博客西藏在最高处过一种生活

日志

༄༅།།རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབ ...

已有 67 次阅读2021-1-22 13:54 |系统分类:见闻


                   ༄༅།།རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་གཟབ་རྒྱས་ངང་འགོ་ཚུགས་པ།
                                 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་སྒྲིག་པ། སངས་སྐྱབས།

                     




                ཟླ་1ཚེས་20ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་ལྷ་སར་གཟབ་རྒྱས་ངང་
          འགོ་ཚུགས་ཤིང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་འགོ་ཚུགས་ཚོགས་འདུ་གཙོ་སྐྱོང་གནང་བ།

                     
          ཟླ་1ཚེས་20ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་ཤིང་། 
                རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ཏེ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ།

     ཚེས་20ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བསྣམས་ནས་ཚོགས་ཆེན་ལ་ཞུགས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ནན་ཏན་ངང་སྒྲུབ་འགོ་ཚུགས་པ་རེད། འགོ་ཚུགས་ཚོགས་འདུར་གྲོས་རིམ་ཁག་ལྔ་ཡོད་པ་སྟེ། རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་རྒྱུ་དང་། 《རང་སྐྱོང་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་རྒྱང་རིང་གི་དམིགས་ཚད་རྩ་གནད(འཆར་ཟིན)》ལ་ཞིབ་བཤེར་གནང་རྒྱུ། རང་སྐྱོང་ལྗོངས་ཀྱི་2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིར(འཆར་ཟིན)ཞིབ་བཤེར་གནང་རྒྱུ། རང་སྐྱོང་ལྗོངས་ཀྱི་2020ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2021ལོའི་ནོར་སྲིད་སྔོན་རྩིས(འཆར་ཟིན)ལ་ཞིབ་བཤེར་གནང་རྒྱུ། 《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུའི་སྲོལ་ཡིག(འཆར་ཟིན)》སྐོར་གྱི་གསལ་བཤད་གསན་རྒྱུ་བཅས་རེད།
     བོད་ལྗོངས་མི་དམངས་ཚོགས་ཁང་དུ་འཁྲུག་ཆ་ཤིན་ཏུ་དོད་ཅིང་། དམར་མདངས་བཀྲ་བའི་དར་དམར་གྱི་སྤེལ་ཟླའི་འོག ཀྲུའུ་ཞི་སྡིངས་ཆའི་རྒྱབ་ཡོལ་གྱི་དབུས་སྟོད་དུ་བཀལ་བའི་རྒྱལ་རྟགས་ནས་གསེར་འོད་ཆེམ་ཆེམ་འཕྲོ་བཞིན་འདུག
     ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་རེད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་འགོ་ཚུགས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ཏེ་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་རེད།
     ཏིང་ཡེ་ཤན་དང་། ཀྲོང་ཡན། ཡན་ཅིན་ཧའེ། ཀྲང་ཞུའེ་ཅེ། དབང་ཧའེ་ཅང་། ནོར་བུ་དོན་གྲུབ། ཅང་ཅེ། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཁྲེན་ཡུང་ཆི། པ་སངས། རྡོ་ཐོགས། འོད་ཟེར། ཞུས་ཞུའེ་ཀོང་། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། འཆི་མེད་རིག་འཛིན། ཉི་མ་ཚེ་རིང་། མཱ་ཧྲེང་ཁྲང་། ཝང་ཅུན། ཞུས་ཁྲེང་ཚང་། ལིའུ་ཀོང་ཤུས། དེ་བཞིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་དང་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་ཅུན་རིམ་པའི་འགོ་ཁྲིད་བཅས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།
     བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པར་ཕེབས་དགོས་པའི་འཐུས་མི་421ཡོད་པ་དང་དངོས་སུ་ཕེབས་མཁན་377ཡོད་པས་ཚོགས་འདུར་ཕེབས་མཁན་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
     སྔ་དྲོའི་ཆུ་ཚོད་བཅུ་པ་ཡོལ་ཙམ་ལ་བློ་བཟང་རྒྱལ་མཚན་གྱིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད། སྐབས་དེར་ཚོགས་རའི་ནང་གི་མི་ཚང་མས་ཡར་བཞེངས་ཏེ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།
     ཆེ་དགྲ་ལྷས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་ནང་དོན་ཁག་གསུམ་ལ་དབྱེ་ཡོད་པ་སྟེ། གཅིག 2020ལོ་དང“ལོ་ལྔ་ཚན་བཅུ་གསུམ་པའི”ལས་དོན་ལ་ཕྱིར་དྲན་དང་། གཉིས། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་རྒྱང་རིང་གི་དམིགས་ཚད་ལ་རྒྱང་ལྟ། གསུམ། 2021ལོའི་གཙོ་གནད་ལས་དོན་བཅས་ཡིན་པ་རེད།
     ཆེ་དགྲ་ལྷས་སྙན་སྒྲོན་གནང་སྐབས། རིམས་འགོག་གཅིག་འདོམས་འཕེལ་རྒྱས་ལ་ཕན་འབྲས་ཆེན་པོ་དང་། དབུལ་པོ་དབུལ་རྐྱང་གཅིག་ཀྱང་མི་ལྷག་པའི་རྒྱལ་ཁ་ཆེན་པོ། དུས་རབས་རང་བཞིན་གྱི་ལས་གྲྭའི་སྐུལ་འདེད་ཆེན་པོ། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་འཕོ་འགྱུར་ཆེན་པོ། མཛེས་སྡུག་ལྡན་པའི་མདུན་ལམ་གྱི་ངོམ་སྟོན་ཆེན་པོ་བཅས་ཕྱོགས་ལྔ་ནས་2020ལོའི་ལས་དོན་ལ་ཕྱོགས་སྡོམ་གནང་ཞིང་། ཁོང་གིས་2020ལོ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་སྟོན་སྣེ་ཁྲིད་གནང་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐུགས་ཁུར་ཟབ་བཞེས་གནང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བ་བཅས་ཀྱི་འོག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ། དམག་འཐབ་དང་རྒྱུགས་སྤྲོད་ཆེན་པོའི་ཁྲོད་ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་གཙོ་བོ་ཕུན་སུམ་ཚོགས་པོའི་ངང་ལེགས་པར་བསྒྲུབས་ནས། ཏང་ཀྲུང་དབྱང་ཐུགས་བློ་བདེ་བ་དང་། མི་དམངས་བློ་ཡིད་ཚིམ་པ། ལོ་རྒྱུས་ཀྱི་དེབ་ཐེར་ཐོག་འགོད་ཆོག་པ་བཅས་ཀྱི་འོད་སྟོང་འཕྲོ་བའི་རྒྱུགས་ཤོག་ཅིག་ཕུལ་ཡོད་ཅེས་གསུངས་པ་རེད།
     སྙན་སྒྲོན་ནང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་གནང་སྟེ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་པ་དང་། “འགག་སྒྲོལ་གྱི་དམག་འཐབ་ཆེན་པོ་གསུམ”ལ་རྒྱལ་ཁ་ལེན་པར་ཤུགས་སྣོན་བརྒྱབ་པ། རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་བ། “ཐོན་ལས་ཆེན་པོ་བདུན”སྐྱེད་སྲིང་ཧུར་ཐག་བྱས་པ། མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་ཆེར་བཏང་བ། དམངས་འཚོ་ལེགས་སུ་ཤུགས་ཆེན་བཏང་བ། མཛེས་སྡུག་ལྡན་པའི་བོད་ལྗོངས་ཧུར་ཐག་བསྐྲུན་པ་བཅས་ཕྱོགས་བརྒྱད་ནས་ཕྱོགས་སྡོམ་གནང་བ་རེད། ཆེ་དགྲ་ལྷས་བསྟན་གནང་དོན། “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་གང་ཐུབ་ཅི་ཐུབ་བྱས་པ་ལས། བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་པ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། མི་དམངས་ལ་རྔམ་བརྗིད་ལྡན་པའི་ཁས་ལེན་བྱས་པ་དག་གྲུབ་པ། “ལོ་ལྔ་ཚན་བཅུ་གསུམ་པར”ཕུན་སུམ་ཚོགས་པོའི་ངང་རྫོགས་རྟགས་བཀོད་ཡོད། དབུལ་པོ་དབུལ་རྐྱང་ལས་བསྒྲལ་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་འཐོབ་ཉེར་ཡོད་པའི་ལོ་རྒྱུས་ཀྱི་དུས་སྐབས་སུ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་ཕྱོགས་གཏན་འཁེལ་དང་དམིགས་བསལ་གྱི་ཐུགས་ཁུར་གནང་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བ། རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བ་བཅས་ཀྱི་བཀའ་དྲིན་དྲན་པར་བྱེད་དགོས།
     ཆེ་དགྲ་ལྷས་ནན་བཤད་གནང་དོན། “ལོ་ལྔ་ཚན་བཅུ་གསུམ་པར”ཕྱིར་དྲན་བྱེད་སྐབས། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་གོ་བ་བླངས་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སྟངས་འཛིན་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ། “ལྡན་དགོས་པ་གསུམ་དང་ཕན་པ་གཅིག”མངོན་གསལ་དོད་པོ་ཡོང་བར་བྱེད་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་སྟེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ལག་ལེན་བསྟར་བ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་བཅས་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་ཡོད།
ཆེ་དགྲ་ལྷས་སྙན་སྒྲོན་ནང“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་གསལ་སྟོན་གནང་བ་སྟེ། སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་དང་ཕྱོགས་ཡོངས་ནས་བརྟན་ལྷིང་ཡོང་བ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ཐད་ཁྱོན་ཡོངས་ནས་རང་འགུལ་ཐུབ་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་འཕེལ་རིམ་གསར་པ་ཡོང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་པ་བཅས་བྱེད་རྒྱུ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”དུས་མཇུག་ཏུ་སླེབས་སྐབས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པའམ་ཡང་ན་དེ་དང་ཉེ་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་དམིགས་ཚད་གཙོ་བོ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཉེ་བ། སྣོད་བཅུད་ཤེས་དཔལ་ལམ་ལུགས་ཀྱི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་མཐའ་མཚམས་སྲུང་སྐྱོང་འཐབ་ཇུས་ཀྱི་འགན་སྲུང་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་འགོ་འཛུགས་པ་བཅས་བྱས་ཏེ། 2035ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་དགོས།
     ཆེ་དགྲ་ལྷས་བསྟན་དོན། “ལོ་ལྔ་ཚན་བཅུ་བཞི་པ”ཕྱོགས་ཡོངས་ནས་འགོ་ཚུགས་པ་དང་ང་ཚོ“རྗེས་སྙེག”ནས“མཉམ་བགྲོད”བར་མངོན་འགྱུར་བྱུང་སྟེ། རྒྱལ་ཡོངས་དང་མཉམ་དུ་གོམ་སྟབས་གཅིག་མཚུངས་སུ་སླེབས་ཤིང་། འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་དང་། འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ། འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེན་པོ་བཅས་ནི་སྔར་འབྱུང་མྱོང་མེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང“དོན་ཆེན་བཞི”དང“འགན་ལེན་བཞི”ལ་དམིགས་ནས་མ་ལག་གི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཕྱོགས་ལྔའི་ལས་དོན་མངོན་གསལ་དོད་པོས་སྒྲུབ་པར་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། གཅིག་ནས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་མཐོ་རུ་གཏོང་ཚུལ་སྔར་བས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་ནུས་ལྡན་བྱེད་དགོས་པ་དང་། གཉིས་ནས“ལྡན་དགོས་པ་གསུམ་དང་ཕན་པ་གཅིག”དོན་འཁྱོལ་སྔར་བས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་དགོས་པ། གསུམ་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་སྔར་བས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་གཏོང་བ། བཞི་ནས་མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་དང་མཐུན་སྦྱོར་མཉམ་འདྲེས་སྔར་བས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་། མངའ་ཁོངས་ཆ་ཚང་། མཐའ་མཚམས་བདེ་འཇགས་བཅས་སྲུང་སྐྱོང་ནུས་ལྡན་བྱེད་དགོས་པ། ལྔ་ནས་སྒྲིག་སྲོལ་ལམ་སྲོལ་གྱི་འགལ་རྐྱེན་སེལ་རྒྱུ་སྔར་བས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་སྒྱུར་བཅོས་སྒོ་དབྱེར་བརྟེན་ཏེ་གསོན་ཤུགས་གསར་པ་འཕེལ་བར་བྱེད་དགོས།
     2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བའི་ལོ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པའི་ལོ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པ་དང་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་འགོ་ཚུགས་པའི་ལོ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བའི་ལོ་བཅས་རེད། ཆེ་དགྲ་ལྷས་གསུངས་དོན། འདི་ལོའི་ལས་དོན་གྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་9%ཡན་འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་10%དང་13%ཡན་འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་བརྟག་དཔྱད་བྱེད་ཚད་5.5%ཙམ་ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་ཁྲི་5ཙམ་གསར་པ་འཕར་བ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ཡས་མས་སུ་ཚོད་འཛིན་ཐུབ་པ་བཅས་བྱེད་རྒྱུ་དང་། འབྲུ་རིགས་ཀྱི་ཐོན་འབོར་ཏུན་ཁྲི་100ཡན་བརྟན་པོ་ཡོང་བར་བྱེད་རྒྱུ། ནུས་རྒྱུ་ཟད་གྲོན་དང་། ཐཱན་འབུད་ཚད། བཙོག་འབུད་ཉུང་གཏོང་བཅས་ཀྱི་དམིགས་ཚད་རྒྱལ་ཁབ་ཀྱིས་ཞིབ་བཤེར་གཏན་འཁེལ་བྱས་པའི་ཁྱབ་ཁོངས་སུ་ཚོད་འཛིན་བྱེད་རྒྱུ་བཅས་རེད།
     ཆེ་དགྲ་ལྷས་ནན་བཤད་གནད་དོན། འདི་ལོའི་དམིགས་ཚད་ལས་འགན་ལེགས་གྲུབ་ཡག་པོ་ཡོང་བར་ཕྱོགས་དགུའི་ལས་དོན་གཙོ་གནད་དུ་བཟུང་ནས་ཡག་པོ་སྒྲུབ་དགོས་པ་སྟེ། གཅིག་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་པ་དང་། གཉིས་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་པ། གསུམ་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་གཉིས་འབྲེལ་མཐུད་བྱེད་དགོས་པ། བཞི་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་དགོས་པ། ལྔ་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་དགོས་པ། དྲུག་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དགོས་པ། བདུན་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་གཏོད་དགོས་པ། བརྒྱད་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཐའ་མཚམས་དར་རྒྱས་དང་། བརྟན་ལྷིང་། སྲ་བརྟན་བཅས་ཡོང་བར་བྱེད་དགོས་པ། དགུ་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་དུས་བདེའི་བོད་ལྗོངས་སྐྲུན་དགོས། དེ་དང་དུས་མཚུངས་སུ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ཟུང་འབྲེལ་བྱས་ནས་འཆར་འགོད་ཞིབ་ཚགས་བྱེད་དགོས་ཤིང་། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་སློབ་གསོ་གཏོང་བ་དང་། བོད་ཀྱི་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་སློབ་གསོ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་བོད་རང་སྐྱོང་ལྗོངས་ཀྱི་སྨན་ཁང་དང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པ། བོད་ལྗོངས་ལག་རྩལ་དགེ་རྒན་སློབ་གླིང་སོགས་དམངས་འཚོའི་ལས་གྲྭ་གཙོ་བོ་12དུས་བཀག་ལྟར་སྤུས་ཚད་འགན་ལེན་གྱིས་འཛུགས་སྐྲུན་བྱེད་དགོས།
     ཆེ་དགྲ་ལྷས་མཇུག་ཏུ་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལས་དོན་ཏན་ཏིག་སྒྲུབ་པ་དང་འབད་འབུངས་ཡར་བརྩོན། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ཧུར་ཐག་བཅས་བྱས་ཏེ། གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་བརྟེན་ནས་ཏང་དབུ་བརྙེས་ནས་ལོ་100འཁོར་བ་དང་བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་དགོས་པའི་འབོད་སྐུལ་གནང་བ་རེད།
     རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་འཐུས་མི་མིན་པའི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གྲུབ་ཆའི་མི་སྣ་དང་། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་མཁན་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། ས་ཁུལ(གྲོང་ཁྱེར)རྫོང(ཆུས)མི་དམངས་འཐུས་ཚོགས། སྲིད་གཞུང་སོགས་ཀྱི་འགན་འཁུར་བ་གཙོ་བོ་བཅས་ཚོགས་འདུར་ཟུར་ཞུགས་གནང་ཡོད།
     ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ཁང་གི་འགན་འཁུར་བས་ཚོགས་ཆེན་ཟུར་ཉན་གནང་ཡོད།
     ཞེས་རོང་ཆེན་ལྷ་རྒླཡལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2021-2-26 20:21 , Processed in 0.044048 second(s), 16 queries .

返回顶部