博客西藏在最高处过一种生活

日志

༄༅།།རྐང་ཚའི་བོད་རིགས་ཚོ་བའི་སྲོལ་རྒྱུན་ག ...

已有 66 次阅读2021-1-19 09:44 |系统分类:文化


                                        ༄༅།།རྐང་ཚའི་བོད་རིགས་ཚོ་བའི་སྲོལ་རྒྱུན་གྱི་གཉེན་སྲོལ།
                                   ཡོང་ཁུངས། གངས་ལྗོངས་འཕྲིན་གསར། རྩོམ་སྒྲིག་པ། སྣར་རྡོར།
                                     
               
        འདིར་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་རྐང་ཚ་རྫོང་ཁོངས་སུ་ཡོད་པའི་བོད་རིགས་མང་ཚོགས་ཀྱི་སྲོལ་རྒྱུན་དུ་གྲུབ་པའི་གཉེན་སྒྲིག་ཡུལ་སྲོལ་ལ་བྱ་བ་ཡིན། གནའ་དུས་ཀྱི་རྐང་ཚའི་བོད་རིགས་ལ་མཚོན་ན་གཙོ་བོ་ཕ་མའི་བཀོད་སྒྲིག་ལྟར་སྐྱ་ཡ་འཚོལ་བ་ཡིན་ལ། ཕོ་མོ་གཉིས་རང་དབང་གིས་གཉེན་དུ་བསྡེབས་པའང་ཡོད། དེང་རབས་སྤྱི་ཚོགས་རིག་གནས་ལ་འཕེལ་རྒྱས་བྱུང་བ་དང་ཚན་རིག་ལག་རྩལ་རྒྱ་ཆེར་དར་བ་དང་བསྟུན་ནས། ད་ལྟའི་རྐང་ཚའི་ཡུལ་གྱི་གཉེན་སྟོན་ནི་སྲོལ་རྒྱུན་གྱི་གཉེན་སྒྲིག་ལུགས་སྲོལ་རྨང་གཞིའི་སྟེང་། དེང་རབས་ཕོ་མོའི་བརྩེ་དུང་དང་གཉེན་སྒྲིག་ལྟ་བའང་རིམ་གྱིས་དར་ཞིང་། རང་དབང་རང་འཐད་ཀྱི་གཉེན་སྒྲིག་པའི་ན་གཞོན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ཕ་མས་བྱིས་པའི་འདོད་བློར་བསྟུན་པ་ཡིན།  རྐང་ཚའི་བོད་རིགས་ཚོ་བའི་གཉེན་སྲོལ་གྱི་གོ་རིམ་ནི་གཤམ་གྱི་ཕྱོགས་ཁ་ཤས་སུ་དབྱེ་རུང་སྟེ།

                
      1.དགའ་རོགས་སྒྲིག་པ། ན་གཞོན་ཕོ་མོ་རྣམས་ཀྱིས་རི་མགོར་ཕྱུགས་འཚོ་བ་དང་ངལ་རྩོལ་བྱེད་པ། གླུ་ལེན་པ། དུས་ཆེན་གྱི་མཛད་སྒོ་དང་གཞན་གྱིས་ངོ་སྤྲོད་བྱས་པ་སོགས་བརྒྱུད་དེ་ཕོ་མོ་ཕན་ཚུན་ངོ་ཤེས་པ་དང་རྒྱུས་ལོན་བྱེད་པ། དེ་ནས་ཕན་ཚུན་དགའ་རོགས་བསྒྲིགས་པ་ཡིན།

               
      2.གཉེན་སློང་བ། ཕོ་མོ་ཟུང་ལ་ཚེ་གཅིག་གི་བཟའ་ཟླ་བྱ་བའི་རེ་འདུན་ཡོད་པ་སོ་སོའི་ཕ་མར་བཤད་ཅིང་། ཕ་མ་དང་རྒན་རབས་པ་རྣམས་ཀྱིས་གྲོས་བྱས་མཐར་སྐྱེས་པ་ཚང་གིས་བར་བ་ཞིག་གཉེན་སློང་བར་མངགས་པ་ཡིན།

               
      3.གཉེན་རྐུ་བ། གལ་ཏེ་བུ་མོ་ཚང་འཐད་པ་མ་བྱུང་ཡང་རང་ཉིད་ལ་གཉེན་སྒྲིག་འདོད་ཀྱི་འདུན་པ་དྲག་པོ་ལྡན་ཚེ་ད་གཟོད་གཉེན་རྐུ་བའི་ཡུལ་སྲོལ་འདི་བྱུང་བ་ཡིན། དེ་ཡང་ཕོ་མོ་གཉིས་ཀྱིས་ལྐོག་ཏུ་དུས་ཚོད་གཏན་དུ་འཁེལ་ལ། དུས་ཆད་ཀྱི་མཚན་མོར་སྐྱེས་པས་རོགས་པ་ཚོ་དང་མཉམ་དུ་དགའ་རོགས་ལ་གྲ་སྒྲིག་བྱས་པའི་གོས་རྒྱན་རྣམས་ཁྱེར་ཞིང་། བག་གསར་ལ་ཞོན་རྟ་ཞིག་ཀྱང་འཁྲིད་ནས་བུ་མོ་ཚང་གི་ཉེ་སར་འགྲོ།  དེ་ནས་སྐྱེས་པས་ལྐོག་བརྡ་བཏང་ནས་བུ་མོ་སྒོ་ཕྱིར་འབོད་པ་ཡིན། བུ་མོ་སླེབས་པ་དང་གཉེན་སྒྲིག་གི་གྱོན་པ་རྣམས་བསྐོན་ཞིང་རྒྱན་ཆ་རྣམས་ལུས་ལ་བཏགས་རྗེས་རྟ་ལ་ཞོན། བུ་མོའི་གྱོན་པ་རྙིང་བ་རྣམས་ཕུད་ནས་རང་གི་མལ་སར་བཞག་རྗེས་དེའི་སྟེང་དུ་ཁ་བཏགས་ཤིག་འཇོག་པ་སྟེ། དེ་ནི་གཅིག་ན་རང་ཉིད་གནས་ལ་བུད་སོང་བ་དང་། གཉིས་ན་ཕ་མ་ཟུང་ལ་དགོངས་དག་ཞུ་བའི་མཚོན་བྱེད་ཡིན།

                
       4.བར་བ་ཡོང་བ། སྲོལ་རྒྱུན་གྱི་གོམས་སྲོལ་ལྟར་ན་བུ་མོ་གཉེན་དུ་བརྐུས་པའི་ཕྱི་ཉིན་སྔ་མོར། སྐྱེས་པ་ཚང་གིས་ངེས་པར་དུ་བར་བ་གཉིས་ནས་གསུམ་ཙམ་མངགས་ནས་གཉེན་སློང་བ་ཡིན། དེ་དང་མཉམ་དུ་ལག་རྟགས་གྱ་ནོམ་པ་ཞིག་འཁྱེར་ལ། ཕྱོགས་གཉིས་ཀ་གལ་ཏེ་མཐུན་པ་བྱུང་ཚེ་རྒྱུན་ལྡན་ལྟར་གཉེན་སྒྲིག་པ་ཡིན།

               
      5.གནས་ལ་འགྲོ་བ། རྐང་ཚ་ས་ཆའི་བོད་རིགས་བུད་མེད་རྣམས་གནས་ལ་འགྲོ་ཁར་སྐྲ་སླེ་བའི་ཡུལ་སྲོལ་ཡོད་དེ། དེ་ཡང་གཉེན་མ་བསྒྲིག་པའི་སྔོན་ལ་བཀྲ་ཤིས་པའི་ཉི་མ་ཞིག་བདམས་རྗེས། ནངས་སྔ་མོའི་དྭངས་གཙང་གི་རྫ་ཆུས་བུ་མོའི་མགོ་སྐྲ་བཀྲུས་པ་དང་། ཁྱིམ་ཚང་ལ་འབྱོར་བ་ལྡན་ཞིང་བུ་བུ་མོ་མང་དུ་སྐྱེས་པའི་སྐྱེས་མ་རྒན་པ་ཞིག་གིས་མགོ་སྐྲ་སླེ། གཉེན་སྒྲིག་གི་ཉིན་མོར་བག་གསར་ལ་གཉེན་ལྭ་གསར་པ་གྱོན་ཞིང་། མགོ་བོའི་ལྟག་རྒྱབ་ནས་སྐྲ་ལན་བུ་སྦོམ་པོ་ཞིག་བསླེས་ལ་དེའི་སྟེང་དུ་དཀར་གསལ་གྱི་ཁ་བཏགས་ཤིག་འདོགས། འགྲོ་ཁར་བུ་མོའི་ཕུ་ནུ་གང་རུང་ཞིག་གིས་འཁྲིད་ནས་འགྲོ་བ་ཡིན།
      

        

      6.མནའ་མ་སྐྱེལ་བ། མནའ་མ་སྐྱེལ་བའི་ཨ་ཞང་གི་མི་གྲངས་ནི་ཁྱིམ་གཉིས་ཀྱིས་གྲོས་བྱས་ནས་ཐག་གཅོད་ལ། དེ་དག་ནི་བག་རོགས་དང་གཉེན་ཉེ། ཚོ་བའི་མི་སྣ་སོགས་ཀྱིས་གྲུབ་པ་ཡིན། ད་ལྟ་ནི་ཨ་ཞང་མི་སྣའི་གྲུབ་ཚུལ་ལ་འགྱུར་ལྡོག་བྱུང་ཡོད་དེ། བག་གསར་གྱི་ཞང་པོ་དང་ཕུ་ནུ་སོགས་མི་སྣ་བཅུ་ཕྲག་ལས་གྲུབ་པ་དང་། བག་གསར་གྱི་ཞོན་པ་ནི་རྟ་དཀར་པོ་ཞིག་ཡིན། རང་ཁྱིམ་ནས་འགྲོ་དུས་ཐོག་མར་སྦྲ་ནག་ལ་གཡས་སྐོར་ཐེངས་གསུམ་བརྒྱབ་རྗེས་གཉེན་ཚང་གི་ཕྱོགས་སུ་བསྐྱོད། དམངས་ཁྲོད་ཀྱི་གོམས་གཤིས་ལྟར་ན། བུ་མོ་གནས་ལ་འགྲོ་ཁར་རང་ཡུལ་གྱི་སྦྲ་ནག་ལ་སྐོར་བ་ལན་གསུམ་བྱེད་པ་ནི། བུ་མོ་གནས་ལ་སོང་ཡང་ཕ་མ་ཕུ་ནུ་སོགས་དང་ཁ་མི་འབྲལ་བའི་སྨོན་འདུན་མཚོན་པ་ཡིན་ནོ།།


        7.བག་གསར་བསུ་བ། སྐྱེས་པ་ཚང་གི་བག་གསར་བསུ་མཁན་རྣམས་ཀྱིས་ལུས་ལ་རྒྱན་གོས་སྤྲས་ཤིང་ཅང་ཤེས་རྟ་ཕོར་ཞོན་ནས་རི་བོའི་ཉག་གའམ་ཐང་བདེ་མོ་ཞིག་ནས་སྒུག ཨ་ཞང་དང་བག་གསར་རྣམས་སླེབས་པ་དང་ཕན་ཚུན་ལ་བཀྲ་ཤིས་པའི་འཚམས་འདྲི་ཞུ། བསུ་མཁན་རྣམས་ལས་སྐྱེས་པ་ཞིག་གིས་ཨ་ཞང་རྒན་པ་ཞིག་གིས་གྲ་སྒྲིག་བྱས་པའི་དཀར་ཡོལ་ནང་དུ་བདུད་རྩིའི་ལམ་ཆང་ལྡུག་ལ། ངག་ནས་གསོལ་མཆོད་ཀྱི་བསང་ཡིག་གྱེར་བ་དང་ཆང་ལ་མཆོད་ཁ་ལན་གསུམ་འཕེན། དེ་ནས་བསུ་མཁན་རྣམས་རྟ་ཕོར་ཞོན་ནས་ཕྱིར་འཁོར་བ་ན་ཨ་ཞང་ཚང་གིས་རྗེས་དེད་ནས་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་སྟེང་རྟ་རྒྱུག་འགྲན་སྡུར་ཐེངས་གཅིག་བྱེད་པ་ཡིན། ཁོ་ཚོས་ཕན་ཚུན་ལ་བདའ་འདེད་དང་ཀུ་རེ་རྩེད་ཞོར་འགྲན་སྡུར་བྱེད་ལ། ཕ་རོལ་བའི་རྟ་ཁྱུ་ལ་སྐོར་བ་ཐེངས་གཅིག་བྱས་ཚེ་རྒྱལ་ཁ་བླངས་པ་ཡིན་ཞིང་། ཆོ་ག་འདིའི་མིང་ལ་རྐང་ཚའི་ཡུལ་དུ་མཆོད་ཁ་ཞེས་འབོད།

               
      བག་གསར་དང་བཅས་པ་ངེས་པར་དུ་གཉེན་ཚང་གི་སྦྲ་ནག་སྒོ་མདུན་ནས་འོང་དགོས་ལ། སྐབས་དེར་སྐྱེས་པ་ཚང་གི་གསར་བུ་གཉིས་ཀྱིས་བག་གསར་ལ་འབབ་རྟེན་ཁྱེར་འོང་སྟེ། དེ་ནི་རིང་ཚད་ལ་སྨི་ལྔ་བཅུ་ཙམ་ཡོད་པའི་དར་གོས་དཀར་པོ་ཞིག་དང་དེའི་དཀྱིལ་གཞུང་དུ་ཁ་བཏགས་ཤིག་གིས་བསྡམས་ཡོད།  མི་གཞན་ཞིག་གིས་དེའི་འགྲམ་དུ་རྟ་དཀར་པོ་ཞིག་འཁྲིད་འོང་ལ་དེའི་རྔོག་མའི་སྟེང་དུ་ཁ་བཏགས་ཤིག་བཏགས་ཡོད། འབབ་རྟེན་ལེན་མཁན་གྱི་ཨ་ཞང་དེ་ནི་ངེས་པར་དུ་རྟ་རྩལ་ཅན་ཞིག་ཡིན་དགོས་ཏེ། རྟ་ཕོ་བང་གིས་རྒྱུག་བཞིན་པའི་གོང་ནས་ལག་པ་ལྡེམ་མྱུར་གྱིས་བསྲིངས་ནས་འབབ་རྟེན་ལོན་དགོས། དེ་ནས་བག་གསར་གྱི་ཞོན་རྟ་དཀར་པོ་དེ་འཁྲིད་ནས་ཨ་ཞང་མང་པོའི་ཕྱོགས་སུ་འགྲོ། འབབ་རྟེན་ལེན་པའི་གོ་རིམ་དེ་ནི་ཡུད་ཙམ་རིང་ལ་འགྲུབ་དགོས་པས་ལུས་པོ་ལྡེམ་མྱུར་ཅན་ཞིག་ཡིན་དགོས། གལ་ཏེ་རྟ་རྩལ་ལ་མ་བྱང་བ་དང་རྐང་ལག་ལྡེམ་མྱུར་ཅན་ཞིག་མ་ཡིན་ཚེ། འབབ་རྟེན་ལག་ནས་ཤོར་ཏེ་རྟ་ཕོའི་རྐང་མགོར་དཀྲིས་སྲིད་པས་ཐང་ལ་འགྱེལ་བའི་ཉེན་ཁ་ལྡན་ནོ།།

               
        8.གཉེན་སྟོན། ཨ་ཞང་རྣམས་གཉེན་ཚང་གི་སྦྲ་མདུན་དུ་སླེབས་པ་དང་བསུ་མཁན་རྣམས་ཕོ་མོའི་ཕྱོགས་གཉིས་སུ་དགར་ཏེ་བསུ་བ་བྱེད། བག་གསར་གྱི་ཞོན་རྟ་དེ་ཕུ་ནུ་གང་རུང་གིས་འཁྲིད་དེ་སྦྲ་མདུན་དུ་ཐོན་པ་དང་དལ་མོས་ཐང་ལ་འབབ། གཉེན་ཚང་གི་བུ་མོ་ཞིག་གིས་བག་གསར་གྱི་རྟ་ཁ་བླངས་ཏེ་ངེས་གཏན་གྱི་གདུང་མའི་སྟེང་དུ་འདོགས། སྐབས་དེར་གྲྭ་བཙུན་རྣམ་པས་གཡང་འབོད་ཀྱི་ཆོ་ག་སྤེལ་ཞིང་། བག་གསར་གྱིས་བོད་ལྭའི་ཕུ་ཐུང་གིས་ངོ་གདོང་བཀབ་ནས་བསུ་མཁན་གྱི་བུ་མོ་གཉིས་དང་མཉམ་དུ་སྦྲ་ནང་དུ་འཛུལ། བག་གསར་ཐང་ལ་བསྡད་པ་དང་ཨ་ཞང་རྣམས་ཀྱིས་སོ་མང་དང་མེ་ལོང་། དཀར་ཡོལ་སོགས་གཉེན་ཚང་གི་ལག་ཏུ་འཇོག་ལ། མག་གསར་གྱི་མིང་སྲིང་ཞིག་གིས་སོ་མང་དེས་མནའ་མའི་སྐྲ་ཤད་ཙམ་བྱས་རྗེས་ཁ་བཏགས་ཤིག་གིས་དཀྲིས་པར་བྱེད། ཨ་ཞང་རྣམས་ཐང་ལ་བསྡད་པ་དང་སྐྱེས་པ་ཚང་གི་བུ་བུ་མོ་མང་བའི་བུད་མེད་ཅིག་འོང་སྟེ་ཇ་ལྡུག ཕྱོགས་གཉིས་ཀས་བུད་མེད་དེར་ཁ་བཏགས་རེ་བྱིན་རྗེས་འོ་ཇ་ལ་རོལ། ཡུད་ཙམ་འགོར་རྗེས་ཨ་ཞང་རྣམས་སྒོར་བུད་དེ་གྲོས་བྱེད་པ་དང་། བག་གསར་དང་བག་རོགས་གཉིས་སྔ་མོ་ནས་གྲ་སྒྲིག་བྱས་ཡོད་པའི་སྦྲ་དཀར་ཞིག་ཏུ་འཁྲིད་འགྲོ། ཨ་ཞང་རྣམས་ཕྱིར་སྦྲ་ནང་དུ་འོང་བ་དང་ཕན་ཚུན་ལ་ཀུ་རེ་སོགས་རྩེ་ནས་མཁའ་དབུགས་ཡོངས་སུ་དགའ་སྤྲོས་ཁེངས། དེ་ནས་གཉེན་ཚང་གི་ལོ་ལོན་ཞིག་ཡར་ལངས་ནས་ཨ་ཞང་རྒན་པ་གང་དེར་ཆང་འདྲེན།

               
     ཨ་ཞང་ཚང་གི་གཏམ་བཤད་མཁན་དེས་ཀྱང་གཉེན་བཤད་རིང་པོ་ངག་ནས་ཤར་ཤར་དུ་བརྗོད་བཞིན་ལག་རྟགས་རྣམས་རེ་རེ་བཞིན་གཉེན་ཚང་ལ་སྟེར། གཉེན་བཤད་ཀྱི་ནང་དོན་ལ་བུ་མོའི་ཁྱིམ་རྒྱུད་ཀྱི་བྱུང་བ་དང་མཛངས་མ་ཡིན་ཚུལ། ཐེངས་འདིའི་གཉེན་སྒྲིག་གི་གོ་རིམ་དང་མ་འོངས་བའི་རེ་བ་དང་སྨོན་འདུན་སོགས་འདུས། དེ་ནས་ཕྱོགས་གཉིས་ཀའི་གླུ་བ་གླུ་མ་མང་པོས་ཕན་ཚུན་ལ་བསྟོད་བསྔགས་དང་མ་འོངས་བར་བདེ་སྐྱིད་འབྱུང་བ་སོགས་ཀྱི་བརྗོད་བྱ་མཚོན་པའི་གླུ་གར་སྣ་ཚོགས་ལ་རོལ་ཞིང་། གླུ་ཚིག་གི་ནང་དོན་རྒྱ་ཆེ་ཞིང་གཏིང་ཟབ་ལ། དབྱངས་ཀྱི་འགྱུར་ཁུགས་གསལ་ཞིང་སྙན། གཉེན་བཤད་དང་གླུ་གར་སོགས་ཀྱི་མཇུག་རེ་ཞིག་སྒྲིལ་རྗེས་བཤད་པ་ལ་མཁས་པའི་བུ་མོ་ཞིག་གིས་ལག་ཏུ་ཆུ་སྐྱོགས་ཤིག་བཟུང་སྟེ་ཨ་ཞང་ཚང་གི་ཕྱོགས་སུ་འོ་ཇ་ཉུང་ངུ་ཙམ་གཏོར་རྗེས། གཏམ་དཔེ་མང་པོ་དང་སྦྱར་ནས་བག་གསར་གྱི་དར་གོས་སློང་བ་ཡིན། ཨ་ཞང་ཚང་གིས་རྩེད་མཚར་དང་བཅས་སྲུ་མོ་རྣམས་ལ་ཁ་བཏགས་ཤིག་སྟེར། དེ་ནས་ཕན་ཚུན་ལ་ཀུ་རེ་དང་བཏགས་པ་མང་པོ་བྱས་ཏེ་སྦྲ་ནང་ཀུན་ཏུ་དགའ་སྤྲོའི་དགོད་སྒྲས་ཁེངས། མཇུག་མཐར་ཨ་ཞང་ཚང་གིས་བག་གསར་གྱི་དར་གོས་བུ་མོ་རྣམས་ལ་བྱིན་ནས་མཇུག་སྒྲིལ་བ་ཡིན།

               
     གོང་གི་གོ་རིམ་དེ་མཇུག་སྒྲིལ་བ་དང་ཡང་གླུ་གར་ལ་རོལ་བ་ཡིན། ཐོག་མར་གཉེན་ཚང་གི་གླུ་བ་གསུམ་ཙམ་གྱིས་གླུ་ལེན་པ་དང་། དེ་ནས་ཨ་ཞང་ཚང་གིས་ཀྱང་བཀྲ་ཤིས་པའི་གླུ་ལན་འབུལ། མཇུག་མཐར་ནི་ན་གཞོན་ཕོ་མོ་རྣམས་ཤིན་ཏུ་དགའ་བའི་ལ་གཞས་ལེན་པ་ཡིན། དེ་ལྟར་གླུ་ངག་དང་དགོད་སྒྲའི་ཁྲོད་ནས་ནམ་གསལ་རག་བར་དུ་འདུག ཉིན་གཉིས་པའི་ཞོགས་པར་བག་གསར་གྱི་མིང་སྲིང་གིས་བག་གསར་གྱི་མགོ་སྐྲ་སླེ་ཞིང་། བག་གསར་གྱིས་རང་ཡུལ་ནས་ཁྱེར་འོང་བའི་སོ་མང་དང་དཀར་ཡོལ་སོགས་སྦྲ་ནང་དུ་འཇོག་ལ། དེ་ནི་དེ་རིང་ནས་བཟུང་འདི་ནི་རང་ཁྱིམ་ཡིན་ཞེས་པའི་མཚོན་དོན་ཡིན།
     ཨ་ཞང་རྣམས་ཀྱིས་རྟ་སྒ་སོགས་གྲ་སྒྲིག་བྱས་རྗེས་ནངས་ཇ་ལ་རོལ། སྐབས་དེར་གཉེན་ཚང་གི་ལོ་ལོན་རྒན་པ་ཞིག་གིས་ཨ་ཞང་རྣམས་ལ་ལག་རྟགས་སྟེར་བ་ཡིན། ཁ་ནས་གཉེན་བཤད་ཀྱི་བསྟོད་པ་སྣ་ཚོགས་བརྗོད་བཞིན་བག་གསར་གྱི་ཨ་མ་ལ་འབྲི་མོ་ཞིག་སྐྱེས་སུ་འབུལ་ལ། དེ་ནི་ཨ་མའི་སྐུ་དྲིན་འཇལ་བ་ཡིན། བག་གསར་གྱི་ཨ་ཕ་དང་ཞང་པོ། ཕུ་བོ་བཅས་ལ་སྤུ་མདོག་མི་འདྲ་བའི་རྟ་རེ་འབུལ་ལ། ཨ་ཞང་གཞན་པ་རྣམས་ལ་གོས་བཟོ་མགོ་རེ་སྟེར། ཨ་ཞང་རྣམས་ཕྱིར་རང་ཡུལ་དུ་འགྲོ་ཁར་རེ་རེ་ལ་ལམ་ཆང་དཀར་ཡོལ་གསུམ་རེ་དྲངས་ཤིང་། བག་གསར་ཡང་ཁོ་ཚོ་དང་མཉམ་དུ་རང་ཡུལ་དུ་ལོག་འགྲོ། འདི་ནི་གནའ་དུས་ནས་བརྒྱུད་འོང་བའི་ཡུལ་སྲོལ་ཞིག་ཡིན་ལ། ཕྱོགས་གཉིས་ཀས་གྲོས་བསྡུར་བྱས་ནས་ཉིན་བཟང་སྐར་བཟང་ཞིག་ལ་ད་གཟོད་གནས་ཡུལ་དུ་འགྲོ་བ་ཡིན་ནོ།།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2021-2-26 20:35 , Processed in 0.038043 second(s), 16 queries .

返回顶部