日志

༄༅།།ཁམས་སྡེ་དགེའི་ཡིད་ལྷུང་ཁོག་གི་ས་ཆ་ནི ...

已有 26 次阅读2020-9-13 08:16 |系统分类:文化


                  ༄༅།།ཁམས་སྡེ་དགེའི་ཡིད་ལྷུང་ཁོག་གི་ས་ཆ་ནི་གླིང་དཀར་གྱི་ཕ་ཤུལ་དང་འབྲེལ་བའི་ལོ་རྒྱུས་རགས་ཙམ་གླེང་བ།
                        ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ་། རྩོམ་པ་པོ། བསོད་ནམས་ཆོས་འཕེལ། རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

                   1.jpg
                                                      ཡིད་ལྷུང་སྨད་ཀྱི་ཟོ་དོར་བོང་བ་ཡཀྴ་གཟི་འབར་བྲག་རི་ཞེས་བྱ་བ་བཞུགས་སོ།

    ༄༅།།སྟོད་ན་གངས་དཀར་ལྷུན་པོའི་དབུ་རྩེ་མཐོ་ཞིང་། བར་ན་རྫ་སྤང་འདྲེས་མའི་བང་རིམ་ཡངས་པ། སྨད་ན་ལྗོན་པའི་དགའ་ཚལ་ལྟ་ན་སྡུག་ཅིང་། མཐའ་ན་རྫ་ཆུ་སྔོན་མོ་དལ་གྱིས་འབབ་པ།  མ་བཅོས་རང་བྱུང་གི་མཚོ་དང་། མཚེའུ་ཡི་བཀོད་པ་མཛེས་ཤིང་ཡིད་དུ་འོང་བ། གཡས་གཡོན་ན་རི་དྭགས་སྣ་ཚོགས་རྩེ་དགའ་དང་བག་ཡངས་སུ་རྒྱུ་ཞིང་། མེ་ཏོག་དང་རྩི་ཤིང་། སྨན་སྤོས་དྲི་བསུང་གིས་འཁོར་ཡུག་ཁྱོན་ཀུན་ཡོངས་སུ་ཁྱབ་པའི་ཁྲོད་ནས་བྱ་དང་བྱེའུ་རྣམས་ཀྱིས་སྤུ་སྡུག་ངོམ་བཞིན་སྙན་མོའི་མགྲིན་གླུ་གྱེར་པ། ཕྱུགས་རིགས་དཀར་ནག་ཁྲ་གསུམ་གྱི་འཕེལ་ཁ་དར་བས། སྟོད་ཕྱོགས་འབྲོག་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། ཟས་ལ་བཅུད་ལྡན། ནོར་ལ་གཡང་འཁོར། ཕོ་ལ་ཤེས་འཇོན་དང་དཔའ་རྩལ། མོ་ལ་སྐྱེ་གཟུགས་དང་མཛངས་རྒྱུད་ལྡན་ས། དགེ་བཅུའི་དབུ་འཕངས་མཐོ་བའི་ཡུལ་ཁམས། མདོར་ན་སྣོད་ལ་བཀྲ་ཤིས་དགེ་མཚན་གྱི་སྣང་བས་ཕྱུག་ཅིང་། བཅུད་ལ་ཕྱྭ་གཡང་དངོས་གྲུབ་ཀྱི་རེ་ཁཱ་འཛོམས་པ། ཡར་སྔོན་གླིང་དཀར་པོའི་བསྟན་པ་ཐོག་མར་དར་བའི་གཞིས་ཁྱིམ། སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོའི་ཡིད་སེམས་དབང་མེད་དུ་ལྷུང་བའམ་འགུགས་པ་གྲགས་པའི་གནས་མཆོག་ཡིད་ལྷུང་ལྷ་སྡེ་ཕྱུག་མོ་ཞེས་ཡོངས་སུ་འབོད་ལ། དེའང་ལྡོང་གི་མ་ཡིག་ལུང་བསྟན་ལས། ཧ་ཧ་ལྕགས་སྤྲེལ་རྩལ་ལྡན་གྱི། །སྐྱེས་བུ་ཡབ་ཆེན་ཆོས་འཕེན་དང་། །ཆོས་བཟའི་སྲས་སུ་འཇིགས་རྔམ་ཅན། །འཕྲུལ་ལྡེམ་སྒེག་པ་དཔའ་བོའི་ཚུལ། །ཁ་བའི་རྡུལ་བརྩེགས་ལྟ་བུར་མཛེས། །རྫུ་འཕྲུལ་གར་གྱི་རྣམ་རོལ་ལ། །རྫོང་ཆེན་ཕབ་པའི་ལྡེའུ་མིག་ཅེས། །ཁྲོ་ཐུང་བསྟན་པའི་སྲོག་ཤིང་ཤར། །ཞེས་པ་ལྟར། གླིང་དཀར་སྤྱི་ཡི་དཔོན་པོ་ལ་ཨ་ཁུ་ཁྲོ་ཐུང་རྒྱལ་པོའམ་ཡབ་ཆོས་ལ་འཕེན་དང་ཡུམ་དགའ་བཟའ་ལྷ་མོ་གཉིས་ཀྱི་སྲས་འབྲིང་བ་ལྡོང་མ་བཞི། ཇི་སྐད་དུ། ཆུང་སྐྱེས་མེ་ཏོག་གཉོམ་ལག་མ་རྒྱས་གོང༔ རྡོ་རྗེ་སྲིན་འཛིན་མ་དང་རླུང་ལྷ་མ༔ དབང་འཛིན་པདྨ་མ་དང་དྲག་འཛིན་མ༔ སྡེ་བཞི་མ་མོའི་སྲུང་དང་ཟག་མེད་རྫས༔ བདེ་བའི་ནུ་སྟེར་མ་བཞིའི་ཁྲོ་ཐུང་གྲགས༔ ཞེས་དང་། དྲིན་མ་ཡི་འོ་མས་མ་སོས་རྒོད་མར་བསྣུན། རྒོད་མས་མ་སོས་ཁྱི་མོར་བསྣུན། ཁྱི་མོས་མ་སོས་འབྲི་མོར་བསྣུན། དཔོན་པོ་ཁྲོ་ཐུང་ཞེས་ཡིད་དམ་རྟ་མགྲིན་དམར་པོའི་རྣལ་འབྱོར་པ་གང་གིས་གནས་དེར་བཙན་རྫོང་བཟུང་ནས་ཡོད་པ་ནི། དེའང་ཡིད་ལྷུང་སྨད་ཀྱི་ཟོ་དོར་བོང་བ་ཡཀྴ་གཟི་འབར་རུ་འབོད་པའི་བྲག་རིའི་བཟོ་དབྱིབས་བྱ་རོག་གི་གཤོག་གུར་ཕུབ་པ་ལྟ་བུའི་མདུན་ངོས་སྲིབ་པ་འཁོལ་མོའི་རོག་རྫོང་དུ་སྐུ་མཁར་ཕོ་རོག་སྙིང་རྫོང་བརྩིགས་ནས་བདག་གིར་མྱོང་བའི་མཁར་ཤུལ་ལ་ཡུལ་མི་ཚོས་མཁར་ཤུལ་འོབ་ཟེར་མ་ནོར་པའང་ཨ་མའི་པང་ལ་བུ་ཆུང་བཟུང་བ་ལྟ་བུའི་ཚུལ་དུ་ཡོད་པ་ད་ལྟ་དངོས་སུ་མཇལ་དུ་ཡོད་ལ་གླིང་སྒྲུང་ཁག་ལས་ཁྲོ་ཐུང་གི་ཕ་ས་ནི། ས་བཙན་རྫ་མ་རྭ་འགག ། ཅེས་དང་། ས་བཙན་སུ་རུའི་གདོང་ཟུར། ཞེས་པ་ལྟར་སྲིབ་རི་འཐུག་པོ་དང་། རྫ་འགག་བཙན་པོ། འཕྲང་ལམ་དོག་མོ་ཡིན་ལ། ས་ཆ་དེར་རྒྱུས་མེད་ཀྱི་མི་ཧ་ཅང་འགྲོ་དཀའ་བའི་ཚད་དུ་བཤད།

     ལུང་པ་དེར་རྭ་གཡས་ལག་དང་གཡོན་ལག་གཉིས་ཡོད་པ་ལས་གཡས་ཀྱི་ལུང་པ་དེར་ཁྲོ་ཐུང་ཁོག་དང་། གཡོན་ཕྱོགས་ཀྱི་ལུང་པ་ལ་ཨ་ཁུ་ཁོག་ཟེར། གཡོན་ཀྱི་ལུང་པ་དེར་ཨ་ཁུའི་བསྐུང་ལམ་ཟེར་བའི་ལམ་ཆུང་ཞིག་ཡོད་ལ། དེ་ནི་ཡུལ་མི་རྒན་པོ་ཚོའི་ངག་རྒྱུན་ལ། ཨ་ཁུ་ཁྲོ་ཐུང་གིས་སྟག་གཟིག་ཡུལ་ནས་འདོ་བ་ཁྱུང་གཤོག་སྔོན་པོ་བརྐུས་རྗེས་ལམ་དེ་དེད་ནས་བསྐུངས་ཞེས་གྲགས་པ་དང་བཤད་ཚུལ་གཞན་ཞིག་ལ་ཨ་ཁུ་ཁྲོ་ཐུང་ནམ་རྒྱུན་རྟ་ཇག་ལ་འགྲོ་སྐབས་རྟ་ཁྱུ་རྣམས་ལམ་དེར་དེད་ནས་བསྐུངས་སྲོལ་ཡོད་པས་ཐ་སྙད་དུ་ཆགས་ཟེར། ཡང་ཨ་ཁུ་ཁྲོ་ཐུང་ལ་འབྲུམ་པ་ལྤགས་ནད་བྱུང་སྐབས་ཤིག་ལ། ཉིད་ཀྱིས་གཏེར་ནས་བཞེས་པ་གྲགས་པའི་ཁྲོ་ཐུང་ཚ་ཆུ་ཞེས་རང་བྱུང་ཁམས་ཀྱི་ཆུ་ཚན་ཡ་མཚན་པ་ཞིག་ཀྱང་ཡོད་ལ། དེ་ནི་མི་ཚོས་ནམ་རྒྱུན་ལྤགས་ནད་རིགས་ལ་ཚ་ཆུ་དེར་ཞུགས་ན་ཕན་ནུས་ཆེན་པོ་ཡོད་པར་ངོས་འཛིན་བྱེད་སྲོལ་ཡོད། ཡང་ཕར་ཕྱོགས་ཀྱི་མདུན་རི་ཞིག་ལ་ཨ་ཁུ་ལ་རྩེ་ཞེས་རི་བོ་སྤོ་མཐོ་བ་ཞིག་ཡོད་པ་དེ་ནི་ཨ་ཁུ་ཁྲོ་ཐུང་གིས་གསས་མཁར་བརྩིགས་ནས་ས་ཕྱོགས་དེའི་ཡུལ་ལྷ་ཟོ་དོར་ལ་བསང་མཆོད་བྱས་པའི་གནས་དང་། ལྷག་པར་དུ་རྒྱང་རིང་གི་ཤར་སྟོད་རྨ་རྒྱལ་སྤོམ་ར་གསོལ་སའི་ལ་རྩེ་རུ་གྲགས་སྲོལ་ཡོད། དེ་ནི་ཡིད་ལྷུང་སྨད་ཀྱི་རི་བོ་ཆེས་སྤོ་མཐོ་བའི་གྲས་ཤིག་ཡིན། ད་དུང་ཨ་ཁུས་ཟོ་དོར་དུ་མཆོད་པའི་ཡུལ་ལྷ་ཞིག་གི་མིང་ལ་ཨ་ཁུ་ག་གཟི་རུ་འབོད་པ་དང་། ཡུམ་མཆོག་ཀླུ་སྨན་རྒྱལ་མོ་ཟེར་བ་ཡོད། ཐེག་མཆོག་གླིང་པའི་ཡིད་ལྷུང་སྤྱི་བསང་དུ། ག་གཟི་སྔོ་རྒྱལ་ཡཀྴ་གཟི་འབར་བསང་། ། ཞེས་དང་། གཏེར་སྟོན་རྡོ་རྗེ་བདུད་འདུལ་རྩལ་གྱི་གཏེར་བྱང་ལས། གཏེར་སྲུང་ཡཀྴ་གཟི་འབར་བསང༔ ཡུམ་མཆོག་ཀླུ་སྨན་རྒྱལ་མོ་བསང༔ ཞེས་ཡཀྴ་གཟི་འབར་ནི་བང་བ་ཡཀྴ་གཟི་འབར་ཞེས་ཨ་ཁུ་རང་གི་སྐུ་མཁར་གྱི་རྒྱབ་རི་དེ་ཡིན་ལ། ཉེ་འཁོར་གྱི་གཞི་བདག་ལ་གཡུང་དྲུང་བོན་གྱི་གནས་སྲུང་ཡིན་པར་གྲགས་པའི་གཙང་དཀར་དང་། གཙང་ནག བུ་ལ་བོན་རི་ཟེར་བའི་ཆེན་བཙན་གྱི་ཟོ་དོར་འགའ་ཡང་ཡོད། ཡིད་ལྷུང་སྤྱི་བསང་དུ།གཙང་དཀར་གཙང་ནག་བུ་ལ་བོན་གྱི་རི། ཞེས་དང་། ཐེག་མཆོག་གླིང་པས། གཡང་དྲུང་བོན་གྱི་གནས་སྲུང་སྟེ། །སྣང་ཡུལ་གཙང་དཀར་གཙང་ནག་ཞེས་དང་། ཡང་། ཟོ་དོར་གཙང་དཀར་གཙང་ནག་བསང་། །བུ་ལ་བོན་རི་གཡུང་དྲུང་བསང་། །ག་གཟི་དམ་ཅན་གཞི་བདག་བསང་། ། ཞེས་པ་དང་། མཚམས་སྤྲུལ་སྔགས་རྒན་གྱིས། བུ་ལ་མཆོད་རྟེན་དགུ་བསྒྲིགས་ཞེས། །བོན་གྱི་གནས་རི་བོན་གཏེར་ས། །ཞེས་སོགས་བོན་གྱི་གནས་རི་ཡིན་པར་གསུངས། དེ་ནི་ཨ་ཁུ་ཁྲོ་ཐུང་རང་གི་ཡབ་མེས་ཀྱི་ལྷ་སྲུང་ནི་མ་གཅིག་སྲིད་པའི་རྒྱལ་མོ་དང་སྲོག་བདག་ཨབ་བསེ་རྒྱལ་པོ་སོགས་ནི་བོན་གྱི་སྲུང་མ་ཡིན་པར་གླིང་སྒྲུང་དག་ལས་གསལ་བ་ལྟར་ཡིན་ལ། མ་ཟད་ལུང་པ་དེར་ཁྲོ་ཐུང་ཁོག་དང་། ཁྲོ་ཐུང་ཕུ།  ལུང་པའི་འདབས་ལ་ཁྲོ་ཐུང་འདབས། མ་ཟད་ས་ཆ་དེར་ཆགས་པའི་ཡུལ་མི་ལའང་ཁྲོ་ཐུང་སྡེ་པ་ཞེས་ད་བར་འབོད། ད་དུང་བླ་མཚོ་དང་ཨ་ཁུའི་ཆོས་སྐལ་ཡིན་ཟེར་བའི་ཆོས་བརྩེགས་བྲག་རི་མ། སྟག་ལུང་ན་ཐང་ཁྲ་མོ་དང་། ལ་ལས་རྟ་ལུང་ན་སྟེང་གོང་མ་ཡང་ཟེར། ས་ཆ་དེར་ཁྱུང་གཤོག་གི་ར་མདའ་ལ་སྟག་གཟིག་གི་དམག་དྲངས་ནས་གཡུལ་འཐབ་ཀྱང་བྱས་པ་གྲགས། ད་དུང་དབྱར་ས་ཀུན་དགའ་ར་བ་དང་རྒྱ་འོད་ཟེར་སྟག་ལ་ཁྲ་བོ། ཁྱུང་གཤོག་ཨ་ཡུ་རྨོ་ཡུལ་སྐད་ལ་འདམ་འབག་དུ་གྱུར་བའི་དོན་ཟེར་བའི་འདམ་གཞུང་དེ་ནི་འདོ་བ་ཁྱུང་གཤོག་སྔོན་པོ་ཡུན་རིང་ཐག་པས་གཏོད་ནས་ས་དེ་འདམ་ལ་གྱུར་ཟེར་སྲོལ་ཡོད་པའི་ན་གཞོང་ཆེན་པོ་ཞིག་ཀྱང་ཡོད། ད་དུང་སྟག་ལུང་གཡས་ལག་ནང་ལ། ཨ་ཁུའི་རྫས་འདུལ་སྟེང་ཟེར་བའི་བྲག་ཕ་བང་ཆེན་པོ་ཞིག་དང་། ཆམ་རའི་སྟེང་ཟེར་བ། བྲོ་བརྡུང་སྟེང་། གཞན་ཡང་ཁྲོ་ཐུང་ཁོག་དང་། ཨ་ཁུའི་ཁོག ཨ་ཁུའི་སྒང་། ཨ་ཁུའི་གད་ཐོག་སོགས་ཨ་ཁུ་ཁྲོ་ཐུང་གི་མཚན་དང་དངོས་སུ་འབྲེལ་བའི་མིང་ཐོགས་ནས་ཡོད་པ་མ་ཟད་གནའ་ནས་ད་བར་ཡུལ་མི་ཚོའི་ཁ་ལ་རླུང་ལྟར་གྲགས་ནས་ཡོད། ད་དུང་ཡིད་ལྷུང་སྟོད་ཕྱོགས་ཀྱི་ཉིན་ངོས་ཤིག་ལ་བྲག་ཕུག་ཅིག་ཡོད་པ་དེ་ནི་གླིང་སྒྲུང་ལས་བསྟན་པའི་ཨ་ཁུ་ཁྲོ་ཐུང་གིས་མཐུ་གཏད་ཞུ་ས་ཨ་མྱེ་སྒོམ་པ་ར་ཛཱའི་སྒྲུབ་ཕུག་ཡིན་པར་བཤད་སྲོལ་ཡང་ཡོད། ད་དུང་ཞིབ་ཏུ་ཅུང་ཙམ་ཕྱེས་ན་ཡིད་ལྷུང་གི་ས་ཆ་འདིར་རུས་ཆེན་བདུན་ནམ་ལྷ་རུ་མི་བདུན་སྐྱ་བདུན་ཞེས་གྲགས་ཏེ། དཔོན་ལྷ་རུ། སྒ་ཨ་གྲོ། ལྡོང་འབུམ་པ། བཙན་སྟག་རོང་། ཕྱུག་བ་ཡན། གཙོ་རེ་ཁེ། རྒོད་གླིང་ཚང་། ཅེས་གྲགས་པའི་ནང་གསེས་ཆེས་བཙན་ཕྱུག་འཕེན་གསུམ་འཛོམས་པ་ནི་ལྷ་སྟག་གཉིས་ཡིན་ལ། ཡིད་ལྷུང་པའི་ངག་རྒྱུན་ལ། སྟོང་སྡེ་ལྷ་སྟག་གཉིས་ཀྱིས་བཤད་བཞིན་འདུག་ཅེས་དང་། སྟོང་སྡེ་ལྷ་སྟག་གཉིས་ལ་དར་མ་མྱོང་བ་ཅི་རེད། ཟེར་བ་ལྟ་བུ་དེ་འདྲའི་དཔེར་བཀོད་སྲོལ་མང་ཙམ་གནའ་ནས་ད་བར་ཡོད། ལྷ་རུ་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པའི་སྟོད་ཙམ་སྟེ་དེ་ཕྱིས་སུ་འདིར་འོང་བ་ཡིན་ལ། སྟོང་རོང་ནི་ས་ཆ་འདིར་གཉུག་མ་གནས་པའི་རུ་སྡེ་ཡིན། བཙན་ལ་ཡ་མེད་སྟག་རོང་ཚང་ཞེས་རུས་རྒྱུད་བར་མ་ཆད་པ་མ་ཟད་རུས་རྒྱུད་དེར་གཏོགས་པའི་ཁྱིམ་ཚང་ཆེ་ཁག་འགའ་དང་། ཕྱིས་སུ་དེ་ལས་གྱེས་པའི་ཁྱིམ་ཆུང་བརྒྱ་ཕྲག་ལྷག་ད་ལྟའི་བར་ཡོད། ཡང་དེའི་ཕྱིས་སུ་སྦས་པའི་རྣལ་འབྱོར་པ་ཆེན་པོ་རྩོད་མེད་དུ་ཡིད་ལྷུང་འཇའ་ལུས་པ་བསོད་ནམས་རྣམ་རྒྱལ་༡༨༨༡_༡༩༥༤ཞུ་བ་ཁོང་ཡང་གང་དུ་འཁྲུངས་པའི་ཁྱིམ་གཞི་ནི་སྟག་རོང་གི་རུས་རྒྱུད་གཙང་མར་སྐུ་བལྟམས་པ་ཡིན་ལ། དེ་ཡང་ཐེག་མཆོག་གླིང་པའི་མ་འོངས་ལུང་བྱང་ལས། སྟག་རོང་དཔའ་བོ་འཇའ་ལུས་འགྲུབ༔ ཅེས་རུས་རྒྱུད་གསལ་པོར་བསྟན་པ་ལྟར་ཡིན་ལ། ད་དུང་གསུང་བསྒྲོས་ཤིག་ལ ༧རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ལ་ལྷ་བཟོ་ཞིག་གིས་དཔའ་རྟུལ་ནང་ནས་ཨ་ཁུ་ཁྲོ་ཐུང་གི་ཞལ་འབག་ཇི་ལྟར་བཞེང་དགོས་ཞེས་ཞུས་ཚེ། བླ་མའི་ཞལ་ནས་ཨ་ཁུ་ཁྲོ་ཐུང་ནི་ད་ནང་སྔ་དྲོར་ཡིད་ལྷུང་ཁོག་ནས་ཡོང་བའི་རྒད་པོ་སྨ་ར་ཅན་དེ་འདྲ་བ་ཞིག་བཞེངས་དང་འཐུས་ཡོད་ཞེས་གསུངས་སྲོལ་ཡོད་ན་དོན་ལ་ཡིད་ལྷུང་ནས་འོང་བའི་རྒན་པོ་སྨ་ར་ཅན་དེ་ནི་ཨ་ཁུ་ཐུང་གི་སྤྲུལ་པ་ཡིན་པར་སྨྲོས་མ་དགོས་སོ། ད་དུང་གནའ་རབས་རྒན་པོ་ཚོའི་ངག་རྒྱུན་ལ་ས་ཆ་འདིར་ཨ་ཁུ་ཁྲོ་ཐུང་དང་འབྲེལ་བའི་ལོ་རྒྱུས་ངོ་མཚར་ལ་ཡི་ག་འོང་བའི་སྒྲུང་གཏམ་མང་པོ་བཤད་སྲོལ་ཡོད་པ་ཡིན་ནོ། །གཞན་ཡང་ཡིད་ལྷུང་སྟོད་སྨད་ཀྱི་གནས་གཞན་ལའང་གླིང་དཀར་པོའི་ཕ་ས་དང་འབྲེལ་བའི་ལོ་རྒྱུས་བཤད་སྲོལ་ཅི་རིགས་ཡོད་པ་ནི།དེའང་འཇིག་རྟེན་གྱི་དཔེར། བོད་མི་རེའི་ཁ་ལ་སྒྲུང་རེ་ཞེས་པ་ལྟར། ཡིད་ལྷུང་གི་སྟོད་ཕྱོགས་སུ་སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ་ནི་ཡབ་སྒ་སྐྱ་ལོའི་སྟོན་པ་རྒྱལ་མཚན་དང་ཡུམ་རྨ་བྱ་མཛེས་ལྡན་གཉིས་ལས་འཁྲུངས། གླིང་གི་བུ་མོ་སྤུན་བདུན་གྱི་གཙོ་མོ། ང་སེང་ལྕམ་འབྲུག་མོ་ཐོགས་དོན་དེ། །དབྱར་ལ་མ་སྐྱེས་དགུན་ལ་སྐྱེས། །དགུན་སྟག་ཡོས་གཉིས་ཀྱི་བར་སྒང་དུ། །སེར་མོའི་སྐུ་དེ་འཁྲུངས་ཞོགས་དེར། །ཨ་སྔོན་དགོང་ནས་འབྲུག་གཅིག་གྲགས། །དོག་མོ་ས་ན་ལྕམ་གཅིག་སྐྱེས། །དཀར་ཡག་གངས་ལ་སེང་གེ་འགྱིངས། །སེང་ལྕམ་འབྲུག་མོ་དེ་ནས་ཐོགས། །ཞེས་གླིང་གེ་སར་རྒྱལ་པོའི་བཙུན་མོ། ཤར་སྒྲོལ་མ་དཀར་མོའི་རྣམ་འཕྲུལ།མ་མཁའ་འགྲོ་སྟོང་གི་ཚོགས་དཔོན། ཤ་ལོ་དཀར་ལེ་དུང་དང་འདྲ་བ། སྐྲ་ལོ་སྨུག་ལེ་མཐིང་དང་འདྲ་བ། དཀར་ས་དཀར་ལ་བལྟས་ན། གངས་ལ་ཉི་འོད་ཕོག་འདྲ། དམར་ས་དམར་ལ་བལྟས་ན། མཚལ་དང་ལི་ཁྲི་འདྲེས་འདྲ། དཀར་དམར་མཚམས་ལ་བལྟས་ན། དུང་ལ་ཕོ་ཚོས་བྱུགས་འདྲ། ཞལ་ངོ་བཅོ་ལྔའི་དུང་ཟླ། སྤྱན་མིག་ཐོ་རང་སྐར་ཆེན། སྐུ་གཟུགས་ཙ་རིའི་སྨྱུག་མ། གཡས་ལས་བལྟས་ན་གཡས་ཡོ་མེད་པ། གཡོན་ལས་བལྟས་ན་གཡོན་ཡོ་མེད་པ། རྒྱབ་ལས་བལྟས་ན་ཟེ་སྒུར་མེད་པ། མདུན་ལས་བལྟས་ན་བང་དགྱེ་མེད་པ། མདའ་ཉག་ཕྲན་ས་ལ་གཙུགས་པ་ལྟ་བུར། ཕྱི་ཡག་པོ་འཕྱོར་དང་ཁ་དོག་མཛེས་ལེ།ནང་ཡག་པོ་གཤིས་ཀ་རྒྱུ་དག་འཇམ་ལེ། བར་ཡག་པོ་ལག་དང་ལས་ཀ་བཟང་ལེ། མདོ་ཁམས་བུ་མོའི་དྭངས་རྩེ་སྒ་སྐྱ་ལོ་སེང་ལྕམ་འབྲུག་མོ་ཕ་ས་དང་ཕ་ཡུལ་ཡིན་པར་བཤད་སྲོལ་ཡོད་ལ། དེའང་འཇིག་རྟེན་གྱི་དཔེར། མི་མིང་ས་ཐོག །ས་མིང་རྡོ་ལ་ཐོག་ཞེས་པ་ལྟར་ཡིད་ལྷུང་སྟོད་ཀྱི་ས་ཆ། ལུང་པ་ཞིག་ལ་འབྲུག་མོ་ཁོག་དང་། འབྲུག་མོ་སྟེང་། འབྲུག་མོའི་གད་ཐོག །འབྲུག་མོའི་ནས་ཆང་བསྙལ་དོང་དུ་གྲགས་པའི་འབྲུག་མོའི་ཆང་དོང་། འབྲུག་མོའི་སྦྲ་གུར་ཕུབ་སའི་གནའ་ཤུལ་གྱི་འབྲུག་མོའི་སྦྲ་མལ། འབྲུག་མོའི་རྟ་ར། འབྲུག་མོའི་བྲོ་ར་གྲགས་པ་སོགས་ཡོད། མ་ཟད་ད་སྐབས་གཡག་ཟེ་དགོན་པ་ཆགས་སའི་གནས་དེའང་སྟག་རོང་ཨ་ནུ་གཟིག་འཕེན་ཡབ་ཡུམ་ལ་བཞེད་པ་མི་མཐུན་པ་ཡོད། ཡང་ཐུལ་དམ་པའི་མི་བདུན་གྱི་ཡ་གྱལ་གྱི་སྐུ་མཁར་ཕོ་བྲང་བེའུ་སྟག་རྫོང་དུ་གྲགས་པའི་གནའ་ཤུལ་ཡིན་པར་བཤད་སྲོལ་ཡོད། ཡིད་ལྷུང་སྨད་པ་རོང་ཚ་སྡེ་པའི་ས་ཆ་ནི། རོང་ཚ་གུང་པ་དམར་ལེབ་ཡབ་ཆེན་སེང་བློན་རྒྱལ་པོ་དང་ཡུམ་རོང་བཟའ་ཤེལ་དཀར་སྒྲོལ་མ་གཉིས་ཀྱི་སྲས། གླིང་གི་གཅེས་ཕྲུག་བཅུ་གསུམ་གྱི་ཡ་གྱལ་ཞིག་ཏུ་ཞུ་བ་གང་དེས་བདག་ཏུ་བཟུང་བའི་སྐུ་མཁར་བྱུ་རུ་ལྷ་རྩེ་ཟེར་བ་དེའི་གནའ་ཤུལ་ཡིན་པར་རྒན་པོ་ཚོས་ངག་རྒྱུན་དུ་བཤད་སྲོལ་ཡོད་པ་མ་ཟད། ཕྱིས་སུ་མཁན་ཆེན་ཚེ་དབང་འགྱུར་མེད་ཀྱིས་དེ་བཞིན་ཞལ་བཞེས་གནང་སྲོལ་ཡོད། ལ་ལས་ནི་རོང་ཚ་ནོར་བུ་ལྷ་དར། གླིང་གི་གཅེས་ཕྲུག་བཅུ་གསུམ་གྱི་ཡ་གྱལ་ཞེས་ཨ་ཁུ་ཁྲོ་ཐུང་གི་སྲས་ཞིག་གིས་ས་ཆ་དེར་བདག་དབང་བྱས་པར་ངོས་འཛིན་བྱེད་ཕྱོགས་ཀྱང་ཡོད། གང་ལྟར་རོང་ཚ་ཁའམ་རོང་ཚའི་ཚ་ཆུ་ཁ་ཞེས་པའི་ས་ཕྱོགས་དེར་གནའ་བོའི་མཁར་ཤུལ་རེ་ཟུང་ཡོད་པ་ནི་མངོན་གསལ་རེད་འདུག ཡང་ཆེ་རྒྱུད་སྟག་རོང་གི་བློན་པོ་གཟུ་ཆེན་ཝེར་མའི་ལྷ་དར་གླིང་གི་གཟུ་པ་རྣམ་གཉིས་ཀྱི་ཡ་གྱལ་སྐུ་མཁར་ཡག་རི་གསེར་རྫོང་གྱི་གནའ་ཤུལ་ཡིན་ཟེར་སྲོལ་ཡོད་པའི་གཟུ་ཆེན་མཁར་མགོ་ཞེས་ཡོངས་སུ་འབོད་པ་དེར་མཁར་གྱི་རྩིག་རྨང་ཡང་ད་ལྟ་དངོས་སུ་མཇལ་དུ་ཡོད། ད་དུང་གེ་སར་མཁར་མགོ་ཟེར་བའི་མཁར་ཤུལ་ཞིག་ཀྱང་ཡོད། བར་སྐབས་ཤིག་ཏུ་གེ་སར་གྱི་སྐུ་མཁར་གནས་དེར་བཞེངས་པ་དང་། རོང་ཚ་ཨེན་དུང་ནོར་བུ་མའི་རི་མགོར་ཨ་ཁུ་ཁྲོ་ཐུང་གིས་ཀྱང་བཙན་རྫོང་མཁར་ཤུལ་རེ་ཟུང་ནི་ད་ལྟའང་མཇལ་དུ་འདུག ཞིག་བརྩིགས་པར་གྲགས། དེ་ལ་ཇོ་རུས་ནོར་འཛིན་གྱི་བཀོད་པ་ཆེད་དུ་ལྡོག་ཕྱོགས་སུ་བསྒྱུར་ནས་མདུན་ཐད་དུ་དོང་ཁང་མང་པོ་དྲུས། ཨ་ཁུའི་སྐུ་མཁར་ལ་ས་དགྲ་བྱུང་ནས་དེ་ཕྱིས་སུ་གནས་མི་སྤར་ཀ་མེད་བྱུང་བ་རེད་ཅེས་ཡུལ་མི་ཚོའི་ངག་ནས་བཤད་སྲོལ་ཡོད་པ་ཡིན་ནོ། །

      ཞེས་དཔྱད་གཞིའི་ས་བོན་ཙམ་དུ་ནི་རང་གི་ཕ་ས་ཕ་ཡུལ་གྱི་ལོ་རྒྱུས་ནུབ་ཏུ་དོགས་ནས་ཡིད་ལྷུང་པ་བསོད་ནམས་ཆོས་འཕེལ་གྱིས་བྲིས་པ་དགེའོ།། ཛཡནྟུ།།


3.jpg

                  ཁམས་སྡེ་དགེའི་ཡིད་ལྷུང་ཁོག་གི་ས་ཆ་ནི་གླིང་དཀར་གྱི་ཕ་ཤུལ་དང་འབྲེལ་བའི་ཡུལ་ལྗོངས།


2.jpg

         ཁམས་སྡེ་དགེའི་ཡིད་ལྷུང་ཁོག་གི་ས་ཆ་ནི་གླིང་དཀར་གྱི་ཕ་ཤུལ་དང་འབྲེལ་བའི་ཡུལ་ལྗོངས།


4.jpg

         ཁམས་སྡེ་དགེའི་ཡིད་ལྷུང་ཁོག་གི་ས་ཆ་ནི་གླིང་དཀར་གྱི་ཕ་ཤུལ་དང་འབྲེལ་བའི་ཡུལ་ལྗོངས།


5.jpg

          ཁམས་སྡེ་དགེའི་ཡིད་ལྷུང་ཁོག་གི་ས་ཆ་ནི་གླིང་དཀར་གྱི་ཕ་ཤུལ་དང་འབྲེལ་བའི་ཡུལ་ལྗོངས།


6.jpg

          ཁམས་སྡེ་དགེའི་ཡིད་ལྷུང་ཁོག་གི་ས་ཆ་ནི་གླིང་དཀར་གྱི་ཕ་ཤུལ་དང་འབྲེལ་བའི་ཡུལ་ལྗོངས།


7.jpg

            ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2020-9-21 05:34 , Processed in 0.024212 second(s), 16 queries .

返回顶部