博客西藏在最高处过一种生活

日志

༄༅།།བཀའ་བསྟན་གྱི་འགྱུར་བྱང་ལས་མཐོང་བའི་ཕ ...

热度 1已有 296 次阅读2020-12-7 19:20 |系统分类:文化


                                        ༄༅།།བཀའ་བསྟན་གྱི་འགྱུར་བྱང་ལས་མཐོང་བའི་ཕྱིའི་ལོ་པཎ་གྱི་སྐོར་གླེང་བ།
                                   ཡོང་ཁུངས། བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ། རྩོམ་པ་པོ། སྒོ་མེ་ཚེ་དབང་རྣམ་རྒྱལ།

                                           

    གནད་བསྡུས། བཀའ་བསྟན་གྱི་འགྱུར་བྱང་ཁྲོད་མཐོང་བའི་ཕྱིའི་ལོ་པཎ་གྱི་མཚན་དང་གྲངས་ལ་དབྱེ་ཞིབ་བྱས་པ་བརྒྱུད། དེ་ལས་ལོ་པཎ་ངོས་འཛིན་ལ་འཁྲུལ་ཉེན་གྱི་རྒྱུ་སྟེ། གང་ཟག་གཅིག་ལ་སཾ་བོད་སྐད་གཉིས་ཀྱི་མཚན་འཁོད་པ་གང་ཟག་གཉིས་སུ་འཁྲུལ་བ་དང་། མཚན་གཅིག་མཚུངས་ཅན་གྱི་ལོ་པཎ་སྔ་ཕྱིར་གང་ཟག་གཉིས་རེ་བྱོན་མྱོང་བ་གཅིག་ཏུ་འཁྲུལ་བ། དུས་སྐབས་སོ་སོར་ལེགས་སྦྱར་གྱི་སྐད་གདངས་བོད་ཡིག་ལ་ཕབ་འབྲི་བྱེད་སྟངས་མི་འདྲ་བ་ལས་གང་ཟག་གཅིག་གི་མཚན་གང་ཟག་དུ་མར་འཁྲུལ་ཉེན་པ་སོགས་འཁྲུལ་གཞི་གཙོ་བོ་འགའ་དམིགས་སུ་བཏོན་ཏེ་དཔྱད་པ་བྱས་འདུག
    གནད་ཚིག བཀའ་བསྟན། ཕྱིའི་ལོ་པཎ། དཔུང་སྡེ་གྲུབ་སྟངས།
    [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B941 [ཡིག་ཚང་མཚོན་བྱང་།] A 
      [རྩོམ་གི་གོ་རིམ་ཨང་སྒྲིག] 1005-5746(2019)02-163-11
    དུས་རབས་བདུན་པ་ནས་བཟུང་སྟེ་བོད་ཀྱི་མཐོ་རིམ་སྤྱི་ཚོགས་ཁྲོད་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ལ་སློབ་གཉེར་དང་དེ་ཡི་དགོངས་པ་བསྟན་པའི་གཞུང་ལུགས་ཀྱི་ཡིག་ཚང་བོད་ཡིག་ཏུ་བསྒྱུར་མགོ་ཚུགས། དུས་རབས་བཅུ་གསུམ་པའི་དུས་སྟོད་དུ་སྔར་བྱུང་བའི་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྡུས་ཤིང་། དེ་ལ་གོ་རིམ་མ་ནོར་བར་སྡེ་ཚན་དབྱེ་སྟེ་དེང་གི་བཀའ་བསྟན་དུ་འབོད་པའི་དཔེ་ཚོགས་ཀྱི་དཔེ་གཞི་ཐོག་མ་དེ་བྱུང་། དེ་ནས་རིམ་བཞིན་བཀའ་བསྟན་བྲིས་སྤར་གྱི་དཔེ་གཞི་སྣ་ཚོགས་ཤིག་མཛད་མཐར། དུས་རབས་བཅོ་བརྒྱད་པའི་ནང་སྤར་མའི་དཔེ་གཞི་གྲགས་ཆེན་གསུམ་བྱུང་བ་དང་། དེ་ནས་བཀའ་བསྟན་དུ་ཡིག་ཚང་གི་གྲངས་ཀྱི་བསྡུ་ཚད་སོགས་ཀྱང་གཏན་ཆགས་སུ་གྱུར་ཡོད་ཅིང་། ད་བར་ཀུན་གྱིས་ཕྱི་མོར་འཛིན་གྱིན་པ་དང་སྤེལ་ཁྱབ་ཆེ་བ་ཡང་དཔེ་གཞི་དེ་དག་གོ། བོད་ཡིག་གི་བཀའ་བསྟན་དུ་བསྡུས་པའི་འགྱུར་ཆོས་རྣམས་ནི་གཙོ་བོ་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་བློ་དང་རིག་པའི་རྩལ་ལས་འཁྲུངས་ཡོད་ནའང་། འགྱུར་ཆོས་མང་དག་ཅིག་ནི་ཕྱི་ནས་ཕེབས་པའི་ལོ་པཎ་གྱི་གྲོགས་ལ་བརྟེན་ནས་བསྒྱུར་བ་ཡིན་པ་བཀའ་བསྟན་དུ་བསྡུས་པའི་ཆོས་ཚན་གྱི་འགྱུར་བྱང་ལས་ཤེས་ཐུབ། བོད་ཀྱི་སྔ་མའི་ཡིག་ཚང་ཕལ་ཆེ་བར་ཕྱིའི་ལོ་པཎ་གྱི་མཚན་གྲངས་མི་འདྲ་བ་ཡོད་ཀྱང་། ལོ་པཎ་དེ་དག་གི་ཤུལ་བཞག་གི་འགྱུར་ཆོས་སྣ་ཚོགས་ཀྱི་མཇུག་བྱང་དུ་མཐོང་བའི་ལོ་པཎ་རྣམས་ཀྱི་མཚན་གྲངས་དང་བསྡུར་ཚེ་མཚོན་བྱེད་ཙམ་དུ་ཟད་ཕྱིར། འདིར་བྱས་འབྲས་ཀྱི་གཟེངས་མཐོ་བའི་ཕྱིའི་ལོ་པཎ་གྱི་དཔུང་སྡེ་དེའང་ཆེད་དོན་ཞིག་ཏུ་བརྗོད་པར་སྤྲོ། དེ་ཡང་རྒྱལ་བའི་བཀའ་དང་བསྟན་འགྱུར་ལ་དཔེ་གཞི་མི་འདྲ་བ་མང་དུ་བྱུང་ཡོད་ནའང་། གོང་ཞུས་གྲགས་ཆེ་བའི་དཔེ་གཞི་གསུམ་སྟེ་སྣར་ཐང་བཀའ་བསྟན་དང་། སྡེ་དགེ་བཀའ་བསྟན། ཅོ་ནེ་བཀའ་བསྟན་སོགས་གཅིག་ལ་གཅིག་ཉིད་ཕྱི་མོར་བགྱིས་པའི་དཔེ་གཞི་དག་ནི་སྤུས་དག་ཤོས་སུ་ཀུན་གྱིས་ཁས་ལེན་པ་དང་། དེ་ལས་ཀྱང་སྡེ་དགེ་བཀའ་བསྟན་ནི་ཆོས་ཚན་བསྡུ་གྲངས་དང་ཞུས་དག་སོགས་ཕྱོགས་གང་ཐད་ནས་བལྟས་ཀྱང་ཚད་ལྡན་ལྟ་བུར་འཇོག་བཞིན་ཡོད་ན། འདིར་བརྗོད་བྱའི་དཔྱད་གཞི་གཙོ་བོ་ཡང་སྡེ་དགེ་བཀའ་བསྟན་ལ་བཅོལ་བར་བྱ།
     དང་པོ། སྔོན་གྱི་ཆོས་འབྱུང་དང་བཀའ་བསྟན་གྱི་འགྱུར་བྱང་ལས་མཐོང་བའི་ཕྱིའི་ལོ་པཎ་གྱི་མཚན་གྲངས་སྤྱིར་བསྟན་པ།
     སྔོན་གྱི་ཡིག་ཚང་དུ་ཕྱི་ནས་ཕེབས་པའི་ལོ་པཎ་རྣམས་ཀྱི་མཚན་གྲངས་འཁོད་ཚུལ་མདོར་བསྡུས་ཙམ་ཞུས་ན། དུས་རབས་བཅུ་གཉིས་པའི་ནང་བརྩམས་པའི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་དམ་ཉང་ཆོས་འབྱུང་ནང་ཕྱི་ནས་ཕེབས་པའི་ལོ་པཎ་ཉེར་ལྔའི་མཚན་བགྲངས་ཡོད་པ་དང་།[1] དུས་རབས་བཅུ་བཞི་པའི་ནང་བརྩམས་པའི་བུ་སྟོན་ཆོས་འབྱུང་ནང་ལོ་པཎ་གོ་གསུམ་བགྲངས་ཡོད།[2] དུས་རབས་བཅོ་བརྒྱད་པའི་ནང་བརྩམས་པའི་སུམ་པ་ཆོས་འབྱུང་ལྟར་ན་ཕྱིའི་ལོ་ཙཱ་བ་གོ་ལྔའི་མཚན་བགྲངས་ཤིང་།[3] ཡང་དུས་རབས་བཅོ་བརྒྱད་པའི་ནང་སྡེ་དགེ་བཀའ་བསྟན་གྱི་དཔེ་གཞི་དང་མཉམ་དུ་བྱུང་བའི་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་སྡེ་དགེ་བསྟན་འགྱུར་དཀར་ཆག་ཏུ་ཕྱིའི་ལོ་པཎ་གྱ་དྲུག་གི་མཚན་བགྲངས་ཡོད་པ་བཞིན།[4] ད་ཡོད་བོད་ཀྱི་ཆོས་འབྱུང་དང་ལོ་རྒྱུས་ཕལ་མོ་ཆེའི་ནང་ཕྱི་ནས་ཕེབས་པའི་ལོ་པཎ་གྱི་མཚན་གྲངས་མི་འདྲ། གོང་བསྟན་ཡིག་ཚང་དེ་དག་ལ་ལྡན་པའི་ཐུན་མོང་གི་ཁྱད་ཆོས་ཤིག་ནི། བོད་ཀྱི་ལོ་ཙཱ་བ་དང་ཕྱིའི་ལོ་པཎ་རྣམས་སོ་སོར་བགྲངས་ཡོད་པ་མ་ཟད། ཕྱི་རབས་པ་རྣམས་ཀྱིས་ངོས་འཛིན་བདེ་བའི་ཕྱིར་གང་ནས་བྱོན་པའི་ཡུལ་གྱི་མིང་ཡང་ལོ་ཙཱ་བའི་མཚན་གྱི་བླ་ཐབས་སུ་སྦྱར་ནས་ཡོད། ཡིན་ནའང་། དེང་གི་འབྲེལ་ཡོད་བརྩམས་ཆོས་སུ་ཕྱིའི་ལོ་པཎ་ཁག་ཅིག་བོད་རང་གི་ལོ་ཙཱ་བའི་གྲས་སུ་མཉམ་བསྲེས་ཀྱིས་གླེང་ཡོད་པ་ལས། ཁོང་རྣམ་པའི་མཚན་གནས་དང་བླ་ཐབས་སུ་སྦྱར་བའི་ཡུལ་གྱི་མིང་ལ་སོགས་པའང་རིམ་བཞིན་དོར་ཏེ་མི་སྣང་བ་དང་། འགའ་ཞིག་མཚན་གྱི་ཕྱེད་ཀ་ཙམ་གྱིས་ངོས་བཟུང་བ་སོགས་ཀྱང་སྣང་བས། དེའི་ཕྱིར་བློ་དམན་བདག་ལྟ་བུས་ནི་ལོ་པཎ་རེ་འགའ་ཕྱི་ནང་གང་ནས་བྱོན་མིན་ངོས་ཟིན་དཀའ། དོན་དངོས་ཐོག་ལོ་ངོ་སྟོང་ལ་ཉེ་བའི་དུས་ཡུན་ནང་བོད་དུ་བྱོན་ཞིང་ཡིག་སྒྱུར་གྱི་ཕྱག་ལས་གནང་མཁན་ཕྱིའི་ལོ་ཙཱ་བའི་གྲངས་དང་དེ་དག་གང་ནས་བྱོན་པའི་ཡུལ་ཇི་ལྟར་ངེས་པར་བྱ་ཞེ་ན། དེ་ཡང་ཆོས་འབྱུང་ལོ་རྒྱུས་ལས་གཞན་གཙོ་ཆེར་བཀའ་བསྟན་གྱི་འགྱུར་བྱང་ལ་གཞི་བཅོལ་དགོས་པར་འདུག་སྟེ། འདིར་གཞི་འཛིན་སའི་སྡེ་དགེ་བཀའ་འགྱུར་ལ་སྡེ་ཚན་ཆེན་པོ་དགུ་རུ་ཕྱེ་ཞིང་བསྡོམས་པོ་ཏི་102ལ་ཆོས་ཚན་1108ལྷག་བསྡུས་ཡོད་ལ། དེ་ལས་ཆོས་ཚན་487ལ་འགྱུར་བྱང་བཞུགས་མེད་པ་དང་། ལྷག་མའི་ཆོས་ཚན་621གི་འགྱུར་བྱང་དུ་ཕྱི་ནས་ཕེབས་པའི་ལོ་པཎ་140ལྷག་གི་མཚན་མཐོང་ཐུབ། བསྟན་འགྱུར་ལ་མཇུག་གི་ཇོ་བོའི་ཆོས་ཆུང་དང་བཅས་པར་སྡེ་ཚན་ཆེན་པོ་17དུ་དབྱེ་ཞིང་། དེར་པོད་213བཞུགས་པར་ཆོས་ཚན་3468བསྡུས་ཡོད་ལ། དེ་ལས་ཆོས་ཚན་1324ལ་འགྱུར་བྱང་མ་བཞུགས་ཤིང་། དེའི་ལྷག་མར་གྱུར་བའི་ཆོས་ཚན་2144ལ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་མཁན་གྱི་མཚན་རྣམས་གསལ་པོར་འཁོད་འདུག་ན། འགྱུར་བྱང་སྦྱར་བའི་བསྟན་འགྱུར་གྱི་ཆོས་ཚན་རྣམས་ཀྱི་མཇུག་བྱང་དུ་ཕྱི་ནས་ཕེབས་པའི་ལོ་པཎ་370ལྷག་གི་མཚན་མཐོང་ཐུབ་པར་གྱུར། དཔེ་ཚོགས་དེ་གཉིས་ཀའི་ཁྲོད་དུ་འགྱུར་ཆོས་བཞུགས་པའི་ལོ་པཎ་རྣམས་ཕན་ཚུན་དཔྱད་བསྡུར་བྱས་པ་ན། བཀའ་བསྟན་གཉིས་ཀའི་ཁྲོད་ལོ་པཎ་མི་འདྲ་བ་412ལྷག་མཐོང་ཞིང་། ལོ་པཎ་དེ་དག་གིས་བོད་ཀྱི་ཤེས་རིག་གོང་དུ་འཕེལ་བར་བླ་མེད་ཀྱི་མཛད་པ་བསྐྱངས་མྱོང་པའི་དོན་དངོས་དེ་ཡང་མངོན་སུམ་ཚད་མར་གྱུར་བས་སྣང་ཆུང་དུ་འཇོག་མི་རུང་བར་འདོད།
    གཉིས་པ། བཀའ་བསྟན་བོད་ཡིག་ཏུ་བསྒྱུར་མཁན་ཕྱིའི་ལོ་པཎ་གྱི་དཔུང་སྡེ་གྲུབ་སྟངས།
    ཆོས་འབྱུང་མཁས་པའི་དགའ་སྟོན་དུ། རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་བྲམ་ཟེ་ཤི་ཀ་ར། ཁ་ཆེ་ཏ་ནུ། བྲམ་ཟེ་ཨཱ་ནནྟ། བལ་པོ་ཤྲཱི་ལ་མཉྫུ། ཧ་ཤང་མ་ཧཱ་དེ་ཝ་ཆེ་སྟེ་ཆོས་རྒྱལ་སྲོང་བཙན་གྱི་དུས་སུ་བྱོན་པ་རྣམས་དང་།[5]ཞེས་འཁོད་པ་ལྟར་སྔོན་གྱི་ལོ་རྒྱུས་སྨྲ་བ་ཕལ་ཆེ་བའི་བཞེད་སྟངས་དེ་ལྟ་ལགས་མོད། ལོ་པཎ་རྣམས་ཀྱི་མཚན་མཐར་ཆགས་སུ་འགོད་སྐབས་སུ། ཆོས་འབྱུང་མཁས་དགའ་དང་ཞུས་ཆེན་གྱི་སྡེ་དགེ་བསྟན་འགྱུར་དཀར་ཆག་མ་གཏོགས་པའི་ཆོས་འབྱུང་གཞན་རྣམས་ལ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བྱོན་པའི་མཁན་ཆེན་ཞི་བ་འཚོའི་མཚན་ནས་འགོ་བརྩམས་པ་ལས། ཆོས་རྒྱལ་སྲོང་བཙན་སྐུ་རིང་ནས་བྱོན་པར་བཤད་པའི་སློབ་དཔོན་ཀུ་ས་ར་ལ་སོགས་པའི་ལོ་པཎ་དག་གི་མཚན་འཁོད་མེད་ཅིང་། དེ་བཞིན་དུ་དབའ་བཞེད་དུའང་ཡིག་མཁན་རྒྱ་གར་གྱི་ལི་བྱིན་ཞེས་བྱ་བ་ཞིག་ཀྱང་ཁྲིད་དེ་མཆིས། ཆོས་ནི་སྒྱུར་བྱེད་ཀྱི་ལོ་ཙཱ་མེད་ནས་ཕྱིང་པའི་ཕྱག་མཛོད་དུ་ཕྱག་རྒྱས་སྩལ་ཏེ་བཞག་[6]པར་གསུངས་ན། སྐབས་དེ་ཤེད་དུ་ལོ་ཙཱ་ལ་རྔོ་ཐོགས་མཁན་གྱི་ལོ་པཎ་བྱུང་ཡོད་མེད་ཀྱང་ཅུང་བཤད་དཀའ་བར་གྱུར། གལ་ཏེ་ཡོད་དུ་སྲིད་ཀྱང་། བཀའ་འགྱུར་ལས་མདོ་སྡེའི་()པོད་ཤོག་ངོས་དང་པོ་ནས་ལྔ་པ་བར་བཞུགས་པའི་སྤང་སྐོང་ཕྱག་བརྒྱ་ལ་ཐོན་མིའི་འགྱུར་བྱང་དངོས་སུ་བཀོད་ཡོད་པ་ལས་འགྱུར་ཆོས་གཞན་གང་ལའང་ཁྲི་སྲོང་ལྡེ་བཙན་ཡར་སྔོན་གྱི་རྒྱ་བོད་ལོ་པཎ་གྱི་མཚན་འཁོད་པ་མ་མཐོང་གཤིས། དུས་སྐབས་དེ་ཙམ་ལ་འགྱུར་བྱང་འགོད་པའི་སྲོལ་མེད་པའམ་ཡང་ན་ཁྲི་སྲོང་གི་སྐུ་རིང་དུ་སྐད་གསར་བཅད་ཀྱིས་འགྱུར་བཅོས་གནང་བ་གང་ལགས་པ་དེ་ལྟའོ། ། བུ་སྟོན་ཆོས་འབྱུང་སོགས་སུ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བྱོན་པའི་སློབ་དཔོན་ཞི་བ་འཚོ་ནས་བགྲངས་པ་ཡང་ཧ་ལམ་བཀའ་བསྟན་གྱི་འགྱུར་བྱང་གཞིར་བཟུང་བ་ངེས་སླ། དེས་ན་རྩོམ་འདིའི་དཔྱད་གཞིར་གྱུར་པའི་སྡེ་དགེ་བཀའ་བསྟན་ལ་གཞིགས་ན། བཀའ་བསྟན་གཉིས་སུ་བསྡུས་པའི་ཆོས་ཚན་གྱི་འགྱུར་བྱང་དུ་ཕྱིའི་ལོ་པཎ་བཞི་བརྒྱ་ལྷག་གི་མཚན་འཁོད་ཡོད་པ་ལྟར་ན། ལོ་པཎ་གྱི་དཔུང་སྡེ་རྒྱ་ཆེན་པོ་དེ་ལྟ་བུ་ཡང་དུས་གཅིག་ལ་གདན་གཅིག་ཏུ་འཛོམས་པ་ནི་མིན་པར། ཡུལ་ལུང་མི་གཅིག་སོ་སོ་ནས་དུས་རབས་རིམ་པར་བྱོན་ཞིང་། རང་འཁྲིའི་ལས་འགན་བརྩོན་པས་བསྐྱངས་མཐར་ད་གཟོད་ཤེས་རིག་གི་ཕུང་བོ་དེ་ལྟ་བུ་བསྐྲུན་ཐུབ་པ་བྱུང་བ་ཀུན་གྱིས་མཁྱེན་གསལ་ལགས་མོད། འདིར་ཕྱིའི་ལོ་པཎ་གྱི་དཔུང་སྡེའི་གྲུབ་སྟངས་དེ་ལོ་པཎ་རྣམས་བྱོན་སའི་ཡུལ་ལ་བལྟོས་ཏེ་རྒྱ་གར་དང་། ཁ་ཆེ། བལ་པོ། རྒྱ་ནག་དང་ཟ་ཧོར་སོགས་དབྱེ་བ་དུ་མའི་སྒོ་ནས་མདོར་བསྡུས་བསྟན་པར་བྱ་སྟེ།
     གཅིག རྒྱ་གར་གྱི་ལོ་པཎ།
     ཡུལ་གྱི་ཁྱབ་ཁོངས་ངོས་འཛིན་ལུགས་ཐད་ལ་གནའ་དེང་མི་འདྲ་ཞིང་། ཐ་ན་དུས་སྐབས་གཅིག་གི་མཁས་པའི་བཞེད་ཚུལ་ཡང་འདྲ་མིན་སྣ་ཚོགས་སུ་གྱེས་ཡོད་ཚུལ་ཀུན་གྱིས་མཁྱེན་གསལ་ལྟར་ལགས་ན། འདིར་འགྱུར་བྱང་དངོས་ལས་ཡུལ་གྱི་མིང་བླ་ཐབས་སུ་སྦྱར་བ་གཞིར་བཟུང་གིས་སྡེ་ཚན་དབྱེ་བ་ཡིན་གྱི། དེང་གི་ཡུལ་ལུང་ས་བཅད་ཀྱི་ཁྱབ་ཁོངས་ལྟར་གོ་བར་མི་བྱའོ། ། དེས་ན་བཀའ་བསྟན་གྱི་འགྱུར་བྱང་དུ་ཡུལ་རྒྱ་གར་མཚན་གྱི་བླ་ཐབས་སུ་སྦྱར་བའི་ལོ་པཎ་ཇི་ཙམ་བཞུགས་ཡོད་ཅེ་ན། ལོ་པཎ་ཁག་ཅིག་ལ་བཀའ་བསྟན་གཉིས་ཀའི་ཁྲོད་འགྱུར་ཆོས་བཞུགས་ཡོད་པ་དག་ཕན་ཚུན་བསྡུར་འབྲས་སུ། དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ནས་དུས་རབས་བཅུ་བདུན་ཡས་མས་བར་བྱོན་པའི་རྒྱ་གར་གྱི་ལོ་པཎ་276ལྷག་གི་མཚན་འཁོད་པ་མཐོང་།[7]གྲངས་འདིས་བཀའ་བསྟན་ཡིག་སྒྱུར་གྱི་ལས་ལ་ཞུགས་མཁན་ཕྱིའི་ལོ་པཎ་སྤྱིའི་བརྒྱ་ཆའི་རེ་བདུན་ཡན་ཟིན་ཡོད་པས། ཕྱིའི་ལོ་པཎ་གྱི་དཔུང་སྡེའི་གྲུབ་ཆ་གཙོ་བོ་དེ་རྒྱ་གར་གྱི་ལོ་པཎ་ཡིན་པ་ཤེས་སླ། གྲངས་ཚད་ཞིབ་མོར་གཤམ་གྱི་རེའུ་མིག་ཏུ་གསལ་བས་འདིར་མི་གླེང་། འདིར་ལོ་པཎ་ངོས་འཛིན་སྐབས་འཁྲུལ་ཉེན་གྱི་རྒྱུ་དམིགས་བསལ་ཅན་རེ་འགའ་ཆེད་དུ་ཞུས་ན། གཅིག མཚན་གཅིག་མཚུངས་ཅན་གྱི་ལོ་པཎ་སྔ་ཕྱིར་གང་ཟག་གཉིས་རེ་བྱོན་མྱོང་བ་གཅིག་ཏུ་འཁྲུལ་སླ་བ་དཔེར་ན། རྒྱ་གར་གྱི་སློབ་དཔོན་ཀ་མ་ལ་ཤཱི་ལ་དང་། བོད་ཀྱི་ལོ་ཙཱ་བ་རྨ་རིན་ཆེན་མཆོག་གཉིས་ཀྱིས་དཔང་སྐོང་ཕྱག་སྟོང་པ་དང་། མདོ་སྡེ་རྒྱ་ནག་མ་ལ་སོགས་བསྒྱུར་རོ་[8]ཞེས་བསྟན་པ་སྔ་དར་སྐབས་རྒྱ་ནག་གི་ཧཱ་ཤང་མ་ཧ་ཡ་ན་དང་སྟོན་རྩེན་རྩོད་གླེང་གནང་མཁན་ཁོང་ཉིད་དང་། ཡང་དུས་རབས་བཅུ་གཅིག་པའི་ནང་བྱོན་པའི་ཀ་མ་ལ་ཤཱི་ལ་མཚན་ཅན་གྱིས་བོད་ཀྱི་ལོ་ཙཱ་བ་ཤེས་རབ་སྐྱབས་དང་། ཞ་མ་སྟོན་པ་སེང་གེ་རྒྱལ་པོ་སོགས་དང་ལྷན་དུ་ཆོས་བསྒྱུར་ཡོད་ལ།[9]ཁོང་གཉིས་བྱོན་པའི་དུས་ལ་སྔ་ཕྱིའི་ཁྱད་པར་ཆེ་ཙམ་འདུག་པས་བྱས་ཙང་ཀ་མ་ལ་ཤཱི་ལ་སྔ་ཕྱི་གཉིས་བྱོན་ཡོད་པར་ངེས་སོ། ། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་སྟེ་བོད་སྐད་དུ་དྲི་མེད་བཤེས་གཉེན་ནི། རྒྱ་གར་ནུབ་ཕྱོགས་གླང་པོའི་སྒང་གི་གྲོང་ཁྱེར་ན་ཁྱིམ་བདག་བདེ་ཆེན་འཁོར་ལོའི་སྲས་སུ་བལྟམས། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བོད་དུ་བྱོན་པ་དང་། རྒྱལ་དབང་ལྔ་པའི་གསེར་གདུང་དཀར་ཆག་ཏུ། རྗེ་བླ་མའི་ཡང་སྲིད་མངའ་བདག་ཚངས་པ་ལྷའི་མེ་ཏོག་དང་། སྲས་མུ་ནེ་བཙན་པོ་ཡབ་སྲས། ཉང་ཏིང་བཟང་། བཻརོ། སྐ་ཅོག་སོགས་མཐས་ཡས་པ་སྨིན་པར་མཛད།[10]ཅེས་མཁན་པོ་བི་མ་ལ་མི་ཏྲས་སློབ་རྒྱུད་བསྐྱངས་ཚུལ་གསུངས། བསྟན་རྩིས་ཀུན་བཏུས་སུ་ཁྲི་སྲོང་ལྡེ་བཙན་ནས་རལ་པ་ཅན་གྱི་བར་རྒྱ་གར་དུ་སློབ་དཔོན་བི་མ་ལ་མི་ཏྲ་སྔ་ཕྱི་གཉིས་བྱུང་བ་ལས། སྔ་མས་སྐྱབས་འགྲོ་ཡན་ལག་དྲུག་པ་དང་། ཤེར་སྙིང་རྒྱ་ཆེར་འགྲེལ་བ་སོགས་བརྩམས། ཕྱི་མ་ནི་འདུལ་བ་བམ་པོ་ལྔ་བཅུ་བ་མཛད་པ་པོའོ་ཞེས་དེབ་སྔོན་ལས་བཤད་ཅེས་གསལ།[11] ཉང་ཆོས་འབྱུང་སོགས་ན་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་གདན་དྲངས་པའི་ལོ་པཎ་བགྲངས་སྐབས་སུ་ཁ་ཆེའི་སློབ་དཔོན་བི་མ་ལ་མི་ཏྲ་[12]ཞེས་པར་ངོས་འཛིན་གནང་ཡོད་ཀྱང་། དོན་དུ་ཕུར་པ་ཤམ་སྔོན་ཅན་དུ་གྲགས་པ་སོགས་བསྒྱུར་མཁན་ཡང་རྒྱ་གར་གྱི་སློབ་དཔོན་བི་མ་ལ་མི་ཏྲ་སྔ་ཕྱི་གང་རུང་ཞིག་དང་ལོ་ཙཱ་བ་སྙགས་ཛྙཱ་ན་གཉིས་ཡིན་ཚུལ་ཉང་ཆོས་འབྱུང་རང་ལས་གསུངས།[13] ཡང་དཔལ་ཡེ་ཤེས་སྙིང་པོ་ཞེས་པ་ཞིག་ལ་འགྱུར་བྱང་རེ་འགར་རྒྱ་གར་གྱི་པཎྚི་ཏ་ཡེ་ཤེས་སྙིང་པོ་དང་། ལན་རེར་རྒྱ་གར་གྱི་མཁན་པོ་དཔལ་ཡེ་ཤེས་སྙིང་པོ་ཞེས་འཁོད་ཡོད་པར་གཞིགས་ཚེ། དེ་ཡང་གང་ཟག་གཉིས་སུ་ངོས་འཛིན་དགོས་ཏེ། སྔ་མས་བསྟན་པ་སྔ་དར་སྐབས་ཀྱི་ལོ་ཙཱ་བ་དཔལ་བརྩེགས་དང་ལྷན་དུ་ཆོས་བསྒྱུར་གནང་བ་དང་།[14] ཕྱི་མས་བསྟན་པ་ཕྱི་དར་གྱི་དུས་འགོར་བྱོན་པའི་ལོ་ཙཱ་བ་ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་དང་ལྷན་དུ་བསྒྱུར་བས་དུས་ལ་སྔ་ཕྱིའི་ཧེ་བག་ཆེ། གཉིས། མཚན་གྱི་བླ་ཐབས་སུ་ཆེ་བརྗོད་ཀྱི་མིང་སོགས་སྦྱར་མིན་དང་སྦྱོར་སྟངས་འདྲ་མིན་གྱི་དབང་གིས་འཁྲུལ་བ་འབྱུང་སླ་བ་ཁག་ཅིག་འདུག་སྟེ། དཔེར་ན་བསྟན་པ་ཕྱི་དར་གྱི་དུས་སུ་བྱོན་ཞིང་བོད་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་ཤཱཀྱ་བློ་གྲོས་སོགས་དང་ལྷན་དུ་ལོ་ཙཱ་མཛད་མཁན་རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་ཤྲངྔྷཱ་ཀ་ར་ལྦརྨ་ཞེས་པ་ལ་འགྱུར་བྱང་འགའ་རེར་རྒྱ་གར་གྱི་མཁན་པོ་ཤྲཱི་ཤྲདྔྷཱ་ཀ་ར་ལྦརྨ་དང་། ཡང་ན་ཨཱ་ཙཱརྱ་ཤྲདྡྷཱ་ཀ་ར་ཝརྨས་ཞུས་ཏེ་གཏན་ལ་ཕབ་པ་ཞེས་ཨཱ་ཙཱརྱ་སྟེ་རྣལ་འབྱོར་རམ་སློབ་གཉེར་བ་དང་མཁན་པོ་སོགས་བླ་ཐབས་སུ་སྦྱར་མིན་གྱི་ཁྱད་བྱུང་བ་དང་། ལོ་ཙཱ་བ་ཁོང་ཉིད་བྱོན་པའི་དུས་སྐབས་དང་སྒྱུར་གྲོགས་བོད་ཀྱི་ལོ་ཙཱ་བ་སོགས་ཕྱོགས་གང་ནས་བལྟས་ཀྱང་གང་ཟག་གཅིག་ཏུ་ངེས་དགོས། དེ་བཞིན་དུ་འགྱུར་བྱང་ལས་བོད་ཀྱི་ལོ་ཙཱ་བ་མི་ཉམས་བཟང་པོ་དང་གློ་བོ་ཤེས་རབ་རིན་ཆེན་སོགས་དང་ལྷན་དུ་ལོ་ཙཱ་མཛད་མཁན་རྒྱ་གར་གྱི་མཁན་པོ་ཤྲཱི་བི་བྷཱུ་ཏི་ཙནྡྲ་ཞེས་པ་ཁོང་གིས་བསྒྱུར་བའི་ཆོས་ཀྱི་འགྱུར་བྱང་དུ་རྒྱ་གར་གྱི་མཁན་པོ་མ་ཧཱ་བི་བྷཱུ་ཏི་ཙནྡྲ་ཞེས་འཁོད་ཡོད་པའང་མང་། ཤྲཱི་དང་མ་ཧཱའམ་དཔལ་དང་ཆེན་པོའི་སྐད་དོད་སྦྱར་མིན་གྱི་ཁྱད་བྱུང་བ་ལས་གང་ཟག་གཅིག་ཏུ་ངེས་ཤིང་། མཁན་པོ་འདི་ཉིད་ཀྱི་འགྱུར་ཆོས་སུ་ཁོང་ཉིད་གཅིག་པུས་མཛད་ཅིང་བསྒྱུར་བའི་ཆོས་ཀྱང་མང་ཙམ་མཐོང་བས་ཁོང་བོད་ཡིག་ལ་ནང་བྱན་ཆུད་པའང་ཤེས་ཐུབ། ཡང་བོད་ཀྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོ་དང་ལྷ་ཡེ་ཤེས་རྒྱལ་མཚན་སོགས་དང་མཉམ་དུ་བསྟན་བཅོས་བོད་དུ་ལོ་ཙཱ་མཛད་མཁན་རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཔྟ་ཞེས་པ་ལ་པཎྚི་ཏ་ཀ་མ་ལ་གུཔྟ་བྲིས་པའང་འགྱུར་བྱང་ཁག་ལས་མཐོང་ཞིང་། དེ་འདྲ་བ་རྒྱ་གར་གྱི་པཎྚི་ཏ་ཨཱ་ལངྐ་དེ་ཝ་ལ་རྒྱ་གར་གྱི་མཁན་པོ་ཨ་ལངྐ་དེ་ཝ་ཞེས་སོ་སོར་འཁོད་ཡོད་པ་སོགས་རིགས་འགྲེས་ཀྱིས་ཤེས་པར་བྱ། གསུམ། ཁ་ཅིག་མཚན་ཆ་ཚང་དང་ལན་རེར་མཚན་གྱི་ཕྱེད་ཀ་བསྡུས་ནས་བཀོད་པ་དང་། དུས་རབས་རིམ་བྱུང་ནང་ལེགས་སྦྱར་གྱི་སྐད་གདངས་བོད་ཡིག་ལ་ཕབ་འབྲི་བྱེད་སྟངས་མ་འདྲ་བ་སྟེ། གསལ་བྱེད་ཀྱི་སྒྲ་རིང་ཐུང་གི་ཆ་ལ་དོ་སྣང་མ་བྱས་པར་སྒྲ་རིང་ཆ་ཅན་གྱི་རྟགས་འ་ཆུང་ཡལ་བར་དོར་བ་དང་། སྔོན་གྱི་དུས་སུ་སྦྱོར་ཀློག་གི་རྣམ་པར་བྱས་པ་ཕྱིས་སུ་སྔགས་ཡིག་རྩེག་མར་འབྲི་བའི་སྲོལ་དུ་གྱུར་བ་ལ་སོགས་པས་གང་ཟག་གཅིག་གི་མིང་དུ་མར་གྱུར་བ་སྟེ། དཔེར་ན། བསྟན་པ་སྔ་དར་གྱི་སྐབས་སུ་བྱོན་པའི་བོད་ཀྱི་ལོ་ཙཱ་བ་དགེ་སློང་དཔལ་གྱི་ལྷུན་པོ་དང་བནྡེ་རིན་ཆེན་མཆོག སྐ་བ་དཔལ་བརྩེགས་སོགས་དང་མཉམ་དུ་བསྟན་བཅོས་ལོ་ཙཱ་མཛད་མཁན་རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིངྷ་ཞེས་པ་འདི་ཉིད་ཀྱིས་བསྒྱུར་བའི་འགྱུར་བྱང་རེ་འགར་བིདྱཱ་ཀ་ར་སིང་ཧ་ལྟར་བྲིས་པ་དང་། འགྱུར་བྱང་དུ་རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་ཞེས་པ་ལ་ལན་རེར་བིདྱ་ཀ་ར་པྲ་བྷ་རུ་འཁོད་པ། བོད་ཀྱི་ལོ་ཙཱ་བ་ཤཱཀྱ་བློ་གྲོས་དང་བསོད་ནམས་བཟང་པོ་སོགས་དང་ལྷན་དུ་རྒྱ་གཞུང་བོད་དུ་ལོ་ཙཱ་མཛད་མཁན་རྒྱ་གར་གྱི་མཁན་པོ་ཤྲཱི་ཀུ་མ་ར་ཀཱ་ལ་ཤ་ཞེས་པར་འགྱུར་བྱང་འགའ་རེར་རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཀ་ལཱ་ཤ་དང་རྒྱ་གར་གྱི་མཁན་པོ་ཀུ་མ་ར་ཀ་ལ་ཤ་སོགས་སུ་བྲིས་པ། བོད་ཀྱི་ལོ་ཙཱ་བ་དར་མ་གྲགས་དང་ཞ་མ་སེང་རྒྱལ་སོགས་དང་ལྷན་དུ་ཆོས་སྒྱུར་མཁན་རྒྱ་གར་གྱི་པཎྚི་ཏ་སུ་མ་ཏི་ཞེས་པར་ལན་རེར་རྒྱ་གར་གྱི་པཎྚི་ཏ་སུ་མ་ཏི་ཀཱིརྟི་ཞེས་འཁོད་པ་དང་། བོད་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོ་སོགས་དང་ལྷན་དུ་ཆོས་སྒྱུར་གནང་མཁན་རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་ལྦརྨ་ཞེས་པར་ལན་རེར་རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་ཁོ་ནར་བྲིས་པ་སོགས་ལོ་པཎ་དེ་དག་བྱོན་པའི་དུས་དང་། ཆོས་སྒྱུར་གྱི་གྲོགས་སུ་གྱུར་བ་བོད་ཀྱི་ལོ་ཙཱ་བ། འགྱུར་ཆོས་སོགས་ཆ་གང་ནས་བལྟས་ཀྱང་གང་ཟག་གཅིག་ཏུ་ངེས་དགོས་པ་ལྟར་རོ། ། བཞི། མཚན་འདྲ་ཙམ་པར་བརྟེན་ནས་གང་ཟག་གཅིག་ཏུ་འཁྲུལ་སླ་བ། དཔེར་ན། འགྱུར་བྱང་ལས་རྒྱ་གར་གྱི་མཁན་པོ་མ་ཧཱ་ཛྙཱ་ན་ཞེས་པ་དང་།རྒྱ་གར་གྱི་མཁན་པོ་མ་ཧཱ་ཛ་ན། རྒྱ་གར་གྱི་པཎྚི་ཏ་ཤྲཱི་མ་ཧཱ་ཛ་ན་སོགས་མཚན་འདྲ་གསུམ་བྱུང་བར། ཛྙཱ་ལ་ཛ་རུ་བྲིས་པ་སྔོན་གྱི་སྔགས་ཡིག་གི་འབྲི་སྲོལ་དུ་དར་ཡོད་ན་དེ་དག་གང་ཟག་གཅིག་ཏུ་སྙམ་པའི་བློ་འགོག་མེད་དུ་སྐྱེས་ཀྱང་། སྔ་མ་གང་གི་ཆོས་སྒྱུར་གྱི་གྲོགས་སུ་གྱུར་བ་བོད་ཀྱི་ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་(1042-1136)དང་། བར་མས་ནི་དུས་རབས་བཅུ་བཞི་པའི་ནང་བྱོན་པའི་བོད་ཀྱི་ལོ་ཙཱ་བ་གཞོན་ནུ་འོད་དང་ལྷན་དུ་ཆོས་བསྒྱུར་གནང་ཡོད་པས་དུས་ལ་བར་ཁྱད་ཅུང་ཆེ་སྟབས་གང་ཟག་སོ་སོར་ངོས་འཛིན་བྱེད་དགོས་པ་དང་། ཕྱི་མ་གང་ཡང་དེ་ལྟའོ། ། ལྔ། འགྱུར་བྱང་དུ་གང་ཟག་གཅིག་ལ་སཾ་བོད་སྐད་གཉིས་ཀྱི་མཚན་འཁོད་པ་གང་ཟག་གཉིས་སུ་འཁྲུལ་སླ་བ། དཔེར་ན་བོད་ཀྱི་ལོ་ཙཱ་བ་བ་རིན་ཆེན་གྲགས་སོགས་དང་ལྷན་དུ་ཆོས་སྒྱུར་གནང་མཁན་རྒྱ་གར་གྱི་པཎྚི་ཏ་དོན་ཡོད་རྡོ་རྗེ་བྱ་བ་དེ་དང་བཀའ་བསྟན་དུ་བསྡུ་བསྒྲིགས་གནང་བའི་ཆོས་ཚན་གྱི་འགྱུར་བྱང་དུ་མཐོང་བའི་རྒྱ་གར་གྱི་མཁན་པོ་ཨ་མོ་གྷ་བཛྲ་དང་། པཎྚི་ཏ་ཨ་མོ་གྷ་བཛྲ་ཞེས་འཁོད་པ་སོགས་གང་ཟག་གཅིག་ཏུ་ངེས་དགོས་ཤིང་། བུ་སྟོན་ཆོས་འབྱུང་དུ་ཨོ་རྒྱན་གྱི་པཎྚི་ཏ་དོན་ཡོད་རྡོ་རྗེ་[15]ཞེས་མཐོང་ཡང་། འགྱུར་ཆོས་ལ་གཞིགས་ཚེ་དེ་ཡང་རྒྱ་གར་གྱི་པཎྚི་ཏ་དོན་ཡོད་རྡོ་རྗེའམ་པཎྚི་ཏ་ཨ་མོ་གྷ་བཛྲ་དང་གང་ཟག་གཅིག་ཏུ་ངེས་སོ། །
     གཉིས། ཁ་ཆེའི་ལོ་པཎ།
     འགྱུར་བྱང་དུ་ཁ་ཆེའི་ཡུལ་མིང་མཚན་གྱི་བླ་ཐབས་སུ་སྦྱར་བའི་ལོ་པཎ་ཡང་མི་ཉུང་ཙམ་བཞུགས་ཡོད་པ་སྟེ། དེ་དག་ཁྲོད་བོད་ཀྱི་ལོ་ཙཱ་བ་ཚུལ་ཁྲིམས་གཞོན་ནུ་དང་སེང་གེ་རྒྱལ་མཚན་སོགས་དང་ལྷན་དུ་ལོ་ཙཱ་མཛད་མཁན་ཁ་ཆེའི་པཎྚི་ཏ་མ་ཧཱ་ཛྙཱ་ན་དང་། ཁ་ཆེའི་པཎྚི་ཏ་མ་ཧཱ་ཛ་ནར་བྲིས་པ་འགའ་རེ་ཡོད་པ་དེ་དག་བྱོན་པའི་དུས་དང་། སྒྱུར་གྲོགས་བོད་ཀྱི་ལོ་ཙཱ་བ་དང་འགྱུར་ཆོས་སོགས་གང་གི་ཆ་ནས་བལྟས་ཀྱང་གང་ཟག་གཅིག་ཏུ་འདྲ་ཞིང་། ཛྙཱ་ལ་ཛ་རུ་འབྲི་ཚུལ་ལེགས་སྦྱར་ལ་གསལ་བྱེད་སོ་སོར་སོང་ཡང་སྔགས་ཡིག་ལ་གནའ་དེང་གི་སྲོལ་དུ་གྲུབ་ཡོད་ཚུལ་གོང་དུ་ཞུས་པ་བཞིན་ཏེ། ཀློག་གདངས་མ་འདྲ་བ་ཙམ་ལས་དོན་ལ་རྒྱལ་བ་དང་ཡེ་ཤེས་སོགས་སུ་བསྒྲུབས། ཡང་བོད་ཀྱི་ལོ་ཙཱ་བ་ཤེས་རབ་རྒྱལ་མཚན་དང་ལོ་ཙཱ་བ་གཟུ་དགའ་བ་རྡོ་རྗེ་སོགས་དང་ལྷན་དུ་སྒྱུར་མཁན་ཁ་ཆེའི་པཎྚི་ཏ་ཤྲཱི་པ་ར་ཧེ་ཏ་ཞེས་པ་ལ་བཤུས་ནོར་དུ་ཁ་ཆེའི་པཎྚི་ཏ་ཤྲཱི་པ་ར་ཧི་ཏ་ཞེས་བྲིས་པའང་མཐོང་། དོན་ལ་གང་ཟག་གཅིག་ཏུ་ངེས། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་རབ་བྱུང་གསུམ་པའི་ཤིང་བྱི་སྤྱི་ལོ1204ལོར་བོད་དུ་སྤྱན་དྲངས་པའི་ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲཱི་[16]སྟེ། བསྟན་འགྱུར་དུ་ཁོང་གིས་མཛད་ཅིང་བསྒྱུར་བ་དང་བོད་ཀྱི་ལོ་ཙཱ་བ་དང་ལྷན་དུ་བསྒྱུར་བའི་ཆོས་ཚན་མི་ཉུང་ཙམ་བཞུགས་ཡོད་པ་ལ། འགྱུར་བྱང་དུ་མཚན་འགོད་སྟངས་མ་འདྲ་བ་གསུམ་ཙམ་འདུག་སྟེ། ཁ་ཆེའི་ཤཱཀྱ་ཤྲཱི་དང་། ཁ་ཆེའི་ཤཱཀྱ་ཤྲཱི་བྷ་དྲ་ཞེས་པ། དེ་ཉིད་ཀྱི་མཚན་བྷ་དྲའི་སྐད་དོད་བཟང་པོར་ཕྱེད་བསྒྱུར་བྱས་པས་ཁ་ཆེའི་པཎྚི་ཏ་ཤཱཀྱ་ཤྲཱི་བཟང་པོ་སོགས་ནི་གང་ཟག་གཅིག་ཏུ་ངེས་ཀྱང་། མཚན་འགོད་སྟངས་མ་འདྲ་བར་གཞི་བྱས་ཏེ་རྒྱུས་མེད་རྣམས་ལ་གང་ཟག་གཉིས་སམ་གསུམ་དུ་འཁྲུལ་ཉེན་ཆེ། གོང་བསྟན་རིགས་མཐུན་དུ་གྱུར་བ་རྣམས་བསྡུར་འབྲས་སུ་ཁ་ཆེའི་ཡུལ་མིང་མཚན་གྱི་བླ་ཐབས་སུ་སྦྱར་བའི་ལོ་པཎ་ཉེར་ལྔ་ཙམ་གྱི་འགྱུར་ཆོས་བཞུགས་ཡོད་པར། ཕྱིའི་ལོ་པཎ་གྱི་དཔུང་སྡེའི་ཁྲོད་ཁ་ཆེ་ཡུལ་ནས་བྱོན་པའི་ལོ་པཎ་གྱིས་ཨང་རིམ་གཉིས་པ་ཟིན་ཡོད།   
     གསུམ། བལ་པོའི་ལོ་པཎ།
     འགྱུར་བྱང་ལ་གཞིགས་ན། བལ་པོའི་ཡུལ་མིང་མཚན་གྱི་བླ་ཐབས་སུ་སྦྱར་བའི་ལོ་པཎ་བཅུ་གཉིས་ཙམ་བཞུགས་ཡོད་པ་དང་། དེ་ལས་བོད་ཡིག་ལ་ནང་བྱན་ཆུད་པའི་བལ་པོའི་པཎྚི་ཏ་མ་ཧཱ་པཱ་ན་ཞེས་པ་འདི་ལ་ལན་རེར་བལ་པོ་མ་ཧཱ་པ་ཎ་རུ་འཁོད་པའང་མཐོང་ཞིང་། དེ་གཉིས་གང་ཟག་གཅིག་ཏུ་ངེས་པ་ཁོང་གི་རྒྱུད་སྐོར་གྱི་འགྱུར་ཆོས་ཕལ་མོ་ཆེ་སློབ་དཔོན་རཏྣ་ཀཱིརྟིས་མཛད་པ་དང་། འགྱུར་གྱི་གོང་འོག་གི་རིམ་པའང་ཧ་ལམ་མ་འཁྲུགས་པར་བསྒྲིགས་པ་ལས་ཤེས་ཐུབ། འགྱུར་བྱང་བློ་གསལ་དགའ་སྐྱེད་དུ་བལ་པོ་མ་ཧཱ་པཱ་ན་ཞེས་པའི་འགྱུར་ལ་ཆོས་ཚན་བཅུ་གཅིག་བསྟན་ཡོད་མོད།[17] བསྟན་འགྱུར་གྱི་འགྱུར་བྱང་ལས་ཁོང་ཉིད་གཅིག་པུས་བསྒྱུར་བ་ཆོས་ཚན་ལྔ་ལས་མ་རྙེད་པས་ཆོས་ཚན་འགའ་རེ་ནི་བོད་ཀྱི་ལོ་ཙཱ་བ་དང་ལྷན་དུ་བསྒྱུར་ཤས་ཆེ། པཎྚི་ཏ་འདི་དང་གོང་གི་བལ་པོའི་པཎྚི་ཏ་མ་ཧཱ་པཱ་ན་ཞེས་པའམ་བལ་པོ་མ་ཧཱ་པ་ཎ་ཞེས་འཁོད་པ་གཉིས་གང་ཟག་གཅིག་ཏུ་ངེས་པ་འདྲ་ཡང་། དེ་ལྟར་མ་ཡིན་ནོ། །བོད་ཀྱི་ལོ་ཙཱ་བ་འགར་ཆོས་ཀྱི་བཟང་པོ་དང་དུས་མཉམ་དུ་བྱོན་པའི་བལ་བོའི་པནྚི་ཏ་དེ་ལྦ་པཱུཎ་མ་ཏི་ཞེས་པ་ལ་འགྱུར་བྱང་དུ་དེ་བ་པུརྞ་མ་ཏི་དང་བལ་པོའི་བླ་མ་དེ་བ་པཱརྞ་མ་ཏི་སོགས་གོང་གི་མཚན་འགོད་སྟངས་མ་འདྲ་བ་གསུམ་བྱུང་ཡོད་པར། འགྱུར་ཆོས་ལས་དེ་དག་གང་ཟག་གཅིག་ཏུ་ངེས་པ་ཤེས་ཐུབ། ཡང་འགྱུར་བྱང་དུ་བལ་བོའི་པཎྚི་ཏ་མཉྫུ་ཤྲཱི་ཛེ་ཏཱ་ཀརྞ་དང་པཎྚི་ཏ་ཛེ་ཏཱ་ཀརྞ་ཞེས་མཚན་འགོད་སྟངས་མ་འདྲ་བ་དེ་གཉིས་ཀྱང་བོད་ཀྱི་ལོ་ཙཱ་བ་ཉི་མ་རྒྱལ་མཚན་སོགས་དང་ལྷན་དུ་ཆོས་བསྒྱུར་གནང་མཁན་གྱི་ལོ་པཎ་གཅིག་ཏུ་ཤེས་པར་བྱ། བསྟན་འགྱུར་ལས་རྒྱུད་དུ་བལ་པོའི་པཎྚི་ཏ་བྷ་རོ་ཕྱག་རྡུམ་དང་བོད་ཀྱི་ལོ་ཙཱ་བ་རྭ་རྡོ་རྗེ་གྲགས་གཉིས་ལ་འགྱུར་ཆོས་ཚན་གཅིག་བཞུགས་ཡོད་པ་དང་། དེ་དང་མཚན་འདྲ་བ་མངའ་བདག་རྩེ་ལྡེའི་སྐུ་རིང་ཨོ་རྒྱན་ཡུལ་ནས་བོད་དུ་སྤྱུགས་པའི་སྨན་པ་མཁས་ཅན་བྷ་རོ་ཕྱག་རྡུམ་མམ་བོད་སྐད་དུ་སྐྱེས་བུ་མེ་ལྷ་བྱ་བ། ཁོང་གིས་ཀྱང་གསོ་རིག་མན་ངག་གི་ཡིག་སྣ་མང་དུ་མཛད་ཅིང་བསྒྱུར། ལག་རྡུམ་ཞེས་བྱ་བླ་དྭགས་ལགས། །[18]ཞེས་པས་མཚན་ལ་བྷ་རོ་ཟེར་བ་དང་། རྭ་ལོ་དགུང་གྲངས་བཅོ་ལྔ་པར་བལ་ཡུལ་དུ་བྱོན་ཏེ་སློབ་དཔོན་བྷ་རོ་དང་མཇལ་ཞིང་རྒྱུད་སྒྲུབ་ཐབས་ལས་ཚོགས་བཅས་རྫོགས་པར་གསན། དེ་ནས་ལང་ལབ་བྱང་ཆུབ་རྡོ་རྗེ་དང་རྫུ་འཕྲུལ་འགྲན་པར་ཅུང་ཟད་ཕམ་པའི་ཚུལ་གྱིས་བལ་ཡུལ་དུ་ཐེངས་གཉིས་པ་ཕེབས་ཏེ་སློབ་དཔོན་བྷ་རོ་ལས་བསད་བཟློག་སོགས་མན་ངག་མཐའ་ཡས་པ་གསན་ནས་བོད་དུ་ཕེབས།[19] ཞེས་པར་བྷ་རོ་མཚན་འདྲ་བ་དེ་གཉིས་བྱོན་པའི་དུས་ལ་ཁྱད་པར་ཆེར་མེད་ཀྱང་། སྔ་མ་དེ་ཉིད་བོད་དུ་ཕེབས་པའི་ལོ་རྒྱུས་མ་མཐོང་ཞིང་། ཁོང་གཉིས་བྱོན་སའི་ཡུལ་དང་མཛད་པ་སོགས་ཀྱང་སོ་སོར་གྱུར་བས་གང་ཟག་གཅིག་ཏུ་སེམས་མི་རུང་བར་འདོད།
     རྒྱ་ནག་དང་ཟ་ཧོར་སོགས་ནས་བྱོན་པའི་ལོ་པཎ་གྱི་མཚན་ལ་འཁྲུལ་བ་འབྱུང་དོན་མེད་རྐྱེན་དམིགས་བསལ་ཞུ་དགོས་མེད་ཅིང་གྲངས་ཚད་སོགས་གཤམ་གྱི་རེའུ་མིག་ལས་ཤེས་པར་བྱ། འགྱུར་བྱང་དུ་བླ་ཐབས་སུ་ཡུལ་མིང་མ་སྦྱར་བའི་ལོ་པཎ་གྱ་དྲུག་ཙམ་བཞུགས་པ་ལས་ཕལ་ཆེ་བ་རྒྱ་གར་ནས་བྱོན་པ་ཡིན་ཡང་། མཐའ་གཅིག་ཏུ་ས་ས་མལ་གྱི་ངོས་འཛིན་དཀའ་བར་འདུག་ན་དབྱེ་བསྡུའི་རྣམ་གྲངས་ལོགས་སུ་བགར་བ་ལགས། འདིར་ཞུས་པའི་བཀའ་བསྟན་ལོ་ཙཱའི་ལས་ལ་ཞུགས་མཁན་ཕྱིའི་ལོ་པཎ་བཞི་བརྒྱ་ལྷག་བཞུགས་པའི་སྟེང་། བཙན་པོ་སྲོང་བཙན་གྱི་སྐུ་རིང་ནས་ཁྲི་སྲོང་ལྡེ་བཙན་བར་གྱི་ལོ་པཎ་ཁག་ཅིག་སྟེ། བོད་ཀྱི་ལོ་རྒྱུས་ཡོངས་སུ་གྲགས་ཤིང་འགྱུར་ཆོས་བཀའ་བསྟན་དུ་མ་བསྡུས་པའམ་ཡང་ན་འགྱུར་བྱང་དུ་མ་བཀོད་པའི་ལོ་པཎ་ཉི་ཤུ་ལྷག་དང་བཅས་པ་ནི་བོད་ཡིག་ཡིག་ཚང་དུ་མཚན་བཀོད་པའི་དུས་རབས་རིམ་བྱོན་གྱི་ཕྱིའི་ལོ་པཎ་སྤྱིའི་གྲངས་ཚད་ཀྱང་ཧ་ལམ་དེ་འདྲའོ། །
ཕྱིའི་ལོ་པཎ་གྱི་དཔུང་སྡེ་གྲུབ་སྟངས་རེའུ་མིག

                  ཕྱིའི་ལོ་པཎ་ཁྲོད་བོད་ཀྱི་ལོ་ཙཱ་བར་མ་བརྟེན་པར་འགྱུར་མཛད་མཁན་ཁག་ཅིག་གི་མཚན་དང་འགྱུར་ཆོས་ཀྱི་གྲངས་ཚད་རེའུ་མིག

                        
     མཇུག་སྡུད།
     བཀའ་བསྟན་ཁྲོད་བཞུགས་པའི་ཆོས་ཚན་ཕལ་ཆེ་བ་ཕྱི་ནང་གི་ལོ་པཎ་རྣམ་པས་མཉམ་འབྲེལ་གྱིས་བསྒྱུར་ཡོད་པ་དང་། དེ་ལས་བཀའ་འགྱུར་ཁྲོད་ཀྱི་ཆོས་ཚན་ཕལ་མོ་ཆེ་ནི་ཕྱིའི་ལོ་པཎ་གཉིས་རེ་དང་བོད་ཀྱི་ལོ་ཙཱ་བ་གཅིག་གིས་ལྷན་དུ་བསྒྱུར་ཡོད་ལ། བསྟན་འགྱུར་ཁྲོད་ཀྱི་ཆོས་ཚན་ཕལ་ཆེ་བ་ནི་ཕྱིའི་ལོ་པཎ་གཅིག་དང་བོད་ཀྱི་ལོ་ཙཱ་བ་གཅིག་གིས་མཉམ་འབྲེལ་གྱིས་བསྒྱུར་པ་མཐོང་། ཕྱིའི་ལོ་པཎ་རྣམས་ལས་བོད་ཡིག་གི་བརྡ་ཐོགས་མེད་དུ་མཁྱེན་མཁན་ཁག་ཅིག་གིས་ཕྱི་ནང་གི་མཁས་པའི་གྲོགས་ལ་མ་བརྟེན་པར་ཆོས་བསྒྱུར་གནང་བའམ་ཡང་ན་རང་རྩོམ་རང་གིས་ལོ་ཙཱ་མཛད་མཁན་ཡང་མི་ཉུང་ཙམ་བཞུགས། དེ་བས་བོད་ཡིག་གི་བཀའ་བསྟན་འདི་ཉིད་བོད་ཀྱི་སྲིད་རབས་རིམ་བྱུང་གི་རྩ་འཛུགས་དང་གཙོ་སྐྱོང་འོག་དུས་རབས་རིམ་པར་བྱོན་པའི་བོད་ཀྱི་ལོ་ཙཱ་བ་རྣམས་སྲོག་ཤིང་དུ་བྱས་ཏེ། འདབས་འབྲེལ་མི་རིགས་དང་རྒྱལ་ཁབ་ཁག་ནས་ཕེབས་པའི་ལོ་པཎ་དང་མཉམ་འབྲེལ་གྱིས་བསྐྲུན་པའི་འཛམ་གླིང་ཤེས་རིག་གི་ནོར་བུ་ཞིག་ཡིན་པར་བཤད་ཆོག་གོ།
     མཆན་འགྲེལ།
     [1] ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1988ལོའི་པར་གཞི་ཐོག་མ་དང་2010ལོའི་དཔར་ཐེངས་གཉིས་པ། ཤ362-363
     [2] བུ་སྟོན་རིན་ཆེན་གྲུབ། བུ་སྟོན་ཆོས་འབྱུང་།[M] ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། 1980ལོ། ཤ206-208
     [3] སུམ་པ་ཡེ་ཤེས་དཔལ་འབྱོར། ཆོས་འབྱུང་དཔག་བསམ་ལྗོན་བཟང་།[M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1983ལོ། ཤ784-786
     [4] ཞུས་ཆེན་ཚུལ་ཁྲིམས་རིན་ཆེན། སྡེ་དགེ་བསྟན་འགྱུར་གྱི་དཀར་ཆག[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1985ལོ། ཤ161
     [5] དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན།[M] མི་རིགས་དཔེ་སྐྲུན་ཁང་། 2006ལོ། ཤ263
     [6] དབའ་བཞེད་བཞུགས་སོ། །[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོ། ཤ2
     [7] སྒོ་མེ་ཚེ་དབང་རྣམ་རྒྱལ་དང་སངས་རྒྱས་མཚོ། དུས་རབས་རིམ་བྱོན་གྱི་ལོ་པཎ་དང་འགྱུར་བྱང་ཞིབ་འཇུག[M] མི་རིགས་དཔེ་སྐྲུན་ཁང་། 2017ལོ། ལོ་པཎ་རེ་རེའི་མཚན་དང་འགྱུར་བྱང་སོགས་དེབ་དེར་ཅུང་གསལ་ཙམ་ཡོད།
     [8] ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1988ལོའི་པར་གཞི་ཐོག་མ་དང་2010ལོའི་དཔར་ཐེངས་གཉིས་པ། ཤོག་ངོས365རུ་གསལ་བ་ལྟར་དུས་རབས་བརྒྱད་པའི་ནང་བོད་དུ་བྱོན།
     [9] བསྟན་འགྱུར་རྒྱུད་སྐོར(ཉ)པོད་དུ་དཔལ་ཀྱེ་རྡོ་རྗེ་ལས་སྦྱིན་སྲེག་གི་ཆོ་ག་ཞེས་པ་ལོ་ཙཱ་བ་ཤེས་རབ་སྐྱབས་དང་ལྷན་དུ་བསྒྱུར་བ་དང་། རྒྱུད་(ཟི)པོད་དུ་ཕྱག་རྒྱ་ཆེན་པོའི་མན་ངག་རྡོ་རྗེ་གསང་བའི་གླུ་ཞེས་པ་ཞ་མ་སྟོན་པ་སེང་གེ་རྒྱལ་པོ་དང་ལྷན་དུ་བསྒྱུར་བ།
     [10] རྒྱལ་དབང་ལྔ་པའི་གསེར་གདུང་དཀར་ཆག[M]273
     [11] དུང་དཀར་བློ་བཟང་ཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ།[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤ1393
     [12] ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1988ལོའི་པར་གཞི་ཐོག་མ་དང་2010ལོའི་དཔར་ཐེངས་གཉིས་པ། ཤ307
     [13] ཉང་ཉི་མ་འོད་ཟེར། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1988ལོའི་པར་གཞི་ཐོག་མ་དང་2010ལོའི་དཔར་ཐེངས་གཉིས་པ། ཤ365
     [14] བསྟན་འགྱུར་ལས་མངོན་པ་ཐུཔོད་དུ་འཕགས་པ་ཆོས་ཀྱི་དབྱིངས་ཀྱི་སྙིང་པོའི་རྣམ་པར་འགྲེལ་པ་ཞེས་པ་ལོ་ཙཱ་བ་དཔལ་བརྩེགས་དང་ལྷན་དུ་བསྒྱུར་བ།
     [15] བུ་སྟོན་རིན་ཆེན་གྲུབ། བུ་སྟོན་ཆོས་འབྱུང་།[M] མི་རིགས་དཔེ་སྐྲུན་ཁང་། 2006ལོ། ཤ269
     [16] ཁོང་གི་ལོ་རྒྱུས་དེབ་ཐེར་སྔོན་པོའི་དེབ་སྨད་ཆའི་ཤོག་ངོས1237ནས་1249བར་(ཁ་ཆེ་པཎ་ཆེན་དང་། དེ་ལས་བརྒྱུད་པའི་སྡེ་བཞིའི་མཁན་བརྒྱུད་ཀྱི་སྐབས།)ཞེས་པར་བཀོད་ཡོད་པ་དང་། འཁྲུངས་འདས་ཀྱི་ལོ་ཚིགས་སོགས་དེར་ཧ་ཅང་གསལ།
     [17] ཀན་ལྷོ་རྩོམ་སྒྱུར་ཅུས་ནས་བསྒྲིགས་པའི་ནང་ཁུལ་དེབ། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ཅེས་པ་ལས་ལོ་པཎ་གང་གི་སྐབས་དོན་དུ་གསལ། 1983ལོ།
     [18] བྱམས་པ་འཕྲིན་ལས། གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས།[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012ལོ། ཤ99
        [19] ཁོང་གི་ལོ་རྒྱུས་ཞིབ་པ་རྭ་ཆོས་རབ་ཀྱི་དངོས་སློབ་རྭ་ཡེ་ཤེ་སེང་གེས་མཛད་པའི་མཐུ་སྟོབས་ཀྱི་དབང་ཕྱུག་རྗེ་བཙུན་རྭ་ལོ་ཙཱ་བའི་རྣམ་པར་ཐར་བ་ཀུན་ཁྱབ་སྙན་པའི་རྔ་སྒྲ་ཞེས་བྱ་བར་གཟིགས་འཚལ།[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་1989ལོར་པར་དུ་བསྐྲུན།
     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


发表评论 评论 (2 个评论)

回复 嘎玛绕松 2020-12-11 01:22
拜读
回复 ljh8520035 2020-12-11 16:13
嘎玛绕松 2020-12-11 01:22
拜读

ok       

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2021-4-18 00:47 , Processed in 0.036580 second(s), 17 queries .

返回顶部