博客西藏在最高处过一种生活

日志

༄༅།།གཅན་ཚའི་ལོ་རྡོ་རྗེ་བྲག

热度 1已有 240 次阅读2021-1-24 09:15 |系统分类:文化


                                                 ༄༅།།གཅན་ཚའི་ལོ་རྡོ་རྗེ་བྲག
                                           ཡོང་ཁུངས། འཕྲིན་སྟེགས། རྩོམ་པ་པོ། མི་གསལ།

     གསང་སྔགས་གྲུབ་པའི་གནས་མཆོག་བདེ་མཆོག་འཁོར་ལོའི་ཕོ་བྲང་རྨ་འགྲམ་རྡོ་རྗེ་བྲག་གམ་ལོ་རྡོ་རྗེ་བྲག་ཅེས་གནའ་ནས་མཚན་སྙན་གྱི་རི་མོ་མངོན་པར་གསལ་བའི་གནས་ཕུན་སུམ་ཚོགས་པ་འདི་ཉིད་ནི། རྨ་ཀླུང་དལ་འབབ་རིང་མོ་ནོར་བུ་དགའ་འཁྱིལ་གྱི་ཚུལ་དུ་འབབ་པའི་འགྲམ་རྒྱུད། སྲིན་པོ་རྫ་རིའི་འདབས་རོལ། གནམ་མཆོང་ཨ་མྱེས་ཤྭ་བོ་དང་ཀོའུ་མོའི་རི་རྒྱུད། ཙོང་ལ་རི་རྒྱུད། བྲག་དཀར་སྤུན་གསུམ་བཅས་ཕྱོགས་བཞིར་ལྕགས་རིའི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བའི་དབུས་སུ་རང་བྱུང་གཙུག་ལག་ཁང་གི་དབྱིབས་སུ་ཆགས་ཡོད་ལ།  ད་ལྟའི་གཅན་ཚ་རྫོང་མཁར་གྱི་ནུབ་བྱང་གི་ཕྱོགས་སུ་སྤྱི་ལེ4མཚམས་སུ་ཡོད་ཅིང་། མིང་གཞན་ལ་རྣམ་དག་ཚུལ་ཁྲིམས་གླིང་དང་ཏུན་ཧོང་ཆུང་བ་ཞེས་ཀྱང་འབོད། 

                         
    སྔོན་ཆད་བོད་ཀྱི་བཙན་པོ་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བསྣུབས་པའི་དུས་སུ། བོད་ཀྱི་མཁས་པ་མི་གསུམ་གསང་སྟབས་ཀྱིས་གནས་འདིར་བྲོས་ཡོང་སྟེ་བཞུགས་མྱོང་ལ། ཕྱིས་སུ་ལྷ་ལུང་དཔལ་གྱི་རྡོ་རྗེས་བོད་ཀྱི་བཙན་པོ་གླང་དར་མ་མདའ་ཡིས་བཀྲོངས་རྗེས་གནས་འདིར་བྲོས་ཡོང་སྟེ། སྦས་པའི་སྒོ་ནས་ལོ་རྡོ་རྗེ་བྲག་ཏུ་སྒྲུབ་པ་ལ་བརྩོན་པའི་སྐབས་དེར། རྒྱལ་བོ་བཀྲོངས་བྱེད་ཀྱི་ལྕགས་མདའ་ལྕགས་གཞུ་གཏེར་དུ་སྦས་ཤིང་དེའི་སྟེང་རྡོ་སྤུངས་མཛད་དེ་བཞག ས་པཎ་ཀུན་དགའ་རྒྱལ་མཚན་མཆོག་སྐུ་ཚེ་སྨད་ལ་ཡོན་རྒྱལ་རབས་ཀྱི་རྒྱལ་བོ་གོ་དན་གྱིས་གདན་དྲངས་པའི་ལམ་བར་དུ། གནས་འདིར་ཞབས་ཀྱིས་བཅགས་པ་དང་སངས་རྒྱས་གླང་བོ་ཆེའི་རིང་བསྲེལ་ཕོར་བ་གང་ནང་བཞུགས་ཀྱི་འབུམ་ཁང་མཆོད་རྟེན་བཞེངས་ཡོད་ཅེས་གྲགས།
    ལོ་རྡོ་རྗེ་བྲག་ལ་ད་ལྟ་བསྡོམས་པས་ལྷ་ཁང་བཅུ་ལྷག་ཡོད་ལ། དེ་དག་ལས་གཙོ་བོ་དག་མཚམས་སྦྱོར་རགས་ཙམ་རེ་བྱས་ན།

                      
     ༡.འབུམ་ཁང་འཇའ་འོད་མ།
     འདི་ནི་ལྷ་ལུང་དཔལ་གྱི་རྡོ་རྗེས་ལྕགས་མདའ་ལྕགས་གཞུ་སྦས་པའི་གནས་ཡིན་ལ། ས་པཎ་གྱིས་འདིར་སངས་རྒྱས་གླང་བོ་ཆེའི་རིང་བསྲེལ་ཕོར་བ་གང་ནང་བཞུགས་ཀྱི་མཆོད་རྟེན་བཞེངས་པ་དང་། ཕྱིས་སུ་ཀླེ་གསུམ་གྱི་མི་མང་པོས་ལྕགས་མདའ་ལྕགས་གཞུ་ཡོད་མེད་ལ་བརྟག་སྟེ་ས་རྡོ་སློག་སྐབས་འབུམ་ཁང་ལས་འཇའ་འོད་མངོན་སུམ་དུ་ཤར་བས་འབུམ་ཁང་འཇའ་འོད་མ་ཞེས་པའི་མིང་ཐོགས་པ་རེད། འདིའི་ནང་དུ་འབུམ་ཁང་སྣ30ལྷག་བཞུགས།
     ༢.སྒོམ་ཆེན་ལྷ་ཁང་།
     སྒོམ་ཆེན་ལྷ་ཁང་དུ། མཁས་པ་མི་གསུམ་དང་བླ་ཆེན་དགོངས་པ་རབ་གསལ། མཁན་ཆེན་ཞི་བ་འཚོ་བཅས་ཀུན་དགའ་ར་བ་གསུམ་གྱི་འོག་མར་བཞུགས་སུ་གསོལ་ཞིང་། བར་མའི་ནང་དུ་སྟོན་པ་གཙོ་འཁོར་གསུམ་དང་ཇོ་འབྲོམ་ཡབ་སྲས་གསུམ། རྗེ་ཡབ་སྲས་གསུམ་གྱི་སྐུ་བཞུགས་ལ། སྟེང་མའི་ནང་དུ་ལྷ་ཁང་སྒོ་འགྲམ་གྱི་ས་འོག་ནས་རྙེད་པའི་གཏེར་སྒམ་ཞིག་ཡོད་ཅིང་། དེའི་ནང་དུ་ཡུམ་འབུམ་པ་བཅུ་གཉིས་དང་ཏིང་འཕགས་བསྐལ་གསུམ་བཞུགས།
      ༣.བྱམས་པའི་ལྷ་ཁང་།
      རྒྱལ་བ་བྱམས་པའི་ལྷ་ཁང་དུ་གཙོ་སྐུའི་སྐུ་ཚད་ལ་ཁྲི་ཙེ་བཅོ་ལྔ་ལྷག་ཡོད་པའི་རྒྱལ་བ་བྱམས་པ་བཞུགས་ཤིང་། མཐའ་འཁོར་དུ་ཉེ་སྲས་བརྒྱད་ཀྱི་ལོགས་བྲིས་བཞུགས་ཡོད།

                 
      ༤.རྒྱལ་བ་རྡོ་རྗེ་འཆང་གི་ལྷ་ཁང་།
      ལྷ་ཁང་འདིའི་ནང་དུ་རྒྱལ་བ་རྡོ་རྗེ་འཆང་གི་འབག་སྐུ་དང་། ལོགས་བྲིས་ལ་ཇོ་བོ་རྗེ་དང་རྗེ་རིན་པོ་ཆེ། རིགས་གསུམ་མགོན་པོ། སྟོན་པ་གཙོ་འཁོར་གསུམ། སེང་གེ་སྒྲ། ལོ་གྱོན་མ། ཛམ་དཀར་སོགས་བཞུགས།
      ༥.རིགས་གསུམ་མགོན་པོའི་ལྷ་ཁང་།
      ལྷ་ཁང་འདིའི་ནང་དུ་རིགས་གསུམ་མགོན་པོའི་འདྲ་སྐུ་དང་ལོགས་བྲིས་ལ་བདེ་མཆོག གསང་འདུས། འཇིགས་བྱེད། དུས་འཁོར། འཇམ་དབྱངས། ཚེ་དཔག་མེད། སྒྲོལ་མ་དཀར་ལྗང་གཉིས། རྒྱལ་དབང་ལྔ་བ། རྗེ་རིན་པོ་ཆེ་སོགས་བཞུགས།

                               
     ༦.སྒྲོལ་མའི་ལྷ་ཁང་།
      ལྷ་ཁང་འདིར་སྒྲོལ་མའི་འབག་སྐུ་གཙོས་པའི་ལོགས་བྲིས་ལ་སྒྲོལ་མ་ཉེར་གཅིག་དང་འོད་དཔག་མེད། གདུགས་དཀར། དཔལ་ལྡན་ལྷ་མོ་སོགས་བཞུགས།
     ༧.ཨོ་རྒྱན་ལྷ་ཁང་།
     ལྷ་ཁང་འདིར་མཁན་སློབ་ཆོས་གསུམ་གྱི་འབག་སྐུ་དང་ལོགས་བྲིས་ལ་གུ་རུ་མཚན་བརྒྱད། རྗེ་འབངས་ཉེར་ལྔ། རྒྱ་གར་རིག་འཛིན་བཞི། འཕགས་བོད་པཎ་གྲུབ་བཞི་སོགས་བཞུགས།
     ༨.མི་ལའི་ལྷ་ཁང་།
     ལྷ་ཁང་འདིར་རྗེ་བཙུན་མི་ལའི་འབག་སྐུ་ཉམས་ཅན་དང་། ལོགས་བྲིས་ལ་མི་ལའི་རྣམ་མགུར་བཞུགས།
     ༩.སྨན་བླའི་ལྷ་ཁང་།
     ལྷ་ཁང་འདིར་སྨན་བླའི་འབག་སྐུ་དང་སྟོན་པའི་གཙོ་སྐུ་བྱས་པའི་ལོགས་བྲིས་ལ་སྨན་བླ་བདེ་གཤེགས་བརྒྱད་བཞུགས་ཡོད།

                       
    ༡༠.མི་འཁྲུགས་པའི་ལྷ་ཁང་།
    ལྷ་ཁང་འདིར་བཅོམ་ལྡན་མི་འཁྲུགས་པ་དང་དབྱངས་ཅན་མ། ནོར་སྦྱིན་མ་བཅས་ཀྱི་འབག་སྐུ། གཡས་སུ་གཙོ་སྐུ་སྟོན་པ་དང་གཡོན་དུ་གཙོ་སྐུ་རྗེ་རིན་པོ་ཆེ། ལོགས་བྲིས་ལ་གནས་བརྟན་བཅུ་དྲུག་བཞུགས་ཡོད།
    ༡༡.ཚེ་དཔག་མེད་ཀྱི་ལྷ་ཁང་།
    ལྷ་ཁང་འདིར་ཚེ་དཔག་མེད་དང་ཀུན་རིག ཆོས་རྒྱལ་བཞུགས་ལ། ལོགས་བྲིས་ལ་ལྟུང་བཤགས་ལྷ་སོ་ལྔ་བཞུགས།

                      
     གཞན་ཡང་། གནས་འདིར་གྲུབ་ཆེན་ལོ་ཁོག་ཐོག་འཛིན་དང་སྤྲེལ་ནག་པ་སྒོམ་ཆེན་འཕྲིན་ལས་ཕུན་ཚོགས། དེ་མིན་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་སྐྱེས་ཆེན་དམ་པ་བགྲང་གིས་མི་ལང་བ་དག་གིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་རྣམ་ཐར་ཡང་ཡོད་དོ།།

                      
     ཏུན་ཧོང་ཆུང་བ་དང་གཉིས་སུ་མ་མཆིས་པའི་ལོ་རྡོ་རྗེ་བྲག
     མདོར་ན། ལྷ་ལུང་དཔལ་གྱི་རྡོ་རྗེ་གནས་འདིར་ཕེབས་པ་ནས་ད་བར་དུ་ལོ་རྡོ་རྗེ་བྲག་འདི་ལ་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་ཞིང་། ཕྱིས་སུ་གནས་མཆོག་འདི་ནི་ས་སྐྱའི་དམར་བོ་རྣམ་གཉིས་དངོས་ཕེབས་ཀྱིས་འབུམ་ཁང་མཆོད་རྟེན་བཞེངས་ཤིང་རབ་གནས་མཛད་པ་དང་། གཞན་ཡང་གསང་སྔགས་རྙིང་མའི་རིང་ལུགས་འཛིན་པའི་ལྕང་ལོ་ཅན་དང་འཇམ་མགོན་རྒྱལ་བའི་རྗེས་འཇུག་ཞྭ་སེར་ཅོད་པན་འཆང་བ་སོགས་ཀྱི་མཁས་གྲུབ་གནམ་གྱིས་ས་བཀབ་པ་ལྟ་བུ་མང་བོ་རིམ་པར་བྱོན་ཏེ་སྒོམ་སྒྲུབ་རྣལ་འབྱོར་གྱི་རྟོགས་པ་ཀློང་དུ་བརྡོལ་བའི་གྲུབ་གནས་སུ་གྱུར་ལ། དེ་རྣམས་ཀྱི་སྐུ་དྲིན་ལས་སྔ་འགྱུར་རྙིང་མ་བ་དང་དཔལ་ལྡན་ས་སྐྱ་བ། མཉམ་མེད་དགེ་ལུགས་པ་བཅས་ཕན་བདེའི་རྩ་ལག་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་རྒྱ་ཆེར་དར་ཞིང་རྒྱས་སོ།།
     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


发表评论 评论 (2 个评论)

回复 丹正嘉的blog 2021-3-13 09:27
ལྷ་ལུང་དཔལ་གྱི་རྡོ་རྗེ་
回复 ljh8520035 2021-3-14 10:30
丹正嘉的blog 2021-3-13 09:27
ལྷ་ལུང་དཔལ་གྱི་རྡོ་རྗེ་

谢谢丹正嘉老师的关注。        

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2021-5-9 06:12 , Processed in 0.036449 second(s), 17 queries .

返回顶部