日志

༄༅།།སྟག་རྩེ་དགོན་བསམ་འགྲུབ་གླིང་ངམ་བཀྲ་ཤ ...

已有 61 次阅读2020-9-20 17:56 |系统分类:文化


                                ༄༅།།སྟག་རྩེ་དགོན་བསམ་འགྲུབ་གླིང་ངམ་བཀྲ་ཤིས་ཀུན་འདུས་གླིང་།
                                        ཡོང་ཁུངས། དགེ་ལུགས་དྲ་བ། རྩོམ་པ་པོ། མི་གསལ།

                 
     དགོན་སྡེ་འདི་ནི་འཇམ་མགོན་བསྟན་པའི་སྣང་བྱེད་ཆེན་པོ་ཤིང་བཟའ་བློ་བཟང་བསྟན་པ་དར་རྒྱས་དཔལ་བཟང་བོ་མཆོག་སྐྱ་འགོ་རོང་རུ་སོགས་སུ་ཕེབས་སྐབས་ཞིག་ལ་རོང་རུའི་དཔོན་ཚེ་རྣམ་དང་ལྷ་རྒྱལ་གཉིས་དང་སྡེ་འབངས་ཡོངས་ཀྱིས་ངེད་ཅག་གི་མགོན་སྐྱབས་དང་བདག་པོ་བྱེད་དགོས་ཞེས་ཞུས་པ་དང་ཆབ་གཅིག་མཆོད་ཡུལ་དགོན་པ་ཁྱད་འཕགས་ཞིག་འདེབས་དགོས་པའི་གསོལ་བ་བཏབ་པ་དང་། ས་སྐྱའི་སྔགས་འཆང་རིན་པོ་ཆེས་ལུང་བསྟན་ཡོད་པ་ཐུགས་ལ་དགོངས་ནས་ཞལ་བཞེས་གནང་།
     སྔོན་ཁྱོམ་ཙ་འཇིགས་མེད་ཚུལ་ཁྲིམས་ཀྱིས་ལྡིང་ཁོག་མཎྜལ་ཀླད་ཟེར་བ་ལ་དགོན་པ་ཞིག་བཏབ་པར་སྐྱབས་མགོན་མཆོག་གིས་བཀྲ་ཤིས་རྒྱལ་ཞེས་མཚན་གསོལ་བས་དགོན་དེ་གཞན་དབང་གིས་ཡང་ཡང་གནོད་པ་བྱས་པས་ཡུན་རིང་མ་གནས་པར་ཕྱོགས་གཉིས་སུ་གྱེས་དགོས་བྱུང་། སྐུ་གསུང་ཐུགས་རྟེན་དང་མཆོད་ཆ་རྒྱུ་རྫས་སོགས་ཕྱོགས་གཉིས་སུ་བགོས་ཏེ་འབྲས་རྩེ་ཕྱོགས་སུ་སྤོས་པ་སྐྱ་འགོ་དགོན་དང་། གླིང་མའི་ནགས་གཡུའི་ཉེ་འདབས་སུ་སྤོས་པ་རོང་རུ་བསམ་འགྲུབ་གླིང་ཞེས་པ་དེ་ཡིན་ལ། ཤིང་བཟའ་མཆོག་གིས་ས་སྐྱས་སྔགས་འཆང་གིས་དགོན་པ་འདེབས་པར་ལུང་བསྟན་ཡོད་པ་དང་། མཁས་གྲུབ་ཐམས་ཅད་མཁྱེན་པའི་ཞལ་ནས། སྐྱེ་དགུ་རྣམས་ཀྱི་ཕན་བདེ་ནི།། མ་ལུས་རྒྱལ་བའི་བསྟན་ལ་རགས།། བསྟན་པའི་ཆུ་བོ་འཕེལ་བའི་གཞི།། དགེ་འདུན་ཆུ་གཏེར་ཆེན་པོ་ལ།། ཞེས་ཕན་བདེ་ལེགས་ཚོགས་མ་ལུས་པ་འབྱུང་བའི་གཞི་རྩ་ནི་རྒྱལ་བའི་བསྟན་པ་ཉག་གཅིག་ཡིན་ལ་དེ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ནི་དགེ་འདུན་གྱི་སྡེ་ལ་རགས་ལས་པ་གསུངས་པ་དང་།། སྤྱོད་འཇུག་ལས་ཀྱང་འགྲོ་བའི་སྡུག་བསྔལ་སྨན་གཅིག་བུ།། བདེ་བ་ཐམས་ཅད་འབྱུང་བའི་གནས།། བསྟན་པ་རྙེད་དང་བཀུར་སྟི་དང་།། བཅས་ཏེ་ཡུན་རིང་གནས་གྱུར་ཅིག། ཅེས་ལུས་ཅན་རྣམས་ཀྱི་སྡུག་བདེན་ཀུན་འབྱུང་གི་ནད་མ་ལུས་པ་སེལ་བར་མཛད་པ་ནི་དམ་པའི་ཆོས་འགོག་ལམ་ཇི་ལྟ་བར་གཏན་ལ་བབས་པའི་སྡེ་སྣོད་གསུམ་གྱི་འཆད་ཉན་དང་ལམ་བསླབ་བ་གསུམ་གྱི་ཉམས་ལེན་ལ་ལྟོས་པར་གསུངས་པ་སོགས་ལ་དགོངས་ནས་སྐ་བུར་སྟག་རྩེ་ཞེས་བའི་གནས་དེ་སྔོན་ལོ་ཆེན་བེ་རོ་ཙ་ན་སོགས་མཁས་གྲུབ་མང་བོ་བྱོན་ནས་དེར་སྒྲུབ་བ་མཛད་ཅིང་བྱིན་གྱིས་རླབས་པའི་གནས་ཁྱད་པར་ཅན་ཡིན་ཅིང་། དཔུང་བཟང་གིས་ཞུས་པའི་མདོ་ལས་ཀྱང་། ཆུ་བོ་ཆུ་ཀླུང་འབབ་ཆུ་ཡོད་པ་དང་།། པདྨ་ཨུཏྤལ་ལས་ནི་བརྒྱན་པའི་མཚོ།། སྐྱེ་བོ་རྣམས་ནི་ཤིན་ཏུ་མི་རྒྱུ་བ།། དྭངས་ཤིང་ཞིམ་པའི་ཆུ་ནི་མང་བ་དང་།། མི་བཟད་གདོན་ཀྱང་མི་གནས་པ།། མེ་ཏོག་འབྲས་བུ་གཙང་མ་ཡོད་པ་དང་།། སྨན་ལྗོན་ལྗོན་ཤིང་སྣ་ཚོགས་འཁྲིགས་པ་དང་།། ས་སྟེང་གནས་མལ་ཤིན་ཏུ་གཙང་བ་དང་།། གང་ན་སྟག་གཟིག་སེང་གེ་མེད་པ་དང་།། ཡིད་འོང་མཉམ་ཞིང་ཚེར་མ་མེད་པ་དང་།། མི་ཡི་དངོས་གྲུབ་གནས་སུ་བསྒྲགས་པ་ཡིན།། ཞེས་གསུངས་པ་ལྟར་གྱི་སྒྲུབ་པ་མཛད་པའི་གནས་ཀྱི་ཁྱད་ཆོས་ཚང་བ་དང་ས་བཀྲ་ལེགས་པས་ཁྱད་ཆོས་གོང་དུ་བཤད་པ་ལྟར་ཡོད་པ་དེར་དགོན་སར་བལྟར་ཕེབས་པས་སྟག་རྩེའི་གནས་རིའི་མདུན་ངོས་སུ་སླེབས་པ་ན་བཞོན་རྟ་བསྡད་ཅིང་འདུར་སྤུགས་བྱས་པས་སྒ་སྟེང་གི་མ་ཤོས་ས་ལ་ལྷུང་། དེར་དགོན་སར་གཟིགས་ཤིང་མ་ཤོས་ལྷུང་སར་དེར་འདུ་ཁང་བཞེངས་དགོས་པའི་བཀའ་གནང་། དགུང་ལོ་ཞེ་གཅིག་སྟེང་སྔར་གྱི་བསམ་འགྲུབ་གླིང་གིས་གཞི་བྱས་ནས་རབ་བྱུང་བཅུ་དྲུག་གི་ས་མོ་ཡོས་ལོར་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་དགོན་པ་ཕྱག་འདེབས་མཛད་དེ་མཚན་བཀྲ་ཤིས་ཀུན་འདུས་གླིང་ཞེས་གསོལ།
    རོང་རུ་སྡེ་འབངས་ཡོངས་དང་དད་གཏོང་རྒྱན་གྱིས་མཛེས་པའི་སྦྱིན་བདག་དུ་མའི་བསོད་ནམས་ཀྱི་དཔལ་ལ་བརྟེན་ནས། འདུ་ཁང་དང་ལྷ་ཁང་དུ་མ་ཆོས་འདུལ་བའི་དགོངས་དོན་དང་མཐུན་པར་བཞེངས། འཚོགས་ཆེན་ལ་བདེ་གསང་འཇིགས་གསུམ་དང་དེ་ལ་བླ་མེད་གྲྭ་ཚང་དང་རྣལ་འབྱོར་གྲྭ་ཚང་དང་སྤྱོད་རྒྱུད་གྲྭ་ཚང་དང་བྱ་རྒྱུད་གྲྭ་ཚང་དང་བཞིར་བགོས།
    དེར་ཕྱག་རྡོར་འཁོར་ཆེན་དང་ཀུན་རིག་རྣམ་པར་སྣང་མཛད་དང་རྣམ་སྣང་མངོན་པར་བྱང་ཆུབ་པ་དང་རྡོ་རྗེ་མི་འཁྲུགས་པ་སོགས་ཀྱི་སྒྲུབ་མཆོད་དཀར་ཐིག་དབྱངས་གསུམ་དང་བཅས་པ་བཙུགས་ཤིང་། བདེ་གསང་འཇིགས་གསུམ་གྲྭ་ཚང་སྤྱི་དང་གཞན་པ་རྣམས་གྲྭ་ཚང་སོ་སོའི་འདོན་པར་བཙུགས། གཞན་ཡང་སྟག་ཕུ་གར་གྱི་དབང་ཕྱུག་གི་ལུགས་ཀྱི་སྒྲོལ་མའི་སྒྲུབ་མཆོད་དང་ཚེ་དཔག་མེད་ལྷ་དགུའི་སྒྲུབ་མཆོད། རྟ་མགྲིན་ཡང་གསང་གི་སྒྲུབ་མཆོད། གནས་བཅུའི་ཕྱག་མཆོད་དང་ཟླ་རེ་རེའི་མར་ངོའི་བསྐང་གསོ་དང་རྒྱུན་དུ་འཇིགས་བྱེད་ལྷ་བཅུ་མ་གསུངས་ནས་དྲུག་ཅུ་མ་བསྔོ་བ་སོགས་དང་དབྱར་དགག་གསོ་གསུམ་སོགས་ཆོས་འདུལ་བའི་ཕྱག་བཞེས་བཞིན་བཙུགས་ནས་དབང་ལུང་གང་མཁོ་དང་སྐབས་སུ་བབས་པའི་བློ་སྦྱོང་གི་ཁྲིད་སོགས་བསྩལ་ཏེ་འགྲོ་བའི་ཕན་བདེའི་གཞི་རྩ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དེར་རྒྱས་པར་མཛད་དོ།།
    དེ་ལ་ཡང་ཨ་ལགས་དགེ་མིང་སང་དང་བློ་དར་སང་། ཕ་འོང་སང་། དར་འབབ་སང་། ཀ་ལ་ཀྱོ་སང་། གནས་མཆོག་སྤྲུལ་སྐུ་སང་སོགས་སྐྱེས་ཆེན་དུ་མ་དང་དགེ་འདུན་པ་གཉིས་བརྒྱ་ལྷག་གདན་འཛོམས་ཤིང་། གུང་ཐང་སྐུ་ཕྲེང་དྲུག་པ་རྗེ་འཇིགས་མེད་བསྟན་པའི་དབང་ཕྱུག་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་མཆོག་གིས་པཎ་ཆེན་སྐུ་གོང་མའི་བཀའ་བཞིན་དགོན་གྲོང་གཉིས་ལ་གཟིགས་སྐྱོང་ཚད་མེད་གནང་བ་དང་གནས་འདིར་ལན་གཉིས་ཕེབས། སྐབས་གཅིག་གནས་བདག་གིས་ཞལ་གཟིགས་པ་དང་གནས་ཁང་ལས་སྟོང་སྒྲ་གྲགས་པས་མ་འོངས་པ་ན་དགེ་འདུན་པ་སྟོང་ཕྲག་འདུ་ཞེས་ལུང་བསྟན་ཀྱང་གནང་བ་དང་གནས་རིའི་རྩེར་རྒྱལ་མཚན་རྩེ་མོ་དཔུང་རྒྱན་གྱི་དར་ཅོག་བཙུགས་ནས་ཐུགས་སྨོན་རྒྱ་ཆེན་གནང་། སྐབས་དེར་རིའི་རྩེ་མོའི་བྲག་ངོ་ལ་ཏ་རེའི་ཡི་གེ་བཅུ་བ་རང་བྱོན་བབས་པ་སོགས་ཡ་མཚན་པའི་རྟགས་མང་དུ་བྱུང་།
    རྣམ་ཐར་དཔག་བསམ་ལྗོན་པ་ལས། དགོང་ལོ་ཉེར་བཞིའི་སྟེང་ཚ་ཁོའི་རྫོང་འགག་ནས་དུས་འཁོར་དབང་ཆེན་གནང་སྐབས་ཤིང་བཟའ་རིན་པོ་ཆེས་གདན་འདྲེན་ཞུས་པ་ལྟར་སྐ་བུར་སྟག་རྩེ་དགོན་དུ་ཕེབས་ནས་ཉིན་གསུམ་བཞུགས། སྟག་རྩེའི་རྩེ་ནས་བསང་བཏང་། དེའི་གནས་ཁང་ནས་ཞི་བ་ལམ་ཟབ་དང་གཅོད་ཀྱི་ཚོགས་གསུངས། གྲྭ་ཚང་ལ་ལུང་ཁ་ཤས་ཀྱང་གནང་། ཤིང་བཟའ་རིན་པོ་ཆེས་རྗེ་འདི་ལ་དགོན་མགོ་ཕུལ། སྐྱ་སེར་ཀུན་ལ་མཇལ་ཁ་གནང་ནས་རོང་རུ་མའི་ནང་དུ་ཕེབས་ཏེ་རྩེ་རྒྱལ་ཀླུ་མོའི་སྲོག་ཤིང་དང་དཔའ་མཁར་སོགས་གསར་སྟོད་བྱས་ཕྱིར་ཨ་མཆོག་མཚན་ཉིད་དུ་ཕེབས། ཞེས་གསུངས་པའོ།།
    བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཨ་ལགས་རབ་བརྟན་རྒྱ་མཚོ་སང་ཕེབས་ཏེ་ཡུན་རིང་བཞུགས་ཤིང་དབང་དང་བཀའ་ཆོས་མང་བོ་གནང་། འཛམ་དཀར་ཆུ་སྦྱིན་རྒྱུན་དུ་བྱེད་པའི་ཕྱག་སྲོལ་བཙུགས་ཤིང་གནས་བསྟོད་ཀྱང་མཛད། གཞན་ཡང་སྤྲོ་ཚིགས་དགེ་བཤེས་ཆེན་མོ་གདན་དྲངས་ནས་དབང་ལུང་མན་ངག་མང་བོ་གནང་བ་སོགས་བཤད་སྒྲུབ་ཀྱི་འོད་ཞག་རྣོན་པོས་ཡུལ་འདིའི་རྨོངས་མིན་བཅོམ་པ་དང་ཆབ་གཅིག་འགྲོ་བའི་བདེ་སྐྱིད་པདྨོ་རྣམ་པར་བཞད་པར་མཛད་ཅིང་གནས་སོ།།
    ༡༩༥༨ལོར་དགོན་སྡེ་དུ་མ་ལ་ཆག་འཇིག་བྱུང་སྐབས་དགོན་འདིར་ཡང་གནོད་འཚེ་མང་དུ་བྱུང་ནས་གྲྭ་བ་རྣམས་རང་སར་འགྲོ་དགོས་བྱུང་། འདུ་ཁང་དང་ལྷ་ཁང་ཐམས་ཅད་ལ་འཐོར་བ་དང་ཞིག་རལ་དུ་སོང་།
    སྐབས་དེར་བརྒྱད་སྟོང་བ་གསེར་བྲིས་གཉིས། ས་བཅུ་མ་གསེར་བྲིས། ཐར་མདོ་གསེར་བྲིས་དང་སྐུ་གསུངས་ཐུགས་རྟེན་མང་བོ་སྟོང་ཉིད་ཆོས་དབྱིངས་སུ་ཡལ་ནས་ལོ་ཉི་ཤུ་ལྷག་སོང་།
    ༡༩༧༨ལོར་ཏང་གི་སྲིད་ཇུས་བཟང་བོའི་འོད་ཟེར་ཤར་བ་ན་རོང་རུ་མའི་སྡེ་བ་ཀུན་ཀྱི་དཀའ་བའི་ཚེགས་དང་དཀོན་མོའི་རྒྱུ་མ་བསྐུལ་དང་བླངས་གིས་སླར་ཡང་འདུ་ཁང་དང་སྐུ་གསུང་ཐུགས་རྟེན་དུ་མ་འགྲོ་བ་དུ་མའི་བསོད་ནམས་ཀྱི་དཔལ་དུ་བསྐྲུན་པར་མཛད་ཚུལ་ནི། ༡༩༨༦ལོར་འདུ་ཁང་གསར་བཞེངས་སྐབས། དེ་དུས་གློག་དང་འཕྲུལ་ཆས་གང་ཡང་མེད་པས། འདུ་ཁང་ཀ་བ་སོ་གཉིས་ཅན་ཞིག་བཞེངས་བར་དགོན་གྲོང་གཉིས་ཞལ་མཐུན། དེ་ཡང་ཤིང་བཟའ་རིན་པོ་ཆེས་རྔ་བའི་སྤྲོ་ཚིག་དགོན་གྱི་འདུ་ཁང་ལྟར་བཞེངས་དགོས་གསུངས། དེ་ནི་སྔོན་སྤྲོ་ཚིག་དགེ་བཤེས་ཀྱིས་ཐུགས་བཀོད་གནང་ཞིང་ཆོས་འདུལ་བ་དང་མཐུན་པར་བཞེངས་ཡོད། བཅོས་བསྒྱུར་བྱས་ནས་རིང་བོར་མ་ལོན་པས་རོང་རུ་སྡེ་བ་ཧ་ཅང་འབྱོར་བ་ཞན་པའི་སྐབས་ཡིན།
    ཐོག་མར་ལས་མགོ་བརྩམས་ནས་གྲྭ་ཚང་དང་རུ་སྐོར་ལྔ་བཅས་ལས་ཚན་དྲུག་ཏུ་བགོས། གྲྭ་བ་རྒན་པ་རྣམས་ཀྱིས་རིམ་གྲོ་བསྒྲུབས། ཐོག་མར་འདུ་ཁང་གི་གཞིར་ས་སྙོམས་པ་ལ་འབད། མཐོ་དམན་སྨི་སུམ་ཅུ་དང་ཞིང་ལ་སྨི་ལྔ་བཅུ་ས་སྙོམས་དགོས་པས་རྐོ་བྱེད་ལག་ཆ་ནི་འཇོར་དང་ལྕགས་མདུང་ལྕགས་ཁེམ་སོགས་ཡིན། རོང་རུ་སྡེ་བ་དང་གྲྭ་བ་ལས་དཀའ་ཐུབ་པ་བཅས་ལོ་གཉིས་ལ་དབྱར་དགུན་མེད་པར་ས་བརྐོས་ནས་སླེ་བོ་དང་ལག་འདྲུད་ནང་དུ་བཅིལ་ཏེ་བསྐྱེད། སྡེ་མི་ཡོངས་ཀྱིས་དད་སྟོབས་ཀྱིས་འདུ་ཁང་འདི་འགྲུབ་སོང་ན་བསམ་ཞིང་། རང་རང་གི་ཁྱིམ་ལས་ཚང་མ་བཞག དེར་ལྟར་ལོ་གཉིས་གྱི་ཡུན་ལ་ས་གཞིའི་ས་སྙོམ་པར་གྲུབ། འདུ་ཁང་མཆོག་རྡོ་དང་གཞན་པའི་རྡོ་རྣམས་རྫ་རིང་དང་རྫ་ཐུང་ནང་ནས་གཡག་དང་མཛོ་ལ་ཁལ་འགེལ་ནས་ཡོང་། དེ་ལྟར་ཡང་ལོ་གསུམ་གྱི་ཡུན་ལ་ཉིན་རེ་བཞིན་རྡོ་དང་ཤིང་དགོན་པར་བསྐྱལ། རྡོ་ཤིང་གཡག་ཁལ་ཁྲི་ཕྲག་མང་བོ་ལྷག་བླངས། འདུ་ཁང་གི་ཤིང་ཆ་རྫོང་སྲིད་གཞུང་ལ་ཡར་ཞུ་བྱས། རྫོང་ནག་ལས་ཁང་གིས་ཚ་རུ་མའི་ས་དང་རོང་རུའི་ཀུན་ཆེ་ཆུང་དང་། ལབ་རྩེ་དང་བ་དམར་སོགས་ནས་ཤིང་འཐུ་བའི་ཆོག་མཆན་ཐོབ། སྡོང་བོ་ལ་རྟགས་དང་གྲངས་བཟུང་ནས་འཐུ་རུ་བཅུག དེ་དང་དགོན་པའི་བར་སྤྱི་ལེ་ཉི་ཤུ་ལྷག་ཡོད། དེ་ནས་ཤིང་བཟོ་རྣམས་ནག་ནང་དུ་བསྡད་དེ། གནམ་སོག་གིས་གོ་ལེབ་དང་གཞི་རིང་ཐུང་དང་གང་མཁོ་ཐམས་ཅད་ནགས་ནས་དྲིས། དེ་རྗེས་གཡག་ལ་ཁལ་དུ་བཀལ་ཏེ་དགོན་དུ་རིམ་པར་བསྐྱལ། ཀ་ཐུང་སོགས་ཀྱི་རིགས་ནི་གཡག་གམ་མཛོ་བཟང་བོ་གཉིས་ཀྱི་སྒའི་སྟེང་ནས་ཤིང་ཞིག་འཕྲེད་དུ་བཅིངས། ཀ་ཐུང་གི་སྣེ་དེའི་ཐོག་ཏུ་བཞག་ནས་བཅིངས་སྟེ་སྣེ་གཅིག་དྲུད་ནས་ཉིན་གསུམ་གྱི་རིང་སྟག་རྩེར་བསྐྱལ། ཀ་རིང་ནི་གཡག་གཉིས་རེ་བརྒྱོག་ནས་ཕྱོགས་རེ་ལ་གཡག་བཅུ་བཞི་རེ་ཡོད་པའི་གཡག་ཉེར་བརྒྱད་ལ་བརྒྱོག་ནས་གཡག་རེ་རེའི་སྣ་མི་རེས་བཟུང་སྟེ་འདྲུད་དུ་བཅུག་ཏེ་ཉིན་འགའི་རིང་དགོན་དུ་བསྐྱལ། དེ་ལྟར་ཤིང་ཆ་གཡག་ཁལ་ཁྲི་ཕྲག་ལྷག་དགོན་པར་བསྐྱལ། དེའི་སྐབས་སྒྲུབ་མཆོད་མ་གཏོགས་རྒན་པ་རྣམས་ཀྱིས་རྒྱུན་ཚོགས་མ་ཆད་པར་གསུངས། གྲོལ་རྗེས་རི་ལྷ་སྡེའི་འདོན་བཅོས་ཅི་ཡོད་རྣམས་དགོན་ནང་ནས་ཉིན་རེ་རེར་བཞིན་སྒྲུབས། དེ་དུས་ཡོན་སྒོར་གཉིས་རེ་འབུལ་བའི་སྲོལ་ཡོད། འབུལ་བ་གང་བྱུང་རྣམས་ཀྱང་དགོན་གཞུང་ལ་ཕུལ་བ་སོགས་དགོན་གྲོང་གཉིས་ཀྱི་འབད་བརྩོན་དང་ཁྱད་བར་དུ་རོང་རུ་ལྷ་སྡེའི་ལྷག་བསམ་གཙང་མའི་ཀུན་ནས་བསླངས་ཏེ་ལོ་དུ་མས་རིང་ལ་རང་དོན་དོར་ནས་དཀོན་མོའི་རྒྱུ་ནོར་དང་ལས་མི་རྣམས་ཀྱི་ཡན་ལག་རྣམས་སེར་ཀར་སོང་། ལྟོ་གོས་ངན་པས་མདོག་སྐྱ་བོར་གྱུར་བ་སོགས་དཀའ་བའི་ཚེགས་ཕུད་པས་རྔུལ་ཆུའི་ཐིགས་པ་འདོར་བཞིན་འདུ་ཁང་བཞེངས་པ་ནི་རྗེ་མི་ལ་རས་པས་གསེར་མཁར་དགུ་ཐོག་བཞེངས་པ་དང་སྒོ་ཀུན་མཚུངས་སོ།།
    རབ་བྱུང་བཅུ་བདུན་པའི་ཆུ་བྱའི་ལོར་ཡང་ཤིང་བཟའ་སྒར་བའི་ནང་ཆེན་དང་འཇམ་དབྱངས་ཀུན་གཟིགས་ལྷ་ཁང་བཞེངས་འགོ་བརྩམ། རྫ་རིང་དང་རྫ་ཐུང་ནང་ནས་རྩིགས་གཞིའི་རྡོ་སོགས་གཡག་ལ་ཁལ་འགེལ་ནས་བསྐྱལ། གཞན་འགེས་གྱོ་དམར་བོ་དང་སོ་ཕག་དམར་བོ་རྣམས་ཀ་ཅི་ནས་བླང་པ་མཚའ་བྲན་ཉག་ཁ་ནས་རླངས་འཁོར་བདུན་གྱི་སོ་ཕག་སོགས་གཡག་ཁལ་ཁྲི་ལྷག་སྟག་རྩེར་བསྐྱལ། ཤིང་ཆ་ཡང་ཁལ་མང་བོ་བསྐྱལ། རོང་རུ་མའི་རི་སྐོར་རེ་རེས་ཁལ་མང་བོ་དང་། ལྷག་པར་དུ་ནགས་ཚང་རུ་སྐོར་གྱི་གཙོས་རྒྱུ་ཚེགས་གཉིས་ཀྱིས་ལྷ་ཁང་སོགས་རྟེན་དང་བརྟེན་པར་བཅས་པ་ལོ་འགའ་ལ་ལེགས་པར་གྲུབ།། དེ་དང་དུས་མཚུངས་སུ་རབ་བྱུང་དགེ་འདུན་པ་ཡང་ཉི་ཤི་ལྷག་འདུས་ནས་མཉམ་པ་སླར་གསོ་དང་མ་མཉམ་པ་གོང་འཕེལ་ལ་འབད། ཞིང་གི་བདག་པོ་ཤིང་བཟའ་སྤྲུལ་བའི་སྐུ་སྐུ་ཕྲེང་བདུན་པ་བློ་བཟང་བསྟན་པ་དར་རྒྱས་མཆོག་ཡང་ཡང་ཕེབས་ནས་དགོན་རི་སྡེ་དང་བཅས་པ་ལ་ཐུགས་བརྩེ་བ་ཆེན་པོས་གཟིགས་སྐྱོང་ཚད་མེད་གནང་།
    དེ་ཡང་རྒྱུད་སྡེ་བཞིའི་སྒྲུབ་མཆོད་ཀྱི་ཕྱག་ལེན་སྔོན་ཆད་གསང་འཇིགས་གཉིས་ཀྱི་ཕྱག་ལེན་ད་ཚང་དགོན་ལྟར་ཡིན་ཀྱང་རེ་ཞིག་ཉམས་པས་སླར་ཡང་ཨ་མཆོག་མཚན་ཉིད་དགོན་གྱི་སྨད་རྒྱུད་གྲྭ་ཚང་གི་མཐོང་བ་རྒྱུད་པའི་ཕྱག་བཞེས་ལྟར་མཉམ་པ་སླར་གསོ་དང་མ་མཉམ་པ་གོང་འཕེལ་དུ་བཏང་། གཞན་ཡང་རྒྱུད་སྡེ་བཞིའི་དབང་དང་ལུང་གང་མཁོ་གནང་བར་མ་ཟད་འདི་ཕྱི་ཀུན་ཏུ་ཕན་པའི་བསླབ་སྟོན་རྒྱ་ཆེན་པོ་གནང་བ་དང་ལས་སྣ་བསྐོ་བཞག་དང་ཐ་ན་ཇ་མ་བསྐོ་བཞག་ཚུན་ཆད་ཀྱང་ཐུགས་བཀོད་གནང་བ་སོགས་བཤད་སྒྲུབ་འཆད་ཉན་དར་ཞིང་རྒྱས་པའི་སྐབས་ལགས་སོ།།
    ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།   


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2020-10-20 19:57 , Processed in 0.024641 second(s), 16 queries .

返回顶部