྱས་ནས་ཡར་རྩེ་རྒྱལ་ཕྲན་དུ་གྲགས་ཤིང་། རྒྱལ་ཕྲན་བཞི་བ་ནི་མངའ་བདག་འོད་སྲུང་གི་ཚ་བོ་བཀྲ་ཤིས་བརྩེགས་པས་ཡར་ཀླུང་ཇོ་བོའི་རྒྱལ་ཕྲན་ལ་མངའ་དབང་བྱས་ཤིང་། དེ་ལ་སྲས་དཔལ་ལྡེ་དང་། འོད་ལྡེ། སྐྱིད་ལྡེ་གསུམ་བྱུང་བས་སྨད་ཀྱི་ལྡེ་གསུམ་དུ་གྲགས་སོ།།

     མངའ་བདག་འོད་སྲུང་གི་ཚ་བོ་བཀྲ་ཤིས་བརྩེགས་པའི་སྲས་འབྲིང་བ་འོད་ལྡེ་ལ་སྲས་བཞི་བྱུང་བ་ལས། གསུམ་པ་ཁྲི་མགོན་གྱིས་ཡར་ཀླུང་རྒྱལ་ཕྲན་སྲིད་ཀྱིས་བསྐྱངས་ཤིང་། སྲས་གཉིས་པ་ཁྲི་ལྡེའི་གདུང་རྒྱུད་གྱིས་མཚོ་སྔོན་པོའི་ཕྱོགས་སུ་མངའ་དབང་མཛད་ནས། མདོ་སྨད་ཙོང་ཁའི་རྒྱལ་པོ་མངའ་བདག་ཇོ་སྲས་ཞེས་བྱ་བ་བྱོན་ནས་སྲིད་ཀྱིས་བསྐྱངས་པ་སོགས་བོད་ཆེན་པོ་སིལ་བུར་འཐོར་བའི་དུས་སྐབས་སུ་ལོ་འཁོར་བཞི་བརྒྱ་ཙམ་ལས་མ་འདས་སོ།།      

     མདོར་ན། གངས་ཅན་བོད་ཡུལ་ཞེས་སུ་གྲགས་པའི་ཡུལ་ལྗོངས་འདིར་གནའ་སྔ་མོའི་དུས་སུ་ཡུལ་ཆ་ཤས་རྒྱ་ཆེ་བ་རྒྱ་མཚོ་ཡིན་པ་དང་། རིམ་གྱིས་མཚོ་སྐམ་ནས་ཡུལ་ལྗོངས་ཆགས། དེ་ཡང་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་། མ་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་བྲག་སྲིན་མོ་གཉིས་འདུས་པ་ལས་མིའི་འགྲོ་བ་བྱུང་ཞིང་། བོད་གངས་ཅན་ཞེས་པའི་ལྗོངས་འདིར་སྔོན་ཆད་ཀྱི་་ཡིག་ཚང་སོགས་ལས། གནམ་གྱི་དབུས། ས་ཡི་དཀྱིལ། གླིང་གི་སྙིང་བོ། གངས་ཀྱི་ར་བ། ཆུ་བོ་ཀུན་ཀྱི་མགོ་ཁུངས། རི་མཐོ། ས་གཙང་། ཡུལ་བཟང་། མི་མཛངས་ཤེས། དཔའ་རུ་སྐྱེས། ཆས་བཟང་དུ་བྱེད། རྟ་མགྱོགས་སུ་འཕེལ། ཞེས་བསྔགས་པའི་རང་རེའི་བོད་ཡུལ་འདིར་གནའ་སྔ་མོ་ནས་བོད་ཁ་གཡའ་དྲུག་དང་བོད་ཡུལ་གླིང་སོགས་ཀྱི་དུས་ནས་བོད་ཅེས་འབོད་པ་སོགས་ནི་སེམས་ཅན་ཀུན་གྱིས་མཐོང་ཐོས་དྲན་རེག་ཏུ་ཧ་ཅང་གསལ་ལོ།།

     ལྗོངས་འདིའི་སྣོད་ཀྱི་བཀོད་པ་ཡང་། གངས་རི་ཆེན་པོ་ཏེ་སི་དང་། ཇོ་མོ་གངས་དཀར། ཉང་སྟོད་ཧ་བོ་གངས། འབྲོག་ལ་ཕྱི་གངས། གནས་མཆོག་ཙ་རི་ཏྲ། བསམ་གཏན་གངས་བཟང་། གཉན་ཆེན་ཐང་ལྷ། ཡར་ལྷ་ཤམ་པོ། རྨ་ཆེན་སྦོམ་ར་སོགས་གངས་རི་ཤེལ་གྱི་མཆོད་རྟེན་བཞེངས་འདྲ་མང་བོས་བསྐོར་བ་དང་། མ་ཕམ་གཡུ་མཚོ་དང་། སྐྱེམས་མཚོ། གནམ་མཚོ་ཕྱུག་མོ། ཡར་འབྲོག་གཡུ་མཚོ། ཕག་མཚོ། མཚོ་སྐྱ་རེངས། སྔོ་རེངས། བེའུ་དུག་མཚོ། སྟོང་རུ་མཚོ་ནག ཁྲི་ཤོར་རྒྱལ་མོ་སྟེ་མཚོ་སྔོན་པོ་གཡུ་ཡི་མེ་ལོང་འདྲ་བ་མང་བོ་དང་། རྒྱ་གར་ཕྱོགས་སུ་འབབ་པའི་ཆུ་བོ་གང་གཱ་དང་། ཆུ་བོ་སིན་ངྷི། ཆུ་བོ་ལོ་ཧི་ཏཱ་སྟེ་ཡར་ཀླུང་གཙང་བོ་རྣམས་དང་། ཁམས་ཀྱི་འབྲུ་ཆུ་དང་ཆུ་བོ་གསེར་ལྡན་ཏེ་རྨ་ཆུ་སོགས་ཀྱི་འབྱུང་ཁུངས་ཀྱང་བོད་ན་ཡོད་ལ། དེར་མ་ཟད་བོད་གངས་ཅན་གྱི་ཡུལ་མཐའ་འཚམས་ཀྱང་རྒྱ་ནག་དང་། འབར་མ་སྟེ་མོན་དང་རྒྱ་གར། འབྲུག་ཡུལ། བལ་བོ། ལི་ཡུལ་སོགས་དང་འདབས་འབྲེལ་དུ་ཡོད་པས་ས་ཚིགས་ཀྱི་དབང་དུ་བྱས་ན་བོད་འདི་འཛམ་གླིང་གི་ལྟེ་བ་ཡིན་ཞིང་ཡུལ་གྲུ་གཞན་ལས་ཁྱད་པར་དུ་འཕགས་པ་ཞིག་ཡིན་པ་མ་ཟད། སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ས་ཡ་གཉིས་དང་འབུམ་བཞི་ཡོད་པར་གྲགས་སོ།།

     དེ་ལྟ་བུའི་མངའ་ཁུངས་ཅན་གྱི་བོད་ཀྱི་རྒྱལ་ཁམས་འདིར་སྤྲུལ་བའི་བྱང་ཆུབ་སེམས་དཔའ་སྤྲེའུ་དང་བྲག་སྲིན་མོ་འདུས་པ་ལས་རིས་དྲུག་ནས་འཕོས་པའི་སྤྲེལ་ཕྲུག་དྲུག་སྐྱེས་པ་ལས་འགྲོ་བ་མིའི་རིགས་བྱུང་ཞིང་། དེ་དག་ཕན་ཚུན་མ་མཐུན་པར་འཐབ་པས་བཞིར་གྱེས་ཏེ། རུས་ལ་སྔ་བ་སེ་རྨུ་སྟོང་ལྡོང་བཞི་བྱུང་ཞིང་དེའི་སྟེང་དུ་དབས་ཟླ་གཉིས་བསྣན་པས་བོད་མི་གདུང་དྲུག་ཅེས་བྱུང་བ་ལྟར་རུས་དྲུག་བྱུང་ནས་བོད་མིའི་རྒྱལ་ཁམས་སུ་གྱུར་ཞིང་། ད་ལྟ་བོད་མི་གྲངས་ས་ཡ་དྲུག་ལྷག་ཏུ་འཕེལ་འདུག་པར་མཆིས་སོ།།

     དེ་ནས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་ཐོག་མར་མཐའ་བཞིའི་རྒྱལ་བོ་འདུལ་འདོད་ནས་རིམ་བཞིན་གནོད་སྦྱིན་ནག་པོ་དང་། རེ་ལྡེ་མགོ་གཡག་བདུད། སྲིན་པོ་གཉའ་རིང་ཁྲག་མེད། འཇམ་དམར་ལྷ། མུ་རྒྱལ་ཁོ་རྗེ། ཀྲོག་ཀྲོག་འདྲེ། མ་སངས་རུས་དགུ། ཀླུ་རྒྱལ་གང་བོ། མི་མ་ཡིན། ཟ་རིད་སྤུན་དགུ་བཅས་མངའ་མཛད་བཅུ་ཡིས་དབང་བསྒྱུར་ཞིང་། དེ་ནས་རིམ་བཞིན་སིལ་བུར་འཐོར་ནས་རྒྱལ་ཕྲན་བཅུ་བཞི་དང་རྒྱལ་ཕྲན་སིལ་མ་བཞི་བཅུར་གྱུར་ཅིང་འདི་ལ་སྟོད་སིལ་མ་ཟེར་བ་དང་། སྤྱི་ལོ་སྔོན་གྱི127ལོ་ཙམ་ལ་ཁྲི་བར་གྱི་བདུན་ཚིགས་དང་དམུ་བཟའ་ལྡེ་མེ་བཙུན་གཉིས་ཀྱི་སྲས་སུ་འཁྲུངས་པའི་གཉའ་ཁྲི་བཙན་པོ་ཤེས་པ་ཅན་བཅུ་གཉིས་ཀྱིས་བོད་ཁ་གཡའ་དྲུག་གི་རྗེ་བོར་བསུས། རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་བཞི་བཅུ་ལ་སོགས་པ་དབང་དུ་བསྒྱུར་ནས་དམག་གི་དཔུང་བཙུགས་ཤིང་། བཙན་པོའི་ཁྲིམས་བཟོས་པ་སོགས་སྲིད་ཀྱི་སྒྲིག་གཞི་ཆ་ཚང་བར་བྱས་ནས་བོད་བཙན་པོའི་རྒྱལ་ཁབ་ཀྱི་དབུ་ཚུགས་ཏེ་རིམ་བཞིན་སྟོབས་འབྱོར་དང་མངའ་ཐང་རྒྱས་ཤིང་། གཉའ་ཁྲི་བཙན་པོ་བྱུང་བ་ནས་བཟུང་རྒྱལ་བོ་གླང་དར་མའི་བར་མི་ལོ་དགུ་བརྒྱ་ལྷག་གི་རིང་རིམ་བཞིན་གནམ་གྱི་ཁྲི་བདུན་དང་། བར་གྱི་སྟེང་གཉིས། སའི་ལེགས་དྲུག ཆུ་ལ་ལྡེ་བརྒྱད། ཚིགས་ལ་བཙན་ལྔ། འོག་གི་བཙན་བཞི། བསོད་ནམས་ཅན་གྱི་རྒྱལ་བོ་ཕྱེད་དང་དྲུག མཇུག་གི་རྒྱལ་བོ་ལྔ་བྱོན་པ་སོགས་རིམ་བཞིན་སིལ་བུར་ཐོར་བར་སྨད་སིལ་མ་ཟེར་ཏོ།།

     འབྲེལ་ཡོད་ཡིག་ཚང་དུ་མཚོན་པ་ལྟར་ན། བོད་ཆེན་པོའི་རྒྱལ་པོ་འདི་དག་ལས་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས་པ་དང་། རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཁམས་གཅིག་གྱུར་བྱས་ཏེ་རྒྱལ་ས་ལྷ་སར་སྤོས་པ། དམག་གི་སྒྲིག་གཞི་བཙུགས་ཏེ་རྒྱལ་ཁབ་སྲུང་སྐྱོབ་བྱས་པ། དཔོན་རིགས་བསྐོ་བཞག་མཛད་དེ་ནང་ཁུལ་བདེ་ལ་བཀོད་པ། ཆོས་ཁྲིམས་སྲིད་ཁྲིམས་བཙུགས་ཏེ་རྒྱལ་ཁམས་ཁྲིམས་ཀྱིས་བསྐྱངས་པ། བྲེ་སྲང་གཏན་ལ་ཕབ་ནས་དཔལ་འབྱོར་གོང་དུ་སྤེལ་བ། རྒྱ་བལ་གཉེན་དུ་བསྡེབས་ཏེ་ཕྱི་འབྲེལ་མཛའ་མཐུན་བྱུང་བ། བོད་ཡིག་གསར་དུ་བཟོས་ནས་གཙུག་ལག་རིག་གནས་སྤེལ་བ། ཐུབ་པའི་བསྟན་པ་སྤེལ་ཏེ་བོད་འབངས་ཆོས་ལ་བཀོད་པ་སོགས་ཤེས་རིག་དར་བའི་སྟོབས་ཀྱིས་སྲིད་ཀྱི་བྱ་བའང་ཆེས་ཆེར་རྒྱས་ཏེ། ཕྱི་བློན་བཙན་པོ་དྲུག་དང་ནང་བློན་བཟང་བོ་དྲུག འཕྲུལ་གྱི་བཀའ་བློན་བཞི་སོགས་བཀའ་བློན་སུམ་བརྒྱ་དྲུག་ཅུ་དང་བཅས་པས་བཀའ་བགྲོས་ནས་བོད་ཡུལ་རུ་ཆེན་ལྔ་རུ་ཕྱེས་ཤིང་ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་དུ་བཅད་པ་སོགས་དང་། ཁྲིམས་ཡིག་ཆེན་པོ་དྲུག རྒྱལ་ཁམས་དཔེར་བླང་གི་ཁྲིམས་སོགས་བོད་ཀྱི་འཁོས་སུམ་ཅུ་རྩ་དྲུག མི་དགེ་བཅུ་སྤོང་གི་སྟེང་ལ་ཕ་ལ་ཕར་འཛིན་པ། མ་ལ་མར་འཛིན་པ། དགེ་སྦྱོང་དང་བྲམ་ཟེ་ལ་དགེ་སྦྱོང་དང་བྲམ་ཟེར་འཛིན་པ། རིགས་ཀྱི་རྒན་རབས་ལ་བཀུར་བར་བྱ་བ། དྲིན་དུ་བཟོ་བ། གཞན་ལ་ངན་གཡོ་སྤང་བ་སྟེ་མི་ཆོས་གཙང་མ་བཅུ་དྲུག་གི་ཆོས་ཁྲིམས་སོགས་གཏན་ལ་ཕབ་པས་བོད་ཁམས་བདེ་ཞིང་སྐྱིད་པར་གྱུར་ཏོ།།

    ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་ཕྱོགས་ཀྱི་རྒྱལ་ཕྲན་ཞང་ཞུང་དང་སུམ་པ།  ཞ། དྭགས་ཀོང་མྱང་གསུམ་སོགས་དབང་འོག་ཏུ་བསྡུས་ཏེ་གཅིག་གྱུར་བྱས་པ་ལས་གཞན་བལ་བོ་དང་། འབྲུག་ཡུལ། རྒྱ་གར་ནག་སོགས་ཀྱི་ཡུལ་ཕྲན་དུ་མའང་སྟོབས་ཀྱིས་བཅོམ་ཞིང་དཔྱ་ཁྲལ་བསྡུས་པར་མཛད་པས་སྐབས་དེར་ཡ་གླིང་ཤར་རྒྱུད་ན་ཆོས་སྲིད་རིག་གནས་གང་གི་ཆ་ནས་ཀྱང་འགྲན་ཟླ་བྲལ་བའི་རྒྱལ་ཁབ་ཆེནཔོ་ཅིག་ཡིན་ཕྱིར། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་། སྙིང་སྟོབས་དགུ་འགྱུར་སྲོག་གི་དབྱུག་པ་ལ།། རྟ་མཆོག་ཁྲོས་པའི་བཀའ་ཡིས་རྒྱས་བཏབ་པའི།། སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་གིས།། སུམ་གཉིས་ས་ཡི་དཀྱིལ་འཁོར་བཟུང་ཞེས་གྲགས།། ཞེས་གསུངས་པ་དང་། མཛངས་བློན་བདུན་གྱི་ཡ་གྱལ་སློབ་དཔོན་ཐོན་མི་སམ་བྷོ་ཊས་རྒྱལ་བོའི་བཀའ་དང་དུ་བླངས་ཏེ་དཀའ་བ་འབུམ་ཕྲག་ཁྱད་དུ་བསད་ནས་རྒྱ་གར་འཕགས་པའི་ཡུལ་ལ་ཕེབས་ཤིང་། རྟོགས་སླ་བ་རྒྱལ་བོའི་ལུགས་ཀྱི་བསྟན་བཅོས་དང་། རྟོགས་དཀའ་བ་པཎྟི་ཏའི་ལུགས་ཀྱི་བསྟན་བཅོས་སོགས་ཡིག་རིགས་དྲུག་བཅུ་རྩ་བཞི་དང་སྒྲ་མཐར་ཕྱིན་པ་བསླབས་ཏེ། ཕྱིར་བོད་ཡུལ་དུ་ཕེབས་ནས་དབྱངས་གསལ་སོ་བཞིའི་བདག་ཉིད་ཅན་གྱི་བོད་ཡིག་གསར་དུ་མཛད་པས་བོད་ཡུལ་མུན་པའི་གླིང་དུ་ཤེས་རིག་གི་སྒྲོན་མེ་འོད་སྣང་ཕྱོགས་བཅུར་སྦར་བར་བྱས་སོ།།

     དེ་ནས་རྒྱལ་རབས་སོ་བརྒྱད་པ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་སློབ་རྣམ་གཉིས་སྤྱན་དྲངས་ཏེ། བོད་ཀྱི་དགོན་སྡེ་དང་སློབ་གྲྭའི་ཐོག་མ་དེ་དཔལ་བསམ་ཡས་མི་འགྱུར་གཙུག་ལག་ཁང་གསར་བཞེངས་མཛད་ནས་སད་མི་མི་བདུན་རབ་ཏུ་བྱུང་ཞིང་། རྒྱལ་བོ་འདིས་ཕྱོགས་བཞིའི་རྒྱལ་ཁམས་མང་བོ་དབང་དུ་བསྡུས་པས། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང། གཏུམ་དྲག་དཔའ་བོའི་སྙིང་རྩ་འདར་བྱེད་པའི།། གདོང་དམར་དམག་གི་ཀི་སྒྲ་གསན་པ་ན།། གནམ་གྱིས་བསྐོས་པའི་ས་ཡི་ཚངས་པ་ཡང་།། གཡོ་མེད་གསེར་གྱི་ཁྲི་ལས་བཤོལ་ཏེ་བྲོས།། ཞེས་དོན་ལ་གནས་པའི་བསྔགས་བརྗོད་འདི་མཛད་པ་ཡིན་ནོ།།

    དེ་ནས་རྒྱལ་རབས་ཞེ་གཅིག་པ་མངའ་བདག་ཁྲི་རལ་བ་ཅན་གྱིས་རྒྱལ་ཁམས་ཆོས་བཞིན་བསྐྱངས་ཤིང་པཎྡི་ཏ་མང་བོ་གདན་དྲངས་ནས་མདོ་སྔགས་བསྟན་བཅོས་དུ་མ་བོད་སྐད་དུ་བསྒྱུར་དུ་བཅུག སྔར་བསྒྱུར་བ་རྣམས་ལ་དག་བཅོས་དང་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། བོད་དམག་ཁྲི་ཚོ་མང་བོ་དྲངས་ཏེ་རྒྱའི་ཡུལ་ཁམས་མང་བོ་བཅོམ་པས་རྒྱ་བོད་དགེ་འདུན་པ་རྣམས་ཀྱིས་བར་འདུམ་མཛད་ནས་གུང་གུ་རྨེ་རུར་རྡོ་རིང་བཙུགས་ཏེ་རྒྱ་བོད་གཉིས་ཀྱི་ས་མཚམས་སུ་ཐག་བཅད།།

    དེ་ནས་རྒྱལ་རབས་ཞེ་གཉིས་པ་ཨུ་དམ་བཙན་ཏེ་གླང་དར་མའི་སྲས་མངའ་བདག་ཡུམ་བརྟན་དང་མངའ་བདག་འོད་སྲུང་གཉིས་སྐུ་འཁྲུངས། ཕན་ཚུན་མ་མཐུན་པར་བློན་འབངས་དག་གིས་བཙུན་མོ་གཉིས་ཀྱི་ཕྱོགས་བཟུང་ནས་མངའ་རིས་ཕྱོགས་གཉིས་སུ་ཆད་དེ་ཡུམ་བརྟན་གྱིས་དབུ་རུ་དང་། འོད་སྲུང་གཡོ་རུ་བཟུང་སྟེ་དབུ་གཡོ་གཉིས་སོགས་བོད་ཁམས་ཐམས་ཅད་རྩོད་པ་བྱུང་ཞིང་། འབངས་གྱེན་ལོག་བྱུང་ནས་བོད་ཀྱི་ས་ཆ་སོ་སོ་སིལ་བུར་འཐོར་བས་མཐའ་ཡི་སོ་ཤོར་ཞིང་གྲོས་ཀྱི་འདུན་ས་ཆེ་ཆུང་ཞིག རྒྱལ་ཁྲིམས་ཆག་ཅིང་ཆོས་ཁྲིམས་དར་གྱི་མདུད་པ་གྲོལ། མི་རྣམས་རྟག་ཏུ་ཁྲལ་དང་འུ་ལག་ལྕི། རྗེ་ཁེང་ཁྱད་མེད་པར་བོད་ཁམས་སིལ་བུར་ཐོར། བང་སོ་རྣམས་ཀྱང་བགོས་ཏེ་ཕལ་ཆེར་བྲུས་པ་སོགས་ཉེས་པ་ཆེན་པོ་དྲུག་བྱུང་བ་དང་། རྒྱལ་བོ་འདི་གཉིས་ཀྱི་གདུང་རྒྱུད་དག་གིས་ཕྱོགས་སོ་སོར་རྒྱལ་ཁབ་བཙུགས་ཏེ་ལྷ་སའི་རྒྱལ་རྒྱུད་དང་། གུ་གེའི་རྒྱལ་རབས། ཡར་ཀླུང་ཇོ་བོའི་རྒྱལ་རྒྱུད། ལ་དྭགས་རྒྱལ་རྒྱུད། དཔའ་རིས་བོད་དཀར་བོའི་རྒྱལ་ཁབ། མདོ་སྨད་ཙོང་ཁའི་རྒྱལ་རབས། རྒྱལ་མོ་ཚ་བ་རོང་གི་རྒྱལ་ཕྲན་སོགས་བྱུང་སྟེ་བོད་ཁ་བ་ཅན་འདི་རྒྱལ་ཕྲན་མང་བོ་ཞིག་གིས་རང་རང་ས་ནས་བདག་ཏུ་བཟུང་བ་རེད། དེ་བས་གླང་དར་མ་ནས་རྒྱལ་སྲིད་ཤོར་བས་སྨད་ཀྱི་སྟེངས་ཞེས་འབོད་ཅིང་རྒྱལ་ཁམས་སིལ་བུར་ཐོར་བ་ལ་སྨད་སིལ་མར་འབོད། སྨད་སིལ་མའི་སྐབས་འདིར་མདོ་སྟོད་མདོ་སྨད་དང་། དབུས་གཙང་། མངའ་རིས་བཅས་པ་སིལ་བུར་འཐོར་བས་བོད་ཀྱི་སྟོབས་འབྱོར་དང་མངའ་ཐང་ཧ་ཅང་ཉམས་པར་གྱུར་ཏོ།།

     བོད་རབ་བྱུང་བཞི་བའི་ཆུ་མོ་གླང་སྤྱི་ལོ་1253ལོར་ཡོན་རྒྱལ་རབས་ཀྱི་གོང་མ་སེ་ཆེན་རྒྱལ་པོས་ས་སྐྱ་གོང་མ་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་མཆོག་སོག་ཡུལ་དུ་གདན་འདྲེན་ཞུས་ཤིང་དཔལ་ཀྱཻ་རྡོར་གྱི་དབང་ལན་གསུམ་གནང་བའི་ཡོན་དུ་བོད་ཆོལ་ཁ་གསུམ་ཡོངས་རྫོགས་ཕུལ་ཏེ་དཔལ་ལྡན་ས་སྐྱ་བས་བོད་ཁམས་ཡོངས་ཀྱི་བདག་པོར་མཛད་ནས་ཆོས་སྲིད་ལུགས་གཉིས་ཚུལ་བཞིན་དུ་བསྐྱངས། འགྲོ་མགོན་འཕགས་པས་ཆོས་ཀྱི་བྱ་བ་གཙོ་བོར་མཛད་ཅིང་སྲིད་ཀྱི་བྱ་བ་སྒྲུབ་པར་ཆེད་དུ་དཔོན་ཆེན་བསྐོས་ནས་ས་སྐྱའི་དཔོན་ཆེན་ཉེར་གཉིས་ཀྱིས་ལོ་འཁོར96རིང་བོད་པམས་སྤྱི་ལ་མངའ་དབང་བསྒྱུར་མཛད་ཅིང་། དེ་ནས་ཕག་གྲུའི་ཁྲི་དཔོན་བྱང་ཆུང་རྒྱལ་མཚན་གྱིས་བོད་ཀྱི་སྲིད་དབང་བཟུང་བ་དང་། ལམ་ལུགས་མང་བོ་ལ་བཅོས་བསྒྱུར་བྱས་ཤིང་། ཆོས་སྲིད་ཟུང་གི་འཕྲིན་ལས་དང་དཔལ་འབྱོར་རྒྱ་ཆེར་སྤེལ་བས་རྒན་མོ་གསེར་ཁུར་གྱི་དུས་ཞེས་སུ་གྲགས་སོ།།

      དེའི་ཕྱིས་སུ་ཕག་མོ་གྲུབ་པ་ཁྲི་རབས་བཅུ་གཅིག་གིས་ལོ86དང་། རིན་སྤུངས་པ་ཁྲི་རབས་བཞིས་ལོ་130དང་། སྡེ་བ་གཙང་བའི་ཁྲི་རབས་གསུམ་སོགས་ཀྱིས་ལོ76བཅས་ཀྱི་རིང་ལ་སོ་སོས་བོད་ཀྱི་མངའ་དབང་རིམ་བཞིན་བཟུང་སྟེ་མི་ལོ388ཙམ་སོང་བའི་རིང་ལ་མདོ་སྟོད་སྨད་ཀྱི་ཡུལ་གྲུ་སྐོར་ཞིག་གིས་རང་ས་རང་གིས་སྐྱོང་བ་ལས་བོད་ས་གནས་སྲིད་གཞུང་ནས་ཐད་ཀར་བདག་སྐྱོང་བྱེད་མ་ཐུབ་ཀྱང་ཆོས་ཕྱོགས་ནས་ཆོས་ཁུངས་དབུས་གཙང་དག་པའི་ཞིང་ལ་གཏུགས་པ་སྲོལ་དུ་གྱུར་ཏོ།།

      བོད་རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་རྟ་སྤྱི་ལོ1642ལོར་༧རྒྱལ་དབང་ལྔ་བ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་བོད་ལྗོངས་ཡོངས་ལ་མངའ་དབང་བསྒྱུར་ཏེ་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པའི་ས་གནས་སྲིད་གཞུང་དབུ་བརྙེས་པ་དང་། བོད་ཆོལ་ཁ་གསུམ་དང་སོག་པོ་མཐའ་དག་ཀྱང་དབང་དུ་བསྒྱུར། བོད་སོག་ཟུང་འབྲེལ་གྱི་སྲིད་གཞུང་བཙུགས་ཤིང་ཆོས་སྲིད་ཀྱི་དབུ་ཁྲིད་གོང་ས་སྐྱབས་མགོན་རིན་པོ་ཆེར་བཀུར། དེ་ནས་བཟུང་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་བོད་ལ་དབང་བསྒྱུར་གནང་ཡང་དོན་ལ་ཁོང་རྣམ་པས་ཆོས་ཕྱོགས་ཀྱི་མཛད་པ་བསྐྱངས་ཤིང་། སྲིད་དབང་སྐྱོང་བའི་སྡེ་བ་གཞུང་དང་སྐུ་ཚབ་སོགས་ལོགས་སུ་བསྐོས་ཏེ་ཆབ་སྲིད་བསྐྱངས། བོད་རབ་བྱུང་བཅུ་དྲུག་པའི་ས་མོ་གླང་སྤྱི་ལོ1949ལོར་རྒྱལ་ཡོངས་བཅིངས་འགྲོལ་བྱས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས། བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་སྟག་སྤྱི་ལོ་1950ལོར་བོད་ཀྱི་ཆབ་འབངས་ལྷ་སྡེ་མི་སྡེ་ཐུན་མོང་ནས་གསོལ་བ་རྩེ་གཅིག་ཏུ་བཏབ་པ་བཞིན་དགུང་གྲངས16ཙམ་ལ་སོན་པའི་གོང་ས་རྒྱལ་དབང་བཅུ་བཞི་བ་ཆེན་པོས་ཆོས་སྲིད་ཟུང་གི་ཐུགས་འགན་བཞེས་ཤིང་། བོད་ཁམས་སུ་ཁྲིམས་ཀྱི་ཉེས་ཆད་ཕོག་སྟེ་བཙོན་རར་ཡོད་པའི་བཙོན་མ་ཡོངས་རྫོགས་བཙོན་གྲོལ་གནང་པ་དང་། རྒྱ་གར་དང་བལ་ཡུལ། འབྲུག་ཡུལ་བཅས་ནས་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། ཁྱད་པར་དུ་ཀྲུང་གོའི་མི་དམངས་ཀྱི་རླབས་ཆེན་གཙོ་འཛིན་ཀྲུའུ་ཞི་མའོ་ཙེ་ཏུང་མཆོག་གིས་ཏཱ་ལའི་བླ་མ་མཆོག་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་པར་ལྷག་བསམ་དག་པའི་བཀྲ་ཤིས་བདེ་ལེགས་ཞུ་ཞེས་པའི་རྟེན་འབྲེལ་ཞུས་པ་དང་བཅས་སོ།།

     བོད་རབ་བྱུང་བཅུ་དྲུག་པའི་ལྕགས་མོ་ཡོས་སྤྱི་ལོ་1951ལོར་བོད་ཀྱི་འཐུས་མི་ཚོགས་པ་རྒྱལ་ས་པེ་ཅིན་དུ་ཞི་བའི་གྲོས་མོལ་བྱེད་དུ་སོང་ནས་ཞི་བའི་གྲོས་མཐུན་དོན་ཚན་བཅུ་བདུན་བཀོད་པས་ཀྲུང་གོའི་བཅིངས་འགྲོལ་དམག་མི་སི་ཁྲོན་དང་མཚོ་སྔོན། ཤིན་ཅང་བཅས་ཕྱོགས་གསུམ་ནས་བོད་ལྗོངས་སུ་བསྐྱོད་པ་དང་། མཚོ་སྔོན་ནས་དམག་དཔུང་དང་བཅས་པའི་རྔ་ཁལ་སུམ་ཁྲིས་ཀུན་གཟིགས་སྣང་བ་མཐའ་ཡས༧པཎ་ཆེན་ཨེར་ཏི་ཎིས་སྐུ་ཕྲེང་བཅུ་བ༧བློ་བཟང་ལྷུན་གྲུབ་ཆོས་གྱི་རྒྱལ་མཚན་དཔལ་བཟང་པོར་སྐྱེལ་མ་བྱས་ཏེ། ཁོང་གི་གདན་ས་ཆེན་པོ་གཙང་བཀྲ་ཤིས་ལྷུན་པོ་དང་བོད་ས་གནས་སྲིད་གཞུང་གིས་སྤྱན་འདྲེན་བྱས་པ་ལྟར་དབུས་གཙང་དག་པའི་ཞིང་དུ་ཆིབས་ཁ་བསྒྱུར་ཏོ།།

     བོད་རབ་བྱུང་བཅུ་དྲུག་པའི་མེ་མོ་བྱ་སྤྱི་ལོ་1957ལོར་ཁམས་ཕྱོགས་ནས་དམངས་གཙོ་བཅོས་བསྒྱུར་ལ་ངོ་ལོག་གི་ཟིང་འཁྲུག་བསླངས་ཤིང་དེའི་ཕྱི་ལོར་ཨ་མདོ་ནས་ཟིང་འཁྲུག་བསླངས་པ་སོགས་ཡོངས་སུ་ཕམ་ནས། ཤོར་མ་དག་དབུས་གཙང་ཕྱོགས་སུ་བྲོས་ཏེ། བསྟན་སྲུང་དམག་དང་ཆུ་བཞི་སྒང་དྲུག་གི་དམག་དཔུང་ཞེས་པ་བཙུགས། བོད་རབ་བྱུང་བཅུ་དྲུག་པའི་ས་མོ་ཕག་སྤྱི་ལོ་1959ལོའི་ཟླ་གསུམ་པའི་ཚེས་བཅུའི་དོན་རྐྱེན་གྱི་རྗེས་སུ་ཡང་ཆུ་བཞི་སྒང་དྲུག་གི་བོད་དམག་ཡོངས་སུ་ཕམ་ནས་རྒྱ་གར་འཕགས་པའི་ཡུལ་དུ་བྲོས་བྱོལ་བྱས་སོ།།

     བོད་རབ་བྱུང་བཅུ་དྲུག་པའི་མེ་ཕོ་རྟ་སྤྱི་ལོ་1966ལོ་ནས་རིག་གནས་གསར་བརྗེ་ཆེན་པོའི་མེ་ལྕེ་རྒྱལ་ཡོངས་ཀུན་ཏུ་ཁྱབ་ནས་རྙིང་བ་བཞི་རྩ་མེད་དུ་གཏོང་ཕྱིར་བོད་ཀྱི་དགོན་སྡེ་མཐའ་དག་བཅོམ་པ་སོགས་བོད་ཀྱི་རིག་གནས་ལ་སྔར་བྱུང་མ་མྱོང་བའི་ཆག་འཇིག་ཆེན་པོ་བྱུང་བ་དང་། རབ་བྱུང་བཅུ་དྲུག་པའི་ས་མོ་ལུག་སྤྱི་ལོ་1979ལོ་ནས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་ལ་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་ཡག་པོ་གཏན་ལ་ཕབ་ནས་སྔར་གྱི་ནོར་འཁྲུལ་མང་བོ་ཞིག་ཡོ་བསྲང་བྱས་ཏེ། གསེར་གྱི་སྐྱ་རེངས་ཡུན་ནས་བཀྱེགས་ཤིང་། བློ་བཟང་རྒྱལ་བའི་བསྟན་པ་སླར་ཡང་དར་ནས། བོད་ཀྱི་རིག་གནས་དང་དཔལ་འབྱོར་ཡོད་ཚད་སླར་ཡང་དབྱར་མཚོ་རྒྱས་པ་བཞིན་གོང་ནས་གོང་དུ་འཕེལ་ཞིང་། འཛམ་གླིང་ཟླུམ་པོའི་གོ་ལ་སྟེང་དུ་བོད་ཅེས་པའི་མཚན་སྙན་ཕྱོགས་བཅུར་འབར་བའི་དུས་རབས་གསར་བ་ཞིག་གི་དབུ་བརྩམས་སོ།།

     ད་ལྟ་གངས་ལྗོངས་བོད་ཁམས་ཀྱི་ས་ཆ་འདི་ཞིང་ལྗོངས་ལྔ་རུ་ཕྱེས་ཡོད་ལ། དེ་ལས་བོད་ལྗོངས་སུ་གྲོང་ཁྱེར་གཉིས་དང་རྫོང་བདུན་ཅུ་དོན་གསུམ་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་ན་གྲོང་ཁྱེར་ལྔ་དང་རྫོང་སུམ་ཅུ་སོ་དྲུག བདེ་ཆེན་ན་རྫོང་གསུམ། རྔ་བ་ན་རྫོང་བཅུ་གསུམ། དཀར་མཛེས་ན་རྫོང་བཅོ་བརྒྱད། ལང་ཧྲན་ན་རྫོང་གཅིག ཀན་སུའུ་ན་གྲོང་ཁྱེར་གཅིག་དང་རྫོང་དགུ་བཅས་ཁྱོན་བསྡོམས་པས་གྲོང་ཁྱེར་དང་རྫོང་ཁག་ཆིག་བརྒྱ་དང་ལྔ་བཅུ་ང་བརྒྱད་སོགས་ཡོད།།

     བོད་རང་སྐྱོང་ལྗོངས་སུ་ལྷ་ས་དང་གཞིས་ཀ་རྩེ་སྟེ་གྲོང་ཁྱེར་གཉིས་དང་། ཆབ་མདོ།  ལྷོ་ཁ། ནག་ཆུ། མངའ་རིས། ཉིང་ཁྲི་སྟེ་ས་ཁུལ་ལྔ།  ལྷ་སའི་མངའ་ཁོངས་སུ་ལྷ་ས་གྲོང་ཁྱེར་དང་སྟག་རྩེ་རྫོང་། སྟོད་ལུང་སྡེ་ཆེན་རྫོང་། ཆུ་ཤུར་རྫོང་། སྙེ་མོ་རྫོང་། འདམ་གཞུང་རྫོང་། ལྷུན་གྲུབ་རྫོང་། མལ་གྲོ་གུང་དཀར་རྫོང་བཅས་རྫོང་བདུན་ཡོད། ཉིང་ཁྲིའི་མངའ་ཁོངས་སུ་མེ་ཏོག་རྫོང་དང་། སྨན་གླིང་རྫོང་། ཉིང་ཁྲི་རྫོང་། ཀོང་བོ་རྒྱ་མདའ་རྫོང་། སྤོ་མེས་རྫོང་། རྫ་ཡུལ་རྫོང་། སྣང་རྫོང་བཅས་རྫོང་བདུན་ཡོད།  གཞིས་ཀ་རྩེའི་མངའ་ཁོངས་སུ་གཞིས་ཀ་རྩེ་གྲོང་ཁྱེར་དང་། གནམ་གླིང་རྫོང་། རྒྱལ་རྩེ་རྫོང་། དིང་རི་རྫོང་། ས་སྐྱ་རྫོང་། ལྷ་རྩེ་རྫོང་། ངམ་རིང་རྫིང་། བཞད་མཐོང་སྨོན་རྫོང་། པ་སྣམ་རྫོང་། རིན་སྤུངས་རྫོང་། ཁངས་དམར་རྫོང་། གཏིང་སྐྱེས་རྫོང་། འབྲོང་པ་རྫོང་། གྲོ་མོ་རྫོང་། སྐྱིད་རོང་རྫོང་། ས་དགའ་རྫོང་། གམ་པ་རྫོང་། གཉའ་ལམ་རྫོང་བཅས་རྫོང་བཅུ་བདུན་ཡོད།  ཆབ་མདོའི་མངའ་ཁོངས་སུ་ཆབ་མདོ་རྫོང་། འཇོ་མདའ་རྫོང་། ཀོང་ཇོ་རྫོང་། རི་བོ་ཆེ་རྫོང་། ལྷོ་རོང་རྫོང་། སྟེང་ཆེན་རྫོང་། དཔལ་འབར་རྫོང་། བྲག་གཡབ་རྫོང་། དཔལ་ཤོད་རྫོང་། མཛོ་སྒང་རྫོང་། སྨར་ཁམས་རྫོང་བཅས་རྫོང་བཅུ་གཅིག་ཡོད།  ལྷོ་ཁའི་མངའ་ཁོངས་སུ་སྣེ་གདོང་རྫོང་། གྲ་ནང་རྫོང་། གོང་དཀར་རྫོང་། ཟངས་རི་རྫོང་། འཕྱོང་རྒྱས་རྫོང་། ཆུ་གསུམ་རྫོང་། མཚོ་སྨད་རྫོང་། ལྷོ་བྲག་རྫོང་། རྒྱ་ཚ་རྫོང་། ལྷུན་རྩེ་རྫོང་། མཚོ་སྣ་རྫོང་། སྣ་དཀར་རྩེ་རྫོང་བཅས་རྫོང་བཅུ་གཉིས་ཡོད།  ནག་ཆུའི་མངའ་ཁོངས་སུ་ནག་ཆུ་རྫོང་། རྒྱལ་རི་རྫོང་། འབྲི་རུ་རྫོང་། སྙན་རོང་རྫོང་། ཨ་མདོ་རྫོང་། ཤན་རྩ་རྫོང་། སོག་རྫོང་། དཔལ་མགོན་རྫོང་། སྦྲ་ཆེན་རྫོང་། ཉི་མ་རྫོང་བཅས་རྫོང་བཅུ་ཐམ་པ་ཡོད།  མངའ་རིས་མངའ་ཁོངས་སུ་སྤུ་ཧྲེང་རྫོང་དང་། རྩ་མདའ་རྫོང་། སྒར་རྫོང་། རུ་ཐོག་རྫོང་། དགེ་རྒྱས་རྫོང་། སྒེར་རྩེ་རྫོང་། མཚོ་ཆེན་རྫོང་བཅས་རྫོང་བདུན་སོགས་བསྡོམས་པས་གྲོང་ཁྱེར་གཉིས་དང་། ས་ཁུལ་ལྔ། རྫོང་བདུན་ཅུ་དོན་གསུམ་བཅས་ཡོད།།

      མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་སུ་རྨ་ལྷོ། མཚོ་ལྷོ། མཚོ་བྱང་། མགོ་ལོག ཡུལ་ཤུལ། མཚོ་ནུབ་སྟེ་བོད་རིགས་རང་སྐྱོང་ཁུལ་དྲུག་དང་། ཟི་ལིང་དང་མཚོ་ཤར། ན་གོར་མོ། གཏེར་ལེན་ཁ། ཡུལ་ཤུལ་སོགས་གྲོང་ཁྱེར་ལྔ། མཚོ་ཤར་དང་། ལུང་མདོ། གཞུང་ཐང་བཅས་ས་ཁུལ་གསུམ་བཅས་ཡོད།  རྨ་ལྷོའི་མངའ་ཁོངས་སུ་རེབ་གོང་རྫོང་དང་། གཅན་ཚ་རྫོང་། རྩེ་ཁོག་རྫོང་། སོག་པོ་རྫོང་བཅས་རྫོང་བཞི་ཡོད།  མཚོ་བྱང་གི་མངའ་ཁོངས་སུ་རྐང་ཚ་རྫོང་དང་། མདའ་བཞི་རྫོང་། མདོ་ལ་རྫོང་། རྒྱ་མདོ་རྫོང་བཅས་རྫོང་བཞི་ཡོད།  མཚོ་ལྷོའི་མངའ་ཁོངས་སུ་གསེར་ཆེན་རྫོང་དང་། ཁྲི་ཀ་རྫོང་། མང་ར་རྫོང་། འབའ་རྫོང་། བྲག་དཀར་རྫོང་བཅས་རྫོང་ལྔ་ཡོད།  མགོ་ལོག་གི་མངའ་ཁོངས་སུ་རྨ་ཆེན་རྫོང་དང་། དགའ་བདེ་རྫོང་། པད་མ་རྫོང་། དར་ལག་རྫོང་། རྨ་སྟོད་རྫོང་། གཅིག་སྒྲིལ་རྫོང་བཅས་རྫོང་དྲུག་ཡོད།  ཡུལ་ཤུལ་གྱི་མངའ་ཁོངས་སུ་ཡུལ་ཤུལ་གྲོང་ཁྱེར་དང་། འབྲི་སྟོད་རྫོང་། ནང་ཆེན་རྫོང་། ཡུལ་ཤུལ་རྫོང་། ཆུ་དམར་ལེབ་རྫོང་། ཁྲི་འདུ་རྫོང་། རྫ་སྟོད་རྫོང་བཅས་རྫོང་དྲུག་ཡོད།  མཚོ་ནུབ་ཀྱི་མངའ་ཁོངས་སུ་གཏེར་ལེན་ཁ་གྲོང་ཁྱེར་དང་ན་གོར་མོ་གྲོང་ཁྱེར་གཉིས་དང་། ཐེམ་ཆེན་རྫོང་། དུར་ལམ་རྫོང་། དབུས་ལམ་རྫོང་བཅས་རྫོང་གསུམ་ཡོད།  ཟི་ལིང་གྲོང་ཁྱེར་གྱི་མངའ་ཁོངས་སུ་ཟི་ལིང་གྲོང་ཁྱེར་དང་། རྟ་ཐང་རྫོང་། ཙོང་ཁ་རྫོང་། སྟོང་སྐོར་རྫོང་བཅས་རྫོང་གསུམ་ཡོད།  མཚོ་ཤར་གྱི་མངའ་ཁོངས་སུ་མཚོ་ཤར་གྲོང་ཁྱེར་དང་། དམར་གཙང་རྫོང་། ལུང་མདོ་རྫོང་། དགོན་ལུང་རྫོང་། དཔའ་ལུང་རྫོང། ཡ་རྫི་རྫོང་། གཞོང་ཐང་རྫོང་བཅས་རྫོང་བརྒྱད་སོགས་བསྡོམས་པས་རང་སྐྱོང་ཁུལ་དྲུག་དང་། གྲོང་ཁྱེར་ལྔ།། ས་ཁུལ་གསུམ། རྫོང་སུམ་ཅུ་སོ་དྲུག་བཅས་ཡོད།།

      སི་ཁྲོན་ཞིང་ཆེན་གྱི་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་འབར་ཁམས་རྫོང་དང་། རྔ་བ་རྫོང་། མཛོད་དགེ་རྫོང་། ཁྲོ་ཆུ་རྫོང་། ཟུང་ཆུ་རྫོང་། བཙན་ལྷ་རྫོང་། ཆུ་ཆེན་རྫོང་། ཛམ་ཐང་རྫོང་། ཁྱུང་མཆུ་རྫོང་། གཟི་ཚ་སྡེ་དགུ་རྫོང་། ལི་རྫོང་། ཁྲི་ཚང་རྫོང་། རྟ་མང་རྫོང་བཅས་རྫོང་བཅུ་གསུམ་ཡོད། དཀར་མཛེས་བོད་རིགས་ས་ཁུལ་གྱི་མངའ་ཁོངས་སུ་དར་མདོ་རྫོང་དང་། བྲག་མགོ་རྫོང་། དཀར་མཛེས་རྫོང་། ཉག་རོང་རྫོང་། དཔལ་ཡུལ་རྫོང་། སྡེ་དགེ་རྫོང་། སེར་ཤུལ་རྫོང་། གསེར་རྟ་རྫོང་། ལྕགས་ཟམ་རྫོང་། རོང་བྲག་རྫོང་། བརྒྱད་ཟིལ་རྫོང་། ཉག་ཆུ་རྫོང་། རྟེའུ་རྫོང་། ལི་ཐང་རྫོང་། ཕྱག་ཕྲེང་རྫོང་། འདབ་པ་རྫོང་། འབའ་ཐང་རྫོང་། སྡེ་རོང་རྫོང་བཅས་རྫོང་བཅོ་བརྒྱད་ཡོད།  ལང་ཧྲན་ཡི་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་མུ་ལུའི་བོད་རིགས་རང་སྐྱོང་རྫོང་བཅས་བསྡོམས་པས་རང་སྐྱོང་ཁུལ་གསུམ་དང་། རྫོང་སུམ་ཅུ་སོ་གཉིས་བཅས་ཡོད།།

      ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་རྒྱལ་ཐང་རྫོང་དང་། བདེ་ཆེན་རྫོང་། འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་བཅས་བསྡོམས་པས་རང་སྐྱོང་ཁུལ་གཅིག་དང་རྫོང་གསུམ་བཅས་ཡོད།།

      ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་གཙོས་གྲོང་ཁྱེར་ཏེ་གྲོང་ཁྱེར་གཅིག་དང་། བསང་ཆུ་རྫོང་། ཀླུ་ཆུ་རྫོང་། རྨ་ཆུ་རྫོང་། འབྲུག་ཆུ་རྫོང་། ཐེ་བོ་རྫོང་། ཅོ་ནེ་རྫོང་། བ་ཙེ་རྫོང་བཅས་རྫོང་བདུན་ཡོད།  ཀན་སུའུ་ཝུའུ་ཝེའི་ས་ཁུལ་དུ་དཔའ་རིས་བོད་རིགས་རང་སྐྱོང་རྫོང་དང་། ཀན་སུའུ་ཀྲང་ཡེའི་ས་ཁུལ་དུ་འབྲོང་ནག་ཡུའུ་ཀོའུ་རིགས་རང་སྐྱོང་རྫོང་སོགས་བསྡོམས་པས་རང་སྐྱོང་ཁུལ་ཁུལ་གཅིག་དང་རྫོང་དགུ་བཅས་སོ།།

      དེ་བས། ལོ་རྒྱུས་ཀྱི་ཚིག་གསུམ་མ་ཤེས་ན།། ཕ་ཨ་ཁུ་ཡིན་རུང་ངོ་མི་ཤེས།། ཞེས་ཟེར་བའི་དཔེ་ལྟར་བོད་གངས་ཅན་སྐྱ་སེར་ཀུན་གྱིས་སྐད་ཅིག་དེ་ཉིད་དུ་རང་ཉིད་རྨོངས་པའི་གཉིད་ལས་སངས་ཏེ། ལོ་རྒྱུས་དངོས་གཙོ་སྨྲ་བའི་རིང་ལུགས་ཀྱི་ལྟ་བ་ཡང་དག་ཀུན་སློང་ཡག་པོས་ས་མི་རིགས་རང་གི་ལོ་རྒྱུས་ལ་ཞིབ་འཇུག་དང་སྦྱངས་པ་ཅུང་ཙམ་རེ་བྱས་ནས་རྒྱུས་ལོན་གང་ལེགས་བྱས་ན། ད་གཟོད་རང་གི་ཡབ་མེས་གོང་མ་ཐམས་ཅད་ཀྱི་མཛད་འཕྲིན་ལ་ངོས་ཟིན་གང་ལེགས། རང་གི་མི་རིགས་ཀྱི་མདུན་ལམ་རིང་མོ་ལ་འདུ་ཤེས་གང་ལེགས། རང་གི་ཡབ་མེས་རྣམས་ཀྱིས་ཤུལ་དུ་བཞག་པའི་རིན་ཐང་བྲལ་བའི་རིག་གནས་ལ་རྒྱུན་འཛིན་་གང་ལེགས་བཅས་བྱས་ཏེ། རང་གི་ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་གལ་ཆེན་རང་བཞིན་ཅུང་ཙམ་གསལ་བོ་ཤེས་ཐུབ་པར་འགྱུར་བ་དང་། ད་གཟོད་རང་རིགས་སྤུན་ཟླ་ཕུ་ནུ་ནང་མཐུན་དམ་པོ་དང་། མི་རིགས་མཐུན་སྒྲིལ། མེས་རྒྱལ་གཅིག་གྱུར། སྲིད་འབྱོར་རིག་གསུམ་འཛོམས་ཤིང་། རིག་གནས་དར་རྒྱས་ཕུན་སུམ་ཚོགས་པ་སོགས་ཀྱི་ཆེད་དུ་འབད་འབུངས་ལྷོད་མེད་བྱ་རྒྱུ་ནི་རང་ཅག་ཀུན་ཀྱི་ཕྲག་ཏུ་བབས་པའི་ལོ་རྒྱུས་ཀྱི་འདུ་ཤེས་དང་འོས་འགན་འགངས་ཅན་ཞིག་ཡིན་པ་གསལ་བོ་ཤེས་ཐུབ་ཅིང་། ཁྱད་པར་དུ་ང་རང་ཚོའི་སེམས་པའི་ངོགས་སུ་དུས་གཏན་དུ་ནམ་ཡང་ནུབ་པ་མེད་པའི་ཁྲི་གདུགས་ཉི་མ་སེར་བོ་ཀུན་གཟིགས་སྣང་བ་མཐའ་ཡས་མགོན་འོད་དཔག་མེད་༧པཎ་ཆེན་ཨེར་ཏི་ཎིས་སྐུ་ཕྲེང་བཅུ་བ༧བློ་བཟང་ལྷུན་གྲུབ་ཆོས་གྱི་རྒྱལ་མཚན་དཔལ་བཟང་པོའི་ཐུགས་དགོངས་ཡངས་པ་ནམ་མཁའ་ལྟ་བུ་དང་རིན་ཆེན་གསེར་ལས་དཀོན་པའི་ཞལ་གསུངས་དྲོན་མོ་ཡིད་བཞིན་ནོར་བུ་སོགས་སེམས་ལ་དམ་པོ་བཟུང་ནས། རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། བློ་སེམས་རྩེ་གཅིག་གིས་ཀྲུང་གོའི་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་ལ་གོང་བཀུར་བྱེད་པ་དང་། ལྷག་བསམ་རྣམ་དག་གིས་སྤྱི་ཚོགས་རིང་ལུགས་ཀྱི་འོད་སྟོང་འབར་བའི་ལམ་ལུགས་ལ་གོང་བཀུར་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་རང་གིས་གཅེས་སུ་རུང་བའི་ཕ་ས་ཕ་ཡུལ་འདི་འཛུགས་སྐྲུན་ཡག་པོ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རིག་པའི་གཞུང་ལུགས་ཀྱི་རླབས་ཆེན་དར་ཆའི་འོག་ཏུ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་དང་ལྷན་ཅིག་ཏུ་སྐལ་བ་བཟང་པོ་རྫོགས་ལྡན་གྱི་དཔལ་ལ་བསྙེགས་པའི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་སུ་མངོན་འགྱུར་བྱེད་ཐུབ་པ་སོགས་ལ་ཡིད་ཆེས་བརྟན་པོ་བྱས་ནས། རང་གི་རིག་གནས་དང་། བློ་སྟོབས། ཤེས་རིག ཚན་རིག ལག་རྩལ་སོགས་གོང་ནས་གོང་དུ་འཕེལ་དགོས་ཞིང་། ལོ་རྒྱུས་ཀྱི་འཁོར་ལོ་མདུན་ནས་མདུན་ཕྱོགས་སུ་བསྐྱོད་བཞིན་ཡོད་པའི་དུས་སྐབས་འདི་ཧ་ཅང་ལེགས་སོ།། འདིར་ཡང་སྨྲས་པ།

          གངས་ལྗོངས་བོད་པའི་ཡུལ་ལ།།

          སྐྱིད་པའི་ཉི་མ་ཤར་ཡོད།།

          གསེར་ལྡན་སྲིད་པའི་འཁོར་ལོ།།

          ཟློག་ཏུ་འཁོར་བའི་དཔེ་མེད།།

          མེས་རྒྱལ་ཁྱིམ་ཚང་ཆེན་པོར།།

          སྟོབས་འབྱོར་མངའ་ཐང་ལྡན་ཡོད།།

          ངོ་མཚར་ལྷ་མིའི་ལོངས་སྤྱོད།།

          བོད་པས་དོར་བའི་དཔེ་མེད།།

    ཅེས་༼བོད་ཆེན་པོའི་རྒྱལ་རབས་རིམ་བྱོན་གྱི་མཚན་བྱང་ཙམ་ལས་མཛད་འཕྲིན་ཅུང་ཙམ་གླེང་བ་མུ་ཏིག་ནོར་བུའི་ཕྲེང་བ་༽ཞེས་བྱ་བ་འདི་ཡང་རོང་ཆེན་དེ་ཝ་ར་ཛཱ་ཤྲཱི་འཇམ་དབྱངས་བློ་བཟང་འཕྲིན་ལས་སམ་རོང་ཆེན་ལྷ་རྒྱལ་དཔལ་གྱིས་བོད་རབ་བྱུང་བཅུ་བདུན་པའི་མེ་ཕོ་སྤྲེལ2016ལོའི་ཟླ་བ12པའི་ཚེས25ཉིན་ལ་གངས་ལྗོངས་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་ཆབ་ཆ་གསེར་གཞོང་རིང་མོའི་གྲོང་བརྡལ་གསེར་མཁར་བདེ་ལེགས་དགའ་ཚལ་ཞེས་བྱ་བར་རང་ཤག་རྨད་བྱུང་བཀྲ་ཤིས་བདེ་སྟོང་རྣམ་རྒྱལ་ཕོ་བྲང་ནས་ལོ་ན་བདུན་ཅུར་བསྙེགས་རུང་ནམ་ཡང་སློབ་སྦྱོང་གི་འདུ་ཤེས་སྲོལ་བཟང་རྒྱུན་འཁྱོངས་བྱས་པའི་ཟིན་ཐོ་ཙམ་བཀོད་ཅིང་ཡང་བསྐྱར་དག་བཅོས་ཅུང་ཙམ་བྱས་ནས་གང་དགར་བསྒྲིགས་པ་འདི་ཡང་སེམས་ཅན་ཀུན་ལ་ཐུགས་འགལ་མེད་པའི་མཐོལ་ལོ་གཤེགས།། བཀྲ་ཤིས་དགེ་ལེགས་འཕེལ་ཞིང་སརྦ་ཛཡནྟུ།།

 

                                         ༄༅།།འཛམ་གླིང་ཤེས་བྱ་ཀུན་ལས་བཏུས་པ་སློབ་སྦྱོང་གི་ཟིན་ཐོ་

                                                      ཕྱོགས་བསྒྲིགས་ཞེས་བྱ་བ་བཞུགས་སོ།                                                                 

     ལེའུ་ཚན་དང་པོ། འཛམ་གླིང་གི་ཚན་རིག་ཤེས་བྱའི་སྐོར།

     དང་པོ། འཛམ་གླིང་གི་ཐོག་མའི་ཁ་པར་ལེགས་འགྲུབ་བྱུང༌བ། ཁ་པར་ནི་སྤྱི་ལོ1793ལོར་ཐོག་མར་ཧྥ་རན་སི་རྒྱལ་ཁབ་ཀྱི་ཁྲ་པེས་ཞེས་པ་སྤུན་གཉིས་ཀྱིས་པ་ལི་དང་ལེས་ཨར་ས་ཁུལ་གཉིས་ཀྱི་བར་དུ་སྟོང་སྨི230བརྒལ་ཐུབ་པའི་སྐུད་མེད་གློག་འཕྲིན་ལེགས་འགྲུབ་བྱུང༌བ་ཡིན།།

     གཉིས་པ། འཛམ་གླིང་གི་ཆེས་ཐོག་མའི་གནམ་གྲུ་འཕུར་མགོ་བརྩམས། འཛམ་གླིང་གི་ཆེས་ཐོག་མའི་གནམ་གྲུ་དེ་སྤྱི་ལོ1903ལོའི་ཟླ12པའི་ཚཆས17ཉིན་ཨ་མེ་རི་ཀའི་ལེར་ཐུ་ཞེས་པ་སྤུན་མཆེད་གཉིས་ཀྱིས་ལེགས་གྲུབ་བྱུང་ནསམཁའ་དབྱིངས་སུ་སྨི40ལ་འཕུར་སྐྱོད་བྱས་ཏེ་ཚོད་ལྟ་བྱེད་མགོ་བརྩམས།

     གསུམ་པ། འཛམ་གླིང་གི་ཐོག་མའི་རླངས་འཁོར་གསར་དུ་བསྐྲུན་པ། འཛམ་གླིང་གི་རླངས་འཁོར་ཐོག་མ་ནི་སྤྱི་ལོ1769ལོར་ཧྥ་རན་སིའི་ཁོའུ་ཀི་ནཱ་ཐིས་ཐོག་མའི་རླངས་འཁོར་གསར་དུ་བསྐྲུན་ནས་ཚོད་ལྟ་བྱེད་མགོ་བརྩམས།།

     བཞི་བ། འཛམ་གླིང་གི་ཐོག་མའི་ཨང་ཀི་གསར་བསྐྲུན་བྱས་པ། ད་ལྟ་འཛམ་གླིང་ན་སྤྱོད་བཞིན་པའི་ཨ་ལ་པོའི་ཨང་ཀི  0123456789 འདི་ཐོག་མར་རྒྱ་གར་གྱི་ཚན་རིག་པ་པཱ་ཀི་ཏཱས་གསར་བསྐྲུན་བྱས་ཤིང་། དུས་རབས་བརྒྱད་པའི་ནང་རིམ་གྱིས་ཡོ་རོབ་སོགས་རྒྱལ་ཁབ་ཡོངས་ལ་དར་བ་ཞིག་ཡིན་པ་དང་། བོད་ཀྱི་ཨང་ཀི ༠༡༢༣༤༥༦༧༨༩ ཡང་དེར་བརྟེན་གསར་བཟོ་བྱས་པ་ཞིག་ཡིན།།

     ལྔ་བ། འཛམ་གླིང་གི་ཐོག་མའི་རྩིས་འཁོར་ཨང་དང་པོ་གསར་བཏོད་བྱས་པ། འཛམ་གླིང་གི་ཐོག་མའི་རྩིས་འཁོར་ཨང་དང་པོ་ནི་དུས་རབས་ཉེར་གཅིག་པའི་སྤྱི་ལོ1946ལོ་ནས1956ལོའི་བར་དུ་ཨ་རིའི་པེན་ཞི་ཧྥ་ནེ་ཡཱ་སློབ་གྲྭ་ཆེན་མོས་འཛམ་གླིང་གི་སྤྱི་ཚོགས་ལ་དགོས་གལ་ཆེ་བའི་གློག་རྡུལ་རྩིས་འཁོར་ཨང་དང་པོ་གསར་བཏོད་བྱས།།

     དྲུག་པ།འཛམ་གླིང་གི་ཆེས་ཐོག་མའི་མེ་འཁོར་སྐྱོད་པའི་མགོ་བརྩམས་པ།  སྤྱི་ལོ1804ལོར་འཛམ་གླིང་གི་ཆེས་ཐོག་མའི་མེ་འཁོར་གསར་བཏོད་བྱེད་མཁན་ནི་དབྱིན་ཇིའི་རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་པ་ཞིག་ཡིན་ཞིང་། ཆེས་ཐོག་མའི་མེ་འཁོར་དེ་ལེགས་འགྲུབ་བྱུང་ནས་དངོས་སུ་ཚོད་ལྟ་བྱེད་མགོ་བརྩམས། ཡིན་ནའང་སྐབས་དེའི་མེ་འཁོར་ལ་སོལ་བ་དང་བུད་ཤིང་འབུད་བཞིན་གཏོང་དགོས་པ་ཞིག་ཡིན་པར་མ་ཟད། དུས་ཚོད་གཅིག་གི་ཡུན་ལ་སྤྱི་ལེ་གཅིག་ཙམ་ལས་བརྒལ་མི་ཐུབ་པ་དང་། ལྷག་པར་དུ་མེ་འཁོར་ཁ་ལོ་བ་མེ་འཁོར་འགྲམ་ནས་རྐང་ཐང་དུ་འགྲོ་ཞོར་ལ་བུད་ཤིང་འབུད་བཞིན་འགྲོ་དགོས་པར་བཤད། དེ་རྗེས་སུ་རིམ་བཞིན་འཕེལ་རྒྱས་ལ་ཕྱོགས་ནས་སྤྱི་ལོ་1829ལོར་ཤིང་རྟ་ལས་ལྡབ་ཉིས་འགྱུར་གྱིས་མགྱོགས་པ་ཞིག་ལེགས་འགྲུབ་བྱུང་བ་དང་། མི་རྣམས་ཧ་ལས་ནས་རྒྱང་ཐག་རིང་བའི་ས་ལ་སྐྱོད་མགོ་བརྩམས། ཡིན་ནའང་སྐབས་དེའི་ཆེས་ཐོག་མའི་མེ་འཁོར་གྱི་མྱུར་ཚད་དེ་ད་ལྟའི་མེ་འཁོར་དང་བསྡུར་ན་ལྡབ་ལྔ་བརྒྱ་ཡན་གྱི་མྱུར་ཚད་ཀྱི་ཁྱད་པར་ཡོད་ཟེར་ཏོ།།

     བདུན་པ། འཛམ་གླིང་གི་མིའི་རིགས་ལ་ཆེས་ཐོག་མའི་གཤོག་པ་ཐོགས་པ། ཕུགས་འདུན་ནི་མིའི་རིགས་ལ་མཚོན་ནས་བཤད་ན་བྱ་བ་དེ་འགྲུབ་བྱེད་ཀྱི་རྨང་གཞི་ཡིན་པར་མ་ཟད། དུས་ནམ་དུའང་ལྷོད་པ་མེད་པའི་སྙིང་སྟོབས་ཤིག་གི་གྲུབ་ཆའང་ཡིན། དེས་ན་ཨ་རིའི་སྐུ་ཞབས་ལེ་ཐུ་སྤུན་ཟླ་གཉིས་ལ་མཚོན་ན། ཁོ་གཉིས་ཆུང་དུས་ནས་ནམ་མཁའི་བྱ་ལ་ཡིད་སྨོན་ཤོར་ཏེ་བར་སྣང་སྟོང་བར་འགྲོ་འདུག་བྱེད་པའི་ཕུགས་འདུན་དེ་མེ་ལྟར་འབར། ཡིན་ནའང་སྐབས་དེར་དམིགས་ཡུལ་དེ་འདྲ་ཞིག་སུས་ཀྱང་འགྲུབ་མི་སྲིད་པས་ཁོ་གཉིས་བར་སྣང་དུ་འགྲོ་བ་ལ་དཀའ་ལས་མང་དུ་འཕྲད། ཁོང་སྤུན་ཟླ་གཉིས་ཀྱིས་ཕུགས་འདུན་དེའི་ཆེད་དུ་ནམ་ཡང་ཕྱི་ནུར་མེད་པར་མདུན་དུ་བསྐྱོད་མཐར། སྤྱི་ལོ1903ལོའི་ཟླ12པའི་ཚེས17གྱི་ཉིན་མོ་དེར་བར་སྣང་ལ་སྐྱོད་ཐུབ་པའི་འཕུར་གྲུ་ཞིག་དངོས་སུ་ལེགས་འགྲུབ་བྱུང་སྟེ་ཚོད་ལྟ་བྱེད་མགོ་བརྩམས། སྐབས་དེའི་འཕུར་གྲུ་དེའི་མཐོ་དམན་ནི་སྨི36ཙམ་ནས་སྨི་40ལ་འཕུར་ཐུབ་པ་བྱུང་བས་ཁོང་གཉིས་ཀྱི་ཕུགས་འདུན་དེ་མངོན་དུ་གྱུར་བ་མ་ཟད། དེ་ནི་སྐབས་དེའི་མི་རྣམས་ལ་མཚོན་ན་རྨི་ལམ་དུའང་འཆར་མ་མྱོང་བའི་བདེ་སྐྱིད་གསར་བ་ཞིག་ལ་ངོས་བཟུང་བ་རེད། དུས་དེ་ནས་བཟུང་མི་རྣམས་ཀྱི་ཧམ་སེམས་ཆེ་རུ་འཕགས་ཏེ་བར་སྣང་བདག་དབང་སྒྱུར་བའི་འཚོ་བ་གསར་བ་ཞིག་གི་མཁའ་དབུགས་འཐིབས། འདི་ནི་འཛམ་གླིང་གི་མིའི་རིགས་ལ་གཤོག་པ་ཐོགས་པའི་ཉིན་དང་པོ་ཡིན་ཞེས་བཤད་ཀྱང་ཆོག།

     བརྒྱད་པ། ས་ལྒང་ཐོག་གི་མིའི་རིགས་དངོས་སུ་ཟླ་བའི་ཐོག་ཏུ་འཕུར་སྐྱོད་བྱས་པ། སྤྱི་ལོ1969ལོའི་ཟླ7པའི་ཚེས16ཉིན་ཨ་རིའི་ཟླ་འཛེག་འཕུར་གྲུ་དེ་ཟླ་བའི་ཐོག་ཏུ་སྐྱོད་མགོ་བརྩམས། ཟླ7པའི་ཚེས20ཉིན་གྱི་ཕྱི་དྲོ་དུས་ཚོད4དང་སྐར་མ17སྟེང་ཨ་ཕོ་ལོ་ཨང་བཅུ་གཅིག་པ་ཞེས་པའི་འཕུར་གྲུ་ལ་ཨ་མོ་སུ་ཐི་ལིང་སོགས་མི་གསུམ་བསྡད་ནས་ཟླ་བའི་ཐོག་ཏུ་དངོས་སུ་བབས་ཏེ་བརྟག་དཔྱད་བྱེད་པའི་མགོ་བཙུགས་པ་ཡིན།།

     དགུ་བ། རང་རྒྱལ་གྱི་རྡུལ་ཕྲན་མཚོན་ཆ་ཐེངས་དང་པོ་ལེགས་གྲུབ་བྱུང་བ། རང་རྒྱལ་གྱིས་སྤྱི་ལོ1964ལོའི་ཟླ10པའི་ཚེས16ཉིན་ལ་རྡུལ་ཕྲན་མཚོན་ཆ་ཐེངས་དང་པོ་དེ་ནུབ་བྱང་ས་ཁུལ་གྱི་མཚོ་སྔོན་པོའི་ཉེ་འདབས་སུ་བཀད་ནས་ལེགས་གྲུབ་བྱུང་བ་ཡིན།།

     བཅུ་བ། རང་རྒྱལ་གྱིས་མིས་ཁྱེར་བར་སྣང་འཕུར་གྲུ་དང་བོ་བར་སྣང་དུ་བསྐྱོད་པ། སྤྱི་ལོ2003ལོའི་ཟླ10ཚེས15ཉིན་མིས་ཁྱེར་བར་སྣང་འཕུར་གྲུ་དང་བོ་སྟེ། ཧྲིན་ཀྲོའུ་ལྔ་བ་དེ་མ་ཧཱ་ཙི་ན་པ་དབྱང་ལི་ཝེས་ཁ་ལོར་བསྒྱུར་ནས་སའི་གོ་ལར་སྐོར་བ་ཐེངས་བཅོ་བཞིར་བརྒྱབས་ཏེ་ཕྱིར་ལོག་པ་ཡིན། དེའི་རྗེས་སུ་ཡང་སྤྱི་ལོ2010ལོའི་ཟླ10པར་འཇིག་རྟེན་འཕུར་གྲུ་ཧྲིན་ཀྲོའུ་བདུན་པ་དེས་ཟླ་བར་སྐོར་བ་ཞིག་བརྒྱབ་ནས་ཕྱིར་སའི་གོ་ལའི་སྟེང་དུ་ལོག།     

     བཅུ་གཅིག འཛམ་གླིང་གི་མིས་བཟོས་འཁོར་སྐར་ཆེས་ཐོག་མ་མཁའ་དབྱིངས་སུ་བསྐྱོད་པ། སྤྱི་ལོ1957ལོའི་ཟླ10པའི་ཚེས4ཉིན་འཛམ་བུ་གླིང་གི་མིས་བཟོས་འཁོར་སྐར་ཆེས་ཐོག་མ་དེ་སུའུ་ལེན་གྱིས་བཟོས་ནས་བར་སྣང་དུ་བཏང་སྟེ་ས་སྒང་གི་ཕྱི་ལོག་ནས་འཁོར་བསྐྱོད་བྱས་པ་ནས་བཟུང་མཁའ་དབྱིངས་དུས་རབས་གསར་བ་ཞིག་གི་མགོ་ཚུགས་པ་ཡིན།།

     བཅུ་གཉིས། འཛམ་གླིང་སྟེང་གི་རྒྱལ་སྤྱིའི་བར་སྣང་མགྲོན་ཁང་ཐོག་མ་ལེགས་འགྲུབ་བྱུང་བ། འཛམ་གླིང་སྟེང་གི་རྒྱལ་སྤྱིའི་མགྲོན་པོ་སྣེ་ལེན་བྱེད་ཆོག་པའི་བར་སྣང་མགྲོན་ཁང་ཐོག་མ་ནི་ཨ་མེ་རི་ཁའི་གསར་འགྱུར་ཁང་གི་གློག་འཕྲིན་དང༌དྲ་ཚིགས་ལས་ཁྱབ་བསྒྲགས་བྱས་པ་ལྟར་ན། རྒྱལ་སྤྱིའི་མཉམ་འབྲེལ་གྱི་བར་སྣང་མགྲོན་ཁང་ཐོག་མ་ནི་སྤྱི་ལོ2012ལོར་ལེགས་འགྲུབ་བྱུང་བ་དང༌། མགྲོན་ཁང་དེའི་མིང་ལ་དགུ་ཚིགས་ཆང་ཁང་ཟེར་ཞིང་། རྒྱལ་སྤྱིའི་སྤྱི་མགྲོན་སུ་ཡིན་ཡང་མདུན་བསུ་སྣེ་ལེན་བྱེད་པར་མ་ཟད་ཉིན་གསུམ་ལ་བསྡད་དེ་ཉིན་གཅིག་གི་རིང་ལ་ཉི་མ་ཤར་ཐེངས15མཐོང་ཐུབ་པ་དང༌། སྐར་མ་80ཡུན་ལ་སའི་གོ་ལར་སྐོར་བ་གཅིག་རྒྱག་ཐུབ་པ། འཛམ་གླིང་གི་མཛེས་ལྗོངས་ཡོད་ཚད་དང་ཁྱད་མཚར་ལྟད་མོ་མང་བོ་ཉམས་སུ་མྱོང་ཐུབ་པ་ཡིན་ཞེས་བཤད། ཡིན་ནའང་མི་གཅིག་གིས་འགྲོ་གྲོན་ནི་ཨ་སྒོར་ས་ཡ་བཞི་ཡིན་ཟེར་ཞིང་། རང་རྒྱལ་གྱི་དམངས་སྒོར་ལྟར་ན་ཧ་ལམ་ས་ཡ་སུམ་ཅུ་སོ་གཉིས་ཙམ་ཡིན་པ་དང་བཅས་སོ།།

     ལེའུ་ཚན་གཉིས་པ། རང་བྱུང་ཁམས་ཀྱི་ཤེས་རིག་གི་སྐོར།

    གཅིག སའི་གོ་ལའི་ལོ་རྒྱུས་བཤད་མགོ་བརྩམས་པ། ད་ལྟ་འཛམ་བུ་གླིང་དུ་ཕལ་ཆེར་ལོ་ངོ་དུང་ཕྱུར46 ཙམ་གྱི་ཚུན་ཆད་ཀྱི་སའི་གོ་ལ་འདིའི་འགྱུར་ལྡོག་དང་འཕེལ་རྒྱས་སྐོར་འཆད་ཀྱིན་ཡོད།།

    གཉིས། སའི་གོ་ལའི་སྟེང་དུ་ཆེས་ཐོག་མའི་སྐྱེ་དངོས་བྱུང༌བ། ཕལ་ཆེར་ལོ་དུང་ཕྱུར38ཀྱི་ཡར་སྔོན་ཙམ་ནས་སའི་གོ་ལའི་སྟེང་དུ་རྩྭ་ཆུ་སྔོན་པོ་སོགས་ཆེས་གདོད་མའི་སྐྱེ་དངོས་བྱུང་བར་བཤད།།

    གསུམ། སའི་གོ་ལའི་སྟེང་དུ་ཆེས་ཐོག་མའི་སྲོག་ཆགས་བྱུང་བ། ཕལ་ཆེར་ལོ་ངོ་དུང་ཕྱུར10 ཡི་ཡར་སྔོན་ཙམ་ན་གོ་ལའི་ཕྱི་ངོས་ཕལ་མོ་ཆེ་རྒྱ་མཚོས་བཟུང་ཡོད་ལ། རྒྱ་མཚོའི་ནང་དུ་སྒལ་ཚིགས་མེད་པའི་ཆེས་གདོད་མའི་སྲོག་ཆགས་ཆུང་ངུ་ཞིག་བྱུང་བར་བཤད། དེ་ནས་རིམ་བཞིན་སྐམ་ས་བྱུང་བ་ན། སྐམ་ཆུ་གཉིས་འཛོམས་སུ་འཚོ་བའི་སྲོག་ཆགས་དང་གོག་འགྲོའི་སྲོག་ཆགས་སོགས་ཀྱི་འཕེལ་རིམ་བརྒྱུད་ནས་འོང༌ཟེར།།
    
བཞི། ཉི་མ་དང་སའི་གོ་ལའི་བར་ཐག དབྱར་ཉི་ལྡོག་སྐབས་ལྟ་བུར་མཚོན་ན་གོ་ལ་དང་ཉི་མའི་བར་ཐག་རིང་བས་སྟོང་སྨི་དུང་ཕྱུར1.52 ཡོད་པ་དང༌། དགུན་ཉི་ལྡོག་སྐབས་སུ་བར་ཐག་ཉེ་སར་ཡོད་པས་སྟོང་སྨི་དུང་ཕྱུར1.47ལས་མེད་པ་ཡིན།  དེ་ཕྱིར་སའི་གོ་ལ་དེ་ཉི་མ་དང་བར་ཐག་ཉེ་རིང་མི་འདྲ་བའི་དབང་གིས་ལོ་གཅིག་ལ་དུས་ཚིགས་བཞིའི་འགྱུར་བ་བྱུང་གི་ཡོད་པ་རེད།།

    ལྔ། ཉིན་མཚན་གྱི་དབྱེ་བ་བྱུང་དོན། ང་ཚོ་འཚོ་སྡོད་བྱེད་སའི་གོ་ལ་འདིའང་འཁོར་སྐར་ཞིག་ཡིན་པས་ནམ་ཡང་མི་བརྟན་པར་གཡོན་ཕྱོགས་སུ་འཁོར་གྱིན་ཡོད། དེ་ཕྱིར་སའི་གོ་ལ་རང་འཁོར་ཐེངས་གཅིག་བརྒྱབས་པ་ལ་ཉིན་ཞག་གཅིག་ཟེར་ལ། དུས་ཚོད24རང་འགོར་ཞིང་། གོ་ལའི་ངོ་གང་ཞིག་ཉི་མའི་ཕྱོགས་སུ་འཁོར་བ་ན་དེ་ཕྱོགས་ཉི་འོད་འཕྲོ་བས་ཉིན་དཀར་དང༌། ངོས་གཞན་པ་དེ་ལ་ཉི་འོད་མེད་པས་མཚན་མོ་ཡིན། དེའི་ཕྱིར་ནམ་རྒྱུན་སའི་གོ་ལའི་ཕྱེད་ཀ་ནི་ཉིན་དཀར་དང་ཕྱེད་ཀ་མཚན་ནག་ཡིན་པས། ངོས་གཞན་པ་གཉིས་ནི་ཞོགས་པའི་སྐྱ་རེངས་དང་དགོང་ཕྱི་དྲོའི་ས་རུབ་ཁ་མ་ཡིན་པའང་རྟོགས་ཐུབ།།

    དྲུག ལོ་གཅིག་ལ་དུས་ཚིགས་བཞི་བྱུང་དོན། ལོ་གཅིག་ལ་དུས་ཚིགས་བཞི་ནི་དབྱར་ཉི་ལྡོག་གི་སྔ་གཞུག་ཏུ་སའི་གོ་ལའི་ཕྱེད་ཀ་ཉི་མར་ཁ་གཏད་དུ་ཡོད་པས་དེ་གར་ཉིན་མོ་རིང་ལ་མཚན་མོ་ཐུང་བ་དང༌། དྲོད་ཚད་ཀྱང་མཐོ་བས་དཔྱིད་ནས་དབྱར་ཚེས་པ་ཡིན། དགུན་ཉི་ལྡོག་གི་སྔ་གཞུག་ཏུ་སའི་གོ་ལའི་ཕྱེད་ཀ་ཉི་མ་ལས་ཕར་ཁ་ཕྱོགས་ཡོད་པས་དེ་གར་ཉིན་མོ་ཐུང་ལ་མཚན་མོ་རིང༌། དྲོད་ཚད་ཀྱང་དམའ་བས་རིམ་བཞིན་སྟོན་ཀ་ནས་དགུན་ཁ་ཚེས་པ་ཡིན།།

    བདུན། ཡར་སྔོན་སའི་གོ་ལའི་རྒྱ་ཁྱོན་ཡོངས་རྫོགས་རྒྱ་མཚོས་བཟུང་བ། ལོ་དུང་ཕྱུར་མང་བོའི་ཡར་སྔོན་དུ་སའི་གོ་ལའི་རྒྱ་ཁྱོན་ཡོངས་རྫོགས་རྒྱ་མཚོས་བཟུང་ཡོད་ཟེར་བ་ནི་འཛམ་གླིང་མཐོ་སྒང་གི་ཆེས་མཐོ་ཤོས་ཀྱི་རི་བོ་ཧི་མ་ལ་ཡར་ས་ཁམས་པས་རྒྱུན་དུ་བརྟག་དཔྱད་བྱེད་སྐབས་རི་རྩེའི་བྲག་རྡོའི་ནང་ནས་ཉ་དང་། དུང་དཀར། མཚོ་སྐྱེས་སྔོ་རིགས་སོགས་རྒྱ་མཚོའི་སྲོག་ཆགས་དང་སྐྱེ་དངོས་ཀྱི་འགྱུར་རྡོ་མང་དུ་རྙེད་པས་གནའ་སྔ་མོར་རི་བོ་ཧི་མ་ལ་ཡ་ཡང་རྒྱ་མཚོའི་གཏིང་དུ་ཡོད་པ་རྟོགས་ཐུབ་སོང༌། དེའི་ཕྱིར་ང་ཚོས་ཆུའི་གོ་ལ་ཟེར་བའང་དོན་དངོས་ཤིག་ཡིན་འདུག།

    བརྒྱད། སའི་གོ་ལ་ནས་ཉི་མའི་བར་བགྲོད་པའི་དུས་ཡུན། ང་ཚོའི་སའི་གོ་ལ་དང་ཉི་མའི་བར་ཐག་ནི་ཧ་ཅང་རིང་བས། ཕལ་ཆེར་སྤྱི་ལེ་དུང་ཕྱུར1.5ཡས་མས་ཡོད་པར་གླེང་གིན་ཡོད། དེ་ལྟ་ན་གལ་ཏེ་མི་ཞིག་ཉི་མའི་སྟེང་དུ་རང་ནུས་ཀྱིས་ཉིན་མཚན་མེད་པར་བགྲོད་པའི་དབང་དུ་བཏང་ན། ལོ3500འགོར་འགྲོ་བར་གནམ་རིག་པ་ཚོས་བསྡོམས་རྩིས་བྱས་ཡོད་པ་དང༌། སྤྱིར་བཏང་གི་གནམ་གྲུ་ཞིག་བར་མེད་དུ་བསྐྱོད་དེ་སོང་ནའང་ལོ20ལྷག་ཙམ་འགོར་བར་བཤད། དེས་ན་ད་སྔོན་སའི་གོ་ལ་འདིའི་མིའི་འགྲོ་བ་སུའང་ཉི་མ་དང་བར་ཐག་ཉེ་ས་ཙམ་ལའང་འགྲོ་མ་ནུས་པར་ལུས་ཡོད།། 

     ལེའུ་ཚན་གསུམ་པ། འཛམ་གླིང་ཐོག་གི་ཆེས་མཆོག་ཏུ་གྱུར་བའི་ཤེས་བྱའི་སྐོར།

    གཅིག འཛམ་གླིང་ཐོག་གི་ཕྱུགས་ཟོག་ཆེས་མང་བའི་རྒྱལ་ཁབ་ནི་རྒྱ་གར་ཡིན་པས། ཡ་གླིང་རྒྱ་གར་གྱི་ས་ཆ་ཡོངས་སུ་ཕལ་ཆེར་ཕྱུགས་ཟོག་གི་གྲངས་ཀ་དེ་ཞིབ་འཇུག་པའི་བསྡོམས་རྩིས་ལྟར་ན། དུང་ཕྱུར་གཉིས་དང་ཕྱེད་ཙམ་ལ་ཟིན་ཡོད་ཟེར་བས། འཛམ་གླིང་ཡོངས་ཀྱི་ཕྱུགས་ཟོག་གི་གྲངས་ཀའི་ལྔ་ཆའི་གཅིག་ལ་སླེབས། རྒྱུ་མཚན་ནི་རྒྱ་གར་གྱི་ཡུལ་མི་ཚོ་ཆོས་དད་མང་ཚོགས་ཤུགས་ཆེ་བས། སངས་རྒྱས་ཆོས་ལུགས་སུ་སྲོག་གཅོད་པ་བཀག་པ་དང་། ལྷག་པར་ཧིན་རྡུའི་ཆོས་ལུགས་སུ་རྒྱ་གར་ཆུ་བོ་གང་གཱ་དང་ཕྱུགས་ཟོག་ནི་རང་གི་ཡུལ་ལྷ་ལྟར་རྒྱུན་པར་བཀུར་འོས་པའི་གནས་མཆོག་ཤིག་ཏུ་བཤད་ཡོད། དེ་ཕྱིར་ཡུལ་མི་བརྒྱ་ཆའི་བརྒྱད་ཅུ་ཙམ་གྱིས་ཕྱུགས་ཟོག་གསོད་པ་དང་དེའི་ཤ་ཁྲག་གི་ཁ་ཟས་རོལ་བ་སོགས་ནི་གཞི་ནས་སྤང་བྱའི་སྤྱོད་ངན་ཞིག་ཡིན་པར་སེམས། ཕྱུགས་ཟོག་ཚོ་རྒས་ནས་འཆི་བ་ལས་གསོད་པ་ཉུང་སྟབས་ད་སྐབས་འཛམ་གླིང་གི་ཕྱུགས་ཟོག་ཆེས་མང་བའི་རྒྱལ་ཁབ་ཏུ་རང་བཞིན་གྱིས་འཕགས་སོ། འདི་ནི་རྒྱ་གར་གྱི་ཡུལ་མི་ཚོར་མཚོན་ན་གནའ་ནས་ད་བར་དུ་ཆེས་དར་ཁྱབ་ཆེ་བའི་ཡུལ་སྲོལ་གོམས་གཤིས་ཤིག་ཀྱང་རེད་ཅེས་བཤད་ཆོག།

    གཉིས། འཛམ་གླིང་ཐོག་གི་མིའི་འདུས་སྡོད་ཆེས་མང་བའི་གྲོང་ཁྱེར་ནི་ཡ་གླིང་རྒྱ་ནག་ལྷོ་ཕྱོགས་ཀྱི་ཨོ་མིན་གྲོང་ཁྱེར་ཡིན། ཨོ་མིན་གྲོང་ཁྱེར་གྱི་མིའི་འདུས་སྡོད་ཀྱི་གྲངས་ཀ་དེ་སྤྱིར་སྟོང་སྨི་གྲུ་བཞི་མ་གཅིག་གི་ཁྱོན་ལ་མི་ཁྲི་གཉིས་འདུས་སྡོད་བྱས་ཡོད་པ་འོས་འཚམས་ཡིན་ཀྱང་། གྲོང་ཁྱེར་དེའི་དཔའ་ཝང་ཐང་ཞེས་པའི་ས་ཆ་དེར་སྟོང་སྨི་གྲུ་བཞི་མ་གཅིག་གི་ཁྱོན་ལ་མི་ཁྲི་བཅུ་ལས་བརྒལ་ཏེ་འཚང་ཁ་བྱེད་འདུག་ཟེར། ད་དུང་གྲོང་ཁྱེར་དེས་ལོ་རེ་བཞིན་མགྲོན་པོའི་གྲངས་ཀ་ཁྲི་800ཙམ་སྣེ་ལེན་བྱེད་བཞིན་ཡོད། དེ་ལྟར་ན་འཛམ་གླིང་སྟེང་མི་གྲངས་ཆེས་མང་བའི་གྲོང་ཁྱེར་འཇར་པན་ཏོང་ཅིང་གྲོང་ཁྱེར་ལས་ཀྱང་མིའི་འདུས་གྲངས་བརྒལ་འདུག དེ་ཕྱིར་འཛམ་གླིང་སྟེང་གི་མིའི་འདུས་སྡོད་ཆེས་མང་བའི་གྲོང་ཁྱེར་ནི་རྒྱ་ནག་ཨོ་མིན་གྲོང་ཁྱེར་དུ་ངོས་འཛིན་གྱིན་འདུག།

    གསུམ། འཛམ་གླིང་ཐོག་གི་མི་གྲངས་ཆེས་མང་བའི་གྲོང་ཁྱེར་ནི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་2155ཙམ་ཡོད་པའི་ཡ་གླིང་འཇར་པན་གྱི་རྒྱལ་ས་ཏོང་ཅིང་ནི་འཛམ་གླིང་སྟེང་གཞིས་སྡོད་མི་གྲངས་ཆེས་མང་བའི་གྲོང་ཁྱེར་གཅིག་པུ་ཡིན། སྤྱི་ལོ2005ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུའི་སྟེང་གི་སྙན་ཞུ་ལྟར་ན། སྐབས་དེར་ཏོང་ཅིང་གི་མི་གྲངས་ཁྲི་ཚོ་3530ཙམ་ཟིན་ཡོད་པས་དབང་དུ་བྱས་ན་དངོས་གནས་འཇིགས་ཡེར་བ་ཞིག་རེད། དེ་ལྟར་ན་ཆ་སྙོམས་ས་ཆ་དེའི་སྨི་གྲུ་བཞི་མ་གཅིག་གི་རྒྱ་ཁྱོན་ལ་མི་བཅུ་དྲུག་གི་འཚོ་བ་རོལ་རྒྱུ་བྱུང་ཡོད། དེར་བརྟེན་འཇར་པན་གྱི་རྒྱལ་ས་ཏོང་ཅིང་ནི་འཛམ་གླིང་གི་མི་གྲངས་ཆེས་མང་བའི་གྲོང་ཁྱེར་ཁོ་ནར་གྱུར་ཡོད།།

     བཞི། འཛམ་གླིང་ཐོག་གི་མངའ་ཁོངས་ཆེས་རྒྱ་ཆེ་བའི་རྒྱལ་ཁབ་ནི་ཡ་གླིང་ནུབ་མ་དང་ཡོ་རོབ་གཉིས་ཀྱི་ཁྱབ་ཁོངས་བཟུང་བའི་ཡོ་རོབ་གླིང་གི་ཨུ་རུ་སུ་རྒྱལ་ཁབ་ཡིན། སྔོན་ཆད་རྒྱལ་ཁབ་དེའི་ཆབ་སྲིད་བརྟན་བརླིང་མེད་པས། སྲིད་དབང་སུའུ་ལེན་རྒྱལ་ཁབ་ཡིན་པའི་སྐབས་སུ་འཛམ་གླིང་གི་སའི་དྲུག་ཆ་གཅིག་བདག་བཟུང་བྱས་ཡོད་པ་དང་། ད་སྐབས་ཨུ་རུ་སུའི་མངའ་ཁོངས་ལའང་སྟོང་སྨི་གྲུ་བཞི་མ་1707ཡོད་པས། ཕལ་ཆེར་ད་སྐབས་ཀྲུང་ཧྭ་མི་དམངས་སྤྱ་མཐུན་རྒྱལ་ཁབ་ཀྱི་ས་ཆའི་རྒྱ་ཁྱོན་ལས་ལྡབ་ཉིས་འགྱུར་གྱིས་འཕགས་ཡོད། མངའ་ཁོངས་རྒྱ་ཆེ་ཕྱིར་ཁྱིམ་མཚེས་རྒྱལ་ཁབ་བཅུ་ཕྲག་ལྷག་ཡོད་པ་དང་། ད་དུང་ས་ཁུལ་སོ་སོའི་གནམ་གཤིས་ལའང་ཁྱད་པར་ཧ་ཅང་ཆེན་པོ་ཡོད། དེ་བས་ཨུ་རུ་སུ་རྒྱལ་ཁབ་ནི་འཛམ་གླིང་སྟེང་གི་ཁྱབ་ཁོངས་ཆེས་ཆེ་བའི་རྒྱལ་ཁབ་གཅིག་པུར་གྱུར་ཡོད་པ་ཡིན།།

     ལྔ་བ།  འཛམ་གླིང་ཐོག་གི་མངའ་ཁོངས་ཆེས་ཆུང་བའི་རྒྱལ་ཁབ་ནི་ཡོ་རོབ་གླིང་གི་ཨི་ཐ་ལི་རྒྱལ་སའི་ཉེ་འགྲམ་དུ་ཡོད་པའི་ཝ་ཐི་ཁན་གྲོང་ཁྱེར་རྒྱལ་ཁབ་རེད། རྒྱལ་ཁབ་དེ་གའི་མངའ་ཁོངས་ཡོངས་སུ་སྟོང་སྨི་གྲུ་བཞི་མ0.44 ལས་མེད་པས་མང་ཆེ་བས་གྲོང་ཁྱེར་རྒྱལ་ཁབ་ཅེས་འབོད་ཀྱིན་ཡོད། རྒྱལ་ཁབ་དེ་གའི་མིའི་གྲངས་ཀ་ནི་ཧ་ལམ་སྟོང་ཕྲག་གཉིས་ལ་མ་ལོང་ཙམ་ལས་མེད་ཚོད་རེད། མངའ་ཁོངས་ཧ་ཅང་ཆུང་ནའང་ཡིད་སྤྲོ་བ་ཞིག་ནི་རང་བཙན་རྒྱལ་ཁབ་ཁོ་ན་ཡིན་པས་སུས་ཀྱང་གཉའ་གནོན་བྱེད་མི་ཐུབ། འཚོ་བའི་ཡོ་ཆས་མང་ཆེ་བ་ཨི་ཐ་ལི་རྒྱལ་ཁབ་ནས་མཁོ་སྤྲོད་བྱེད་ཀྱིན་ཡོད། གྲོང་ཁྱེར་དེའི་དཔལ་འབྱོར་དང་འགྲིམ་འགྲུལ་སོགས་ཕྱོགས་གང་ཐད་ནས་སྣ་འཛོམས་རང་བཞིན་ཞིག་ཡིན་པ་མ་ཟད། འཛམ་གླིང་སྟེང་གནམ་བདག་ཆོས་ལུགས་ཀྱི་ལྷ་ཁང་ཆེས་ཆེ་བ་དེ་ཡང་གནས་དེར་ཡོད། དེས་ན་འཛམ་གླིང་སྟེང་མངའ་ཁོངས་ཆེས་ཆུང་བའི་རྒྱལ་ཁབ་ནི་ཝ་ཐི་ཁན་གྲོང་ཁྱེར་རྒྱལ་ཁབ་ཡིན་ནོ།།

     དྲུག་པ། འཛམ་གླིང་ཐོག་གི་ཆེས་རིང་བའི་སྦུ་གུ་ནི་ང་ཚོ་མི་ལུས་རང་སྟེང་གི་ཁྲག་རྩ་རྒྱུ་སའི་རྩ་སྦུག་དེ་རེད་ཟེར། གསལ་བོར་བཤད་ན་ང་ཚོའི་བསམ་ཡུལ་ལས་འདས་པ་ཞིག་ལ་མི་སུ་ཡིན་རུང་འཛམ་གླིང་ན་ཆེས་རིང་བའི་སྦུ་གུ་དེ་རང་གི་ལུས་སྟེང་ན་ཡོད་པ་སུས་ཀྱང་རྟོགས་དཀའ་བ་རེད། འདི་གསལ་བོར་བཤད་ནའང་མི་གང་མང་ཞིག་གིས་ཡ་མཚན་པར་འགྱུར་བ་དང་། ཡང་ན་མི་གང་མང་ཞིག་གིས་ཡིད་མི་ཆེས་པར་འགྱུར་ཡང་སྲིད། གང་ལྟར་ད་སྔོན་ཆེད་མཁས་པ་གང་མང་ཞིག་གིས་མིའི་ལུས་ཕུང་ལ་དཔྱད་ཆས་ཀྱིས་ཡང་ཡང་བརྟགས་པའི་མཇུག་འབྲས་ཕྱོགས་བསྡོམས་བྱས་པ་ལྟར་ན། མིའི་ལུས་ཕུང་ཧྲིལ་བོ་ན་རྩ་ཕྲན་མི་འདྲ་བ་དུང་ཕྱུར་1000ལྷག་ཡོད་པ་དངོས་རྟོགས་བྱུང་ཡོད་ཅེས་མང་དུ་བསྒྲགས། འོན་ཀྱང་ང་ཚོའི་རྩ་ཕྲན་དེ་དག་རང་བཞིན་གྱི་མིག་གིས་མཐོང་ག་ལ་ཐུབ་མོད། གལ་ཏེ་རྩ་ཕྲན་དེ་དག་གཅིག་རྗེས་གཉིས་མཐུད་བྱེད་པའི་དབང་དུ་བཏང་ན་རིང་ཐུང་ལ་སྟོང་སྨི་ཁྲི་༡༠ལྷག་ཡོད་པས་ང་ཚོ་གནས་སའི་ཟླུམ་གཟུགས་སའི་གོ་ལ་འདིར་དཀྲིས་གཉིས་ལ་ལོང་འགྲོ་བར་རྟོགས་ཐུབ་ཟེར། དེས་ན་འཛམ་གླིང་གི་ཆེས་རིང་བའི་སྦུ་གུ་ནི་འགྲོ་བ་མི་རེ་རེར་བཞིན་རང་ཉིད་ཀྱི་ལུས་ཐོག་ཏུ་ཡོད་པའི་ཁྲག་རྩ་དེ་ཡིན་ཞེས་ལབ་ཆོག་ཆོག་རེད་ཟེར་ཏོ།།

     བདུན་པ། འཛམ་གླིང་གི་ཉི་མ་ཤར་ཚད་ཆེས་རིང་བའི་གྲོང་ཁྱེར་ནི་བོད་ལྗོངས་རེད། དེར་ལོ་རེའི་ཉི་འོད་ཕོག་ཡུན་དུས་ཚོད3100ནས3400བར་ཡིན། དེའི་ཕྱིར་མི་རྣམས་ཀྱིས་ཉི་འོད་གྲོང་ཁྱེར་ཞེས་ཀྱང་འབོད་ཀྱིན་ཡོད།།

     བརྒྱད་པ། འཛམ་གླིང་ཐོག་གི་ཟངས་གསེར་རྐྱང་རྐྱང་གིས་བཟོས་པའི་ཆེས་ཆེ་བའི་ལྷ་སྐུ་ནི་གཙང་བཀྲ་ཤིས་ལྷུན་པོར་བཞུགས་པའི་བྱམས་སྐུ་ཆེན་མོ་ཡིན་ལ། དེར་ཟངས་རྒྱ་མ་ཁྲི23དང་། གསེར་སྲང6700བཀོལ་ནས་བཞེངས་ཡོད་པས། སྐུ་དེའི་དཔངས་ལ་སྨི33ཡོད།།

     དགུ་བ། འཛམ་གླིང་ཐོག་གི་ཆེས་རིང་བའི་ཐང་ག་ནི་སྐུ་ཞབས་བརྩོན་འགྲུས་རབ་རྒྱས་ཀྱིས་བཞེངས་པའི་ཀུན་འདུས་ཞལ་ཐང་ཆེན་མོ་ཡིན་ལ། དེའི་རིང་ཚད་ལ་སྨི600ལྷག་ཡོད་པར་བཤད།།

     བཅུ་བ། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཆེས་ཆེ་བའི་རྡོ་བརྐོས་གསུང་རབ་ནི་རྫ་དཔལ་སྤྲུལ་རྡོ་རིང་ཡིན་ལ་དེར་རྐང་ཐང་གིས་སྐོར་བ་གཅིག་བརྒྱབས་ན་དུས་ཚོད་གཅིག་ཙམ་དགོས་ཞེས་བཤད།།

     བཅུ་གཅིག འཛམ་གླིང་ཐོག་གི་གསུང་རབ་ཤིང་པར་ཁང་ཆེན་མོ་ནི་སྡེ་དགེའི་པར་ཁང་ཆེན་མོ་སྟེ། ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྤྱི་ལོ1729ལོར་གསར་བཞེངས་བྱས་པ་དང་། དེར་པར་ཤིང་ཁྲི217ཡོད་པར་བཤད། སྡེ་དགེའི་པར་ཁང་ཆེན་མོ་ཞེས་འཛམ་གླིང་ས་འཛིན་དབང་མོའི་ཁྱོན་ཡོངས་སུ་གྲགས་སོ།།    

     བཅུ་གཉིས། རྒྱལ་ཡོངས་ཀྱི་གསུང་རབ་གླེགས་བམ་ཆེས་མང་བའི་དགོན་པ་ནི་ས་སྐྱ་དགོན་པ་རེད། དེར་ཆོས་དཔེ་པོ་ཏི་ཁྲི28བཞུགས་ཡོད་ཅེས་གྲགས་སོ།།

     བཅུ་གསུམ། རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་ཆོས་དཔེ་ནི་ས་སྐྱའི་པོ་ཏི་ལྕགས་ལུང་མ་རེད། རིང་ཚད་ལ་ལིའི་སྨི137དང་ཞིང་ལ110མཐུག་ཚད་ལ67ཡོད་པ་ཡིན།། 

བཅོ་བཞི། འཛམ་གླིང་མཐོ་སྒང་གི་ཆེས་ཆེ་བའི་ཆུ་བོ་ནི་ཡར་ཀླུང་གཙང་བོ་རེད། དེའི་མཐོ་ཚད་ལ་མཚོ་ངོས་ནས་སྨི4500ཡོད་པ་དང་། རིང་ཚད་ལ་སྤྱི་ལེ2057ཡོད།།   

     བཅོ་ལྔ། འཛམ་གླིང་ཐོག་ཏུ་མི་གཅིག་གིས་ངལ་རྩོལ་ལས་བཞེངས་པའི་ཕོ་བྲང་ཆེས་ཆེ་བ་ནི་དུས་རབས་བཅུ་གཅིག་པར་བཞེངས་པའི་སྲས་མཁར་དགུ་ཐོག་ཡིན་ལ། དེ་ནི་རྗེ་མི་ལ་རས་པ་ཁོང་གཅིག་གིས་ངལ་རྩོལ་ཁོ་ནས་བཞེངས་ཤིང་ཚིགས་དགུ་ཅན་གྱི་ཐོག་ཁང་མཐོན་པོ་ཞིག་ཏུ་གྲགས་སོ།།
      
བཅུ་དྲུག འཛམ་གླིང་སྟེང་གི་ཆེས་རིང་བའི་ལོ་རྒྱུས་སྒྲུང་རྩོམ་ནི་བོད་ཀྱི་གེ་སར་སྒྲུང་རྩོམ་རིང་མོ་ཡིན་ཞིང་དེར་བསྡོམས་པས་པོ་ཏི120བཞུགས་ཡོད།།

     བཅུ་བདུན། འཛམ་གླིང་སྟེང་གི་ཆེས་ཆེ་བའི་སྡོང་བོ་ནི་ཨ་མེ་རི་ཀར་ཡོད་ལ་དེའི་མཐོ་ཚད་ལ་སྨི༨༠དང་སྦོམ་ཚད་ལ་སྨི24ལྷག་ཡོད་ཟེར།

     བཅོ་བརྒྱད། འཛམ་གླིང་ཐོག་གི་ཆེས་ཆེ་བའི་ཤུག་སྡོང་ནི་བོད་ལྗོངས་ཉིང་ཁྲི་རུ་ཡོད་པའི་གཤེན་རབ་བླ་ཤིང་དུ་གྲགས་པ་དེ་ཡིན་ཞིང་། དེའི་མཐོ་ཚད་ལ་སྨི50དང་སྦོམ་ཚད་ལ་མི་བཅུ་གཉིས་ཀྱི་ལག་རྡང་གིས་འཁྱུད་ཙམ་ཡོད་ཟེར།

     བཅུ་དགུ། འཛམ་གླིང་སྟེང་རྒྱ་ཁྱོན་ཆེས་ཆེ་བའི་གནའ་མཁར་ཕོ་བྲང་ནི་བོད་ཀྱི་ཕོ་བྲང་ཆེན་པོ་པོ་ཏ་ལ་ཡིན་ཞིང་། ཕོ་བྲང་འདི་ནི་དུས་རབས་བདུན་པའི་ནང་བོད་རྒྱལ་སྲོང་བཙན་སྒམ་པོས་ཆེད་དུ་བསྐྲུན་པའི་བོད་ཀྱི་ཕ་མཁར་ཞིག་ཡིན་ལ། འདིའི་བཟོ་བཀོད་དང་རྩིག་པ་སོགས་ལ་གླིང་གཞན་ན་མེད་པའི་ཐུན་མིན་གྱི་ཁྱད་ཆོས་དང་ལག་རྩལ་ལྡན་པས། ལོ་ངོ་སྟོང་ཕྲག་ལྷག་གི་རྒྱབ་ལྗོངས་འདས་ནའང་ཞིག་རལ་གྱི་སྐྱོན་མ་ཤོར་བས་འཛམ་གླིང་སྟེང་ཆེས་ཁྱད་དུ་འཕགས་པའི་ཕོ་བྲང་གི་གོ་གནས་བཟུང་ཡོད་པས། ཕོ་བྲང་འདིའི་མཐོ་ཚད་ལ་སྨི117ཡོད་པ་དང་ཁང་བརྩེགས་13ཡིན་པ་དང་། རིང་ཚད་ལ་སྨི420དང་སྤྱའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི13ཙམ་ཡོད། གྲུབ་ཆ་གཙོ་བོ་ནི་རྡོ་ལྕགས་སའི་རྩིག་པ་མི་འདྲ་བའི་ཞེང་ལ་སྨི3ནས་5བར་ཡོད། ད་དུང་མཚོ་ངོས་ནས་ཆེས་མཐོ་སར་ཡོད་པའི་ཕོ་བྲང་གཅིག་པུའང་ཡིན། དེ་ཕྱིར་འཛམ་གླིང་སྟེང་རྒྱ་ཁྱོན་ཆེས་ཆེ་བའི་གནའ་མཁར་ཕོ་བྲང་ནི་བོད་གངས་ཅན་གྱི་ཕོ་བྲང་ཆེན་པོ་པོ་ཏ་ལ་འདི་ཉིད་ལས་མ་འདས་སོ།    

     ཉི་ཤུ་ཐམ་པ། འཛམ་གླིང་ཐོག་གི་བསྒྱུར་རྩོམ་ཆེས་མང་བའི་ལོ་ཙྭ་བ་ནི་བོད་ཀྱི་མཁས་པའི་དབང་པོ། གོང་མའི་དབུ་བླ་ཆེན་པོ་ལྕང་སྐྱ་རོལ་བའི་རྡོ་རྗེ་ཡིན་ཞིང་། ཁོང་གིས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་མན་ཇུའི་ཡི་གེར་བསྒྱུར་ནས་བཞུགས་སོ།།

     ཉེར་གཅིག འཛམ་གླིང་ཐོག་གི་གསུང་རྩོམ་ཆེས་མང་བའི་མཁས་པ་ནི་བོད་ཀྱི་མཁས་པ་ཆེན་པོ་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ཡིན་ཞིང༌། ཁོང་གི་བརྩམས་ཆོས་ལ་པོ་ཏི137བཞུགས་ཡོད། ད་ལྟ་རྒྱ་གར་དང་ཨ་རིའི་དཔེ་མཛོད་ཁང་སོགས་སུའང་ཉར་ཚགས་བྱས་ནས་བཞུགས་ཡོད་པར་གྲགས་སོ།།

     ཉེར་གཉིས། བོད་གངས་ཅན་ཡུལ་དུ་ཆེས་ཐོག་མའི་མ་ཧཱ་པཎྡི་ཏ་ཆེན་མོ་ནི་ས་སྐྱ་པཎྡི་ཏ་ཀུན་དགའ་རྒྱལ་མཚན་ཡིན་ཞིང་། ཁོང་གིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཕྱོགས་ལ་ཕྱག་རྗེས་བླ་མེད་མཛད་དོ།།

     ཉེར་གསུམ། འཛམ་གླིང་ཐོག་གི་ལོ་ན་ཆེས་ཆུང་བའི་རྩོམ་པ་པོ་ཁོ་མོའི་མིང་ལ་ཏོ་ལོ་ཞི་སི་ཐུ་ལེ་ཐུ་ཟེར་ཞིང་མོ་ལོ་བཞི་ལ་སོན་སྐབས༼འཇིག་རྟེན་ནི་ཇི་ལྟར་མགོ་བརྩམས་པ་ཡིན༽ཞེས་པའི་བརྩམས་ཆོས་ཤིག་བརྩམས་ནས་པར་བསྐྲུན་བྱས་པར་གྲགས་སོ།།

     ལེའུ་ཚན་བཞི་བ། བོད་ཁུལ་གྱི་རྒྱུན་ཤེས་གལ་ཆེན་དུ་མའི་སྐོར།

    དང་པོ། བོད་ཁྲི་སྐོར་བཅུ་གསུམ་ནི་ལ་སྟོད་ལྷོའི་ཁྲི་སྐོར་དང་། ལ་སྟོད་བྱང་གི་ཁྲི་སྐོར། ཆུ་མིག་ཁྲི་སྐོར། གུར་མོ་ཁྲི་སྐོར། ཞ་ལུ་ཁྲི་སྐོར། ཤངས་ཁྲི་སྐོར། རྒྱ་མ་ཁྲི་སྐོར། ཕག་གྲུ་ཁྲི་སྐོར། འབྲི་གུང་ཁྲི་སྐོར། ཚལ་པ་ཁྲི་སྐོར། བྱ་ཡུལ་ཁྲི་སྐོར། ཡར་འབྲོག་ཁྲི་སྐོར། གཡའ་བཟང་ཁྲི་སྐོར་བཅས་ཡོན་རྒྱལ་རབས་ཀྱིས་ས་ཆེན་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་ལ་ཕུལ་བའི་བོད་ཁྲི་སྐོར་བཅུ་གསུམ་དུ་གྲགས་སོ།

    གཉིས་པ། བོད་ཡུལ་ན་མཚོ་མིང་གྲགས་ཅན་བཅུ་ཡོད་པ། དེ་དག་ནི་མ་ཕམ་གཡུ་མཚོ། སྐྱེམས་མཚོ། གནམ་མཚོ་ཕྱུག་མོ། ཡར་འབྲོག་གཡུ་མཚོ། ཕག་མཚོ། བེ་རུ་དུག་མཚོ། སྟོང་རི་མཚོ་ནག མཚོ་ཁྲི་ཤོར་རྒྱལ་མོ། མཚོ་སྐྱ་རེངས། མཚོ་སྔོ་རེངས་བཅས་སོ།། 

    གསུམ་པ། སྤྱི་ལོ་དང་སྤྱི་ལོ་སྔོན་གྱི་ལོའི་ཁྱད་པར་ནི་ཡེ་ཤུའི་ཆོས་ལུགས་ཀྱི་སྟོན་པ་མ་ཤི་ཀ་འཁྲུངས་ལོའམ་འཁྲུངས་ནས་ལོ་བཞི་ནས་སྤྱི་ལོ་བརྩི་མགོ་ཚུགས་པ་ཡིན། ཡེ་ཤུའི་འཁྲུངས་ལོ་དེ་དང་བོ་བྱས་ནས་དེའི་ཡར་སྔོན་དུ་ལྡོག་བརྩིས་བྱས་ནས་འགྲོ་བ་ལ་སྤྱི་ལོ་སྔོན་གྱི་ལོ་ཟེར། ནུབ་ཕྱོགས་པས་སྤྱི་ལོ532དང་རྒྱ་ནག་པས་1949ལོ་ནས་དངོས་སུ་བེད་སྤྱོད་བྱས་པ་ཡིན། ད་སྐབས་འཛམ་གླིང་ཡོངས་ལ་ཁྱབ་བརྡལ་དུ་སོང་ཡོད་པ་ཞིག་ཡིན། འཛམ་གླིང་ན་དར་ཁྱབ་ཆེས་ཆེ་བའི་ཆོས་ལུགས་ཆེན་པོ་གསུམ་ལས། ཡེ་ཤེས་ཆོས་ལུགས་ཀྱི་སྟོན་པ་མ་ཤི་ཀ་ཁོང་དགོང་གྲངས་34པར་སྐུ་གཤེགས། ད་སྐབས་འཛམ་གླིང་ཡོངས་ལ་ཁྱབ་བརྡལ་འགྲོ་བཞིན་པའི་སྤྱི་རྩིས་ཤིག་ཡིན་ནོ།།

    བཞི་བ། ལོ་རབས་དང་དུས་རབས་ཀྱི་ཁྱད་པར་ནི་ལོ10རེ་ལ་ལོ་རབས་གཅིག་དང༌། ལོ100རེ་ལ་དུས་རབས་གཅིག་ཟེར། གོམས་སྲོལ་ལ་དུས་རབས་ཤིག་གི་ལོ་སྔོན་མ20ལ་དུས་རབས་ག་གེ་མོའི་མགོ་དང༌། དུས་རབས་ཤིག་གི་མཇུག་གི་ལོ10ལ་དུས་རབས་ག་གེ་མོའི་མཇུག་ཟེར་སྲོལ་ཡོད། དེས་ན་ད་སྐབས་ནི་དུས་རབས་ཉེར་གཅིག་པའི་ལོ་རབས་ཉི་ཤུ་པ་ལ་སླེབས་ཡོད་པ་ལྟ་བུ་ཡིན་ནོ།།
   
ལྔ་བ། རབ་བྱུང་གི་བརྩི་མགོ་བརྩམས་པ་དེ་ནི་སྤྱི་ལོ1027ལོ་སྟེ། དུས་འཁོར་རྒྱུད་འགྲེལ་རྒྱ་གར་སྐད་ནས་བོད་སྐད་དུ་ཐོག་མར་བསྒྱུར་བའི་ལོ་དེ་ནས་བཟུང༌ལོ་ཙཱ་བ་ཟླ་བའི་འོད་ཟེར་གྱིས་རབ་བྱུང་བརྩི་བའི་སྲོལ་བཏོད་པ་ཡིན། རབ་བྱུང་གཅིག་ལ་ལོ60ཡོད་ཅིང༌། དེའི་ལོ་དང་པོ་ནས་བགྲང་བྱ་གཅིག་རེ་བྱས་ནས་རྩི་བཞིན་ཡོད། ད་སྐབས་གཙོ་བོ་བོད་ཁམས་ཕྱི་ནང་གི་སྤྱི་རྩིས་གཅིག་པུར་གྱུར་ཡོད།།

    དྲུག་པ། སངས་རྒྱས་འདས་ལོ་དང་བོད་རྒྱལ་ལོ་ཞེས་པ། སངས་རྒྱས་འདས་ལོ་ནི་སྤྱི་ལོ་སྔོན་གྱི་ལོ544སྟེ་སངས་རྒྱས་སྐུ་མྱ་ངན་ལས་འདས་པ་ནས་བཟུང་བརྩིས་པ་ཞིག་དང༌། བོད་རྒྱལ་ལོ་ནི་སྤྱི་ལོ་སྔོན་གྱི་ལོ127ཏེ་གཉའ་ཁྲི་བཙན་པོ་བོད་རྒྱལ་ཐོག་མར་བྱོན་པ་ནས་བཟུང་བརྩིས་པ་ཡིན། དེང་སྐབས་བོད་རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་བྱི་བ་སྤྱི་ལོ2020ལོར། འདས་ལོ2564དང༌བོད་རྒྱལ་ལོ2147བཅས་ལ་ཐོན་ཡོད་ཟེར། ད་སྐབས་བོད་ཁམས་ཕྱི་ནང་ཀུན་ཏུ་ལུགས་འདི་བརྩི་བཞིན་པའང་མང་ཙམ་འདུག་ཅིང་། ཁྱད་པར་དུ་དབུས་གཙང་ས་ཁུལ་ནས་འདི་ལྟར་བརྩི་བ་མང་ཀྱང་ཨ་མདོ་ས་ཁུལ་མང་ཤོས་སུ་སྔར་བཞིན་སངས་རྒྱས་འདས་ལོ་ལྟར་བརྩི་བ་མང་པས། དུས་འཁོར་གྱི་་ཁྱད་པར་ལྟར་ན་འགལ་བ་ཆེན་པོ་མི་འདུག་ཟེར།།

    བདུན་པ། འཛམ་གླིང་གི་ནང་བསྟན་གནས་ཆེན་ལྔ་ནི་དབུས་ན་ཐུབ་པའི་བཞུགས་གནས་རྡོ་རྗེ་གདན། ཤར་ན་འཇམ་པའི་དབྱངས་ཀྱི་བཞུགས་གནས་རི་བོ་རྩེ་ལྔ། ལྷོ་ན་སྤྱན་རས་གཟིགས་ཀྱི་བཞུགས་གནས་རི་བོ་གྲུ་འཛིན། ནུབ་ན་མཁའ་འགྲོའི་བཞུགས་གནས་ཨོ་རྒྱན་གླིང༌། བྱང་ན་རིག་ལྡན་དྲགས་པོའི་་བཞུགས་གནས་ཤམ་བྷ་ལ་བཅས་གནས་གྲགས་ཆེན་ལྔ་ཡོད་པར་གྲགས་སོ།།

    བརྒྱད་པ། ནང་བསྟན་ཆོས་ལུགས་སྤེལ་བ་དང་དེར་དད་མོས་བྱེད་མཁན་ནི་སྤྱི་ལོ་སྔོན་གྱི་དུས་རབས6པར་རྒྱ་གར་ཤར་ཕྱོགས་ནས་སྟོན་པ་ཤཱཀྱ་ཐུབ་པས་སྤེལ་ཏེ་གླིང་ཆེན་ཨེ་ཤ་ཡའི་རྒྱལ་ཁབ་སོ་སོར་དར་ཁྱབ་བྱུང༌པ་དང་། ད་སྐབས་འཛམ་གླིང་ན་དེར་དད་མོས་བྱེད་མཁན་མི་གྲངས་དུང་ཕྱུར་དྲུག་ལ་ལ་ཉེ་བ་ཙམ་ཡོད་ཅིང་། ཀྲུང་གོ་ནི་ནང་བའི་ཆོས་ལུགས་པ་ཆེས་མང་པའི་རྒྱལ་ཁབ་ཅིག་ཡིན་ནོ།།
   
དགུ་བ། འཛམ་གླིང་ན་མིང་དུ་གྲགས་པའི་བོད་ཀྱི་ནང་བསྟན་གཙུག་ལག་ཁང་རྣམ་གཉིས་ནི་དུས་རབསབདུན་པའི་ནང་དུ་ལྷ་ས་རུ་བལ་བོའི་རྒྱལ་བོ་འོད་ཟེར་གོ་ཆའི་སྲས་མོ་བལ་བཟའ་ཁྲི་བཙུན་གྱིས་བཞེངས་པའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་དང༌། ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཐེ་ཙུང་གི་སྲས་མོ་ཝེན་ཁྲེན་ཀོང་ཇོས་བཞེངས་པའི་རྒྱ་སྟག་ར་མོ་ཆེའི་གཙུག་ལག་ཁང་རྣམ་གཉིས་ཡིན་ནོ།།
   
བཅུ་བ། འཛམ་གླིང་ན་རྙེད་པར་དཀའ་བའི་ནང་བསྟན་གྱི་རྟེན་མཆོག་རྣམ་གཉིས་ནི་དུས་རབས་བདུན་པའི་ནང་དུ་རྒྱ་ནག་གོང་མའི་ཕོ་བྲང་ནས་བོད་དུ་གདན་དྲངས་པའི་ཇོ་བོ་ཤཱཀྱ་མུ་ནེ་དང༌། བལ་བོའི་རྒྱལ་བོའི་ཕོ་བྲང་ནས་གདན་དྲངས་པའི་ཇོ་བོ་མི་བསྐྱོད་རྡོ་རྗེ་རྣམ་གཉིས་ཡིན་ནོ།།

    བཅུ་གཅིག ཇོ་ཤཱཀ་རྣམ་གཉིས་འཛམ་གླིང་ན་མི་རྙེད་པའི་རྟེན་འགང་ཆེན་ཡིན་པའི་རྒྱུ་མཚན་ནི་སྔོན་སངས་རྒྱས་ཤཱཀྱ་ཐུབ་པ་ཞལ་བཞུགས་པའི་སྐབས་སུ་ལྷ་དབང་བརྒྱ་བྱིན་གྱིས་སྦྱིན་བདག་བྱས་ཏེ། བཟོ་བོ་བི་ཤྭ་ཀརྨས་སངས་རྒྱས་ཤཱཀྱ་ཐུབ་པ་ཉིད་དགུང་ལོ་བརྒྱད་གྱི་ལུས་ཚད་ཅན་དང༌། བཅུ་གཉིས་ཀྱི་ལུས་ཚད་ཅན། ཉེར་ལྔ་དང་སྐུའི་ཚད་དངོས་ཅན་བཅས་བཞི་བཟོ་བསྐྲུན་བྱས་པར་སྟོན་པ་ཉིད་ཀྱིས་དངོས་སུ་བྱིན་རླབས་དང་རབ་གནས་མཛད། དེའི་རྗེས་དགུང་ལོ་ཉེར་ལྔ་དང་སྐུའི་ཚད་དངོས་ཅན་གཉིས་ལྷ་གནས་སུ་གདན་དྲངས། གཞན་གཉིས་ཨོ་རྒྱན་ཡུལ་དང༌། ཀླུ་ཡུལ། རྡོ་རྗེ་གདན་སོགས་ནས་ལོ་མང་བཞུགས། ཕྱིས་སུ་རྒྱལ་པོ་དེ་པཱ་ལས་དགུང་ལོ་བཅུ་གཉིས་ཀྱི་ཚད་ཅན་དེ་རྒྱ་ནག་དང༌། བརྒྱད་པའི་ཚད་ཅན་དེ་བལ་ཡུལ་དུ་སྤྱན་དྲངས། དེའི་རྗེས་སུ་རྒྱ་བཟའ་དང་བལ་བཟས་བོད་དུ་གདན་དྲངས་པ་ཡིན་པས་འཛམ་གླིང་ན་རྟེན་མཆོག་འདི་གཉིས་ལས་གཞན་ན་དཀོན་པར་གྱུར་ཏོ།།

     ལེའུ་ཚན་ལྔ་བ། བོད་ཡུལ་གྱི་ཤེས་རིག་དུ་མའི་སྐོར།

    དང་པོ། བོད་ཀྱི་ཐོག་མ་ལྔ་ཞེས་པ་ནི་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ། བོད་མཁར་ཐོག་མ་ཡུམ་བུ་བླ་མཁར། བོད་ཡུལ་ཐོག་མ་ཡར་ཀླུང་གཙང་པོའི་ཁོག བོད་ཞིང་ཐོག་མ་ཟོ་དང་ཞིང་། བོད་གྲོང་ཐོག་མ་ཕྱིང་བ་སྟག་རྩེ་བཅས་ནི་བོད་ཡུལ་དར་རྒྱས་བྱུང་བའི་རྨང་གཞི་ཡིན་ནོ།།  

     གཉིས་པ། བོད་ཆོལ་ཁ་གསུམ་གྱི་ས་མཚམས་ནི་མངའ་རིས་གུང་ཐང་ནས་སོག་ལ་སྐྱ་བོ་ཡན་ཆད་དབུས་གཙང་ཆོས་ཀྱི་ཆོལ་ཁ་དང་། སོག་ལ་སྐྱ་བོ་ནས་རྨ་ཆུའི་ཁུགས་པ་ཡན་ཆད་མདོ་སྟོད་མིའི་ཆོལ་ཁ། རྨ་ཆུའི་ཁུགས་པ་ནས་རྒྱ་ནག་གི་མཆོད་རྟེན་དཀར་པོ་ཡན་ཆད་མདོ་སྨད་རྟའི་ཆོད་ཁ་རུ་གྲགས་སོ། དེང་སྐབས་བོད་ཆོལ་ཁ་གསུམ་ལ་མིང་གསར་བ་ཡོད་དེ་དེང་གི་མཁས་པ་ཚོས། དབུས་གཙང་སྲིད་ཀྱི་ཆོལ་ཁ། མདོ་སྟོད་ནོར་གྱི་ཆོལ་ཁ། མདོ་སྨད་ཤེས་རིག་གི་ཆོལ་ཁ་ཟེར་གྱིན་ཡོད། ད་སས་ན་བོད་ཀྱི་སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ས་ཡ་གཉིས་དང་འབུམ་བཞི་ལྷག་ཡོད་པར་ཟེར་ཏོ།། 

     གསུམ་པ། བོད་ཡུལ་གྱི་མཁས་པ་མི་བཞི་ནི་སློབ་དཔོན་པདྨ་འབྱུང་གནས་དང༌། བི་མ་ལ་མི་ཏྲ། བཻ་རོ་ཙ་ན། གནུབས་ནམ་མཁའི་སྙིང་བོ་བཅས་ཡིན་ནོ།།

     བཞི་བ། བོད་ཀྱི་ཟློས་གར་ཆེན་མོ་བརྒྱད་ཅེས་པ་ནི་བོད་ཀྱི་ལྷ་མོའི་ཟློས་གར་རྣམ་བརྒྱད་དུ་གྲགས་པ་གྲུབ་ཆེན་ཐང་སྟོང་རྒྱལ་བོས་དུས་རབས་བཅོ་ལྔ་པར་སྲོལ་ཕྱེས་པ་ཞིག་ཡིན་ཞིང་། དོན་ཡོད་དོན་གྲུབ་དང་། གཟུགས་ཀྱི་ཉི་མ། སྣང་ས་འོད་འབུམ། ཨ་ཅེ་རྒྱ་བཟའ། པདྨ་འོད་འབར། འགྲོ་བ་བཟང་མོ། དྲི་མེད་ཀུན་ལྡན། ཆོས་རྒྱལ་ནོར་བཟང་བཅས་བརྒྱད་པོའོ།།
     
ལྔ་བ། ངག་རྒྱུན་ལ་དར་བའི་བོད་ཀྱི་རུས་ཆེན་བཞི་ནི་སྨུག་པོ་ལྡོང༌། ཨ་ལྕགས་འབྲི། དམུ་ཚ་སྒ། བསེ་ཆུང་སྦྲ་བཅས་བཞི་ཡིན་ནོ།།

     དྲུག་པ། བོད་མི་རིགས་ཐོག་མར་འཕེལ་རྒྱས་བྱུང་བའི་ས་ཆ་ནི་ཡར་ཀླུང་གཙང་བོའི་འགྲམ་རྒྱུད་ཡིན་ཞིང་ས་དེར་བོད་ཆེན་པོའི་རྒྱལ་རབས་སོ་བདུན་ཡན་གྱི་སྲིད་དོན་གྱི་ལྟེ་གནས་ཀྱང་ཡིན་ནོ།།

     བདུན་པ། གངས་ཏེ་སེའི་རི་རྒྱུད་ཀྱི་མཐོ་ཚད་དང་ཞིང་ཚད་ནི་གངས་ཏེ་སེའི་རི་རྒྱུད་ནི་ནུབ་སེངྒེ་གཙང་བོ་ནས་ཤར་གཞིས་ཀ་རྩེའི་བར་དུ་བསྲིངས་ཡོད་ཅིང་། ཞེང་ལ་སྤྱི་ལེ80དང་མཐོ་ཚད་ལ་མཚོ་ངོས་ནས་སྨི6000ལྷག་ཡོད་པར་གྲགས་སོ།།

     བརྒྱད་པ། མདོ་དབུས་མཐོ་སྒང་གི་ཆུ་བཞི་སྒང་དྲུག་པའི་ཆུ་བཞི་ནི། རྨ་ཆུ། འབྲི་ཆུ། ཟླ་ཆུ། ལྷོ་རྒྱལ་མོ་དངུལ་ཆུ་བཅས་ཡིན། སྒང་དྲུག་ནི། ཚ་བ་སྒང༌། སྨར་ཁམས་སྒང༌། སྤོ་འབོར་སྒང༌། མི་ཉག་རབ་སྒང༌། དམར་རྫ་སྒང༌། ཟལ་མོ་སྒང་བཅས་ཡིན་ནོ།།།

    དགུ་པ། བོད་ཡུལ་གྱི་མཚོ་ཆེན་བཞི་ནི་མ་ཕམ་གཡུ་མཚོ། གནམ་མཚོ། སྣུབ་མཚོ། ཁྲི་ཤོར་རྒྱལ་མོ་བཅས་ལ་ཟེར་ཏོ།།

    བཅུ་བ། བོད་ཡུལ་གྱི་རྨ་ཆུའི་རིང་ཚད་ནི་སྤྱི་ལེ5464ཡོད།།

    བཅུ་གཅིག བོད་ཡུལ་གྱི་རྨ་ཆེན་གངས་རིའི་མཐོ་ཚད་ནི་མཚོ་ངོས་ལས་སྨི6280ཙམ་ཡོད།།

    བཅུ་གཉིས། འགྲོ་བ་མིའི་འཚོ་རྟེན་ནོར་གནག་གཅིག་པུས་འཚོ་ཐུབ་པའི་ས་ཆ་ནི་འཛམ་གླིང་གི་སྲོག་ཆགས་གཞན་དང་མི་འདྲ་བར་འཚོ་བཅུད་འབྱུང་ཞིང་དྭངས་གཙང་གི་འཚོ་བ་རོལ་བའི་གཏེར་ཟོག་ཅིག་ལ་ངོས་འཛིན་བྱས་ཡོད། དེ་ནི་ཕལ་ཆེར་བོད་མི་རིགས་ཀྱི་མཐོ་སྒང་ཁོ་ནར་ཡོད་ཅིང༌། ཐུན་མིན་བོད་ཀྱི་སྒོ་ཟོག་ཅིག་ཡིན་པས་མཐོ་སྒང་གི་གྲུ་གཟིངས་ཟེར་ཏོ།།

    བཅུ་གསུམ། རྔ་མོང་ནི་རྒྱུན་པར་མྱ་ངན་ཐང་ནས་འཚོ་བ་སྐྱེལ་ཟེར་བ་ལས་ཐན་པ་ཆེ་བའི་ཁོར་ཡུག་མྱ་ངན་ཐང་ནས་འཚོ་བའི་སྲོག་ཆགས་ཤིག་ཡིན་ཞིང་། ད་དུང་དངོས་རྫས་སྐྱེལ་འདྲེན་བྱེད་ཚེ་ཟླ་ཕྱེད་ལྷག་ལ་མུ་མཐུད་དུ་འགྲོ་ཐུབ་པས་བྱེ་ཐང་གི་གྲུ་གཟིངས་ཀྱང་ཟེར་གྱིན་ཡོད།།
    
བཅུ་བཞི། འཛམ་གླིང་ཐོག་ཏུ་མཚོ་ངོས་ནས་ཆེས་མཐོ་བའི་གནམ་གྲུའི་འབབ་ཚིགས་ནི་བོད་ལྗོངས་ལྷ་སའི་གངས་དཀར་གནམ་གྲུ་ཐང་ཡིན་ལ། མཐོ་ཚད་མཚོ་ངོས་ནས་སྨི4270ཡིན།

    བཅོ་ལྔ། བོད་ཀྱི་སློབ་གྲྭའི་ཐོག་མ་ནི་དུས་རབས་བརྒྱད་པའི་ནང་ལ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བཙུགས་པའི་བསམ་ཡས་གཙུག་ལག་ཁང་གི་ཤར་སྨད་དུ་ཡོད་པའི་བརྡ་སྦྱོར་ཚང་མང་གླིང་ཡིན་པས། མི་ལ་ལས་ལོ་རྒྱུས་ཐོག་ཏུ་བོད་ལ་སློབ་གྲྭ་མེད་ཅེས་ཟེར་བ་ནི་འཆལ་གཏམ་དང་རྨོང་བཤད་ཁོ་ན་ཡིན་ཞིང་། བོད་བརྒྱུད་ནང་བ་སངས་རྒྱས་ཀྱི་ཆོས་སྡེ་ཐམས་ཅད་ན་བཞུགས་པའི་མཚན་ཉིད་ཀྱི་བཤད་གྲྭ་ཐོས་བསམ་གླིང་སོགས་ཡོད་ཚད་ཀྱང་བོད་ཀྱི་སློབ་ཆུང་དང་། སློབ་འབྲིང་། སློབ་ཆེན་སོགས་མཐའ་གཅིག་ཏུ་ཕྱོགས་བསྡུས་རང་བཞིན་གྱིས་དེ་ཁྱབ་ཆེ་བའི་སློབ་གྲྭ་ཆེན་མོ་དང་། སྲོལ་རྒྱུན་སློབ་གསོའོ་བསྡུས་གྲྭ་ཆུང་འབྲིང་ཆེ་གསུམ་སོགས་ཆ་ལག་ཆ་ཚང་ཞིག་དར་ཁྱབ་ཏུ་སོང་ཡོད་པ་མ་ཟད། ཧ་ལམ་ལོ་ངོ་1000ཙམ་ལོ་རྒྱུས་ཡོད་པ་ལས་མ་འདས་སོ།།

    བཅུ་དྲུག བོད་ཀྱི་ནང་བའི་གྲུབ་མཐའི་ཐོག་མ་ནི་དུས་རབས་བདུན་པའི་ནང་དུ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་སྔ་འགྱུར་རྙིང་མའི་གྲུབ་མཐའ་བྱུང༌བ་དེ་ཡིན་ནོ།།

    བཅུ་བདུན། གངས་ཅན་བོད་ལ་རྒྱལ་རབས42བྱོན་ཟེར་ཞིང་། འདི་ནི་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་གླང་དར་མ་བར་ལ་བཤད་ཅིང་། དེ་ནས་མེས་རྒྱལ་གཅིག་གྱུར་བྱས་ཏེ། ས་ཆེན་གོང་མ་འགྲོ་མགོན་ཆོས་རྒྱལ་འཕགས་པ་རྒྱལ་མཚན་གྱིས་བོད་སྤྱི་ལ་མངའ་དབང་བསྒྱུར་བ་ནས་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བའི་སྐུ་རིང་བར་ལ་རྒྱལ་རབས56འདས་པ་དང་། དེའི་ཁར་ད་རུང་བོད་ཀྱི་རྒྱལ་རབས་སུམ་ཅུ་སོ་དྲུག་པར་ཡོས་སུ་གྲགས་པའི་བོད་ཀྱི་རྒྱལ་མོ་ཐོག་མ་འགྲོ་བཟའ་ཁྲི་མ་ལོད་དང་རྒྱལ་རབས་བཞི་བཅུ་ཐམ་པ་བར་གྲགས་པའི་རྒྱལ་སྲས་མུ་ཏིག་བཙན་པོ་རྣམ་གཉིས་འདས་ན་གངས་ཅན་བོད་ལ་རྒྱལ་རབས100བྱོན་མྱོང་ཟེར་ཏོ།།

    བཅོ་བརྒྱད། འཛམ་གླིང་ཐོག་ཏུ་ནང་བསྟན་སློབ་གྲྭ་ཆེས་ཆེ་བ་ནི་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བ་སྟེ1980ལོར་མདོ་སྨད་གསེར་ཐང་དུ་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱིས་གསར་དུ་བཏབ་པའི་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གྲྭ་ཡིན་ཞིང་། དེར་རྒྱུན་སྡོད་ཀྱི་སློབ་གཉེར་བ་ཆིག་ཁྲི་སུམ་སྟོང་ལས་བརྒལ་གྱིན་ཡོད་པ་དང་བཅས་སོ།།

    ལེའུ་ཚན་དྲུག་པ། ཚད་མ་རིག་པའི་ལོ་རྒྱུས་མདོར་བསྡུས་ཀྱི་སྐོར།

    ཚད་མ་རིག་པ་ཞེས་པ་ནི་ཕྱི་གཟུང་བ་ཡུལ་དུ་གྱུར་བའི་དངོས་པོ་སོགས་དོན་གང་མཆིས་པ་དེ་དག་ནང་འཛིན་པ་བློས་མངོན་གསུམ་མམ་རྗེས་དཔག་ཚད་མ་གང་གིས་དངོས་སུ་གཞལ་ནས་ནོར་འཁྲུལ་མེད་པར་ངོ་བོ་གཏན་ལ་འབེབས་བྱེད་ཀྱི་རིག་པ་དེ་ནི་ཚད་མ་རིག་པ་ཡིན་ལ། དེ་ནི་སླུ་བ་མེད་པའམ་མི་བསླུ་བ་སྟེ་རང་གི་རྟོགས་བྱའི་དོན་དངོས་ལ་མ་འཁྲུལ་བ་དང་། དོན་དངོས་དང་མཐུན་པ་ཞིག་ལ་ཟེར། བསམ་བློ་གང་ཞིག་ཚད་མ་ཡིན་མིན་དེ་ཡང་བསམ་བློ་དེས་ངོས་འཛིན་བྱས་པའི་དོན་དེ་གནས་ཚུལ་དངོས་དང་མཐུན་ཡོད་མེད་ཀྱི་སྒོ་ནས་འཇོག་པ་ཡིན།
   
སྤྱིར་ན་ཚད་མ་རིག་པ་ཞེས་པ་སྒྲ་ཡངས་པའི་དབང་དུ་བྱས་ཏེ་བཤད་ན་རྟོག་གེའི་རིག་པ་ལ་ཡང་གོ་ཆོག་ལ། དེ་ནི་གཏན་ཚིགས་སམ་རྟགས་ཀྱི་སྒོ་ནས་དོན་གཏན་ལ་འབེབས་པས་ན་གཏན་ཚིགས་རིག་པ་ཞེས་ཀྱང་བྱའོ། རྟོག་གེའི་རིག་པ་ནི་རྒྱ་གར་དུ་སངས་རྒྱས་ཆོས་ལུགས་མ་བྱུང་སྔོན་ནས་དྲང་སྲོང་ལྷའི་བླ་མ་ཞེས་པས་སྐྱེ་བ་སྔ་ཕྱི་མེད་པར་སྟོན་པའི་བསྟན་བཅོས་ཐོག་མར་བརྩམས་ཤིང་། དུས་མཚུངས་སུ་དྲང་སྲོང་འཇིག་རྟེན་མིག་ཅེས་པས་ལས་འབྲས་མེད་པར་སྟོན་པའི་བསྟན་བཅོས་བརྩམས་པ་སོགས་རྟོག་གེའི་བསྟན་བཅོས་མང་དུ་བྱུང་བ་དང་། སངས་རྒྱས་ཆོས་ལུགས་རྒྱ་གར་དུ་དར་རྗེས་སུ་སངས་རྒྱས་ཤཱཀྱ་ཐུབ་པ་ཁོང་ཉིད་ཀྱིས་གསུངས་པའི་མདོ་སྡེ་མང་པོར་ཚད་མ་གསུམ་གྱི་རྣམ་གཞག་བསྟན་པ་ལྟར། རྗེས་སུ་དགྲ་བཅོམ་པ་ཆོས་སྐྱོབས་ཀྱིས་དེ་ལ་བརྟེན་ནས་ཚད་མའི་བསྟན་བཅོས་སྨྲ་བའི་སྒྲོན་མེ་མཛད། དུས་རབས་བདུན་པའི་མགོ་ཙམ་ལ་འཕགས་པ་ཐོགས་མེད་ཀྱི་སྐུ་མཆེད། འབུམ་སྡེ་གོ་དགུ་བློ་ཐོག་ནས་འཆད་པའི་སློབ་དཔོན་དབྱིག་གཉེན་ལ་སློབ་མ་རང་ལས་མཁས་པ་བཞི་བྱུང་། འདུལ་བ་རང་ལས་མཁས་པའི་སློབ་མ་ཡོན་ཏན་འོད། ཕར་ཕྱིན་རང་ལས་མཁས་པའི་སློབ་མ་འཕགས་པ་རྣམ་གྲོལ་སྡེ། མངོན་པ་རང་ལས་མཁས་པའི་སློབ་མ་བློ་གྲོས་བསྟན་པ། ཚད་མ་རང་ལས་མཁས་པའི་སློབ་མ་ཕྱོགས་ཀྱི་གླང་པོ་སྟེ་རང་མཁས་སློབ་མ་བཞིའི་ནང་ཚན་ཚད་མ་ལ་མཁས་པ། སློབ་དཔོན་ཕྱོགས་ཀྱི་གླང་པོས་ཐོག་མར་དམིགས་པ་བརྟག་པ་སོགས་བསྟན་བཅོས་ཐོར་བུ་བརྒྱ་རྩ་བརྒྱད་མཛད་ཅིང་། དེའི་རྗེས་ཕྱོགས་ཀྱི་གླང་པོ་ཕུག་ཅེས་པའི་བྲག་ཕུག་ཏུ་བཞུགས་ནས། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ།སྟོན་པ་བདེ་གཤེགས་སྐྱོབས་ལ་ཕྱག་འཚལ་ནས།ཚད་མར་སྒྲུབ་ཕྱིར་རང་གི་གཞུང་ཀུན་ལས།བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ།ཞེས་པའི་མཆོད་བརྗོད་སོགས་མཛད་སྐབས། མུ་སྟེགས་ཐུབ་སྦྱིན་ནག་པོ་སོགས་ཀྱི་ཕྲག་དོག་གིས་རྩོད་པའི་ཀླན་ཀ་འཛུགས་པ་དག་སུན་ཕྱུང་ཞིང་ཕམ་པར་བྱས་ཏེ། རང་གིས་སྔར་མཛད་པའི་བསྟན་བཅོས་དེ་དག་གི་བརྗོད་དོན་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་བསྟན་བཅོས་ཚད་མ་ཀུན་བཏུས་སམ་ཚད་མ་མདོ་ཞེས་གྲགས་པ་འདི་ཉིད་མཛད། འདི་ལ་ལེའུ་དྲུག་སྟེ། མངོན་གསུམ་ལེའུ། རང་དོན་རྗེས་དཔག་གི་ལེའུ། གཞན་དོན་རྗེས་དཔག་གི་ལེའུ། དཔེ་དང་དཔེ་ལྟར་སྣང་བརྟག་པའི་ལེའུ། གཞན་སེལ་བརྟག་པའི་ལེའུ། ལྟག་ཆོད་བརྟག་པའི་ལེའུ་བཅས་དྲུག་ཡོད། སློབ་དཔོན་ཕྱོགས་གླང་སྐུ་གཤེགས་རྗེས་སློབ་དཔོན་ཆོས་ཀྱི་གྲགས་པས་སློབ་དཔོན་དབང་ཕྱུག་སྡེའི་དྲུང་དུ་ཚད་མ་ཀུན་བཏུས་ཚར་གསུམ་གསན་ནས་སློབ་དཔོན་གྱི་བཀས་གནང་བ་ཐོབ་པ་ལྟར་ཚད་མ་སྡེ་བདུན་ཞེས་པ་བརྩམས། ཚད་མ་སྡེ་བདུན་ནི་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ། རྒྱས་རྣམ་འགྲེལ། འབྲིང་རྣམ་ངེས། བསྡུས་རིགས་ཐིགས། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི། རང་དོན་ལེའུ་ལས་འཕྲོས་པ་གཏན་ཚིག་ཐིགས་པ། ལྟག་ཆོད་ཀྱི་འབྲེལ་བ་གཏན་ལ་འབེབས་པ་འབྲེལ་བ་བརྟག་པ། གཞན་དོན་ལེའུ་ལས་འཕྲོས་པ་རྒྱུད་གཞན་གྲུབ་པ་དང་རྩོད་པའི་རིགས་པ་གཉིས་བཅས་བརྩམས། དེ་དག་གི་ནང་ནས་ཚད་མ་རྣམ་འགྲེལ་ལ་ལེའུ་བཞི་སྟེ། རང་དོན་དང་ཚད་གྲུབ། མངོན་གསུམ་དང་གཞན་དོན་ལེའུ་བཅས་སོ། །རྣམ་ངེས་ལ་ལེའུ་གསུམ། མངོན་གསུམ་དང་རང་དོན་ལེའུ། གཞན་དོན་བཅས་ཡོད། དེའི་རྗེས་སུ་སློབ་དཔོན་ལྷ་དབང་དང་། བློ་ཤཱཀྱ་བློ། སློབ་དཔོན་ཆོས་མཆོག་སོགས་ཀྱིས་ཚད་མའི་འགྲེལ་བ་མང་དུ་མཛད། ཚད་མའི་བསྟན་བཅོས་དེ་དག་བོད་དུ་དར་བའི་དུས་ནི། ལོ་རྒྱུས་ལ་ལར་དུས་རབས་དགུ་པའི་ནང་ཐོག་མར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོད་ཀྱི་ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱིས་ཚད་མ་རྣམ་འགྲེལ་ཐོག་མར་བསྒྱུར། ལོ་ཙཱ་བ་སྐ་ཅོག་ཞང་གསུམ་སོགས་ཀྱིས་ཀྱང་ཚད་གཞུང་མང་དུ་བསྒྱུར་ཀྱང་འཆད་ཉན་གྱི་སྲོལ་ཆེར་མ་དར། དེ་ནས་དུས་རབས་བཅུ་པའི་ལོ་རབས་བདུན་ཅུ་པ་སྟེ་སྤྱི་ལོ་970ལ་བསླེབས་པ་ན། བླ་ཆེན་དགོངས་པ་རབ་གསལ་དང་ལྷ་བླ་མ་ཡེ་ཤེས་འོད་སོགས་ཀྱིས་དབུས་གཙང་དང་མདོ་སྨད་ནས་བསྟན་པ་ཕྱི་དར་གྱི་བསྟན་པའི་མེ་རོ་གསོས། དེའི་རྗེས་སུ་དུས་རབས་བཅུ་གཅིག་པའི་མཇུག་ཏུ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་ཚད་མ་སྡེ་བདུན་བོད་སྐད་དུ་བསྒྱུར་ཅིང་ཚད་མ་རྣམ་འགྲེལ་བཤད་མཛད་པའི་རྣམ་ངེས་དཀའ་འགྲེལ་ཊཱིཀ་ཆེན་སོགས་དང་། རྔོག་ལེགས་པའི་ཤེས་རབ་ཀྱིས་རབ་བྱུང་དང་པོའི་ཆུ་གླང1073ལོར་གསང་ཕུ་ནེའུ་ཐོག་དགོན་པ་བཏབ་སྟེ་མཚན་ཉིད་ཀྱི་བཤད་གྲྭ་བཙུགས་ནས་འཆད་ཉན་རྒྱ་ཆེར་སྤེལ། དེའི་དབོན་པོ་བློ་ལྡན་ཤེས་རབ་རྒྱ་བལ་སོགས་སུ་མངགས་ཏེ་ལོ་བཅུ་བདུན་ཙམ་གྱི་རིང་ལ་རིག་གཞུང་མང་དུ་བསླབས་ཤིང་ཚད་མ་རིག་པ་ལ་ཤིན་ཏུ་མཁས་པར་གྱུར། དེའི་རྗེས་སྤྱི་ལོ1092ལོར་རྔོག་བློ་ལྡན་ཤེས་རབ་བོད་དུ་ཕེབས་རྗེས་ཁོང་གསང་ཕུའི་བཤད་གྲྭ་རུ་བཞུགས་ནས་ཁོང་གིས་ཚད་མའི་བཤད་གྲྭ་གསར་འཛུགས་དང་། ཚད་མ་རྣམ་ངེས་སོགས་ཀྱི་འཆད་ཉན་གྱི་སྲོལ་གསར་དུ་དར་བ་ནས་བཟུང་ཚད་མ་རིག་པའི་འཆད་ཉན་ཤིན་ཏུ་དར་རྒྱས་སུ་གྱུར། དེས་ན་བསྡུས་གྲྭའི་རིགས་ལམ་འདི་ཉིད་ཐོག་མར་སྲོལ་འབྱེད་པ་པོ་རྔོག་བློ་ལྡན་ཤེས་རབ་ཀྱི་བུ་སློབ་སྨྲ་བའི་དབང་ཕྱུག་ཆ་པ་ཆོས་ཀྱི་སེངྒེ་ཡིན་ལ། ཁོང་དུས་རབས་བཅུ་གཉིས་པའི་ནང་དུ་གསང་ཕུའི་མཁན་ཐོག་དྲུག་པར་བཞུགས་ནས། གདན་སའི་སློབ་གཉེར་མཛད་པ་དང་། ཚད་མ་རིག་པའི་གཞུང་རྣམས་ཀྱི་ཉིང་བཅུད་བསྡུས་པའི་བསྡུས་གྲྭ་ཆུང་འབྲིང་ཆེ་གསུམ་སོགས་གསར་རྩོམ་མཛད་པ་ནས་བཟུང་རྟགས་གསལ་རྩོད་གཞི་གསུམ་དང་སྦྱར་ཏེ། རིགས་ལུང་པའམ་སྔ་རྒོལ་དང་། ཕྱི་རྒོལ་དམ་བཅའ་བ་སོགས་ཕྱེས་ཏེ་ཕན་ཚུན་རྩོད་པའི་རིགས་ལམ་འདི་ཉིད་ཆེས་ཆེར་དར་རྒྱས་སུ་གྱུར། ཁོང་གིས་ཚད་མ་ཡིད་ཀྱི་མུན་སེལ་སོགས་གཞུང་མང་དུ་བརྩམས། དེ་ནས་དུས་རབས་བཅུ་གཉིས་པའི་སྨད་ནས་ས་སྐྱ་པཎ་ཆེན་དང་མཁས་པ་ཆེན་པོ་གཡག་རོང་པ། རྗེ་ཙོང་ཁ་པ། རྒྱལ་ཚབ་དར་མ་རིན་ཆེན་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་། ཀུན་མཁྱེན་མི་ཕམ་རྒྱ་མཚོ་སོགས་ས་དགེ་རྙིང་གསུམ་གྱི་མཁས་པ་མང་པོས་ཚད་གཞུང་མང་དུ་བརྩམས་ཤིང་འཆད་ཉན་རྒྱ་ཆེར་དར། དེ་ནས་བོད་ཡུལ་མདོ་དབུས་གཙང་གསུམ་སོགས་སུ་མཁས་པ་མང་པོས་ཚད་མའི་འཆད་ཉན་རྒྱ་ཆེར་སྤེལ་བ་དང་མཁས་པ་སོ་སོས་མཛད་པའི་ཚད་གཞུང་ཡང་ཆེས་མང་པོ་ཞིག་དར་རྒྱས་སུ་གྱུར་པ་འདི་ག་ལགས་སོ།

    ལེའུ་ཚན་བདུན་པ། འཛམ་གླིང་ན་ཧ་ཅང་གྲགས་ཆེ་བའི་བོད་ཀྱི་གསང་བ་ཁག་བཅུ་ཐམ་པ་ཞེས་པའི་སྐོར།

    དང་པོ། གངས་དམར་པོའི་གསང་བ།

    རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་ལྔ་སྟོང་ཡན་ཟིན་པའི་རི་བོ་ཧི་མ་ལ་ཡའི་གངས་འཁྱགས་ཀྱི་ངོས་སུ་ཁྲག་གི་ཐིག་རིས་བཀྲ་བའི་དམར་མདངས་ལྡན་པའི་ལྭ་བས་བཀླུབས་ཡོད་ཅིང་། རྒྱང་རིང་ནས་བལྟས་ཚེ། རི་བོའི་ལྡེབས་སུ་གངས་དམར་པོ་བབས་པ་དང་ཨ་ན་མ་ན་རེད། མི་ཚོས་བཤད་ན་དེ་ནི་རི་བོ་ཧི་མ་ལ་ཡའི་སྐྲ་རྫོབ་དམར་པོ་ཅན་གྱི་གངས་མིས་རྫུ་འཕྲུལ་བསྟན་ནས་བཟོས་པ་རེད་ཟེར་བ་དང་། ཡང་ལ་ལས་དེ་ནི་གངས་འཁྱགས་ཀྱིས་དམ་ལ་བཏགས་པའི་སྲིན་པོ་རི་ལས་ཤོར་བ་རེད་ཟེར། གང་ལྟར་ངོ་མཚར་ཆེ་བའི་བཤད་རྒྱུན་དེ་དག་དང་འགྲོགས་པའི་རི་བོ་ཧི་མ་ལ་ཡའི་བརྗིད་ཆགས་ལྟ་ན་སྡུག་པའི་གངས་རི་དམར་པོའི་མཛེས་ལྗོངས་ཀྱིས་འཛམ་གླིང་སྐྱེ་བོ་ཀུན་གྱི་ཡིད་དབང་ཅིག་ཅར་དུ་འཕྲོག་བཞིན་མཆིས་སོ།།

     གཉིས་པ། མི་རྒོད་ཀྱི་གསང་བ།

     བོད་ཀྱི་མི་རྒོད་ཀྱི་གསང་བ་དེས་སྐབས་ཤིག་རིང་ལ་འཛམ་གླིང་སྐྱེ་བོ་མང་པོའི་སྨྲ་ལྕེ་ལ་ཚ་བ་རྒྱས་སུ་བཅུག་པ་དང་། དེ་ནི་འཛམ་གླིང་གི་འགྲེལ་བརྗོད་དཀའ་བའི་གསང་བ་ཆེན་པོ་བཞི་ཡི་ཡ་རྒྱལ་ཡིན། ཉེ་བའི་ལོ་འགའི་ནང་ལ་མི་མང་པོ་ཞིག་གིས་ཧི་མ་ལ་ཡའི་རི་ཁུལ་ནས་མི་རྒོད་དངོས་སུ་མཐོང་བའི་གཏམ་རྒྱུད་གླེང་རྒྱུ་ཡོད། ཚན་རིག་རྟོག་ཞིབ་ཚོགས་པས་བོད་དུ་མྱུལ་ནས་ཆེད་མངགས་མི་རྒོད་ཀྱི་ལྐོག་གྱུར་གསང་བ་བཀྲོལ་ཐབས་བྱས་ཀྱང་། མི་རྒོད་ཀྱི་གསང་བའི་མདུད་པ་དེ་ད་དུང་བཀྲོལ་ཐུབ་མེད།།

     གསུམ་པ། ཕུང་པོ་འོད་སྐུར་གྲོལ་བའི་གསང་བ། 

     ཆོས་ཀྱི་རྟོགས་པ་མཐོ་བའི་བོད་ཀྱི་བླ་མ་གྲུབ་ཆེན་དག་སྐུ་མྱ་ངན་ལས་འདའ་སྐབས། སྐུ་ཡི་ཤ་རུས་གཅིག་ཀྱང་མ་ལུས་པར་འཇའ་ལུས་འོད་སྐུ་ལ་ཐིམ་ནས། དག་པ་མཁའ་སྤྱོད་ཞིང་དུ་ཕེབས་པའི་ངོ་མཚར་འགྲེལ་བརྗོད་དཀའ་བའི་སྣང་ཚུལ་ཞིག་མཆིས་པས་གསང་བ་དེ་ཡང་ད་དུང་གསལ་བཤད་བྱེད་ཐབས་བྲལ་འདུག། 

     བཞི་བ། ཇོ་མོ་གླང་མའི་སྤྲིན་གྱི་དར་ཚོན་གྱི་གསང་བ།

     ནམ་མཁའི་དབྱིངས་སུ་གཡའ་དག་ཅིང་ས་གཞི་རྡུལ་དག་པའི་སྐབས་སུ། རི་བོ་ཇོ་མོ་གླང་མའི་དབུ་རྩེར་རབ་དཀར་སྤྲིན་གྱི་དར་ཚོན་འཕྱར་བའི་དཀྱིལ་འཁོར་མཛེས་སྡུག་ཡི་གར་འོང་བ་ཞིག་མཇལ་རྒྱུ་ཡོད་པས། ཚན་རིག་པས་འགྲེལ་བརྗོད་བྱས་པ་ལྟར་ན། དེ་ནི་འགུལ་སྐྱོད་རང་བཞིན་གྱི་སྤྲིན་གྱི་བང་རིམ་བརྩེགས་མས་གྲུབ་ཅིང་། སྤྲིན་དཀར་གཡོ་ཕྱོགས་ཀྱི་གནས་དང་མཐོ་ཚད་ལ་གཞིགས་ནས་རི་བོའི་སྤོ་ཡི་རླུང་ཤུགས་ལ་ཚོད་བགམ་བྱེད་ཐུབ། གལ་སྲིད་སྤྲིན་གྱི་དར་ཚོན་མཐོན་པར་གཡོ་ན་བར་སྣང་དུ་རྒྱུ་བའི་རླུང་ཤུགས་ཅུང་ཆུང་བ་ཡོད་པ་དང་། དེ་ལས་ལྡོག་ན་བར་སྣང་དུ་རྒྱུ་བའི་རླུང་ཤུགས་ཅུང་ཆེ་བ་ཡོད། གལ་སྲིད་རི་རྩེ་དང་མཉམ་པར་གནས་ན། རླུང་ཤུགས་རིམ་པ་དགུ་ལ་ཟིན་གྱི་ཡོད། དེར་བརྟེན་རི་བོ་ཇོ་མོ་གླང་མའི་སྤྲིན་གྱི་དར་ཚོན་ལ་འཛམ་གླིང་ཐོག་ཆེས་མཐོ་བའི་རླུང་ཤུགས་བརྟག་བྱེད་དུ་འབོད་ཀྱི་ཡོད།།

     ལྔ་བ། གནའ་རབས་ཞང་ཞུང་གི་གསང་བ།

     གནའ་དཔྱད་རིག་པའི་ཞིབ་འཇུག་དང་ལོ་རྒྱུས་དེབ་ཐེར་ཐོག་འཁོད་པར་གཞིགས་ན། བོ་ལྗོངས་ཁྱུང་ལུང་དུ་འབོད་པའི་གནའ་བོའི་ཞང་ཞུང་གི་ས་ཆ་དེ་ནི་སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་བ་ཙམ་ནས་མཚོ་བོད་མཐོ་སྒང་དུ་ཆགས་ཤིང་། དེ་ནི་གདོད་མའི་དུས་ཀྱི་མཚོ་བོད་མཐོ་སྒང་གི་ཤེས་དཔལ་རིག་གནས་ཀྱི་ལྟེ་གནས་ཡིན་ཞིང་། གནའ་བོའི་ཞང་ཞུང་ལ་ཤེས་རིག་དཔལ་ཡོན་ཟླ་བ་ཡར་ངོའི་རྒྱུན་བཞིན་འཕེལ་བ་དང་། རང་ངོས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཞང་ཞུང་གི་ཡི་གེ་བྱུང་བ་མ་ཟད། བོད་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་གདོད་མའི་ཆོས་ལུགས་གཡུང་དྲུང་བོན་གྱི་འབྱུང་གནས་ཀྱང་ཡིན་པར་གྲགས།  ཕྱིས་སུ་མཐུ་བྷོད་བཙན་པོའི་རྒྱལ་རབས་དབུ་བརྙེས་པ་དང་བསྟུན་ནས། སྤྱི་ལོའི་དུས་རབས་བརྒྱད་པའི་ཡས་མས་སུ་སླེབས་སྐབས། ཞང་ཞུང་ཡོངས་སུ་དབང་དུ་བསྡུས་པ་དང་། དུས་དེ་ནས་བཟུང་། ཞང་ཞུང་རྒྱལ་རབས་ཐོར་ཞིག་ཏུ་སོང་སྟེ་ལོ་ངོ་སྟོང་གི་གསང་བ་ས་འོག་ཏུ་ལུས་སོ།།།     

      དྲུག་པ། གེ་སར་སྒྲུང་པའི་གསང་བ།  

     གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་བོད་མི་རིགས་ཀྱི་དཔའ་བོའི་རྟོགས་བརྗོད་སྙན་ངག་རིང་མོ་ཞིག་ཡིན་ཞིང་། འཆད་གྱེར་གྱི་རྣམ་པ་གཙོ་བོར་བཟུང་ནས་མི་རབས་ནས་མི་རབས་བར་རྒྱུན་ཆད་མེད་པར་དར་བ་མ་ཟད། སྒྲུང་མཁན་ཚང་མར་རང་རང་ངོ་མཚར་གྱི་གཏམ་རྒྱུད་རེ་གླེང་རྒྱུ་ཡོད། སྒྲུང་ཚན་མང་པོ་འཆད་ཐུབ་མཁན་གྱི་སྒྲུང་མཁན་སྒྱུ་རྩལ་བ་ཕུལ་དུ་བྱུང་བ་ཕལ་ཆེ་བས་རང་ཉིད་ནི་གེ་སར་གྱིས་ཆེད་དུ་མི་ཡུལ་ལ་མངགས་པའི་སྒྲུང་མཁན་ཡིན་རབས་གསུང་མཁན་མང་ལ། ཁོང་ཚོས་འཆད་གྱེར་བྱེད་པའི་གེ་སར་སྒྲུང་གི་ནང་དོན་ཚང་མ་ལྷས་དམིགས་སུ་ལུང་བསྟན་ནས་བྱུང་བར་ངོས་འཛིན་ཀྱང་བྱེད་ཀྱི་ཡོད། ཁོང་ཚོ་ལོ་ན་ཆུང་དུས་སུ་སྤང་ལྗོངས་གང་རུང་དུ་དུས་ཡུན་རིང་པོར་གཉིད་དུ་ཡུར་ནས་རྨི་ལམ་དུ་གེ་སར་གྱི་ལུང་བསྟན་ཚུལ་གྱི་རྣམ་པ་བརྒྱུད་དེ་གཉིད་ལས་སངས་སྐབས་གླིང་སྒྲུང་ཆུ་རྒྱུགས་རྒྱུགས་འཆད་ནུས་པའི་ངོ་མཚར་གྱི་རྣམ་པ་དེར་འཛམ་གླིང་སྐྱེ་བོ་ཚང་མ་ཧ་ལས་པར་གྱུར་ཡོད་ཀྱང་གསལ་བཤད་ཐུབ་ཀི་མེད།།

      བདུན་པ། གུ་གེའི་རྒྱལ་རབས་ཀྱི་གསང་བ།

      མངའ་རིས་གུ་གེའི་རྒྱལ་རབས་ཀྱིས་ལོ་ངོ་བདུན་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ཆུ་རྒྱུན་རིང་མོའི་ནང་འོད་སྟོང་འཕྲོ་བའི་ཤེས་དཔལ་རིག་གནས་གཏོད་ཡོད། ༡༦༣༠ལོར་ལ་དྭགས་ཀྱིས་བཙན་འཛུལ་བྱས་ནས་གུ་གེའི་རྒྱལ་རབས་ཉམས་རྒུད་དུ་སོང་ཞིང་། མི་ཚོས་གུ་གེའི་རྒྱལ་རབས་ཀྱི་ཤེས་དཔལ་དུས་ཐུང་ནང་བརླགས་པའི་སྣང་ཚུལ་དེ་དང་མ་ཧཱ་ཙི་ནའི་སྐད་དུ་མ་ཡ་ཞེས་པའི་ཤེས་རིག་རླུང་ཁྲོད་མར་མེ་བཞིན་འཇིག་པའི་སྣང་ཚུལ་གཉིས་འདྲ་མཚུངས་སུ་བརྗོད་ཀྱི་ཡོད།།

      གང་ལྟར། མིག་མདུན་དུ་ལྷག་པའི་བརྗིད་ཆེ་བའི་གུ་གེའི་མཁར་ཤུལ་གྱི་ཉམས་སྣང་དང་། གུ་གེའི་ངོ་མཚར་གྱི་གཏམ་རྒྱུད་མང་པོས་གནའ་རྫས་རྟོག་ཞིབ་པ་མང་པོའི་ཡིད་དབང་འགུག་བཞིན་ཡོད་ཅིང་། དེ་དང་བསྟུན་ནས་འཛམ་གླིང་སྐྱེ་བོ་མང་པོའི་སེམས་ལ་གུ་གེའི་རྒྱལ་རབས་ཀྱི་གསང་བའི་གྱང་རོ་ལུས་སོ།།

      བརྒྱད་པ། གཏེར་མའི་གསང་བ།

     བཤད་སྲོལ་ལ། བོན་ཆོས་སམ་བོད་རྒྱུད་ནང་བསྟན་ཆོས་ལུགས་ཀྱི་དཔེ་ཆའམ་མ་ཎི་བཀའ་ཆོས་གང་རུང་གེགས་བར་འཕྲད་ནས་བརྒྱུད་སྤེལ་བྱེད་ཐབས་བྲལ་བའི་སྐབས་སུ། དེ་རྒྱུན་ཆད་ནས་མ་སྟོང་པའི་ཆེད་དུ་གནས་སྐབས་ཤིག་གི་རིང་ལ་ལྷས་སྐལ་ལྡན་སྐྱེ་བོ་ག་གེ་མོའི་འདུ་ཤེས་ཀྱི་གཏིང་ཟབ་སར་སྦས་ཤིང་། སླར་ཡང་བརྒྱུད་སྤེལ་བྱེད་པའི་དུས་ལ་འབབ་དུས། ངོ་མཚར་ཆེ་བའི་ལྷའི་བྱིན་མཐུས་རིག་འཛིན་གཏེར་སྟོན་པ་རྣམ་པའི་ངག་ལས་བརྡོལ་བའམ་ཟིན་ཐོར་བཀོད་པའི་ངོ་མཚར་ཆེ་བའི་སྣང་ཚུལ་ཞིག་ཏུ་གྱུར་ཏོ།།

     དགུ་བ། ལྷ་པའི་གསང་བ། 

    བོད་ཀྱི་གདོད་མའི་ཆོས་ལུགས་ཀྱི་ཆོ་ག་ཉམས་སུ་ལེན་མཁན་ལྷ་པ་ཧ་ཅང་མང་པོས་ཀུན་གྱི་འདྲེན་བྱེད་དབང་པོའི་ལམ་དུ་མི་སྣང་པའི་ལྷ་འདྲེ་དང་སྐད་ཆ་ཤོད་ཐུབ་པ་མ་ཟད། འཇིགས་སུ་རུང་བའི་མཚོན་ལས་བྱེད་པ་དང་། མ་འོངས་སྔོན་ཤེས་ཐུབ་པ། རྟགས་དང་མཚན་མ་ཡ་མཚན་འཛོམས་པ། ལྷ་བསུ་འདྲེ་འབུད་བྱེད་པ། གེགས་སེལ་ནད་བཅོས་སོགས་ཀྱི་ནུས་མཐུ་ཁྱད་པར་ཅན་འཛོམས་ཡོད། ཁོང་ཚོ་ནི་མི་དང་ལྷའི་བར་དུ་འབྲེལ་གཏུགས་བྱེད་པའི་ཟམ་ཆེན་ལྟ་བུར་ངོས་འཛིན་གྱི་ཡོད་ཀྱང་གསང་བའི་མདུད་པ་་བཀྲོལ་ཐབས་མ་བྱུང་པར་འདུག།

    བཅུ་བ། ཤམ་བྷ་ལའི་གསང་བ།

    བོད་མིའི་ངག་རྒྱུན་དུ་གྲགས་པའི་གནས་མཆོག་ཤམ་བྷ་ལའི་ཡུལ་གྱི་བཀོད་པའི་ཐད། ཤམ་བྷ་ལ་ནི་གངས་རིའི་ལྟེ་བའི་ནུབ་རྒྱུད་ཡང་རྩེར་གནས་ཤིང་། པད་མའི་འདབ་མ་ལྟར་ཟླུམ་པ་དང་། མཐའ་བཞི་གངས་རིས་བསྐོར་བ། གངས་དཀར་རི་བོའི་རྩེ་མོ་ནས་རི་འདབས་སུ་ཚང་ཚིང་ནགས་ཚལ་ཚང་མར་མེ་ཏོག་དང་དྲི་ཞིམ་སྨན་རྩྭས་ཁེངས་ཡོད་པ། ནམ་མཁའི་སྐར་ཚོགས་ས་ལ་འཕོས་འདྲའི་མཚོ་དང་མཚེའུ་གྲངས་ཀྱིས་མི་ལངས་བ། སྒོམ་སྒྲུབ་ཀྱི་གནས་མཆོག་ཁྱད་པར་ཅན་གང་སར་འཛོམས་པར་བཤད་སྲོལ་ཡོད་ཅིང་། ཁྱད་པར་དུ་གནས་དེ་ལ་དམག་འཁྲུག་དང་མུ་གེའི་སྡུག་བསྔལ་མེད་པ། སྐྱེ་བོ་ཚང་མ་འདྲ་མཉམ་ཡིན་པའི་མཐོ་རིས་ལྷའི་འཇིག་རྟེན་ལྟ་བུར་བརྗོད་ཀྱི་ཡོད། གང་ལྟར་ཡང་དེ་ནི་མཛེས་སྡུག་ལྡན་པའི་བོད་མིའི་སེམས་ཁུངས་ཀྱི་གསང་བའི་གནས་མཆོག་རྩ་ཆེན་ཞིག་ཡིན་པ་དང་བཅས་སོ།། 

    ལེའུ་ཚན་བརྒྱད་པ། བོད་ཡུལ་གྱི་གནའ་ཤུལ་གྲགས་ཅན་བཅུ་གཉིས་ཀྱི་སྐོར།

    དང་པོ། ཕོ་བྲང་ཡུམ་བུ་བླ་སྒང་ནི་ལྷོ་ཁའི་རྩེད་ཐང་གྲོང་རྡལ་ནས་ཁྲ་འབྲུག་བརྒྱུད་ན་ལྷོ་ཕྱོགས་སྣེ་གདོང་རྫོང་གི་ཇོ་མོ་བཀྲ་ཤིས་ཚེ་རིང་ཞེས་པའི་རི་ནུབ་ཏུ་ཟུར་གཉིས་བརྐྱངས་པའི་གཡོན་གྱི་རི་ཟུར་བྲག་རིའི་སྟེང་ཏོག་ལྟ་བུར་གནས་ཡོད་ཅིང་། དེ་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ནང་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོས་བཞེངས་པའི་བོད་ཀྱི་ལོ་རྒྱུས་སྟེང་གི་ཕོ་བྲང་ཆེས་སྔ་ཤོས་ཡིན་ལ། བོད་ཀྱི་རྒྱལ་ས་ཐོག་མ་ཀྱང་ཡིན་པས། ད་བར་དུ་མི་ལོ་ཉིས་སྟོང་ལྷག་གི་ལོ་རྒྱུས་མཆིས། བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་སོ་གཉིས་པ་གནམ་རི་སྲོང་བཙན་བར་གྱི་བཙན་པོ་རིམ་བྱོན་རྣམས་བཞུགས་སའི་ཕོ་བྲང་ཡིན་སྟབས་ལོ་རྒྱུས་ཀྱི་གནས་རྙིང་གྲགས་ཅན་ཞིག་ཡིན་པས། དེ་ཡང་ཤྭ་བ་ཡུ་མོའི་བརླ་འདྲ་བའི་རི་སྟེང་དུ་བཏབ་པ་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་མིང་ཚིག་ཏུ་གྲུབ་སྐད་ཀྱང་ཕྱིས་སུ་ཡིག་རྒྱུན་དུ་ཡུམ་བུ་བླ་སྒང་ཞེས་འབྲི་རྒྱུན་དར་ཏོ།།

   གཉིས་པ། བརྗིད་ཉམས་ལྡན་པའི་ཕོ་བྲང་པོ་ཏ་ལ་ནི་ལྷ་ས་དམར་པོ་རིའི་སྟེང་དུ་ཆགས་ཤིང་། ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་། བོད་ལྗོངས་ཤོད་ཀྱི་དབུས་སུ་བརྗིད་ཉམས་དང་ལྡན་པའི་སྒོ་ནས་ཀེ་རེར་ལངས་ཏེ་གནས་ཡོད། སྤྱི་ལོའི་དུས་རབས་བདུན་པར་སྤྱི་ལོ635ལོར་བོད་རྒྱལ་སྲོང་བཙན་སྒམ་པོས་བཞེངས་འགོ་ཚུགས་པ་ནས་ད་ལྟའི་བར་དུ་ལོ་ངོ1300ལྷག་ཙམ་གྱི་ལོ་རྒྱུས་ཡོད། སྤྱི་ལོ1652ལོར་རྒྱལ་དབང་ལྔ་པ་ཆེན་པོས་ཕོ་བྲང་དཀར་པོ་གསར་བཞེངས་མཛད་པ་དང་། སྤྱི་ལོ1690ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཕོ་བྲང་དམར་པོ་དང་གསེར་སྡོང་འཛམ་གླིང་རྒྱན་གཅིག་བཞེངས་འགོ་ཚུགས་ནས་སྤྱི་ལོ་1693ལོར་ལས་མཇུག་འགྲིལ། དེའི་རྗེས་སུ་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་ཉམས་གསོ་དང་རྒྱ་སྐྱེད་རིམ་པ་གནང་བཞིན་སོགས་གནང་ནས་ད་ཡོད་ཀྱི་གཞི་ཁྱོན་འདི་ལྟར་ཆགས་པ་ཡིན། འཛུགས་སྐྲུན་དེ་ནི་འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཤོས་ཡིན་པའི་ཕོ་བྲང་དང་མཁར་རྫོང་། དགོན་པ་བཅས་ངོ་བོ་གཅིག་ཏུ་འདྲེས་ཤིང་བརྗིད་ཆགས་ཉམས་དགའི་འཛུགས་སྐྲུན་ཞིག་ཡིན། སྤྱི་ལོ1994ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རྩལ་རིག་གནས་སྒྲིག་འཛུགས་ཀྱིས་འཛམ་གླིང་རིག་གནས་ཤུལ་བཞག་ནང་དུ་ཐོ་འགོད་བྱས་ནས་བཞུགས་སོ།།

   གསུམ་པ། ལྷ་སའི་གཙུག་ལག་ཁང་ནི་སྤྱི་ལོ639ལོར་བཞེངས་པའི་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ངམ་དགའ་བཞི་འཕྲུལ་གྱི་ལྷ་ཁང་ལ་ད་ལྟ་ཡོངས་གྲགས་སུ་ལྷ་ལྡན་གཙུག་ལག་ཁང་ཞེས་འབོད། ལྷ་ས་གྲོང་ཁྱེར་གྱི་དབུས་སུ་འོ་ཐང་མཚོ་ཞེས་པའི་སྟེང་བལ་བཟའ་ཁྲི་བཙུན་གྱི་ཐུགས་འདོད་དང་ཐང་གོང་མའི་སྲས་མོ་འུན་ཤིང་ཀོང་ཇོས་སྤོར་ཐང་རྩིས་སྐོར་ཞུས་ནས། བོད་རྒྱལ་པོ་སྲོང་བཙན་སྒམ་པོས་དུས་རབས་བདུན་པའི་ནང་གཙུག་ལག་ཁང་ཐོག་མར་བཞེངས་པར་གྲགས་ཤིང་། ད་བར་དུ་མི་ལོ་ཆིག་སྟོང་གསུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ཡོད། དེ་ཡང་སྤོར་ཐང་རྩིས་ལ་བོད་ཀྱི་ས་དབྱིབས་དེ་སྲིན་མོ་གན་རྐྱལ་དུ་བསྡད་པ་ལྟ་བུ་ཡོད་པ་ལས་ལྷ་ས་གཙུག་ལག་ཁང་བཞེངས། བོད་རིགས་དད་ལྡན་རྣམས་ཀྱི་ཕྱག་དང་མཆོད་འབུལ་ཞུ་ཡུལ་གཙོ་བོ་དང་། རྒྱལ་ཁབ་ཕྱི་ནང་གི་ལྟ་སྐོར་གནང་ཡུལ། ལོ་རྒྱུས་ཞིབ་འཇུག་པ་རྣམས་ཀྱི་མེད་དུ་མི་རུང་བའི་གལ་འགངས་ཆེ་བའི་གནས་མཆོག་ཁྱད་དུ་འཕགས་པ་ཞིག་ཏུ་ཆགས་སོ།།

   བཞི་བ། བསམ་ཡས་གཙུག་ལག་ཁང་ནི་བོད་ལྗོངས་ལྷོ་ཁ་ས་ཁུལ་གྲ་ནང་རྫོང་ཁོངས་ཡར་ཀླུང་གཙང་པོའི་བྱང་ངོས་ཀྱི་རི་འདབས་སུ་བཞུགས་ཤིང་། བསམ་ཡས་གཙུག་ལག་ཁང་གི་རྒྱས་མིང་དུ་དཔལ་བྲག་དམར་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་ཞུ་བ། དེ་ནི་དུས་རབས་བརྒྱད་པའི་དུས་དཀྱིལ་དུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་། མཁན་ཆེན་ཞི་བ་འཚོ། སློབ་དཔོན་པདྨ་འབྱུང་གནས་རྣམ་གསུམ་གྱིས་བཞེངས་སུ་བཅུག་པར་གྲགས་ཤིང་། ནང་པ་སངས་རྒྱས་པའི་ལྟ་བ་བཞིན་གླིང་བཞི་རི་རབ་ཉི་ཟླ་སུམ་བཅུ་རྩ་གསུམ་གྱི་བཀོད་པ་བཞིན་བཞེངས་ཡོད། དེ་བཞེངས་ནས་བློན་འབངས་ཀྱི་བུ་བློ་རྣོ་བ་བདུན་ནམ་སད་མི་མི་བདུན་རབ་ཏུ་བྱུང་བས་གཙུག་ལག་ཁང་དེ་ཉིད་རིམ་བཞིན་སངས་རྒྱས་དང་ཆོས་དགེ་འདུན་གསུམ་འཛོམས་སུ་གྱུར་པ་རེད། གཙུག་ལག་ཁང་འདི་ཆོས་འཁོར་གསུམ་གྱི་ཡ་གྱལ་ཏེ། བསྟན་པ་སྔ་དར་ལ་དམ་པའི་ཆོས་དར་ཡུལ། རྒྱ་གར་གྱི་ལོ་པཎ་དུ་མ་བྱོན་ཏེ་དམ་པའི་ཆོས་མང་པོ་བསྒྱུར་བའི་གནས་མཆོག་གཞི་རྒྱ་ཆེ་ལ་འཕང་མཐོ་བ། རྒྱུ་བཟང་ལ་བཀོད་པ་ལེགས་པ་བཅས་སྙན་གྲགས་ཆེ་བ་ཞིག་ཡིན་ནོ།།

    ལྔ་བ། སྐུ་མཁར་མ་རུ་ནི་ལྷ་ས་གྲོང་ཁྱེར་གྱི་བྱང་གི་ཉེ་འགྲམ་ཉང་རའི་ཁུལ་དུ་ཡོད་ཅིང་། དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་རི་བོ་གྲུ་དམར་ཐོག་ཕོ་བྲང་བཞེངས་པ་དང་། དུས་མཚུངས་སུ་ཉང་རར་ཕོ་བྲང་གཞན་ཞིག་བཞེངས་གནང་མཛད་ཅིང་། དེ་ནི་ལོ་རྒྱུས་ཐོག་སྐད་གྲགས་ཡོད་པའི་ཕ་བོང་ཁའི་ཕོ་བྲང་དམར་པོ་སྐུ་མཁར་མ་རུ་ཞེས་པ་དེ་རེད། ཆོས་རྒྱལ་སྲོང་བཙན་གྱིས་བདེ་མཆོག་རིར་ཕེབས་སྐབས་དངོས་པོ་ནག་རིལ་དེ་ནི་ཐག་ཞགས་ཁ་ཤས་ཀྱིས་འཇལ་ཐུབ་ཙམ་ཡོད་པའི་རྡོ་ནག་རུས་སྦལ་འདྲ་བ་ཞིག་ཡོད་པས་ཐོན་མི་སམ་བྷོ་ཊ་མཆོག་ལ་ཆེད་མངགས་ཕོ་བྲང་ཞིག་བཞེངས་ནས་བོད་ཡིག་གསར་གཏོད་གནང་རྒྱུར་ཕན་པའི་ཆ་རྐྱེན་བསྐྲུན་ཆེད། ཐོག་བརྩེགས་དགུ་ཡོད་པའི་ཕོ་བྲང་ཞིག་མགྱོགས་ནས་མྱུར་དུ་རྡོ་ནག་ལས་གྲུབ་པའི་རུས་སྦལ་གྱི་སྒལ་སྟེང་དུ་འགྱིང་ངེར་བཞེངས་པ་རེད། ཐོན་མི་སམ་བྷོ་ཊས་སྐུ་མཁར་མ་རུར་ལོ་ལྔ་ལ་འབད་འཐབ་གནང་མཐར་བོད་རང་ཉིད་ཀྱི་ཡི་གེ་གསར་གཏོད་ལེགས་གྲུབ་བྱུང་བ་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོས་ཀྱང་ལོ་གསུམ་ལ་ཐོན་མི་མཆོག་རང་གི་སློབ་དཔོན་དུ་བསྟེན་ནས་ཡི་གེ་བསླབས་པར་གྲགས་པས། སྐུ་མཁར་མ་རུ་ཞེས་པ་བོད་ཀྱི་ལོ་རྒྱུས་ཐོག་བྱུང་མྱོང་བ་གསལ་བཤད་བྱས་ཡོད།།

    དྲུག་པ། རྒྱལ་རོང་བཙན་རྫོང་ནི་ཨ་མདོའི་ཤར་ལྷོའི་མཐའ་ན་ཡོད་པའི་ལུང་བ་ཕུ་རིང་ལ་འགག་དོག་པའི་ས་ཆ་ཞིག་ཡིན། ས་དེའི་འགག་སོ་སོ་ན་སྲ་ཞིང་བརྟན་ལ་མཐོ་ཞིང་བརྗིད་པའི་བཙན་རྫོང་མང་པོ་ཀེ་རེ་འགྱིང་ཡོད་ལ། དེ་ནི་རྫོང་སྟོང་ཅན་གྱི་རྒྱལ་ཁམས་ཞེས་སུ་གྲགས་པའི་རྒྱལ་མོ་ཚ་བ་རོང་གི་རྡོ་བརྩིགས་བཙན་རྫོང་རེད། ཐོག་མར་བོད་བཙན་པོའི་རྒྱལ་རབས་ཀྱི་དུས་སུ་བརྩིགས་པ་དང་། མང་ཆེ་བ་ནི་ཆིང་རྒྱལ་རབས་ཀྱི་གོང་མ་ཆེན་ལུང་གིས་རྒྱལ་མོ་ཚ་བ་རོང་གི་ཆུ་ཆེན་དང་བཙན་ལྷ་ཟེར་བའི་ས་ཆར་དམག་རྒྱག་པའི་དུས་སུ་བརྩིགས་པ་ཡིན་པར་བཤད། གནའ་བོའི་རྒྱལ་རོང་ཡུལ་དུ་ཤེས་རིག་དང་། རིག་གནས། བཟོ་རྩལ་སོགས་དར་ཡོད་པ་དང་། ལག་ཤེས་བཟོ་རྩལ་ཡང་ཆུ་ཚད་ངེས་ཅན་ཞིག་ཏུ་སླེབས་ཡོད་པ་མངོན་གསལ་དུ་མཐོང་ཐུབ། སྔོན་ཆད་ནས་བན་བོན་གྱི་ཆོས་དང་རིག་གནས་བོད་ཀྱི་ཡུལ་གྲུ་ཀུན་ཏུ་དར་ཞིང་རྒྱས་པར་མཛད་ལ། ལྷག་པར་དུ་རྒྱལ་རོང་ཡུལ་དུ་བོད་ཀྱི་རྩེར་སོན་གྱི་བཟོ་རྩལ་དང་ཤེས་རིག་རིག་གནས་དར་རྒྱས་བྱུང་ཡོད་པའི་རྗེས་ཤུལ་མཐོང་ཐུབ་པ་རེད། དེ་ལས་ཡུལ་འདིའི་འབག་དང་གསོབ། འཇིམ་བཟོ། གསེར་དངུལ་མགར་བ་དག་ནི་ལག་རྩལ་ཁྱད་དུ་འཕགས་ཤིང་བཟོ་རྩལ་རྨད་དུ་བྱུང་བ་ཞིག་ཡིན་ནོ།།

   བདུན་པ། གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ནི། བོད་རང་སྐྱོང་ལྗོངས་མངའ་རིས་ཁུལ་རྩ་མདའ་རྫོང་གི་ཁོངས་སུ་ཡོད་ཅིང་། དེ་ནི་བོད་ལྗོངས་ཀྱི་གནའ་བོའི་མཁར་གྲོང་གི་ཤུལ་རྙིང་ཞིག་ཡིན་ལ། གནའ་ཤུལ་གྱང་རོ་རྣམས་རི་འདབས་ཀྱི་དེའུ་འབུར་ཆེན་པོ་ཞིག་གི་སྟེང་དུ་ཆགས་ཤིང་། གཞན་ཡང་མཆོད་རྟེན་ཁག་གསུམ། ལྷ་ཁང་དང་རྟེན་ཁྱད་པར་ཅན་མང་བར་མ་ཟད། བོད་ཀྱི་བཙན་པོ་རིམ་བྱོན་དང་གུ་གེ་རྒྱལ་བློན་མི་ཉུང་བའི་འདྲ་རིས་ཀྱང་བཞེངས་ཡོད་པ་སོགས་རིག་དངོས་མང་པོ་བཞུགས་ཡོད་པར་གྲགས། གུ་གེ་རྒྱལ་ཕྲན་ནི་བོད་རྗེ་གླང་དར་མ་འམ་ཨུ་དུམ་བཙན་པོའི་རྒྱལ་རྒྱུད་རྗེ་དཔལ་འཁོར་བཙན་གྱི་ཆེན་མའི་སྲས་སྐྱིད་ལྡེ་ཉི་མ་མགོན་གྱིས་བཙུགས་ནས་རྒྱལ་ཐོག་བཅུ་དྲུག་ཙམ་བྱུང་ཞིང་། དེང་སྐབས་མཐོང་རྒྱུ་ཡོད་པ་ནི་སྲས་ཆུང་བ་ལྡེ་གཙུག་མགོན་གྱིས་བཟུང་བའི་རྒྱལ་ཕྲན་ཞིག་གི་ཤུལ་རྙིང་རེད། ད་ལྟའི་བར་དུ་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ཡོད་པ་དང་། དུས་རབས་དགུ་བའི་ནང་དུ་བོད་བཙན་པོའི་རྒྱལ་རབས་ཀྱི་རྗེས་རབས་པ་རྣམས་ཀྱིས་གནས་འདིར་གུ་གེའི་རྒྱལ་ཁབ་བཙུགས་ཤིང་ཤར་ནུབ་གཉིས་ཀྱི་རིག་གནས་གཞི་གཅིག་ཏུ་འདྲེས་པའི་གུ་གེའི་དཔལ་ཡོན་འཕེལ་རྒྱས་སུ་བཏང་། 1961ལོར་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་དེ་རྒྱལ་ཡོངས་ཀྱི་ཐེངས་དང་པོའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཏུ་གཏན་འཁེལ་བྱས་སོ།།

    བརྒྱད་པ། ཕོ་བྲང་རྒྱལ་མཁར་རྩེ་ནི་བོད་ལྗོངས་གཞིས་རྩེ་ཀྲོན་ཆུས་རྒྱལ་རྩེ་རྫོང་ཁོངས་སུ་ཆགས་ཡོད་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4020ཡོད་ཅིང་། བལྟོས་བཅས་ཀྱི་མཐོ་ཚད་ལ་སྨི་125ཡོད་ལ། བོད་ལྗོངས་སྲིད་གཞུང་རྙིང་པའི་རྒྱལ་རྩེ་ས་ཁུལ་གྱི་སྲིད་འཛིན་ས་གནས་ཞིག་ཡིན། དེ་ནི་བོད་རབ་བྱུང་དྲུག་པའི་ཤིང་འབྲུག་སྤྱི་ལོ་1364ལོར་ནང་ཆེན་འཕགས་པ་དཔལ་བཟང་གིས་རྫོང་བཙན་མང་པོ་བརྩིགས་པའི་ནང་གི་གཅིག་ཡིན་ཞིང་། གནས་འདིར་རྒྱལ་རྩེ་ཆོས་རྒྱལ་རིམ་བྱོན་རྣམས་བཞུགས་མྱོང་བ་དང་། ཕོ་ལྷ་མི་དབང་གིས་ང་ལུམ་སྦྱར་གསུམ་ལ་ཕར་རྒོལ་བྱེད་སྐབས་ཀྱི་རྟེན་གཞི་བྱས་པས། དེ་བཞིན་དུ་བོད་ཤིང་ཕོ་འབྲུག་སྤྱི་ལོ1904ལོར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བོད་མི་དམངས་ཀྱིས་དབྱིན་ཇི་བཙན་འཛུལ་དམག་ལ་འགོག་རྒོལ་བྱེད་སྐབས་ཀྱི་གཡུལ་ས་བཅས་བྱས་པའི་རྫོང་བཙན་འདི་ནི་དུས་རབས་ཀྱི་དངོས་དཔང་རྩ་ཆེན་ཞིག་ཡིན་ལ། ལོ་རྒྱུས་ཐོག་བོད་རིགས་མི་དམངས་ཀྱི་དཔའ་རྒོད་ཚོས་མཁར་རྫོང་འདིའི་གཡུལ་སའི་ཐོག་ཏུ་དབྱིན་ཇི་བཙན་འཛུལ་པར་རྒོལ་རྡུང་ཚ་ནན་སྤྲད་པ་དང་། དབྱིན་ཇི་བཙན་རྒྱལ་རིང་ལུགས་ལས་རྣམ་པར་རྒྱལ་ཞིང་། རང་གི་གཅེས་སུ་རུང་བའི་ཕ་ཡུལ་སྲུང་སྐྱོབ་བྱེད་པའི་དམག་འཐབ་ནང་དུ་བསྐལ་ཇི་སྲིད་བར་ནུབ་ཐབས་མེད་པའི་བྱས་རྗེས་བཞག་ཡོད།།

    དགུ་བ། ལོ་རྒྱུས་ཀྱི་རིག་གནས་བང་མཛོད་ཆེན་མོ་ཏུན་ཧོང་བྲག་ཕུག་ནི། ཀན་སུའུ་ཞིང་ཆེན་གྱི་བྱང་མཐའི་ལི་ཡུལ་དང་འབྲེལ་མཚམས་ཀྱི་ཏུན་ཧོང་རྫོང་ནས་ཤར་ལྷོའི་ཕྱོགས་ལ་སྤྱི་ལེ་ཉེར་ལྔ་ཙམ་སོང་ན་ཡོད་པའི་མོ་ཀོ་ཁུའུ་འམ་ལྷ་སྐུ་སྟོང་གི་བྲག་ཕུག་ཟེར་བ་ཞིག་ཡོད་པ་དེ་རེད། ཡོངས་གྲགས་སུ་ལོ་ངོ་ཕལ་ཆེར་ཉིས་སྟོང་ལྷག་གི་ལོ་རྒྱུས་ཡོད་ལ། དེ་ནི་གནའ་དུས་སུ་རང་རེའི་བོད་དང་ཕྱི་གླིང་བར་གྱི་འགྲིམ་འགྲུལ་གྱི་རྒྱུ་ལམ་འགངས་ཆེན་ཞིག་དང་། རྒྱལ་ཁབ་སོ་སོའི་ཚོང་བ། ལག་ཤེས་བཟོ་པ། རབ་བྱུང་བཙུན་པ་རྣམས་ཡུལ་འདི་ལ་འཛོམས་ཏེ། རིག་གནས་དང་ཆོས་ལུགས་བརྗེ་རེས་ཀྱི་ལྟེ་གནས་ལྟ་བུ་ཞིག་བར་སྐབས་ཀྱི་རིང་ལ་གྱུར་མྱོང་བ་ཞིག་རེད། ད་ལྟའང་ད་དུང་བྲག་ཕུག་492ཡོད་པ་དང་ལྡེབས་རིས་སྨི་གྲུ་བཞི་མ་བཞི་ཁྲི་ལྔ་སྟོང་ལྷག་དང་ལྷ་སྐུ་ཉིས་སྟོང་ལྷག་མཆིས་ཤིང་། དེ་མིན་ད་དུང་གཏེར་མའི་བྲག་ཕུག་ལས་གནའ་རབས་ཀྱི་དཔེ་རྙིང་འབོར་ཆེན་བྱུང་བ་རེད། བོད་ཀྱི་བཙན་པོའི་སྐུ་རིང་དུ་ལོ་ངོ་བརྒྱ་ཕྲག་ལྷག་གི་རིང་ལ་ཏུན་ཧོང་བདག་གེར་བཟུང་ནས་བྲག་ཕུག་སུམ་བཅུ་ལྷག་བརྐོས་པ་དང་། ད་ལྟ་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་ངོས་ནས་ཏུན་ཧོང་ནས་བུད་པའི་རྒྱུ་ཆ་དག་ནི་ཁུངས་འཙན་ཞིང་ཡང་ན་གཞི་འཛིན་ས་གཙོ་བོར་གྱུར་ཡོད་པ་རེད།།

    བཅུ་བ། ལྷོ་བྲག་སྲས་མཁར་དགུ་ཐོག་ནི། བོད་ལྗོངས་ལྷོ་ཁ་ས་ཁུལ་ལྷོ་བྲག་རྫོང་ཁོངས་ཀྱི་སྲས་བྱ་བའི་ཡུལ་ཚོར་མངའ་ཞིང་། དེ་ནི་སྤྱི་ལོ1080ཡས་མས་སུ་བཀའ་བརྒྱུད་བསྟན་པའི་སྲོལ་འབྱེད་མཁན་མར་བ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་ཐུགས་སྲས་རྗེ་བཙུན་མི་ལ་རས་པས་བཞེངས་པའི་ཁྱད་དུ་འཕགས་པའི་མཁར་རྙིང་གྲགས་ཅན་ཞིག་ཡིན་པ་དང་། རྗེ་བཙུན་མི་ལ་རས་པས་སྡིག་སྒྲུབ་སྦྱངས་པའི་ཆེད་དུ་ཆོས་བྱེད་པར་ལྷོ་བྲག་ཏུ་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་དང་མཇལ། ཡིན་ན་ཡང་བླ་མ་མར་པས་ཆོས་གསུང་རྒྱུ་ཞལ་གྱིས་མ་བཞེས་པར་སྒྲིབ་སྦྱོང་གི་ཆེད་དུ་ལོ་དྲུག་དང་ཟླ་དྲུག་རིང་ལ་སྲས་དར་མ་མདོ་སྡེའི་སྐུ་མཁར་བརྩིགས་པ་སོགས་ཀྱི་ལས་ཀ་མང་པོ་བྱེད་དུ་བཅུག་ཀྱང་། མི་ལ་རས་པས་སྒྲུབ་པར་དཀའ་བའི་མཁར་ལས་རྣམས་གྲུབ་པ་དང་བཟོད་པར་དཀའ་བའི་ཉམས་སད་རྣམས་ཐེག་པར་བྱས་མཐར་མཆོག་གི་དངོས་གྲུབ་ཐོབ། སྲས་མཁར་དགུ་ཐོག་ནི་རྒྱབ་བྲག་རི་ལ་བརྟེན་ནས་གནའ་མཁར་གྱི་རྣམ་པ་ལྟར་བཞེངས་འདུག་ལ། དུས་རབས16བའི་དུས་འགོར་དཔའ་བོ་གཙུག་ལག་ཕྲེང་བས་དགེ་འདུན་གྱི་སྡེ་ཆེན་པོ་བཙུགས་ཤིང་། ཕྱིས་སུ་རྒྱལ་དབང་སྐུ་ཕྲེང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ་མཆོ་གིས་ཞིག་གསོ་དང་། སྤྱི་ལོ1944ལོར་བསམ་འགྲུབ་དགོན་པའི་དགོན་བདག་བླ་མས་ཞིག་གསོ་བྱས་ནས་རྒྱ་བསྐྱེད་བྱས་སོ།།

    བཅུ་གཅིག ཁ་རུབ་གནའ་ཤུལ་ནི་བོད་ལྗོངས་ཆབ་མདོ་རྫོང་ཆབ་མདོ་ཁ་རུབ་སྡེ་གྲོང་དུ་ཆགས་ཤིང་། སྤྱི་ལོ་1978ལོ་ནས་གསར་དུ་ཐོན་རྙེད་བྱུང་བའི་གནའ་ཤུལ་གྲགས་ཅན་ཞིག་ཡིན། དེ་ནི་ཡུལ་དེའི་རྫ་ཆུའི་ནུབ་འགྲམ་དུ་ཡོད་ལ། རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲེ་སུམ་སྟོང་བརྒྱད་བརྒྱ་ཙམ་ཡོད། ཚོད་དཔག་ལྟར་ན། ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ཁྲེ་གྲུ་བཞི་མ་ཆིག་ཁྲི་ཙམ་ཡོད་ཅིང་། ད་ཕན་སྔོག་ཐེངས་སྔ་རྟིང་གཉིས་ལ་བསྡོམས་པས་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་ཆིག་སྟོང་བརྒྱད་བརྒྱ་ཙམ་བསྔོགས་ཏེ་ས་འོག་ནས་ཐོན་པའི་གནའ་རྫས་རིགས་མི་འདྲ་བ་ནི། ཁང་ཤུལ་དང་རྡོ་རྩིག རྡོ་ཆས། རུས་ཆས། རྫ་ལེབ། རྒྱན་ཆའི་དངོས་ཆས་སོགས་མང་དུ་རྙེད་པ་དང་བཅས་སོ།།

   འདི་དག་ལ་ད་ནས་ཡར་ལ་བརྩིས་ན་ལོ་ངོ་བཞི་སྟོང་དྲུག་བརྒྱ་ནས་ལྔ་སྟོང་ལྷག་གི་ལོ་རྒྱུས་ཡོད་པས་བོད་ཀྱི་གནའ་རབས་རིག་གནས་འཚོ་བའི་སྐོར་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་དཔང་རྟགས་ཡིན་ཞིང་། མདོ་ཁམས་ཡན་དང་དབུས་གཙང་མན་གྱི་བོད་མི་ཡོངས་ཀྱི་དུས་སྐབས་ཤིག་གི་ཤེས་རིག་གི་རྣམ་པ་མཚོན་ཡོད་པ་ཡིན།།

    བཅུ་གཉིས། གྲུབ་ཆེན་ཐང་སྟོང་རྒྱལ་པོས་བཞེངས་པའི་ལྕགས་ཟམ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་བ་དར་རྩེ་མདོའི་ཤར་ཕྱོགས་ལྕགས་ཟམ་རྫོང་གྲོང་དུ་བཞུར་བའི་རྒྱལ་མོ་རྔུལ་ཆུའི་སྟེང་དུ་བཙུགས་ཡོད། ཟམ་པ་བཞེངས་མཁན་བོད་ཀྱི་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཉིད་ཡིན་པས་བོད་ཀྱི་གནའ་ཤུགས་གྲགས་ཅན་གྱི་གྲས་སུ་བགྲང་ལ། ཟམ་པ་འདི་ནི་གྲུབ་ཐོབ་འདི་ཉིད་ཀྱིས་འབངས་ཀྱི་བདེ་རྩའི་ཆེད་དུ་ལྕགས་ཟམ་ལྔ་བཅུ་ང་བརྒྱད་བཙུགས་པའི་ནང་གི་གཅིག་ཡིན་པས་ཡུལ་དེའི་དེབ་ཐེར་དང་ཡུལ་མིའི་ངག་སྒྲོས་སུའང་བོད་ཀྱི་བླ་མ་ཞིག་གིས་ལས་དཔོན་བྱས་ནས་བཞེངས་པའི་ངག་རྒྱུན་འདུག་ཅིང་། ལྕགས་ཟམ་འདི་ནི་བྱིས་པ་ལོ་བརྒྱད་ཅན་གྱི་དཔུང་པའི་སྦོམ་ཕྲ་ཙམ་གྱི་ལྕགས་ཐག་བཅུ་གསུམ་ལས་བསྐྲུན་པའི་ཟམ་ཆེན་ཞིག་ཡིན་པས། དེ་ནི་དུས་སྐབས་ཤིག་གི་བོད་ཀྱི་ལག་ཤེས་བཟོ་ལས་ལ་རྟོག་ཞིབ་བྱ་བར་དཔྱད་གཞིར་འོས་པའི་གནའ་ཤུལ་གྱི་རིག་དངོས་རྩ་ཆེན་ཞིག་རེད་ལ། ད་སྐབས་ཟམ་པ་འདི་ནི་ཏཱ་ཏའོ་ཧོའི་གཡུལ་འགྱེད་ཅེས་པའི་དམར་དམག་རྒྱང་སྐྱོད་སྐབས་སུ་རྒྱལ་མོ་རྔུལ་ཆུ་བརྒལ་དུས་ཀྱི་གཡུལ་ལས་རྣམ་པར་རྒྱལ་བའི་ལོ་རྒྱུས་དྲན་གསོ་བྱེད་ས་ཀྱང་རེད། ད་ལྟ་རྒྱལ་ཁབ་རིམ་པའི་རིག་དངོས་བདག་སྐྱོང་བྱ་ཡུལ་དུ་བཀོད་ཡོད་པ་དང་བཅས་སོ།།

    ལེའུ་ཚན་དགུ་བ། བོད་ཆེན་པོའི་རྒྱལ་སྲིད་ལ་མཛད་རྗེས་ཆེ་བའི་མི་སྣ་དྲུག་གི་སྐོར།

    གཅིག ཁྱུང་པོ་སྤུང་སད་ཟི་ཙེ་ནི་རིག་པ་རྒོད་ཅིང་གཡོ་འཕྲུལ་ཆེ་བ། མངོན་ཤེས་ལྟ་བུའི་རྗེས་དཔག་དང་གཏན་ཚིགས་ལ་མཁས་ཤིང་། སྐབས་དེའི་ཆབ་སྲིད་ཀྱི་གོ་ས་མཐོ་ཤོས་ཀྱི་གྲས་ཞིག་ཀྱང་ཡིན། འདིས་གཙང་གི་རྒྱལ་པོ་མར་མུར་གྱི་མགོ་བཅད་ཅིང་། གཙང་གི་དུད་ཁྱིམ་ཉིས་ཁྲི་ཙམ་བཙན་པོ་ལ་ཕུལ་ཞིང་། བཙན་པོས་དེ་ཕྱིར་གནང་ནས་གཙང་གི་མངའ་འབངས་ཀྱི་བདག་པོར་བསྐོས་ཤིང་། མི་འདིས་བཙན་པོའི་སྐུ་སྲོག་སྐྱབས་པའི་ལོ་རྒྱུས་ཡོད། མཐར་བཙན་པོ་སྲོང་བཙན་སྒམ་པོ་ལ་ངོ་ལོག་ཅིང་རང་གི་ཆབ་སྲིད་བུའི་ལག་ཏུ་སྤྲད་ནས་རིགས་རྒྱུད་ཕྱི་མ་རྣམས་ཀྱི་གོ་གནས་ཉམས་མོས་སུ་མི་འགྲོ་བའི་ཆེད་དུ་རང་གི་མགོ་རང་གིས་བཅད་དེ་བཙན་པོའི་ཕྱག་ཏུ་བསྐུར་བར་གྲགས་སོ།།

    གཉིས། སེང་གོ་མྱི་ཆེན་ནི་དྭགས་པོ་ལ་དམག་དྲངས་མཁན་གྱི་དམག་དཔོན་ཞིག་ཡིན་ཞིང་། རྒྱལ་བློན་འཛོམས་པའི་དབུས་སུ་དྭགས་པོར་འགྲོ་རྒྱུའི་ཁས་བླངས་ཤིང་། དམག་ཤུགས་དང་དཔའ་མཛངས་གཉིས་ལྡན་གྱི་མི་ཞིག་ཡིན་ལ། འདིའི་བློན་པོ་ཞིག་གིས་ཉིན་གཅིག་ལ་དྭགས་པོ་བརྒྱ་བསད་པའི་ལོ་རྒྱུས་ཡོད་པས། འདིས་དྭགས་པོ་དབང་དུ་བསྡུས་པའི་སྐབས་སུ་འབངས་ཀྱི་ཁ་ནས། སེང་གོ་མྱི་ཆེན་གྱིས།། དྭགས་ཀྱི་བསེན་མཁར་ལ།། མདུང་མོ་ཐབས་གཅིག་གིས།། འབྲོང་མོ་ཐང་གང་ཐོབ།། ཅེས་པར་གྲགས། འདི་ལ་བཙན་པོས་གོ་གནས་ཆེན་པོ་སྤྲད་ཡོད་ཅིང་། འདིས་བླངས་པའི་ཁྱུང་པོ་སྤུང་སད་ལ་ཤགས་ལན་བཏབ་པའི་མགུར་ཞིག་ཀྱང་ཡོད་ཟེར།།

    གསུམ། མང་པོ་རྗེ་ཞང་སྣང་ནི་མགུར་ལ་མཁས་ཤིང་བློ་རིག་བཀྲ་ལ་མཛངས་པ་ཞིག་ཏུ་སྣང་། ཁྱུང་པོ་སྤུང་སད་ཟི་རྩེས་བཙན་པོ་ལ་ཟུར་ཟའི་མགུར་བཀུག་པར་འདིས་མགུར་ལན་གནད་དུ་ཁེལ་བ་བཏབ་ཅིང་། བཙན་པོས་ཀྱང་ཁོང་ལ་ཆབ་སྲིད་ཀྱི་ཆེ་མཐོང་སྤྲད། རྗེས་སུ་ཁྱུང་པོ་སྤུང་སད་ཀྱིས་བསླུས་ནས་བཙན་པོ་ལ་གློ་བ་རིང་བར་གྱུར། བཙན་པོའི་བཀའ་མ་བརྩིས་པར་མཁར་བཟུང་བས་མཇུག་མཐར་བཙན་པོས་ཁོ་བསད་པ་དང་མཁར་གཤིགས་སོ།།།

    བཞི། སད་མ་ཀ་ཞེས་བུད་མེད་འདི་ནི་བཙན་པོ་སྟག་རི་གཉན་གཟིགས་ཀྱི་སྲས་མོ་ཡིན་ཞིང་། ཁོ་མོ་ཞང་ཞུང་རྒྱལ་པོའི་བཙུན་མོ་ལ་བཏང་པ་དང་། ཞང་ཞུང་ནས་བཙུན་མོའི་གོ་ས་ཡག་པོ་མ་ཐོབ་པས། བཙན་པོ་སྲོང་བཙན་སྒམ་པའི་དུས་སུ་བཙན་པོའི་ཕོ་ཉ་རྨང་ཆུང་ལ་ངག་འཕྲིན་དང་གཡུ་རྙིང་སུམ་ཅུ་བསྐུར། ཡང་ཆུ་སླ་ང་གང་དང་དུང་གསེར་དུག་མདེལ་བཅས་བསྐུར་ནས་མཚོན་དོན་གྱི་གསང་བརྡ་མང་དུ་བཏང་པ་ལས། བཙན་པོས་ཁོ་མོའི་ཐབས་ཤེས་ལ་བརྟེན་ནས་ཞང་ཞུང་ལ་དམག་དྲངས་ཏེ་དབང་དུ་བསྡུས་སོ།།

    ལྔ། དབས་དབྱི་ཚ་ནི་ཟིང་པོ་རྗེའི་བློན་པོ་ཆེན་པོ་ཡིན་ཞིང་། ཕྱིས་སུ་ཁོའི་ནུ་བོ་གཞན་གྱིས་བཀྲོངས་ཤོར་ནས་མི་སྟོང་དགོས་ཚུལ་ཟིང་པོ་རྗེ་ལ་ཞུས་ཀྱང་རྗེས་དེ་ལ་ཁ་ཡ་མ་བྱས་པས་ཁོ་ཡིད་ཆད་དེ་སྟག་རི་གཉན་གཟིགས་ལ་མགོ་འདོགས་ཞུས་ཤིང་། གནམ་རི་སྲོང་བཙན་གྱི་དུས་སུ་ཟིང་པོ་རྗེ་ལ་དམག་དྲངས་དུས་དམག་སྣ་འདྲེན་མཁན་དུ་བསྐོས། མི་འདི་སྟག་རི་གཉན་གཟིགས་དང་གནམ་རི་སྲོང་བཙན་གྱི་བློན་པོ་ཆེ་གྲས་ཡིན་ལ། ལོ་ལོན་ནས་ཉི་མ་ལྡེ་དགོས་པའི་དུས་སུ་བཙན་པོ་སྲོང་བཙན་ལ་བཅར་ནས་རེ་བ་ཞུས་པས། བཙན་པོ་དངོས་སུ་ཁོའི་ཁྱིམ་ལ་ཕེབས་ནས་གསོལ་རེས་རྒྱ་ཆེར་བསྩལ་ཅིང་། རྗེ་བློན་མི་བདུན་དང་ཁོའི་ཕྱོགས་ཀྱི་མི་བདུན་བཅས་མནའ་བོར་ཞིང་། ཁོ་ཤི་དུས་བཙན་པོས་དངོས་སུ་དུར་འཇུག་བྱས་པ་དང་། མི་རྒྱུད་ཕྱི་མ་རྣམས་ལ་གསེར་ཡིག་བསྩལ་བར་ཁས་བླངས། འདི་དང་བཙན་པོ་ཆོས་རྒྱལ་སྲོང་བཙན་སྒམ་པོ་གཉིས་ཀྱིས་བླངས་པའི་མགུར་ཞིག་ཀྱང་ཡོད།།

    དྲུག མྱང་ཙེང་སྐུ་ཞེས་པ་ནི་ཟིང་པོ་རྗེ་སྟག་སྐྱ་བོའི་བློན་པོ་ཞིག་ཡིན་རུང་། ཁོའི་གཉེན་ཉེ་ལ་གཞན་གྱིས་ཐུབ་ཚོད་བྱས་པས་ཟིང་པོ་རྗེ་ལ་གུ་ཡངས་དགོས་ཚུལ་ཞུས་ཀྱང་ཟིང་པོ་རྗེས་རྒྱབ་སྐྱོར་མ་བྱས་པས། ཁོ་སེམས་ཕམ་ནས་དབས་དབྱི་ཚ་དང་ཁ་འཆམས་ནས་སྟག་རི་གཉན་གཟིགས་ལ་མགོ་འདོགས་ཞུས་པ་རེད། ཟིང་པོ་རྗེ་ལ་དམག་དྲངས་དུས་སྔོན་དུ་གསང་མྱུལ་བྱེད་དུ་འགྲོ་མཁན་ཡིན། ཆོས་རྒྱལ་སྲོང་བཙན་གྱིས་ཟིང་པོ་རྗེ་དབང་དུ་བསྡུས་རྗེས་དབས་དབྱི་ཚ་དང་འདི་གཉིས་ཀྱིས་བླངས་པའི་མགུར་ཞིག་ཀྱང་ཡོད། གནམ་རི་སྲོང་བཙན་གྱིས་འདི་ལ་བྱ་དགའ་མཁར་དང་བྲན་ཁྱིམ་སྟོང་ལྔ་བརྒྱ་བསྩལ་བར་བྱས་སོ།། 

   གོང་གི་བློན་པོ་འདི་དག་གིས་གཙང་དང་། དྭགས་པོ། ཞང་ཞུང་། ཟིང་པོ་རྗེ་སོགས་རྒྱལ་ཕྲན་མང་པོ་དབང་དུ་བསྡུས་ཤིང་། དམག་དང་སྲིད་ཁྲིམས་ཀྱི་རྣམ་པ་རྒྱ་བསྐྱེད་ཅིང་། བོད་ཆེན་པོའི་རྒྱལ་རབས་ཞེས་དར་བའི་རྩེ་མོར་སོན་པའི་སྲིད་འབྱོར་གྱི་རྒྱུ་རྐྱེན་མང་དུ་བསྐྲུན་པར་མ་ཟད། རྒྱལ་རབས་གསུམ་གྱི་རིང་ལ་ཆབ་སྲིད་ཀྱི་མངའ་ཁོངས་རྒྱ་བསྐྱེད་ཅིང་རང་ཚུགས་ཐུབ་པའི་རྒྱལ་ཁབ་ཀྱི་རྣམ་པ་གསལ་པོ་དོད་པ་ནི་མི་སྣ་འདི་དག་གི་མཛད་རྗེས་ཡིན་པར་བསྙོན་དུ་མེད་དོ།། ཞེས་རྫ་བ་ཚུལ་ཁྲིམས་ནོར་བུས་གསུངས་སོ།།

    ལེའུ་ཚན་བཅུ་བ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་རྣམས་ཀྱིས་བཞེངས་པའི་ལྷ་ཁང་གི་སྐོར།

    བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན་ལས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་རྣམས་ཀྱིས་བཞེངས་པའི་ལྷ་ཁང་རྣམས་ནི་གཤམ་གསལ་ལྟར།

གཅིག ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་ཐོག་མ་མོང་བཟའ་ཁྲི་ལྕམ་ནི། བོད་ཡུལ་དབུས་སུ་མོང་གི་ཁྱིམ་རྒྱུད་དུ་འཁྲུངས་ཤིང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཁབ་ཏུ་ཕྱིན། མཛད་རྗེས་གཙོ་བོར་བྲག་ཡེར་པའི་ལྷ་ཁང་བཞེངས་པ་ཡིན། སྐབས་དེར་བན་བོན་གང་གི་ལུགས་ཡིན་མ་གསལ་ཀྱང་དེང་དུས་ནང་པའི་ཆོས་ལུགས་ཀྱི་སྒྲུབ་གནས་གྲགས་ཅན་ཞིག་ཏུ་གྱུར་ཏོ།།  
     
གཉིས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་གཉིས་པ་མི་ཉག་བཟའ་རུ་ཡོང་བཟའ་ནི། མདོ་ཁམས་མི་ཉག་གི་ཡུལ་དུ་འཁྲུངས་ཤིང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཁབ་ཏུ་ཕྱིན། མཛད་རྗེས་གཙོ་བོར་བྲག་མགོན་པོའི་ལྷ་ཁང་བཞེངས་པ་ཡིན། ལྷ་ཁང་དེ་ཡང་ཐོག་མར་བན་བོན་གང་ཡིན་མ་ངེས་ཀྱང་ཕྱིས་སུ་ནང་པའི་ལུགས་ཀྱི་ལྷ་ཁང་ཞིག་ཏུ་གྱུར་པར་གྲགས་སོ།།
     
གསུམ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་གསུམ་པ་ཞང་ཞུང་བཟའ་ལི་ཐིག་སྨན་ནི། གངས་ཏི་སེའི་འདབས་ཞོལ། མཚོ་མ་ཕམ་པའི་འགྲམ་དུ་ཞང་ཞུང་རྒྱལ་པོའི་སྲས་མོ་རུ་འཁྲུངས་ཤིང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྲིང་མོ་སད་མ་ཀ་ཞང་ཞུང་རྒྱལ་པོའི་བཙུན་མོར་ཕྱིན་པ་དང་དུས་མཚུངས་ཙམ་ན། ཞང་ཞུང་རྒྱལ་པོའི་སྲས་མོ་ལི་ཐིག་སྨན་ཀྱང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོར་བསུས། མཛད་རྗེས་གཙོ་བོར་ཐེམ་བུ་ལྐོག་གི་ལྷ་ཁང་བཞེངས་པ་ཡིན། དེ་ནི་ཞང་ཞུང་བོན་ལུགས་ཀྱི་ལྷ་ཁང་ཞིག་ཡིན་པར་གྲགས་པ་ཙམ་ལས་དེང་དུས་སུ་གནས་ཡུལ་གང་ཡིན་ཤེས་མཁན་མེད་པར་སྣང་ངོ་།།
     
བཞི། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་བཞི་བ་བལ་བཟའ་ཁྲི་བཙན་ནི། དེང་དུས་བལ་བོའི་རྒྱལ་ས་ཀ་ཏེ་མན་ཏུར་བལ་བོའི་རྒྱལ་པོ་འོད་ཟེར་ཁྲི་བཙན་གྱི་སྲས་མོ་རུ་འཁྲུངས་ཤིང་། བོད་ཤིང་ཕོ་འབྲུག་སྤྱི་ལོ་632ལོར་སྲོང་བཙན་སྒམ་པོའི་ཁབ་ཏུ་ཕེབས། མཛད་རྗེས་གཙོ་བོར་ས་མོ་ཕག་སྤྱི་ལོ་639ལོར་ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེངས་པ་ཡིན། ལྷ་ཁང་འདི་ནི་བལ་བཟའ་ཁྲི་བཙུན་གྱིས་གདན་དྲངས་པའི་ཇོ་བོ་མི་བསྐྱོད་རྡོ་རྗེའི་སྐུ་རྟེན་བཞུགས་གནས་སུ་ཆེད་དུ་བཞེངས་པ་སྟེ། བོད་གངས་ཅན་ཡུལ་དུ་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ལྷ་ཁང་དང་པོ་ཡིན།།
   
ལྔ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་ལྔ་པ་རྒྱ་བཟའ་ཀོང་ཇོ་ནི། རྒྱ་ནག་ཐང་གི་རྒྱལ་པོ་ཐང་ཐའེ་ཙུང་གི་སྲས་མོ་རུ་འཁྲུངས་ཤིང་། བོད་ཀྱི་རྒྱལ་པོའི་ཁབ་ཏུ་བཞེས་ནས། མཛད་རྗེས་གཙོ་བོར་རྒྱ་སྟག་ར་མོ་ཆེའི་ལྷ་ཁང་བཞེངས་པ་ཡིན། ལྷ་ཁང་འདི་ནི་ལྕགས་མོ་ཕག་སྤྱི་ལོ651ལོར་བཞེངས་པར་གསལ། འདི་ནི་རྒྱ་བཟའ་ཀོང་ཇོས་གདན་དྲངས་པའི་ཇོ་བོ་ཤཱཀྱ་མུ་ནེ་དགུང་གྲངས་བཅུ་གཉིས་ཀྱི་སྐུ་ཚད་ཅན་བཞུགས་པའི་གནས་སུ་ཆེད་དུ་བཞེངས་པ་ཡིན་ནོ།།
     
དེ་ཡང་། དཀར་ནག་རྒྱ་དང་བལ་པོ་དང་།། ལི་ཡུལ་ལ་སོགས་མཐའ་བཞིར་འབྲེལ།། ཞང་གསུམ་བློན་བཞིས་གཙོ་བྱས་པའི།། དགུང་ནང་བཀའ་ཡི་བློན་ཆེན་བསྐོས།། དབུས་ཀྱི་མདུན་ས་ཆེན་མོ་བཙུགས།། མཛངས་བློན་བཞི་པས་བརྡ་སྤྲོད་བརྩམས།། ལྔ་པས་རི་ཁྱིམ་ཀླུང་དུ་ཕབ།། བོད་ཀྱི་གྲོང་སྡེ་གསར་དུ་བཅོས།། ལྕགས་ཁྱིར་སྲོང་བཙན་དགུང་དུ་གཤེགས།། ཅེས་སོ།།
     
དེ་ལྟར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་ཤར་ཕྱོགས་ཐང་གི་རྒྱལ་ཁབ་དང་། ལྷོ་རྒྱ་གར། ལྷོ་ནུབ་བལ་པོ། ནུབ་བྱང་ལི་ཡུལ་སོགས་ཕྱོགས་མཐའི་རྒྱལ་ཁམས་རྣམས་སུ་ཆོས་དང་རིག་གནས་ཀྱི་འབྲེལ་བ་བཙུགས་ཤིང་། ལྷག་པར་དུ་རྒྱ་གར་ནས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས་གདན་དྲངས་ནས་བོད་ཡིག་ཏུ་བསྒྱུར་ནས་ནང་ཆོས་བོད་དུ་དར་བའི་དབུ་བརྙེས་པ་དང་། ཞང་གསུམ་བློན་བཅས་དབུས་ཀྱི་འདུན་ས་འཛིན་ཞེས་པའི་ཞང་གསུམ་བློན་དང་བཞི་ནི། ༼མཁས་པའི་དགའ་སྟོན༽ལས། སྟོད་ན་འབྲོ་རྒྱལ་མཚན་སེང་གེ་དང་། སྨད་ན་མཆིམས་སྐྱེས་བཟང་སྟག་སྣ། བར་ན་སྣ་ནམ་རྒྱལ་རྒན། བློན་པོ་སྦས་སྐྱེས་བཟང་སྟག་སྣ་བཅས་ཞང་གསུམ། གཞན་ཡང་བློན་པོ་གཅིག་བཅས་བཞི་ལ་ཞང་གསུམ་བློན་བཞི་ཟེར། ཞེས་གསལ། ཡང༼ལྡེའུ་ཆོས་འབྱུང༽ནང་། ཞང་གསུམ་ནི། སྣ་ནམ། མཆིམས། འབྲོ་གསུམ་དང་། བློན་བཞི་ནི། ཁུ་དང་། མགར། སྦས། འགོས་བཅས་ཡིན། ཞེས་གསལ། དཔོན་རིགས་དེ་དག་གིས་གཙོ་བོར་བྱས་པའི་སྲིད་སྐྱོང་བའི་སྒྲིག་གཞི་རིམ་པ་མི་འདྲ་བ་དང་། ལས་འགན་མི་འདྲ་བའི་གྲོས་ཚོགས་ཁག་ནི། དགུང་བློན་བཞི་རུ་གྲགས་པའི་སྲོང་བཙན་སྒམ་པོའི་སྐབས་སུ་དགུང་བློན་ཆེ་བ་བཞི་འམ་མེད་ཐབས་མེད་པའི་བློན་ཆེན་བཞི་སྟེ། མགར་སྟོང་བཙན། ཐོན་མི་སམྦྷོཊ། འབྲི་སེ་རི་གུང་ཐུན། སྙགས་ཁྲི་བཟང་ཡང་སྟོན་བཅས་ཡིན། དགུང་བློན་གྱི་འོས་འགན་ནི་ཕྱིའི་དགྲ་འདུལ་ཞིང་། ཆོས་དང་རིག་གནས་སྤེལ་བའི་ཐབས་ཇུས་བསྐྱངས་དགོས་པ་དང་བཅས་སོ།།

     ལེའུ་ཚན་བཅུ་གཅིག མདོ་སྨད་ཡུལ་གྱི་བྱང་གི་དགོན་ཆེན་བཞིའི་སྐོར།

     གཅིག བྱུ་ཁྱུང་དགོན། དགེ་ལྡན་བསྟན་པའི་འབྱུང་གནས་མ་དགོན་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་ནི་མདོ་སྨད་ཙོང་ཁ་བདེ་ཁམས་ཀྱི་ས་འཛིན་ཙོང་ལ་རིང་མོར་ཉིན་སྲིབ་ཀྱིས་ཕྱེ་བའི་ཡུལ་ཁམས་ལ་ལྷོ་བྱང་གི་ཆ་གཉིས་ལས། ལྷོ་ཕྱོགས་ཀྱི་ཆར་རྨ་ཀླུང་ཕྱུག་མོ་དལ་གྱིས་འབབ་པའི་ཉེ་འགྲམ། ད་ལྟ་མཚོ་སྔོན་ཞིང་ཆེན་དཔའ་ལུང་རྫོང་ཁོངས་ཀྱི་བྲག་བྱ་ཁྱུང་ཞེས་པའི་སར། རྗེ་ཙོང་ཁ་པའི་ཡོངས་འཛིན་ཤར་ཕྱོགས་རིག་པའི་དཔའ་བོ་༧ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་བོད་རབ་བྱུང་དྲུག་པའི་བགྲང་བྱ་ཉེར་གསུམ་པ་སྤྱི་ལོ1349ཕྱི་ལོ་ས་མོ་གླང་ལོར་བཏབ་ཅིང་། ད་ལྟ་བོད་རབ་བྱུང་བཅུ་བདུན་པའི་ལྕགས་པོ་བྱི་བ་ལོའི་བར་ལོ་དྲུག་བརྒྱ་དང་བདུན་ཅུ་དོན་གཅིག་འདས་ཤིང་། མདོ་སྨད་ཡུལ་གྱི་ཆོས་སྡེ་ཐམས་ཅད་ཀྱི་ཆེས་སྔ་མར་གྱུར་བའི་མ་དགོན་ཞེས་སུ་གྲགས་འདུག ཆོས་སྡེ་འདིར་དགོན་མ་ལག་ཉི་ཤུ་རྩ་ལྔ་ཡོད་པར་གསུངས་ལ། དུས་འཁོར་གྲྭ་ཚང་དང་། རྒྱུད་པ་གྲྭ་ཚང་། སྨན་པ་གྲྭ་ཚང་། མཚན་ཉིད་གྲྭ་ཚང་བཅས་གྲྭ་ཚང་བཞི། གཞན་ཡང་གསེར་གདུང་ཆེན་མོའི་ལྷ་ཁང་། ལྷ་ཁང་ཆེན་མོ། གསེར་གདུང་ཆུང་ངུའི་ལྷ་ཁང་། འདུ་ཁང་ཆེན་མོ། ཨ་ར་པ་ཙའི་སྒྲུབ་ཁང་ངམ་འཇམ་དབྱངས་སྒྲུབ་ཁང་། དཔར་ཁང་ཆེན་མོ། སྒར་ཆེན་བཞི་སོགས་ཐོག་ཁར་རྒྱ་ཕིབས་དང་རི་དྭགས་ཆོས་འཁོར་གྱིས་མཛེས་པའི་གཙུག་ལག་ཁང་མང་བོ་ཡོད་ལ། སྐུ་རྟེན་དུ། ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་སྐུ་གདུང་གསེར་དངུལ་གྱིས་བཏུམས་པ། རྒྱལ་བ་དགེ་འདུན་རྒྱ་མཚོའི་དངོས་སློབ་ཨ་གྲོ་ཆོས་རྗེའི་སྐུ་གདུང་། རྡོ་རྗེ་ཕག་མོ་རང་བྱོན་དུ་གྲགས་པ། རྗེ་སྐུ་བཀྲ་ཤིས་དོ་ཁ་མ། བྱམས་པ་ཆུ་གཟིགས་མ། ཐུབ་པ་གྲོང་འབྱོན་མ་སོགས་དང་། གསུང་རྟེན་དུ། སྡེ་དགེ་བཀའ་འགྱུར། སྣར་ཐང་བསྟན་འགྱུར། སྟག་ཚང་ལོ་ཙཱ་བའི་ཐུགས་དམ་ཡུམ། ཅོ་ནེའི་བཀའ་འགྱུར། གཞན་ཡང་མདོ་སྔགས་རིག་གནས། མཚན་ཉིད་ཡིག་ཆ། རྒྱན་འཇུག་མཛོད་རྩ། རྗེའི་གསུང་འབུམ། མཛོད་འདུལ་ཕར་ཕྱིན། དྲང་ངེས་བློ་རྟགས་སོགས་པོ་ཏི་སྟོང་ཕྲག་ལས་བརྒལ་བ་བཞུགས་ཤིང་། ཐུགས་རྟེན་དུ། ༧ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་སྐུ་ནང་རྟེན་དུ་བཞུགས་པའི་མཆོད་རྟེན་ཆེན་མོ། སངས་རྒྱས་འཁོར་བ་འཇིག་རྟེན་གི་ཚེམས་བཞུགས་པར་གྲགས་པའི་ཙན་དན་གྱི་མཆོད་རྟེན་གཉིས། ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོའི་ཚེམས་སྙིང་བོར་བཞུགས་པའི་རྣམ་རྒྱལ་མཆོད་རྟེན། བདེ་ཁང་བའི་སྐུ་གདུང་མཆོད་རྟེན་སོགས་ཐུགས་རྟེན་ཆེ་ཆུང་བཅུ་ཕྲག་ལྷག་ཡོད་ཅིང་། གྲྭ་བཙུན་ཆེས་མང་དུས་སུ་ཆིག་སྟོང་ལྔ་བརྒྱ་ཙམ་འདུས་པར་གྲགས་པ་ལས་མ་འདས་སོ།།

    གཉིས། དགོན་ལུང་དགོན། ཆོས་སྡེ་ཆེན་པོ་དགོན་ལུང་བྱམས་པ་གླིང་ནི་མདོ་སྨད་ཀྱི་གང་གཱ་གཉིས་པ་ཙོང་ཆུ་སྔོན་མོ་འབབ་ཡུལ་ལ་གདགས་སྲིབ་ཀྱི་ཆ་གཉིས་སུ་བགོས་པ་ལས་ཙོང་ཁ་བདེ་ཁམས་ཞེས་གྲགས་པའི་བྱང་གི་ཆ། དམར་གཙང་བྲག་གི་གཡས་འགྲམ། ད་ལྟ་མཚོ་སྔོན་ཞིང་ཆེན་ཧོར་གྲོང་རྫོང་དུ་འབོད་པ་རུ་༧རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོས་རབ་བྱུང་བཅུ་པའི་ཆུ་མོ་ཡོས1603ལོར་ཕྱག་འདེབས་མཛད་ཅིང་། ད་ལྟ་བོད་རབ་བྱུང་བཅུ་བདུན་པའི་ལྕགས་པོ་བྱི་བ་ལོའི་བར་ལ་མི་ལོ་བཞི་བརྒྱ་དང་བཅུ་བདུན་ཕྱིན་པར་འདུག ཆོས་སྡེ་འདིར་དམ་པ་གོང་མ་ནས་རིམ་གྱིས་བཞེངས་པའི་གཙུག་ལག་ཁང་མང་པོ་ཡོད་ལ། རྒྱས་སྲས་ཉིད་དང་སུམ་པ་དཔོན་སློབ་སོགས་ཀྱིས་བཞེངས་པའི་འདུ་ཁང་ཉིས་ཐོག་རུང་ཁང་དང་བཅས་པ། ལྷ་མོ་ཕོ་བྲང་། རྒྱུད་ཁང་། ལི་མ་ཁང་། ལྕང་སྐྱའི་བླ་བྲང་། ཐུའུ་བཀྭན་བླ་བྲང་། སུམ་པ་བླ་བྲང་བཅས་དང་། ཆོས་སྡེ་འདིའི་རྟེན་གྱི་གཙོ་བོ་རྒྱལ་བ་བྱམས་པའི་སྐུ་རང་རྒྱལ་ཕྱག་མཛུབ་མ། རྗེ་སྐུ་ང་འདྲ་མ། དཔལ་ལྡན་དམག་ཟོར་རྒྱལ་མོའི་སྐུ་ཐང་། ཐུབ་པ་མི་ཐུབ་བཅས་སྐུ་རྟེན་དང་། བཀའ་འགྱུར་འཛམ་གླིང་གཡས་བཞག་ཅེས་པ་གསེར་ཞུན་མས་བྲིས་པ། དེའི་དཀར་ཆག་ལྕང་སྐྱ་རིན་པོ་ཆེས་མཛད་པ། རྒྱལ་བ་དགེ་འདུན་གྲུབ་ཀྱི་ཕྱག་བྲིས་མར་གྲགས་པའི་འགྲེལ་བ་སྒྲོན་མ་གསལ་བ་བཅས་གསུང་རྟེན། ཐུའུ་བཀྭན་ངག་དབང་ཆོས་ཀྱི་རྒྱ་མཚོ་མཆོག་གི་དངུལ་གདུང་མཆོད་རྟེན་གཙོ་བྱས་པའི་ཐུགས་རྟེན་བཅས་རྟེན་གསུམ་བསམ་གྱིས་མི་ཁྱབ་པ་མང་པོ་བཞུགས་ཤིང་། གནས་ཀྱི་བཀོད་པ་ཡང་ཤར་གྱི་བྲག་ཅིག་ལ་ཕྱག་ན་རྡོ་རྗེ་རང་བྱོན་དང་། གཞན་ཡང་སྒྲོལ་མ། དཔལ་ལྡན་ལྷ་མོ་སོགས་རང་བྱོན་དང་སྒྲུབ་ཆུ་བྱིན་ཅན་མང་པོ་དང་། ཀརྨ་རོལ་བའི་རྡོ་རྗེ། རྒྱལ་སྲས་བློ་བཟང་བསྟན་འཛིན་སོགས་ཀྱི་ཞབས་རྗེས་རྡོ་ལ་བཀོད་པ་མང་པོར་མཇལ་རྒྱུ་ཡོད་ཅིང་། ཆོས་སྡེ་འདིར་བོད་ཀྱི་རིག་གནས་གོང་སྤེལ་ཐད་ལ་མཛད་རྗེས་ཆེ་བའི་མཁས་དབང་ལྕང་སྐྱ་རོལ་བའི་རྡོ་རྗེ་དང་། ཐུའུ་བཀྭན་ཆོས་ཀྱི་ཉི་མ་སོགས་དྲན་དབང་མང་པོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་སོ།།

   གསུམ། ཆུ་བཟང་དགོན། ཆུ་བཟང་དགོན་དགའ་ལྡན་ཐུབ་བསྟན་རབ་རྒྱས་གླིང་ནི་མཚོ་སྔོན་ཞིང་ཆེན་ཧོར་གྲོང་རྫོང་ནན་མོན་ཞཱ་ཞང་གི་ཁོངས་སུ་གཏོགས་པའི་རྭ་ལོ་ཐང་གི་འབུམ་ལུང་བཀྲ་ཤིས་ཐང་ཞེས་པར་གྲགས་པའི་ས་ཆ་དེ་ཡིན། དགོན་པ་འདི་ནས་རྫོང་མཁར་བར་སྤྱི་ལེ་ཉི་ཤུ་ཙམ་ལས་མེད། དགོན་པ་འདི་ཐོག་མར་གུར་དགོན་ཞིག་ཡིན་ཞིང་། ལོ་ངོ་བཅུ་གཅིག་གི་རིང་ལ་སྦྲ་གུར་དུ་ཆོས་ཀྱི་འཆད་ཉན་མཛད་པ་ཡིན། ཕྱིས་སུ་༧ཆུ་བཟང་རིན་པོ་ཆེ་རྣམ་རྒྱལ་དཔལ་འབྱོར་མཆོག་གིས་ཆིང་རྒྱལ་རབས་ཀྱི་གོང་མ་ཧྲུན་ཀྲི་ཁྲི་ལོ་དྲུག་པ་སྟེ་སྤྱི་ལོ1649ལོར་འབུམ་ལུང་བཀྲ་ཤིས་ཐང་དུ་དགོན་པའི་གཞི་བཏབ་ནས། ད་ལྟ་བོད་རབ་བྱུང་བཅུ་བདུན་པའི་ལྕགས་པོ་བྱི་བ་ལོའི་བར་ལ་མི་ལོ་སུམ་བརྒྱ་དང་བརྒྱད་ཅུ་གྱ་གཉིས་འདས་ཤིང་། དགོན་པ་འདེབས་མཁན་༧རྣམ་རྒྱལ་དཔལ་འབྱོར་མཆོག་དབུས་ཕྱོགས་ཆུ་བཟང་ཞེས་པའི་སར་འཁྲུངས་པ་ཡིན་པས་དགོན་མིང་ལ་ཡང་ཆུ་བཟང་ཞེས་གསོལ་ནས་དེར་རྗེས་དྲན་བྱེད་པ་ཡིན། དངོས་མིང་ལ་དགའ་ལྡན་ཐུབ་བསྟན་རབ་རྒྱས་གླིང་ཞེས་གསོལ། ཕྱིས་སུ་གོང་མའི་དབུ་བླ་༧ལྕང་སྐྱ་རིན་པོ་ཆེ་མཆོག་གིས་རྒྱབ་སྐྱོར་མཛད་འོག་ཚོགས་ཆེན་འདུ་ཁང་དང་། བཙན་ཁང་། བྱམས་ཁང་། ཀླུ་དབང་རྒྱལ་པོའི་ལྷ་ཁང་། སྐུ་གདུང་མཆོད་རྟེན་སོགས་རྟེན་དང་བརྟེན་པ་མང་དུ་བཞེངས་ཤིང་། བླ་བྲང་དང་གྲྭ་ཤག་སོགས་ཀྱང་མང་དུ་ཆགས་པས་དགོན་པའི་གཞི་རྒྱ་ཧ་ཅང་ཆེ་ཞིང་བཟོ་བཀོད་མཛེས་ཤིང་བརྗིད་ཉམས་ལྡན་པ། མ་ལག་ཐམས་ཅད་ཡོངས་སུ་ཚང་བའི་དགོན་ཆེན་ཞིག་ཏུ་གྲུབ་པ་ཡིན།།

    བཞི། གསེར་ཁོག་དགོན། ཆོས་སྡེ་ཆེན་པོ་གསེར་ཁོག་དགོན་དགའ་ལྡན་དམ་ཆོས་གླིང་ནི་མདོ་སྨད་ཙོང་ཁ་བདེ་ཁམས་ཀྱི་སའི་ཆ་རུ་ཙོང་ཆུ་སྔོན་མོའི་བྱང་རྒྱུད། ད་ལྟ་མཚོ་སྔོན་ཞིང་ཆེན་རྟ་ཐང་རྫོང་ཁོངས་ཀྱི་གསེར་ལུང་ཞེས་པར་༧བཙན་པོ་དོན་གྲུབ་རྒྱ་མཚོ་མཆོག་གིས་རབ་བྱུང་བཅུ་གཅིག་པའི་ལྕགས་ཕོ་སྟག་སྤྱི་ལོ1650ལོར་བཏབ་ཅིང་། ད་ལྟ་བོད་རབ་བྱུང་བཅུ་བདུན་པའི་ལྕགས་པོ་བྱི་བ་ལོའི་བར་ལ་ལོ་སུམ་བརྒྱ་དང་བདུན་ཅུ་ཕྱིན་ཞིང་། ཆོས་སྡེ་འདི་༧བཙན་པོ་དོན་གྲུབ་རྒྱ་མཚོས་བཏབ་པས་བཙན་པོ་དགོན་ཡང་ཟེར་ཞིང་། རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་འབྲུག་སྤྱི་ལོ1652ལོར་རྒྱལ་དབང་ལྔ་པ་ཆེན་མོ་༧ངག་དབང་བློ་བཟང་རྒྱ་མཚོ་མཆོག་རྒྱ་ནག་ཏུ་ཆིབས་ཁ་བསྒྱུར་ནས་ཕྱིར་སླེབས་སྐབས། དགོན་པ་དེར་གདན་དྲངས་པ་ལྟར་ཕེབས་ཏེ་དགོན་པར་དགའ་ལྡན་དམ་ཆོས་གླིང་ཞེས་མཚན་གསོལ་མཛད་ཅིང་གླིང་བཅུ་གསུམ་གྱི་གྲས་སུ་བཞག ཆུ་མོ་ཡོས1653ལོར་མཚོ་སྔོན་བསྟན་འཛིན་ཝང་གིས་འཁྲུག་པ་བསླངས་ཏེ། རྒྱ་ནག་ནས་དམག་ཆེན་འོངས་ཏེ་མཚོ་སྔོན་དཔོན་པོ་རྣམས་ཀྱི་འབྲེལ་བའི་དོགས་གཞིར་སྙམ་ནས་དགོན་ལུང་དང་གསེར་ཁོག་བཙན་པོ་དགོན་འདིར་གཏོར་བཤིག་ཚབས་ཆེན་ཐེབས་ཏེ་མིང་གི་ལྷག་མར་གྱུར་ན་ཡང་། སླར་ཡང་རབ་བྱུང་བཅུ་གཅིག་པའི་མེ་མོ་ལུག1667ལོར་ཁྲི་ཐོག་གསུམ་པ་༧ནོ་མོན་ཧན་བློ་བཟང་བསྟན་འཛིན་རྒྱ་མཚོས་སླར་གསོ་གནང་ཞིང་། ཁྱད་པར་དུ་འཆད་ཉན་གྱི་རྩོད་གྲྭ་འཕེལ་རྒྱས་ཆེན་པོ་བྱུང་། སྡེ་འདིར་རྒྱུད་པ་གྲྭ་ཚང་། སྔགས་པ་གྲྭ་ཚང་། ལུང་རིགས་རྒྱ་མཚོ་གླིང་། མཁས་བཙུན་དར་རྒྱས་གླིང་། གསོ་རིག་གཞན་ཕན་གླིང་བཅས་གྲྭ་ཚང་ལྔ། ཇོ་བོ་ལྷ་ཁང་། མགོན་ཁང་། ཨ་ཕྱིས་ཁང་། འདུ་ཁང་ཆེན་མོ། ལི་མ་ཁང་། བཙན་ཁང་ཆེན་མོ་སོགས་ལྷ་ཁང་མང་པོ་དང་། བཙན་པོ་བླ་བྲང་། ཆུ་བཟང་བླ་བྲང་། ཞ་ལུ་བླ་བྲང་། མལ་བླ་བྲང་བཅས་སྒེར་ཁག སྟག་རྩེའི་ཇོ་བོ། འཕགས་པ་འཇའ་མ་ལི་རང་བྱོན། འཕགས་པ་ལོ་ཀེ་ཤྭ་ར་ཡ། ཤཱཀྱ་མུ་ནེའི་འདྲ་སྐུ། མི་བསྐྱོད་རྡོ་རྗེའི་འདྲ་སྐུ། སྤྱན་རས་གཟིགས་བཅུ་གཅིག་ཞལ་གསེར་ཟངས་ལས་གྲུབ་པ། བལ་བོ་ནས་སྤྱན་དྲངས་པའི་ཆོས་རྒྱལ་ལི་མ། སློབ་དཔོན་པདྨ་འབྱུང་གནས་ཀྱི་འདྲ་སྐུ། རྒྱལ་བ་ཚངས་དབྱངས་པས་རབ་གནས་མཛད་པའི་ཆོས་རྒྱལ་ཕྱི་སྒྲུབ་ཀྱི་ཞལ་འབག་སོགས་སྐུ་རྟེན་མཐའ་ཡས་པ་དང་། རྒྱལ་བའི་བཀའ་བསྟན་སྔ་ཕྱི་ཚར་བཅུ་ཕྲག་ཙམ་དང་། ཡུམ་གསེར་བྲིས། བརྒྱད་སྟོང་གསེར་བྲིས། བསྐལ་བཟང་གསེར་བྲིས། གཞན་ཡང་གསུང་རབ་ཀྱི་སྐོར་མང་པོ་བཅས་གསུང་རྟེན། ནོ་མོན་ཧན་བློ་བཟང་བསྟན་འཛིན་རྒྱ་མཚོའི་སྐུ་གདུང་མཆོད་རྟེན། བྱང་ཆུབ་མཆོད་རྟེན། ནོ་མོན་ཧན་ངག་བཟང་འཕྲིན་ལས་རྒྱ་མཚོའི་སྐུ་གདུང་མཆོད་རྟེན་བཅས་ཐུགས་རྟེན་ཆེ་ཆུང་མང་པོ་བཞུགས་སོ།།

    ཞེས༼འཛམ་གླིང་གི་ཤེས་བྱ་ཀུན་ལས་བཏུས་པ་གཞོན་ནུའི་ཤེས་རབ་འཕེལ་བའི་ཟིན་ཐོ་ཕྱོགས་བསྒྲིགས༽ཞེས་བྱ་བ་འདི་ཡང་རོང་ཆེན་རོང་ཆེན་དེ་ཝ་ར་ཛཱ་ཤྲཱི་འཇམ་དབྱངས་བློ་བཟང་འཕྲིན་ལས་སམ་རོང་བོ་ལྷ་རྒྱལ་དཔལ་གྱིས་བོད་རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་བྱི་བ་སྤྱི་ལོ༢༠༢༠ལོའི་ཧོར་ཟླ༢པའི་ཚེས༡༠ཉིན་ལ་འཛམ་གླིང་ས་འཛིན་དབང་མོའི་ཁྱོན་ཡོངས་སུ་གངས་རི་ར་བའི་བསྐོར་བའི་ཞིང་ཁམས་སུ་གངས་ལྗོངས་བླ་མཚོ་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་ཆབ་ཆ་གསེར་གཞོང་རིང་མོའི་གྲོང་རྡལ་གསེར་མཁར་བདེ་ལེགས་དགའ་ཚལ་ཞེས་བྱ་བའི་རང་ཤག་བཀྲ་ཤིས་བདེ་སྟོང་རྣམ་པར་རྒྱལ་བའི་ཕོ་བྲང་ནས་སློབ་སྦྱོང་གི་ཟིན་ཐོའི་ཚུལ་དུ་ཤེས་བྱ་ཀུན་ལས་བཏུས་ཏེ། ཅི་ཡང་མ་ཤེས་པ་ལས་ཅུང་ཙམ་ཤེས་ན་ལེགས།། ཅུང་ཙམ་ཤེས་པར་འདོད་ན་ཟུར་ཙམ་ཡིན་ཀྱང་སློབས།། ཞེས་གང་དགར་སློབ་སྦྱོང་གི་ཚུལ་དུ་བསྒྲིགས་པའང་སེམས་ཅན་ཀུན་ལ་ཐུགས་འགལ་མེད་པའི་མཐོལ་ལོ་བཤགས་ཤིང་ཐམས་ཅད་དགེའོ།།  སརྦ་ཛ་ཡནྟུ།། 

     མུ་འགོད།



发表评论 评论 (3 个评论)

回复 ljh8520035 2021-2-9 08:22
这部《荣菁苍文集》(藏文版)作者隆务•拉加华曾经从事国家公务员、律师、作家、记者、翻译官;爱好佛学、藏学、法学;擅长民族、宗教、文化、历史、写作、著书。正视历史,面对现实,已经编写出版《隆务明史》、《都秀寺志》、《吉东寺志》、《青河神医》、《安多圣地》、《佛教文化》、《风雨人生》、《斯尔德大师传》、《嘉萨大明千户家谱》等著作,均有甘肃民族出版社等有关单位出版发行,同时在《中国民族宗教网》、《西藏研究》、《青海文史资料》等书刊杂志上发表过《赛守寺历史概要》、《阿饶仓大师生平》、《我们心中永远不落的太阳》即“缅怀敬爱的十世班禅大师”等许多作品,并荣获有关部门的荣誉证书。于是随着20多年的退休生涯,晚年生活与学习笔记而已。但是,没上过学,总是觉得,愧疚万分,终生遗憾。故敬请各位读者提出宝贵意见、批评和建议,以便纠正。谢谢!
回复 ljh8520035 2021-2-9 09:52
གནམ་ལོ་གསར་བའི་ལོ་གསརགྱི་ལེགས་སྐྱེས་ཁྱེད་རྣམས་ལ་འབུལ། །
ཁྱེད་རྣམ་པ་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་སྨོན། །
        
回复 ljh8520035 2021-2-10 03:44
བཀྲ་ཤིས་དར་དཀར་རིང་མོ་མ་ཡུམ་གངས་ལྗོངངས་་ཡུལ་ལ་འབུལ། །
གནམ་ལོ་གསར་བའི་ནང་ལ་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཤོག །
    

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2021-2-28 01:56 , Processed in 0.080308 second(s), 17 queries .

返回顶部