博客西藏在最高处过一种生活

日志

༄༅།།སྡེ་དགེ་དགོན་ཆེན།

已有 58 次阅读2020-11-17 19:55 |系统分类:文化


                                            ༄༅།།སྡེ་དགེ་དགོན་ཆེནལྷུན་གྲུབ་སྟེང་
                                  ཡོང་ཁུངས། ༼བོད་ཀྱི་དགོན་སྡེ་གྲགས་ཅན༽ རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

                      

      སྡེ་དགེ་དགོན་ཆེན་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ཁོངས་སུ་ཆགས་ཡོད་ཅིང་། སྡེ་དགེ་རྒྱལ་པོའི་གདུང་རབས་སོ་ལྔ་པ་བོ་ཐར་བཀྲ་ཤིས་སེང་གེས་གྲུབ་ཆེན་ཐང་སྟོང་རྒྱལ་པོ་སྤྱན་དྲངས་ཏེ། རབ་བྱུང་བརྒྱད་པའི་ས་ཕོ་འབྲུག(1448)ལོར་གཙུག་ལག་ཁང་གི་རྨང་བཏིངས་པ་ནས་མགོ་བརྩམས་ཏེ་སྲིབ་ཀྱི་དགོན་སྡེ་བརྒྱ་དང་རྩ་བརྒྱད་བཞེངས་པའི་བདག་པོའི་རྐྱེན་སྦྱར་བ་ལ་སོགས་པ་ལེགས་བྱས་རྒྱ་ཆེན་པོ་བསྐྲུན་པ་དང་། གཙུག་ལག་ཁང་ལེགས་པར་གྲུབ་རྗེས་གྲུབ་ཆེན་དེ་ཉིད་ཀྱིས་དེར་དཔལ་མགོན་ཆེན་པོ་ཞལ་བཞི་པའི་ལྗགས་བསྙེན་མཛད་ཅིང་། དེའི་ཚེ་ཆོས་དང་སྲིད་པའི་དཔལ་འབྱོར་གྱི་སྒོ་འཕར་བྱེ་བ་བརྒྱ་སྟོང་དུས་གཅིག་ཏུ་ཕྱེས་བའི་རྟེན་འབྲེལ་ཐམས་ཅད་འབད་མེད་ལྷུན་གྱིས་གྲུབ་པས་དགོན་པའི་མིང་ལ་ལྷུན་གྲུབ་སྟེང་ཞེས་བྱ་བར་བཏགས་ཤིང་། བོ་ཐར་གྱི་མིང་ལ་བཀྲ་ཤིས་སེང་གེར་བཏགས། གྲུབ་ཆེན་འདི་ངོར་ཆེན་རྡོ་རྗེ་འཆང་གི་སློབ་མ་ཡིན་པས་ཕྱིས་སུ་ངོར་པའི་འཕྲིན་ལས་ཀྱི་རྒྱུན་སྐྱོང་བའི་རྟེན་འབྲེལ་དུ་གྱུར། དེ་ནས་བོ་ཐར་གྱི་སྲས་ཆེ་བ་དཔལ་ལྡན་སེང་གེ་ཞེས་པས་གནས་དེའི་གདགས་རིའི་ལྡེབས་སུ་ངུར་སྨྲིག་འཆང་བ་འདུས་པའི་སྡེ་བཙུགས་ཤིང་གཙུག་ལག་ཁང་བཞེངས་པ་ལ་དེང་སང་ཉིན་དགོན་དུ་གྲགས་ཤིང་། དེ་རྗེས་སྡེ་དགེའི་བླ་མ་ཀུན་དགའ་རིན་ཆེན་གྱིས་ལྷུན་གྲུབ་སྟེང་དུ་ལྷ་ཁང་དང་བླ་བྲང་ཟུང་དུ་འབྲེལ་བ་ཞིག་གསར་དུ་བཞེངས་པ་དང་། ངུར་སྨྲིག་འཆང་བའི་དགེ་འདུན་གྱི་སྡེ་མང་དུ་བསགས་པ་ལ་སོགས་པའི་སྒོ་ནས་ས་སྐྱའི་བསྟན་པ་དར་རྒྱས་སུ་མཛད། དེ་བས་སྡེ་དགེ་ལྷ་ཁང་པ་ཞེས་ཡོངས་སུ་གྲགས་ནས་དགོན་ཆེན་དགོན་པའི་སྦྱིན་བདག་གམ་རང་དགོན་དུ་སྡེ་དགེ་ཚང་བྱས། རབ་བྱུང་བཅུ་པའི་མེ་ཕོ་འབྲུག(1616)ལོར་སྡེ་དགེའི་ཁྲི་རབས་དང་པོ་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱིས་ལྷུན་གྲུབ་སྟེང་གི་ཉིན་དགོན་དང་སྲིབ་དགོན་གཉིས་སྔར་ལས་རྒྱ་ཆེར་སྤེལ། ས་སྐྱའི་ལྷ་ཁང་གཡེལ་མོ་ཆེར་དཔེ་བླངས་ནས་ཆོས་གྲྭ་ཆེན་མོ་སྡེ་དགེ་ལྷུན་གྲུབ་སྟེང་གི་གཙུག་ལག་ཁང་བསམ་འགྲུབ་མཐོང་གྲོལ་ཆེན་པོ་བཞེངས། དེའི་ཐོག་མའི་ས་འདུལ་རྟེན་དང་བརྟེན་པ་ལ་རབ་གནས་སྡེ་དགེ་གྲུབ་ཐོབ་པ་ཀུན་དགའ་རྒྱ་མཚོ་དང་དཔལ་མཆོག་རྒྱལ་མཚན་གཉིས་ཀྱིས་མཛད་པ་དང་། སླར་རྒྱ་བསྐྱེད་དང་ཉམས་གསོ་ནི་ཁྲི་ཆེན་བླ་མ་སངས་རྒྱས་བསྟན་པ་དང་བླ་ཆེན་བསོད་ནམས་ཕུན་ཚོགས་ཀྱིས་མཛད། དེ་ནས་སྡེ་དགེའི་ཁྲི་རབས་དྲུག་པ་བསྟན་པ་ཚེ་རིང་གིས་གངས་ལྗོངས་ཤེས་བྱ་ཀུན་བཏུས་ཆེན་མོའི་ནོར་མཛོད་དུ་གྲགས་པའི་ལྷུན་གྲུབ་སྟེང་གི་པར་ཁང་ཆོས་མཛོད་ཆེན་མོ་མགོན་ཁང་དང་བཅས་སྤྱི་ལོ1729ལོར་གསར་བཞེངས་གནང་བ་དང་། གཞན་ཡང་ལྷ་དཔྱད་ཁང་དང་མཆོད་རྟེན་རྣམས་ཀྱི་གཉྫིར་དང་རྒྱལ་མཚན་མང་པོ་གསེར་ཟངས་ལས་བཞེངས་ཤིང་། མགོན་ཁང་དུ་ཤར་བདུད་དཔུང་ཟིལ་གནོན་རྟེན་དང་བརྟེན་པ་བཅས་པ་གསར་བཞེངས་མཛད། དེའི་རྗེས་ཁྲི་རབས་བདུན་པ་བླ་ཆེན་ཕུན་ཚོགས་བསྟན་པས་ལྷུན་གྲུབ་སྟེང་གི་བླ་བྲང་ཆེན་མོ་དང་པར་ཁང་དུ་བསྟན་འགྱུར་ཁང་བཅས་ལ་ཉམས་གསོ་བཀོད་ལེགས་རྒྱ་བསྐྱེད་གསར་སྐྲུན་མཛད་ཅིང་། ཁྲི་རབས་དགུ་པ་ས་དབང་བཟང་པོའི་བཙུན་མོ་ཚེ་དབང་ལྷ་མོས་ཉིན་དགོན་དུ་ས་དབང་ཉིད་ཀྱི་དགོངས་རྫོགས་དགེ་སྒྲུབ་གདུང་རྟེན་གྱི་ཚུལ་དུ་གཡུ་འབྲུག་ལྷ་ཁང་གི་རྟེན་བརྟེན་པ་གསར་བཞེངས་མཛད་པ་དང་། སྡེ་དགེ་གྲུབ་ཆེན་ཀུན་དགའ་རྒྱ་མཚོ་དང་བླ་ཆེན་བྱམས་པ་ཕུན་ཚོགས། ངོར་མཁན་རབས་ཉེར་གཅིག་པ་འཇམ་དབྱངས་དཔལ་མཆོག་རྒྱལ་མཚན། བླ་མ་བཀྲ་ཤིས་རྒྱ་མཚོ། མཁན་ཆེན་བཟང་པོ་རྒྱལ་མཚན། ངོར་མཁན་རབས་ཉེར་བཞི་པ་མཁས་གྲུབ་སངས་རྒྱས་ཕུན་ཚོགས་སོགས་ལུང་དང་རྟོགས་པའི་ཡོན་ཏན་གྱི་རྩལ་རྫོགས་པའི་མཁས་གྲུབ་གསེར་རིའི་ཕྲེང་བ་ལྟ་བུ་དག་གིས་དགོན་འདིར་མདོ་རྒྱུད་རིག་གནས་མན་ངག་དང་བཅས་པ་ཆེས་ཆེར་དར་བར་མཛད།

     ལྷུན་གྲུབ་སྟེང་དུ་བཞུགས་པའི་སྐུ་རྟེན་མགོན་པོར་ཡེ་ཤེས་པ་མངོན་སུམ་ཐིམ་པའི་སྨན་སྐུ་ཉིད་ནུབ་མགོན་ཁང་དུ་བཞུགས་པའི་རྟེན་གཙོ་བོ་དང་། སངས་རྒྱས་སྟོང་སྐུའི་ཞལ་ཐང་། གསེར་ཟངས་ལས་གྲུབ་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང་། ཙནྡན་དཀར་དམར་ལས་གྲུབ་པའི་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གི་སྐུ་བརྙན་ཆ་གཉིས། བ་སོ་ལས་གྲུབ་པའི་སྒྲོལ་མ་ཉེར་གཅིག་གི་སྐུ་བརྙན། ཁྱད་པར་གཟིམས་ཆུང་གསར་པའི་ལྷ་ཁང་དུ་གསེར་ཟངས་ཀྱི་གྲུབ་ཆེན་བརྒྱད་ཅུ། ཐུབ་པ་གནས་བརྟན་གཙོ་འཁོར། སྒྲོལ་མའི་སྐུ་སོགས་དང་ཟངས་གསེར་ལས་གྲུབ་པའི་ཀུན་རིག་རྩ་ལྷ་སོ་དྲུག ཚེ་དཔག་མེད་ཀྱི་སྐུ་ཐོག་ཚད་མ། དངུལ་དཀར་ལས་གྲུབ་པའི་བཅུ་གཅིག་ཞལ་གྱི་སྐུ། བསམ་འགྲུབ་མཐོང་གྲོལ་ཆེན་མོའི་རྟེན་གཙོ་བོ་སྟོན་མཆོག་བསམ་འཕེལ་རིན་པོ་ཆེ་སོགས་སྐུ་རྟེན་མང་པོ་བཞུགས་པ་དང་། གསུང་རྟེན་གྱི་སྐོར་ལ་རྒྱལ་བའི་བཀའ་འགྱུར་རོ་འཚལ་གསེར་བྲིས་སུ་བྱས་པ་ཚར་གཉིས། བསྟན་བཅོས་འགྱུར་རོ་འཚལ་དངུལ་བྲིས་སུ་བྱས་པ་ཚར་གཅིག ངེས་དོན་སྙིང་པོའི་མདོ་རྣམས་དང་ཤེར་ཕྱིན་སྐོར་རྣམས་སོགས་གསུང་རབ་མང་པོ་གསེར་དངུལ་གྱིས་བྲིས་པའི་མཚོན་པའི་ས་སྐྱ་གོང་མ་རྣམ་ལྔའི་གསུང་རབ་སྐྱ་པོད་བཅུ་དྲུག་ལས་གཞན། བཀའ་བསྟན་གྱི་གཞུང་འགྲེལ་དང་ས་ངོར་ཚར་གསུམ་གྱི་ཕྱག་དཔེ་སྐྱ་པོད་གྲངས་མང་བཞུགས་པ་དང་། པར་ཤིང་གི་སྐོར་སྔོན་བླ་མ་ཀུན་དགའ་ཕུན་ཚོགས་ཀྱི་དུས་བརྒྱད་སྟོང་སུམ་ཕབ་དབུ་ལྷ་སྟོན་པའི་མཛད་པ་བཅུ་གཉིས་བཅས་པར་དུ་བརྐོས་པ་ནས། ལྷ་སྲས་ཚེ་དབང་བདུད་འདུལ་བར་བརྐོས་པའི་པར་ཤིང་ཡོད་དོ་ཅོག ཐུགས་རྟེན་ཙནྡན་དཀར་དམར་སྤེལ་མ་ལས་གྲུབ་པའི་དེ་བཞིན་གཤེགས་པའི་མཆོད་རྟེན་ཆེན་པོ་བརྒྱད་ཐོག་ཚད་དུ་ལངས་པ། སྡེ་དགེ་བླ་མ་ཀུན་དགའ་རྒྱལ་མཚན་དང་། ཀུན་དགའ་ཕུན་ཚོགས། བློ་གྲོས་རྒྱ་མཚོ། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་སོགས་ཀྱི་གསེར་གདུང་ཆེན་མོ་རྣམས་དང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བཞེངས་པའི་མཆོད་སྡོང་ཆེན་མོ་བཅས་གསེར་དངུལ་གྱི་མཆོད་རྟེན་མང་པོ་སོགས་རྟེན་སྣ་རྩ་ཆེན་བགྲང་ལས་འདས་པ་མཆིས་སོ། །

     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།




评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2020-12-5 04:56 , Processed in 0.019180 second(s), 16 queries .

返回顶部