日志

༄༅།།གདོང་དམར་བོད་པའི་དཀར་ཟས་དང་དམར་ཟས་སྤ ...

已有 320 次阅读2020-1-21 16:35 |系统分类:见闻


                      ༄༅།།གདོང་དམར་བོད་པའི་དཀར་ཟས་དང་དམར་ཟས་སྤྱོད་པའི་སྐོར་གྱི་ཤེས་བྱ་ཐོར་བུ་ཞེས་བྱ་བ་བཞུགས་སོ།།

                                             རོང་ཆེན་ལྷ་རྒྱལ་དཔལ་གྱིས་བསྒྲིགས།


                           

    ༄༅།།ང་རང་ཚོ་བོད་མི་རིགས་ནི་དམངས་ཡོངས་ཀྱིས་སངས་རྒྱས་ཀྱི་ཆོས་ལུགས་ལ་དད་པ་ཆེན་པོ་བྱེད་པའི་མི་རིགས་ཤིག་ཡིན། དེ་ནི་ཧ་ཅང་ཡག་པོ་ཞིག་རེད། གང་ཡིན་ཞེ་ན་སངས་རྒྱས་ཀྱི་ཆོས་ལ་དད་པར་བརྟེན་ནས་གཞན་ལ་བྱམས་དང་སྙིང་རྗེའི་བསམ་པ་སྐྱེས་པ་དང་། ལས་རྒྱུ་འབྲས་ལ་བརྩི་འཇོག་ཆེན་པོ་བྱེད་བཞིན་ཡོད་པ་རེད། སྟོན་པ་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པའི་ཆོས་གཞུང་དུ་མཉམ་པ་ཉིད་རྣམ་པར་དག་པ་ཞེས་གསུངས་པའི་གོ་དོན་ནི་མི་རྣམས་འཇིག་རྟེན་འདིར་སྐྱེས་པའི་ཐོག་མའི་དུས་སུ་མིའི་ལྷན་སྐྱེས་རང་བཞིན་ཚང་མ་འདྲ་མཉམ་དང་། ལྷད་མེད་གཅིག་མཚུངས་ཡིན་ཞེས་དང་། ཆོས་ཐམས་ཅད་བདག་མེད་པ་ཞེས་པའི་གོ་དོན་ནི། ཆོས་ཀྱི་མདུན་དུ་ང་ཟེར་བ་མེད་པས་ན་མི་ཚང་མ་འདྲ་མཉམ་ཡིན་ཟེར་བའི་དོན་རེད། ཡང་འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་པའི་གོ་དོན་ནི་འཇིག་རྟེན་འདིའི་སྟེང་དུ་འཛོམས་པའི་གང་ཟག་སྐྱེ་བོ་མཐའ་དག་སྐྱེས་རྒ་ན་འཆིའི་གནས་ལས་ཐར་ཐབས་མེད་པའི་དོན་ཏེ། སྐྱེས་པ་དང་རྒས་པ། ན་བ་དང་འཆི་བ་བཅས་ཀྱི་མདུན་དུ་མི་ཚང་མའི་ཐོབ་ཐང་ལ་ཁྱད་པར་རྩ་བ་ནས་མེད་པའི་དོན་དང་། ཡང་སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་སུ་གནས་པར་གྱུར་ཅིག་ཅེས་པ་ནི། མི་ཚང་མར་བདེ་སྐྱིད་གཅིག་མཚུངས་སུ་ལོངས་་སྤྱོད་ཐོབ་པའི་བསམ་པ་བཅངས་དགོས་པ་ལས་ཕན་ཚུན་ངོ་དགའ་ཕྱོགས་ཞེན་དང་། རིགས་རྒྱུད་མཐོ་དམན། དགའ་ཕྱོགས་དམན་ཕྱོགས་སོགས་མེད་པར་ཡོངས་སུ་བཏང་སྙོམས་ཀྱི་ལྟ་བ་འཛིན་དགོས་ཞེས་བའི་གོ་དོན་ཧ་ཅང་གསལ་པོ་གསུངས་ཡོད་པ་རེད།།

     དེ་ཡང་གངས་ཅན་ཆོས་ལྡན་ཞིང་གི་བོད་པ་རྣམས་ལ་མཚོན་ན་གནའ་སྔ་མོ་ནས་སྒོ་ཕྱུགས་མང་བོ་ཚེ་ཐར་གཏོང་བ་དང་། ཁྱི་ལྡོམ་དང་ཉ་རིགས་དང་འདབ་ཆགས་སོགས་ལ་ཟས་སྦྱིན་གཏོང་བ་དང་། དཀར་ཟས་དང་དམར་ཟས་སྐོར་གྱི་ལྟ་བའང་ངེས་ཅན་ཞིག་མཚོན་བཞིན་འདུག་ཅིང་། དཀར་ཟས་སྤྱོད་པའི་དགེ་མཚན་དང་དམར་ཟས་སྤྱོད་པའི་སྡིག་པ་གཉིས་བར་ལ་གདར་ཤ་གསལ་པོ་ཆོད་ཀིན་མེད་ནའང་བྱམས་དང་སྙིང་རྗེ་ཆེ་བའི་དབང་གིས་སྒོ་ཟོག་གི་ཚེ་སྲོག་བཅད་ནས་ཤ་བཟའ་པར་དོག་ནས་རང་ནུས་གང་ཐུབ་ཀྱིས་དཀར་ཟས་ལ་སྤྱོད་པ་ཇེ་མང་རེད། དང་པོ་ཙ་ན་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་སངས་རྒྱས་ཤཱཀྱ་ཐུབ་པ་འཇིག་རྟེན་གྱི་ཁམས་སུ་བྱོན་ནས་སྐུ་བལྟམས་མ་ཐག་ཏུ་ཕྱོགས་བཞིའི་ས་ཆེན་པོ་ལ་གོམ་པ་བདུན་བདུན་བོར་བའི་ཤུལ་དུ་མེ་ཏོག་པད་མ་བདུན་རེ་བཞད་པ་སོགས་བཀྲ་ཤེས་དགེ་མཚན་ཕུན་སུམ་ཚོགས་པའི་མཚོན་རྟགས་མང་པོ་བྱུང་བ་ལས། ས་སྟེང་གི་སེམས་ཅན་འབུ་སྲིན་དང་གྲོག་མ་ལ་སོགས་པ་སེམས་ཅན་གཅིག་གི་ཚེ་སྲོག་ལ་ཡང་གནོད་པ་དང་འཚེ་བ་མ་བྱུང་པའི་རྣམ་ཐར་ཡོངས་སུ་གྲགས་པ་མ་གཏོགས་འཇིག་རྟེན་འདི་ནས་འགྲོ་བ་གང་ཟག་མིའི་་རིགས་ཀྱིས་སྡིག་པ་དང་མ་འདྲེས་པའི་འཚོ་བ་ཞིག་གཏན་ནས་རོལ་དཀའ་མོ་རེད་ཟེར་ཆོག་ཆོག་ཡིན། འོན་ཀྱང་སེམས་ཅན་ཀུན་གྱི་ཚེ་སྲོག་ལས་ཧ་ཅང་གཅེས་སུ་འཛིན་པ་ཞིག་ག་ལ་ཡོད་མོད། གཞན་གྱི་ཚེ་སྲོག་ལ་གནོད་འཚེ་འབྱུང་བར་ཧ་ཅང་འཛེམས་དགོས་པ་ལས་དེ་འདྲའི་སྒྲུབ་སླ་བ་ཞིག་ཡེ་ནས་ཡོང་མི་སྲིད། འབྲོག་པས་བསྐལ་བ་ས་ཆགས་དུས་ནས་ད་ལྟའི་བར་དུ་ཕྱུགས་ཟོག་འཚོ་སྐྱོང་བྱས་ཏེ། འཚོ་རྟེན་དུ་སྐམས་ཤ་དང་བཤའ་ལུག་སོགས་འཚོ་རྟེན་ཟས་སུ་སྤྱོད་ན་སེམས་ཅན་གྱི་ཚེ་སྲོག་ལ་འཚེ་བས་སྡིག་པ་ཡོད་ཟེར་ནས་དམར་ཟས་ལ་འཛེམས་ན་ལོས་ཆོག་མོད། འོན་ཀྱང་ཞིང་པས་ཀྱང་ཞིང་ལས་གཉེར་བའི་གོ་རིམ་ཁྲོད་དུ་སྒོ་ཟོག་གི་ཤ་མང་པོ་བཟའ་རྒྱུ་དཀོན་ནའང་འཚོ་རྟེན་དུ་འབྲུ་རིགས་སྣ་ལྔ་དང་སྔོ་ཚོད་ཟས་ན་ཡང་སྡིག་པ་ཡོད་ཟེར་ཆོག་ཆོག་ཡིན། ཅིའི་ཕྱིར་ཞེ་ན་ཞིང་ལས་ཀྱི་ཁྲོད་དུ་འབུ་སྲིན་དང་གྲོག་མ་ལ་སོགས་སེམས་ཅན་གྱི་ཚེ་སྲོག་ལ་གནོད་པ་མ་བཏང་བ་ཞིག་ཡོང་མི་སྲིད་པས་དེར་ཡང་སྡིག་པ་ཡོད་པ་དང་། ཐ་ན་གངས་ཅན་བོད་པའི་ཁ་ཟས་སུ་གྱུར་བའི་མར་ཆུར་དང་རྩམ་པ་ཟས་ནའང་སྡིག་པ་མེད་ཅེས་ཁ་ཚོད་གཅོད་རྒྱུ་སུ་ཡིས་སྲིད། རྒྱུ་མཚན་ནི་ཞིང་བས་འབྲུ་རིགས་རྨོ་འདེབས་བྱེད་པ་དང་། ནས་ཞིང་འབྲེག་པ། གཡུལ་ཁ་གཅོག་པ་སོགས་ཞིང་ལས་ཀྱི་གོ་རིམ་ཁྲོད་དུ་འབུ་སྲིན་དང་གྲོག་མ་ལ་སོགས་པ་སེམས་ཅན་ཅི་ཙམ་ཞིག་གི་ཚེ་སྲོག་ལ་གནོད་འཚེ་བཏང་ཡོད་པ་སུས་ཀྱང་རྟོགས་དཀའ་བས། ཆོས་ལྡན་གངས་རིའི་ལྗོངས་སུ་ནང་བ་སངས་རྒྱས་པའི་ཆོས་སྡེ་ཐམས་ཅད་ལ་མཚོན་ན་དབྱར་ཁའི་དུས་སུ་སླེབས་དུས་དགེ་འདུན་པ་རྣམས་དབྱར་གནས་ལ་བཞུགས་དགོས་པའི་དམིགས་བསལ་གྱི་ཆོས་སྤྱོད་ཕྱག་ལེན་གྱི་སྲོལ་དར་བ་འདི་ཡང་དབྱར་ཁའི་ལྗང་མདོག་གི་སྔོར་མའི་སྟེང་དུ་ལྡོག་པ་གཅིག་ཙམ་སྤོས་པས་ཀྱང་འབུ་སྲིན་དང་གྲོག་མ་ལ་སོགས་པ་སེམས་ཅན་མང་པོ་བསད་ནས་སྡིག་པ་མི་འབྱུང་བའི་ཆེད་དུ་ཡིན་ཟེར་བ་མ་ཟད། རབ་བྱུང་བ་ཡིན་རུང་ཚང་མ་སངས་རྒྱས་བཅོམ་ལྡན་འདས་མིན་པས་ལྡོག་ཤུལ་དུ་མེ་ཏོག་བཞད་མི་སྲིད་པས་སོ།། དེས་ན་དགེ་སློང་གི་ཚུལ་ཁྲིམས་ཉིས་བརྒྱ་ང་གསུམ་དང་། དགེ་ཚུལ་གྱི་གླིང་ལས་སུམ་ཅུ་སོ་དྲུག་སོགས་བཀས་བཅད་ནས་མཆིས་པ་ནི་རབ་བྱུང་བའི་འདུལ་ཁྲིམས་ཡིན་པ་ལས་ཁྱིམ་པ་བའི་སྲུང་བྱ་གཏན་ནས་མ་རེད། འདི་ནི་རབ་བྱུང་བ་དང་ཁྱིམ་པ་བའི་བར་གྱི་དམིགས་བསལ་གྱི་ཁྱད་པར་རེད། མི་རིགས་ཀྱི་ཆ་ནས་བཤད་ནའང་རྒྱ་ནག་གིས་བ་གླང་གི་ཤ་བཟའ་མི་ཉན་ཟེར་སྲོལ་ཡོད་པ་དང་། ཅིའི་ཕྱིར་ཞེ་ན་བ་གླང་ནི་ཞིང་ལས་ཐད་ཀྱི་རྨོ་ཟོག་དྲིན་ཅན་ཡིན་པས། དེའི་ཤ་ཟས་ན་ཉེས་པ་ཡོད་པས་མི་རུང་ཟེར་ཞིང་། ཧོས་རིགས་ཀྱིས་ཕག་ཤ་བཟའ་མི་ཉན་ཟེར་སྲོལ་ཡོད་པ་དང་། ཅིའི་ཕྱིར་ཞེ་ན་ཕག་ནི་དུད་འགྲོ་བླུན་པོ་དང་། རྣམ་ཤེས་མི་གསལ་བ། གཙང་བཙོག་མེད་པ། རྩྭ་ཟན་གྱི་ཟོག་ཆགས་གཞན་དག་དང་བསྡུར་ཐབས་མེད་པ་ཞིག་ཡིན་པས་དེའི་ཤ་ཟས་ན་མི་ལུས་ལ་གཙང་བཙོག་ཐེབ་སྲིད་ཟེར་བ་མ་ཟད་མུའུ་སི་ལིན་ཆོས་ལུགས་ཀྱིས་ཕག་ཤ་བཟའ་བར་གཏན་འགོག་བྱས་ཡོད་ཟེར། དེ་བཞིན་དུ་ང་ཚོ་བོད་པ་ཚོར་མཚོན་ན་ཐོག་མར་རབ་བྱུང་བ་དང་ཁྱིམ་པ་བ་སུ་ཞིག་ཡིན་རུང་ཤ་ཆེན་ལྔ་སྟེ། མི་ཤ་དང་། གླང་པོ་ཆེའི་ཤ ཁྱི་ཤ བྱ་རྒོད་ཀྱི་ཤ རྟ་ཤ་སོགས་དང་གཅན་གཟན་འདབ་ཆགས་སྡེར་མོ་ཅན་རིགས་ཀྱི་ཤ་མི་བཟའ་བའི་ཐུན་མོང་གི་ཡུལ་སྲོལ་གོམས་གཤིས་དར་ཡོད་པ་ལས། འབྲོག་པས་འཚོ་རྟེན་ཕྱུགས་ཟོག་ནོར་ལུག་གི་ཤ་ཟ་མི་ཆོག་པ་དང་། ཐ་ན་གདོང་དམར་བོད་པས་འབྲུ་རིགས་ཕྱེ་དང་རྩམ་པ་ཟས་ནའང་སྡིག་པ་ཡོད་པས་བཟའ་མི་ཆོག་ཅིང་། ཞིང་བས་འཚོ་རྟེན་འབྲུ་རིགས་སྣ་ལྔ་སོགས་སྔོ་ཚོད་བཟའ་བས་ཀྱང་སྡིག་པ་དང་མ་འདྲེས་པ་མེད་པས་བཟའ་མི་ཆོག་ཅེས་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པས་གསུང་མེད་པ་ཤ་སྟག་ཡིན། ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་གངས་རིའི་ལྗོངས་སུ་སྲིད་པ་སར་ཆགས་ནས་འཚོ་བར་རོལ་བའི་བོད་མི་རིགས་ལ་མཚོན་ན་འཇིག་རྟེན་ནས་སྡིག་པ་དང་མ་འདྲེས་པའི་འཚོ་བ་ཞིག་གཏན་ནས་རོལ་དཀའ་མོ་ཡིན་མོད། འོན་ཀྱང་རབ་བྱུང་བ་དང་ཁྱིམ་པ་བ་གཉིས་ལ་ཐུན་མོང་མ་ཡིན་པའི་ཆོས་ཁྲིམས་དང་སྲུང་བྱའི་ཕྱོགས་སུ་ཁྱད་པར་ཆེན་པོ་འདུག གལ་སྲིད་ཁྱིམ་པ་བས་ཀྱང་རབ་བྱུང་དགེ་སློང་གི་ཚུལ་ཁྲིམས་ཉིས་བརྒྱ་ང་གསུམ་དང་། དགེ་ཚུལ་གྱི་གླིང་ལས་སུམ་ཅུ་སོ་དྲུག་སོགས་ཆོས་ཀྱི་འདུལ་ཁྲིམས་སྲུང་དགོས་པར་བྱུང་ན་འཇིག་རྟེན་གྱི་ཁྱིམ་པ་ཚོས་ཀྱང་གཉེན་སྒྲིག་བྱས་མི་ཆོག་པ་དང་ཕོ་མོའི་འཁྲུག་སྦྱོར་ཀྱང་ངེས་པར་དུ་དོར་དགོས་པར་བྱུང་ན་བོད་ས་ཡ་དྲུག་གི་རིགས་རྒྱུད་ཀྱང་སྐད་ཅིག་དེ་ཉིད་དུ་མེད་པར་འགྱུར་བ་དང་། གལ་སྲིད་སྡིག་པ་དང་མ་འདྲེས་པའི་འཚོ་བ་ཞིག་ངེས་པར་དུ་རོལ་དགོས་ཟེར་ན་མིའི་རིགས་ཀྱི་འཇིག་རྟེན་འདི་ནས་སྐད་ཅིག་ཙམ་ལ་ཡང་གནས་ཐབས་མེད་པ་ཞིག་མ་ཡིན་ནམ། སྔོན་གྱི་བསྐལ་བའི་དུས་ཞིག་ན་བདག་ཅག་གི་སྟོན་པ་སངས་རྒྱས་བཅོན་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་དང་ཤ་རིའི་བུ་རྣམ་པ་གཉིས་ཡུལ་གྲུ་ཆེན་པོ་ཞིག་ལ་ཕེབས་པས་ན་རྒྱ་མཚོ་ཆེན་པོ་ཞིག་སྐམ་ནས་ཉ་སྲིན་དང་སེམས་ཅན་མང་པོ་ཤི་ལ་ཉེ་བས་ཚེ་སྲོག་ལས་ཐར་བ་མེད་པར་འདུག་པ་མཐོང་པས། ཤ་རིའི་བུས་སེམས་པ་ཧ་ཅང་སྡུག་བསྔལ་དུ་གྱུར་ནས་བཞུམ་དྲགས་པས། སངས་རྒྱས་བཅོན་ལྡན་འདས་ཀྱིས་སེམས་ཅན་ལས་ཀྱིས་ཤི་བ་ལ་སྐྱོ་བ་མ་མཚལ་ཞེས་གསུངས་སོ།། དེ་བས་འབྲོག་པས་འཚོ་རྟེན་ཕྱུགས་ཟོག་ལ་བརྟེན་ནས་དམར་ཟས་ཀྱི་འཚོ་བ་རོལ་དགོས་པ་དང་། ཞིང་བས་འཚོ་རྟེན་ཞིང་ལས་ལ་བརྟེན་ནས་དཀར་ཟས་ཀྱི་འཚོ་བ་རོལ་དགོས་པ། དེ་གཉིས་གང་ཡིན་རུང་སྡིག་པ་དང་མ་འདྲེས་པའི་འཚོ་བ་ཞིག་ཡོད་མི་སྲིད་པས། འདི་ནི་ང་རང་ཚོ་འཇིག་རྟེན་པ་དང་སངས་རྒྱས་བཅོམ་ལྡན་འདས་དབར་གྱི་ཁྱད་པར་རེད། ང་རང་ཚོ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་པ་ཡིན་པ་ལས་ཡོངས་སུ་སངས་རྒྱས་དངོས་བྱོན་མ་རེད། ཁྱད་པར་དུ་དེང་དུས་སུ་ཁོ་ཚོ་ནི་ཆོས་པ་རྣམ་དག་ཡིན་ཟེར་བའི་སྐྱ་མིན་སེར་མིན་སྐོར་ཞིག་གིས་མང་ཚོགས་ལག་ནས་ཕྱུགས་ཟོག་ཚེ་ཐར་གཏོང་བར་ཁ་གཡར་ནས་འབྲོག་པའི་སྐམས་ལུག་གྲངས་འབོར་ཆེན་པོ་དེད་ནས་མུ་མཐའ་མེད་པའི་རི་ལུང་རྫ་ལུང་དུ་རི་རྒྱག་བྱེད་བཞིན་འདུག་རུང་ཕྱུགས་ཟོག་དེ་དག་གི་ཚེ་སྲོག་ཐར་ཐབས་ག་ལ་ཡོད། གཅན་ཟན་རི་སྤྱང་གི་ཁ་ནས་ཚེ་ཐར་ཐབས་མེད་པ་མ་ཟད། རྔོན་པ་འཆམ་རྐུན་གྱི་ལག་ནས་ཀྱང་ཚེ་ཐར་ཐབས་མེད་པས། འགྲོ་བ་སེམས་ཅན་ཐམས་ཅད་གང་དང་གང་ཞིག་ཡིན་རུང་སྐྱེ་བ་གཅིག་ལ་འཆི་བ་གཅིག་ཡོད་པ་ནི་གཏན་ནས་ཟློག་ཐབས་མེད་པའི་ཆོས་ཉིད་ཞིག་ཡིན་ལ། ཚེ་ཡི་རིང་ཐུང་ཙམ་ལས་མ་མཆིས་སོ།། གང་ལྟར་སྐྱ་མིན་སེར་མིན་གྱི་ཆོས་པ་དེ་དག་ལ་མཚོན་ན། རྟོགས་པ་ལྷ་དང་མཐུན་ནའང་།། འབྱུང་བ་མི་དང་བསྟུན་དགོས་སོ།། ཞེས་པའི་དཔེ་ལྟར་ཐོག་མར་མི་རང་དང་རང་ལ་བསམ་བློ་ཡག་པོ་ཞིག་གཏོང་འོས་པར་འདུག ཁྱད་པར་དུ་མང་ཚོགས་ཀྱི་བདེ་སྡུག་ལ་བསམ་བློ་ཡག་པོ་ཞིག་གཏོང་འོས་པ་རེད། ཐོག་མར་ཕྱུགས་ཟོག་ཚེ་ཐར་བཏང་བའི་ཕན་ཡོན་དེ་སུ་ཞིག་ལ་འབྱུང་སྲིད་པ་དང་། ཅི་ལྟར་འབྱུང་སྲིད་པ་གསལ་བོ་ཞིག་མ་མཁྱེན་ན་གང་འདོད་དུ་དགེ་བསྐུལ་རྒྱ་ཆེན་པོས་ཕྱུགས་ཟོག་གྲངས་ལས་འདས་པ་ཚེ་ཐར་ལ་ཁ་གཡར་ནས་རྒྱ་ཆེ་བའི་འབྲོག་པ་མང་ཚོགས་ཀྱིས་དབྱར་གསུམ་ཙད་དང་དགུན་གསུམ་ཙག་ལ་མ་འཛེམས་པར་འབད་འབུངས་དང་འཚོ་སྐྱོང་བྱས་པའི་འཚོ་བའི་ཐོན་ཁུངས་སྒོ་ཟོག་ཇེ་ཉུང་དུ་བཏང་ནས་འཚོ་རྟེན་ལ་གནོད་པ་ཆེན་པོ་གཏོང་བཞིན་ཡོད་པ་ལས་མ་འདས་སོ།།

     སྤྱིར་ན་སྐྱ་མིན་སེར་མིན་གྱི་ཆོས་པ་དེ་དག་གིས་ཀྱང་དགེ་བར་བསྐུལ་བའི་ཕྱུགས་ཟོག་གྲངས་ལས་འདས་པ་ཚེ་ཐར་དུ་བཏང་བ་ཡིན་ནའང་འདྲ། དགོན་པའི་རྟེན་བཞེངས་ག་གེ་མོ་ཞིག་གི་འབུལ་ཟོག་རྟ་ནོར་ལུག་གསུམ་དཀར་ཐིག་ཏུ་བསྡུས་པ་ཡིན་ནའང་འདྲ། གང་ལྟར་མཐའ་མཇུག་ཁེ་བ་ཚོང་བ་དང་སྡིག་གཅོད་བཤན་པའི་ལག་ནས་ཚེ་ཐར་དང་འབུལ་ཟོག་དེ་དག་ཐར་ཐབས་ཡོད་མེད་ཚང་མས་མཁྱེན་གསལ་ལྟར། དཔེར་ན་ལོ་ཞིག་གི་སྟོན་ཟླ་དང་པོའི་ཉིན་མོ་ཞིག་ལ་ཨ་མདོ་བྱ་ཁྱུང་དགོན་པའི་འབུལ་སྡུད་པ་སྐོར་ཞིག་མཚོ་སྔོན་པོའི་ཕྱོགས་སུ་ཕེབས་པས་ན། ཡངས་ཤིང་མཐའ་ཡས་པའི་རྩྭ་ཐང་ཀུན་ཏུ་བཅུད་ལྡན་མེ་ཏོག་སྣ་ཚོགས་ཀྱིས་ཁེབས་ཤིང་། སྤང་ལྗོངས་ཀྱི་གོས་སྔོན་མ་ལུས་ཡོངས་སུ་བཀྲ་བ། རྟ་ནོར་ལུག་གསུམ་གྱི་ཤ་ཤེད་རབ་ཏུ་རྒྱས་ནས་དགུང་གི་སྐར་ཚོགས་ས་ལ་འཕོས་པ། སེམས་ཅན་མ་ལུས་ཀུན་གྱི་བཞིན་ལ་སྐྱིད་ཀྱི་ཉི་མ་ཤར་བ། ཁྱད་པར་དུ་ལོ་ལོན་རྒན་པ་སྐོར་ཞིག་གིས་ཀྱང་མགོ་སྦྲ་སྨུག་པོ་དུང་གི་སྒོ་དར་ཅན་བཞི་རྒྱོངས་སུ་བཏང་བ་ཞིག་གི་སྒོ་ལམ་སྤང་ཁུག་ཏུ་འདུས་ཏེ་གཡས་ལོག་གཡོན་ལོག་བྱས་ནས་རང་དང་རང་ལ་འོས་པའི་གཏམ་གླེང་བྱེད་པའི་ཞོར་དུ་ཁྲི་གདུགས་ཉི་མའི་དྲོད་ལ་རོལ་བཞིན་འདུག དེ་ནས་བྱ་ཁྱུང་དགོན་པའི་འབུལ་སྡུད་པ་ཁ་བདེ་ཞིག་གིས་ཡ་ཚེ་ཕྱི་མའི་ཡུལ་དུ་རྐང་པ་བསྲིངས་འདུག་པའི་ལོ་ལོན་རྒན་པ་ཚོ། ཁྱོད་ཚོར་ཚེ་ཐག་རིང་པོ་མི་འདུག ང་ཚོ་ནི་བྱ་ཁྱུང་དགོན་པའི་འབུལ་སྡུད་པ་ཡིན་པས་རྟེན་བཞེངས་ག་གེ་མོ་ཞིག་གི་ཆེད་དུ་ཡོང་བ་ཡིན་པས། དཀར་ཐིག་རེ་ཕྱིན་ན་ཚེ་འདི་ཕྱི་གཉིས་ལ་བཟང་རབ་བཤད། དེ་ནས་རྒན་པོ་ཁ་བདེ་ཞིག་གིས་ཀྱང་ཨོ་ལགས་སོ། ང་ཚོ་ལོ་ལོན་རྒ་རྒས་འདི་དག་གིས་ཚེ་ཕྱི་མའི་ཡུལ་ལ་རྐང་པ་བསྲིངས་ཡོད་པ་ལོས་བདེན་མོད། འོན་ཀྱང་ཚེ་ཕྱི་མར་འགྲོ་བའི་ཉིན་མོ་ལ་ཡིན་གཅིག་མིན་གཉིས་ཀྱིས་བྱ་ཁྱུང་དགོན་པའི་སྒོ་ལམ་གྱེན་ལ་འགྲོ་མིན་མི་ཤེས་པས། ཁྱེད་རྣམས་པ་གཞན་ལ་འབུལ་སྡུད་དང་དཀར་ཐིག་སློང་དུ་སོང་ཞེས་ལན་བཏབས་སོ།།

     བསིལ་ལྡན་ཁ་བས་བསྐོར་བའི་ཞིང་ཁམས་འདིར་མཚོན་ན་གནའ་བོའི་དུས་སུ་རྔོན་པ་དང་བཤན་པ་ཟེར་བའི་ལས་ཀ་དེ་ཡང་ཆེད་མངགས་དམིགས་སུ་བཀར་ནས་བྱེད་མཁན་གྱི་ཁྱིམ་ཚང་དང་མི་སྒེར་གཅིག་ཀྱང་མེད་ཅིང་། སུ་ཞིག་གིས་ཁྱིམ་ཚང་གི་འཚོ་བའི་དགོས་མཁོ་ལྟར་རི་དྭགས་རྔོན་འདོད་ན་སུས་རི་དྭགས་རྔོན་པ་དང་། ཕྱུགས་རིགས་བཤའ་འདོད་ན་སུས་སྐམས་ལུག་བཤའ་ཆོག་པས་སྲོག་གཅོད་ཀྱི་ཉེས་སྡིག་ཟེར་བའི་ཐ་སྙད་འདི་འདྲ་ཆེན་པོ་མི་འདུག ད་དུང་མི་ལ་ནད་བཅོས་སྲོག་སྐྱོབ་བྱེད་ཆེད་སེམས་ཅན་བསད་ནས་ལྷ་ལ་དམར་མཆོད་འབུལ་བའི་གོམས་སྲོལ་ཡོད་ལ། ཕྱུགས་ཟོག་ཚེ་ཐར་བཏང་ནས་ཚེ་བབླུ་བྱེད་སྲོལ་ཀྱང་ཡོད། དགེ་བཅུ་དང་བསྙེན་གནས་ཡན་ལག་བརྒྱད་ཀྱི་ཆོས་ཁྲིམས་དར་ཁྱབ་བྱུང་བའི་རྗེས་སུ་མི་ཚང་མས་སྲོག་གཅོད་པ་སོགས་སྡིག་པའི་ལས་ཀྱིས་གནོད་དོགས་དང་། ངན་སོང་གསུམ་གྱི་འཇིགས་སྐྲག་ལ་ཞེད་ནས། ཚེ་ཕྱི་མའི་བདེ་སྐྱིད་ཀྱི་ཆེད་དུ་སེམས་ཅན་གྱི་སྲོག་གཅོད་པའི་བྱ་བ་དེ་རྩ་བ་ནས་སྤོང་བ་དང་ཇེ་ཉུང་དུ་སོང་ཡོད་པས། རབ་བྱུང་བཙུན་པ་ཙམ་མ་ཟད་དད་ལྡན་རྗེ་འབངས་མི་སེར་དཀྱུས་མའི་ཁྲོད་དུ་ཡང་དམར་ཟས་སྤོང་མཁན་ཇེ་མང་དུ་ཕྱིན་པ་རེད། དཀར་ཟས་སྤྱོད་པ་དང་དམར་ཟས་སྤོང་བ་ནི་འགྲོ་བ་གང་ཟག་ཐམས་ཅད་ཀྱི་རང་དབང་ལོས་ཡིན་མོད། འགྲོ་བ་གང་ཟག་ཐམས་ཅད་ཀྱི་སེམས་ལ་རག་ལས་དང་རང་དང་རང་གི་སེམས་པའི་ངོགས་སུ་རྣམ་དཀར་དགེ་བའི་ཆོས་བཞིན་གད་སྙིགས་གཙང་དག་བྱེད་པའི་ཐབས་ཤེས་ཙམ་དང་འགྲོ་བ་མིའི་ཀུན་སློང་ཇེ་ཡག་ཏུ་གཏོང་བའི་འདུ་ཤེས་ཙམ་ལས་མ་འདས་སོ།། སྤྱི་ཚོགས་ཀྱི་ཁོར་ཡུག་དང་ནང་པ་སངས་རྒྱས་ཆོས་ལུགས་ཀྱི་བཞེད་དགོངས་དྲིལ་བསྒྲགས་དང་གླེང་ཕྱོགས་མང་པོའི་འོག་ཏུ། རི་དྭགས་རྔོན་པ་དང་སྡིག་གཅོད་བཤན་པ་སོགས་ནི་སྡིག་ཅན་དམྱལ་བར་ལྷུང་རྒྱུ་ལས་ཚེ་ཕྱི་མའི་མདུན་ལམ་གཞན་ཅི་ཡང་མེད་ཟེར་བས་ན། མི་སུ་ལའང་རྔོན་པ་དང་བཤན་པ་བྱེད་འདོད་རྩ་བ་ནས་མེད་པར་གྱུར་ནས་སྤྱི་ཚོགས་ཀྱི་གནད་དོན་གསར་པ་ཞིག་ཐོན་སྲིད་པ་རེད། ཤ་མར་སྤགས་གསུམ་ནི་མདོ་དབུས་མཐོ་སྒང་དུ་ངེད་ཅག་བོད་པས་ས་མཐོར་འཚོ་གནས་བྱེད་པའི་མི་རྣམས་ཀྱི་འཚོ་བཅུད་གཙོ་བོ་ཡིན་ལ་དེང་རབས་ལྟ་བུའི་ཚལ་རིགས་འདྲ་མིན་དེ་འདྲ་ཡང་རྩ་བ་ནས་མེད་པས། ཤ་བཟའ་བ་ནི་ཞིམ་ཟས་ཟ་བ་ཙམ་མ་ཡིན་པར་ལུས་པོའི་འཚོ་བཅུད་ཀྱི་དགོས་མཁོ་ཡིན་པས་ན་ཉེས་སྡིག་ཇི་ལྟར་ཆེ་ཡང་གང་ཟག་སུ་ཡིན་ཞིག་གིས་ཤ་མ་བཟས་ན་འཚོ་ཐབས་མི་འདུག་པ་མ་ཡིན་མོད། བདག་གིས་དངོས་སུ་ཤེས་གསལ་ལྟར་ན་གངས་རིའི་ལྗོངས་འདིར་མཚོ་སྔོན་ཞིང་ཆེན་གྱི་མངའ་ཁུངས་སུ་གཏོགས་པའི་རོང་བོ་བློན་ཆོས་སྔགས་སའི་འཚམས་ཐོག་གོང་མ་བཀྲ་ཤིས་ཆོས་རྫོང་དགེ་འཕེལ་བྱང་ཆུབ་གླིང་གི་ཐུགས་རྗེ་ཆེན་པོ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་དངོས་སྤྲུལ་དམ་པར་ཡོངས་སུ་གྲགས་པའི་ ༧སྔགས་སའི་དགེ་བཤེས་རིན་པོ་ཆེས་སྐུ་དངོས་སུ་འདོན་སྤེལ་མཛད་བའི་དགོན་པ་དེའི་དགེ་འདུན་པ་ཡོངས་ཀྱིས་ལོ་རེར་བཞིན་ཉིན་མོ་སུམ་བརྒྱ་དང་དྲུག་ཅུའི་རིང་ལ་དམར་ཟས་གཏན་ནས་བསྟེན་མི་སྲིད་པ་མ་ཟད་ཞྭ་སེར་བསྟན་པའི་རིང་ལུགས་འཛིན་པའི་སྨྱུང་གནས་བ་ཁོ་ནར་བཞུགས་སོ། དེར་བརྟེན་ད་ལྟ་གངས་རིའི་ལྗོངས་སུ་གྲུབ་མཐའ་རིས་མེད་ཀྱི་ཆོས་སྡེ་ཆེན་པོ་ཉིས་སྟོང་བདུན་བརྒྱ་དྲུག་ཅུ་རེ་དགུ་ཙམ་བཞུགས་པའི་དགེ་འདུན་པ་རྣམས་ཀྱིས་ཀྱང་ཚེས་བཟང་དུས་བཟང་དང་ཚུལ་ཁྲིམས་གསོ་སྦྱོང་གི་ཆོ་ག་ཕྱག་ལེན་གནང་བའི་དུས་སུ་དམར་ཟས་ངེས་པར་དུ་སྤོང་དགོས་པ་ཕུད། དེ་མིན་གྱི་དུས་སུ་རྣམ་གསུམ་དག་པའི་ཤ་ཡིན་ཚེ་ཅུང་ཟད་བཞེས་ཆོག་ཅེས་ཆོས་ཁྲིམས་ནང་དུ་འཁོད་ཡོད་པ་རེད། དེ་འདྲའི་ཤ་ཟས་པའི་ཚེ་ཉེས་སྡིག་ཀྱང་ཅུང་ཟད་ཆུང་བར་བརྩིས་བཞིན་ཡོད་པ་རེད། ད་ལྟའི་དུས་ལ་ཡང་དམར་ཟས་སྤོང་མ་ཐུབ་པའི་བླ་སྤྲུལ་དང་དགེ་འདུན་བཙུན་པ་བཙུན་མ་རྣམས་དང་། དད་ལྡན་མང་ཚོགས་ཚོས་ཀྱང་མ་མཐའ་བྱས་ཀྱང་ཟླ་རེའི་དུས་ཆེན་བརྒྱད་ལ་དེ་ལྟར་དམར་ཟས་ངེས་པར་དུ་སྤོང་བའི་སྲུང་བྱ་བརྩི་བ་དང་ལག་ལེན་བྱེད་བཞིན་ཡོད་པ་རེད། ཁྱད་པར་དུ་ཉུང་མཐའ་བྱས་ཀྱང་བུད་མེད་དང་ལོ་ལོན་མང་པོའི་ཁྲོད་དུ་ཉིན་ཤ་སྤོང་ངེས་པའི་བསམ་བློ་དང་འདུ་ཤེས་ཡག་པོ་ཞིག་རང་གིས་རང་ལ་གདམས་ཡོད། འོ་ན་ཤ་ཟ་འདོད་ཀྱང་སྡིག་པ་བསགས་མི་འདོད་པ། ཤ་ཟ་མཁན་ཡོད་ཀྱང་བཤས་གཏོང་བྱེད་མཁན་མེད་པའི་གནས་ཚུལ་འོག་ཏུ་བཤན་པ་ནི་ཧ་ཅང་དཀོན་པའི་ལས་རིགས་ཤིག་ཏུ་གྱུར་འདུག ཁོ་བོས་བསམ་ན་ཕྱུགས་ཟོག་གི་ཚེ་སྲོག་ནི་སྡིག་གཅོད་བཤན་པས་བཅད་པ་ཡིན་རུང་ཤ་བཟའ་མཁན་ལ་ཉེས་པ་མེད་ན་བཤན་པ་ལ་དེ་ལས་ལྷག་པས་ཉེས་པ་ག་ལ་ཡོད་སེམས། གནའ་སྔ་མོའི་གཏམ་རྒྱུད་ཞིག་ལས། བོད་བརྒྱུད་ནང་བའི་དགོན་པ་ཞིག་ཏུ་དགོན་པ་དེར་ཞབས་ཏོག་ཞུ་བའི་སྡིག་གཅོད་བཤན་པ་ཞིག་ཡོད་པ་དང་། དགོན་བདག་བླ་མ་དང་ཐུགས་འདུན་ཧ་ཅང་ཟབ་མོ་འདུག་པ་མ་ཟད་རྣམ་པ་གཉིས་ཀྱི་དགུང་གྲངས་ཀྱང་མཐོ་རུ་ཟོན་ཡོད་པས། ཉིན་ཞིག་ལ་དགོན་བདག་བླ་མ་དང་སྡིག་གཅོད་བཤན་པ་གཉིས་ཀྱིས་ཞལ་གྲོས་བྱས་ཏེ། བདག་གཉིས་ཚེ་འདས་ཀྱི་ཉིན་མོར་ལྷན་ཅིག་ཏུ་ཞི་བའི་དབྱིངས་སུ་གཤེགས་རྒྱུའི་གྲོས་ཐག་བཅད། དུས་ཆད་ཀྱི་ཉིན་མོ་དེར་སླེབས་དུས་དགོན་བདག་བླ་མས་སྡིག་གཅོད་བཤན་པར་ངེད་གཉིས་དག་ཞིང་དུ་ཕེབས་པའི་དུས་སུ་སྨིན་ཟིན་པའི་བསྐུལ་བ་གནང་རུང་སྡིག་གཅོད་བཤན་པས་དགོན་བདག་བླ་མར་ཤར་ཕྱོགས་ནས་མཛོ་མོ་སྔོན་པོ་ཞིག་བཤས་རར་ཐོན་ལ་ཉེ་ཞིང་དེ་བཤའ་རན་གྱི་དུས་སུ་སྨིན་ཡོད་པས་ཅུང་ཙམ་སྒུག་རོགས་ཞུ་ཞེས་བཤད། དེ་ནས་མཛོ་མོ་སྔོན་པོ་དེ་ཡང་དགོན་པའི་བཤས་རར་སྦྱིན་བདག་གིས་དེད་ནས་ཐོན་པ་དང་ལྷན་དུ་སྡིག་གཅོད་བཤན་པས་མཛོ་མོ་དེའི་ཚེ་སྲོག་བཅད་མ་ཐག་ཏུ་རང་གི་གདུད་བྱ་ཡོངས་སུ་ལེགས་གྲུབ་བྱུང་ཟིན་ཞེས་དགོན་བདག་བླ་མ་དང་ལྷན་ཅིག་ཏུ་བདེ་བ་ཅན་གྱི་ཞིང་ཁམས་སུ་ཕེབས་སོ་ཟེར། དེ་བས་ན་དགེ་བའི་ལས་སྒྲུབ་པ་དང་སྡིག་པའི་ལས་བྱེད་པ་གང་ཡིན་རུང་འདུས་བྱས་ཐམས་ཅད་མི་རྟག་ཅིང་། འཇིག་རྟེན་འདིའི་སྟེང་དུ་འཛོམས་པའི་གང་ཟག་སྐྱེ་བོ་མཐའ་དག བླ་མ་དང་དཔོན་པོ། བཙུན་པ་དང་བཙུན་མ། སྡིག་ལས་དང་དགེ་ལས་གང་རུང་གི་སྐུ་དྲག་དང་བློན་པོ། ཐ་ན་འབངས་མི་སེར་དཀྱུས་མ་སུ་ཞིག་ཡིན་རུང་སྐྱེས་རྒ་ན་འཆིའི་གནས་ལས་ཐར་ཐབས་མེད་པ་དང་། སྐྱེས་པ་དང་རྒས་པ། ན་བ་དང་འཆི་བ་བཅས་ཀྱི་མདུན་དུ་སེམས་ཅན་ཐམས་ཅད་ཀྱི་ཐོབ་ཐང་ལ་ཁྱད་པར་རྩ་བ་ནས་མེད་པ་གསལ་བོར་མཚོན་འདུག་སེམས།།

     དེ་ཡང་སྔོན་ཆད་བོད་ཀྱི་རྒྱལ་བློན་འཁོར་འབངས་དང་། སེར་སྐྱ་ཡོངས་ཀྱི་འཚོ་གནས་དང་འབྲེལ་བ་ཆེ་བའི་གནད་དོན་འདི་མཐར་ཕྱིན་པར་ཐག་གཅོད་བྱེད་ཐབས་སུ་ཡུལ་གང་ཞིག་ཏུ་ཁྲིམས་འགལ་ཉེས་ཅན་པ་ཐོན་ཚེ་རྒྱལ་ཁྲིམས་ལ་བརྟེན་ནས་ཉེས་ཅན་དེ་སྡིག་གཅོད་བཤན་པ་བྱེད་དུ་འཇུག་པ་དང་། དེའི་འཚོ་བརྟེན་གཏན་འཁེལ་གྱིས་མི་རབས་ནས་མི་རྒྱུད་བཅས་བཤན་པའི་ལས་ཀ་འདི་ཁོ་ན་བྱས་ཏེ་འཚོ་གནས་བྱེད་དགོས་པ་མ་གཏོགས། ཞིང་འབྲོག་སོགས་ལས་རིགས་གཞན་ཅི་ཡང་བྱས་མི་ཆོག་ཅེས་བོད་མིའི་ཁ་རྒྱུན་དུ་ཡང་ཁྲིམས་དང་སྡིག་པ་རང་འཁུར་ཡིན་ཞེས་བཀའ་ཁྲིམས་བཙན་པོ་བཏང་ཡོད་པ་རེད།།  

     སངས་རྒྱས་ཆོས་གཞུང་ལས། སྡིག་པ་ཅི་ཡང་མི་བྱ་ཞིང་།། དགེ་བ་ཕུན་སུམ་ཚོགས་པར་སྤྱད།། རང་གི་སེམས་ནི་ཡོངས་སུ་འདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན།། ཞེས་གསུངས་ཡོད། དགེ་བ་སྒྲུབ་པ་ཞེས་པ་ནི་རབ་བྱུང་བཙུན་པ་ཚོས་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་དགེ་བཅུའི་ཆོས་ཁྲིམས་ལ་བརྩི་སྲུང་དང་། ལག་ལེན་ནན་ཏན་བསྟར་དགོས་པ་དེ་ཡིན། དགེ་བཅུའི་ཆོས་ཁྲིམས་དང་བསྙེན་གནས་ཡན་ལག་བརྒྱད་ནི། ནང་པ་སངས་རྒྱས་པའི་རབ་བྱུང་བཙུན་པ་རྣམ་པའི་བླངས་དོར་གྱི་ཚད་གཞི་ཆེན་པོ་སྟེ། སྡིག་སྤོངས་དགེ་སྒྲུབ་བྱེད་པའི་བྱ་སྤྱོད་ཀྱི་གཞི་འཛིན་ས་དང་། ཐིག་ཤིང་ལྟ་བུའི་རྩ་བའི་ཆོས་ཁྲིམས་དེ་ཡིན། ཆོས་ཁྲིམས་དེ་ལ་བརྩི་སྲུང་ཞུ་ཐུབ་མིན་ནི་དགེ་སློང་རྣམ་དག་ཅན་ཞིག་ཡིན་མིན་དང་། ཚེ་ཕྱི་མ་སྐྱེ་གནས་གང་ཞིག་ཐོབ་མིན་གྱི་གནད་དོན་ཆེན་པོར་ཐུག་ཡོད་ཟེར། དགེ་བཅུ་དང་བསྙེན་གནས་ཡན་ལག་བརྒྱད་སྤོངས་ཀྱི་ཆོས་ཁྲིམས་འདི་གཉིས་ནི་དགེ་འདུན་བཙུན་པ་རྣམས་ཀྱིས་ནན་ཏན་བརྩི་སྲུང་ཞུ་དགོས་པ་མ་ཟད། དད་ལྡན་བློན་འབངས་མི་སེར་དཀྱུས་མ་ཀུན་གྱིས་ཀྱང་དེ་ལྟར་བརྩི་སྲུང་ཞུ་ཐུབ་པ་ན། ཚེ་ད་རེས་ཙམ་མ་ཟད། ཚེ་ཕྱི་མར་ཡང་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པའི་སྐོར་གྱི་གནས་ལུགས་བླ་སྤྲུལ་རྣམ་པ་དང་དགེ་བའི་བཤེས་གཉེན་སྐྱེས་ཆེན་དམ་པ་ཚོས་དད་ལྡན་རྣམས་ལ་གསུང་ཆོས་དང་བཀའ་དབང་གནང་གི་ཡོད་པ་དང་། དུས་རྟག་ཏུ་སྒྲོགས་བྱང་དྲན་སྐུལ་བྱེད་ཡས་གཙོ་བོར་གྱུར་ཡོད་པ་རེད། དེང་གི་དུས་སུ་ཡང་དགེ་བཅུ་བརྒྱད་སྤོངས་ཀྱི་ཆོས་ཀྱི་ནང་དོན་ལ་འགྱུར་བ་ཚིག་གཅིག་ཀྱང་བྱུང་མེད་པར་ཕྱག་ལེན་བྱེད་བཞིན་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད།། 

     དེ་ལྟར་སངས་རྒྱས་ཆོས་ལུགས་པས་གང་ཟག་སྐྱེ་བོ་ཞིག་ཚེ་ལས་འདས་པ་ན། དེའི་ལུས་པོ་ས་རྡོར་གྱུར་ཀྱང་རྣམ་ཤེས་ནི་སྔར་མུས་བཞིན་གནས་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་པས། གཤིན་པོའི་འདས་ཆོས་ཀྱང་ཐོག་མར་འཕོ་བ་འདེབས་པ་ནས་འགོ་འཛུགས་ཀྱི་ཡོད། འཕོ་བ་འདེབས་པ་ཞེས་པའི་གོ་དོན་ནི། ས་རྡོར་གྱུར་བའི་འདས་པོའི་ཕུང་པོ་དེའི་རྣམ་ཤེས་ཕྱིར་བཏོན་ཏེ། སྐྱེ་གནས་གཞན་ཞིག་ཏུ་གནས་འཕོ་བ་བྱེད་པ་དེ་ལ་ཟེར། དེའང་ཚད་ལྡན་བླ་མ་དམ་པ་རྣམ་པའི་དྲུང་ནས་ཕུང་པོར་འཕོ་བ་འདེབས་ཆོག་པའི་གསུང་གི་གནང་བའི་དབང་ལུང་ཐོབ་པའི་གྲྭ་བ་རབ་བྱུང་བ་ཞིག་འདས་པོའི་ཁྱིམ་དུ་གདན་འདྲེན་ཞུས་པའམ་རྒྱང་རིང་ནས་འཕོ་བ་སྨོན་ལམ་འདེབས་པར་ཞུ་བ་གང་རུང་བྱེད་ཀྱིན་ཡོད་པ་དང་། དེ་རྗེས་གཤིན་རྩིས་ནང་བཏོན་པའི་སྒྲུབ་བྱ་གཞིར་བཟུང་། བླ་བཙུན་དང་གྲྭ་པ་གདན་དྲངས་ནས་བར་དོ་ངོ་སྤྲོད་ཀྱི་ཆོས་དཔེ་ཀློག་འདོན་དང་། སྐྱབས་འགྲོ་དང་། བླ་མའི་མཚན་སྔགས་། གསོལ་འདེབས་སྨོན་ལམ་། ལྟུང་བཤགས་སོགས་འདོན་པ་དང་། འདས་པོས་ཚེ་གང་བོར་བསགས་པའི་སྡིག་གྲིབ་ཐམས་ཅད་བྱང་བར་བྱེད་པའི་ཆོས་ཀྱི་ཆོ་ག་སྟེ། བྱང་ཆོག་གཏོང་བ། གཟུངས་སྔགས་སྣ་ཚོགས་འདོན་པ། དཀོན་མཆོག་ལ་མཆོད་འབུལ། ངན་སློང་ལ་སྦྱིན་པ། གཤེ་འདྲེ་ལ་གཏོར་མ། འདས་པོའི་རྣམ་ཤེས་ལ་ཚ་བསུར་གཏོང་བ་སོགས་ཞག་གསུམ་གྲུ་བཞིའི་རིང་ཉིན་མཚན་བསྟུད་མར་བར་མཚམས་མི་འཇོག་པ་དང་། དེ་རྗེས་བདུན་ཚིགས་ཟིན་པ་བཅས་ཉིན་ཞག་བཞི་བཅུ་ཞེ་དགུའི་རིང་གི་ཆོས་ཀྱི་བྱེད་སྒོ་ཆ་ཚང་དགོས་པ་སོགས་གཤིན་པོའི་རྣམ་ཤེས་དེ་བར་དོར་མ་འཁྱམས་པར་བདེ་བ་ཅན་གྱི་ཞིང་ཁམས་སུ་འདྲེན་པའི་ཆེད་དུ་ཟེར། དུར་ཁྲོད་དུ་ཕུང་པོ་གཏོར་སིལ་བྱེད་སྐབས་ཀྱི་གཅོད་གཏོང་མཁན་ཚང་མ་ཡང་སངས་རྒྱས་ཆོས་ལུགས་ཀྱི་ཆོ་ག་བཞིན་བྱེད་དགོས་ལ། ཕུང་པོ་གཏོར་སིལ་གྱི་ལས་ཀ་འདི་ཡང་གཞན་ལ་ཕན་པའི་དགེ་བའི་ལས་ཤིག་ཡིན་པ་ལས་སྡིག་པའི་ལས་ཤིག་མིན་པ་ཀུན་གྱིས་ཤེས་གསལ་ལྟར་རེད།

     ང་རང་ཚོའི་བསམ་བློའི་ནང་གི་བག་ཆགས་ཏེ། བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་སྤྱི་ཚོགས་ཀྱིས་བཞག་པའི་མུན་འཐོམས་ཀྱིས་ངོས་འཛིན་དང་། མུན་འཐོམས་ཀྱིས་ཡིད་ཆེས། མུན་འཐོམས་ཀྱིས་དད་པ་བྱེད་པའི་རྗེས་ལུས་བསམ་བློའི་འཆིངས་ཐག་ལས་མ་གྲོལ་བའི་རྟགས་མཚན་ཏེ། ག་ས་གར་དུ་བླ་མ་རེད་ཟེར་ན་བདེན་རྫུན་མི་དབྱེ་བར་དབང་བསྐུར་དང་། ཐུགས་དམ། བྱིན་རླབས་སོགས་ཞུ་བ་དང་། ལྷ་པ་དང་མོ་པ་རེད་ཟེར་ན་ཐུགས་བརྟག་དང་མོ་ལུང་གང་འདོད་ཞུ་བ། བསྐལ་བ་དང་བཀོད་ཞག་རེད་ཟེར་ན། རང་གིས་རང་ལ་སེམས་གསོ་གཏོང་རྐྱང་བྱེད་པ། མི་ཚེ་གནས་སྐོར་དང་ཆོས་འཇལ་ཞུས། སྐུ་འདྲིའི་ཞལ་མི་ཚོར། ལྷ་ཡོད་ཚད་ལ་སྐྱབས་སུ་མཆིས་ཞུ་རྐྱང་དང་གསོལ་བ་སྨོན་ལམ་འདེབས་རྐྱང་བྱེད་པ་ལས་ཐ་ན་སྐྱབས་སུ་མཆིས་ཞེས་ཞུ་བ་དེའི་གོ་དོན་གང་ཡིན་པའང་མི་ཤེས་པའི་དད་ལྡན་མུན་འཐོམས་པ་ཧ་ཅང་མང་པོ་ཡོད་པས། འཛེམས་བྱ་དང་འཛེམས་བྱེད། སྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་ངོ་བོ་ཁྱད་པར་གསལ་བོ་ཞིག་མ་ཤེས་ན་གཞན་གྱིས་རྨོངས་དད་རེད་ཟེར་བ་ཡང་ལོས་བདེན་སེམས།། 

     ང་རང་ཚོའི་བསམ་བློའི་ངོས་སུ་སངས་རྒྱས་ཆོས་ལུགས་ལ་དད་མོས་ཀྱི་དུས་མཚུངས་སུ་ཚན་རིག་ལ་ཡིད་ཆེས་དང་ཚན་རིག་ལ་བརྟེན་ནས་འཕེལ་རྒྱས་འགྲོ་བའི་ལྟ་བ་བརྟན་པོ་ཞིག་ཚུགས་མེད་པ་དང་། ལོ་རྒྱུས་ཀྱིས་ང་ཚོར་བཞག་པའི་ཞིབ་ཕྲའི་གནད་དོན་ལ་ཞིབ་ཕྲའི་དབྱེ་ཞིབ་བྱས་ཏེ་དོན་དངོས་དང་དཔང་རྟགས་བགྲངས་ཏེ་སྐྱེས་ས་རིགས་རུས་མཐོ་དམན་དང་། གཙང་བཙོག་སྨྲ་བའི་ལྟ་བ་སོགས་རྩ་བ་བསྔོགས་མ་ཐུབ་པ་དང་དེའི་མཐིལ་བརྟོལ་མ་ཐུབ་པའི་རྐྱེན་གྱིས་རེད། སྐྱེས་ས་རིགས་རུས་མཐོ་དམན་དབྱེ་བའི་ལྟ་བ་འདི་ནི་བོད་ཀྱི་བཙན་པོ་རྒྱལ་རབས་སུམ་ཅུ་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་ནས་ཐོག་མར་དར་འགོ་ཚུགས་པ་ཞིག་རེད། ནང་པ་སངས་རྒྱས་ཀྱི་ཆོས་ལུགས་པས་བོད་ཀྱི་བཙན་པོ་རིམ་བྱོན་རྣམས་ནི་སྟེང་ཕྱོགས་ལྷ་ཡི་ཞིང་ཁམས་ནས་བོད་མིའི་རྗེ་བོར་མངགས་གཏོང་གནང་བར་ངོས་འཛིན་བྱེད་བཞིན་ཡོད་པ་རེད། དཔེར་ན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དབུ་ཐོད་དུ་འོད་དཔག་མེད་ཀྱི་སྐུ་འདྲ་ཞིག་འཇོག་དགོས་དོན་ནི་སྒྲོལ་མའི་ཆ་དཔེའི་ནང་རལ་པའི་ཁྲོད་ན་འོད་དཔག་མེད་ལྷ་ཞེས་པ་ལྟར། སྲོང་བཙན་སྒམ་པོ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུའི་སྤྲུལ་པ་ཡིན་པའི་མཚོན་རྟགས་ཡིན་ཟེར། ཁྱད་པར་དུ་རྙིང་མའི་ཆོས་ལུགས་བྱེད་མཁན་པ་སེར་ཁྱིམ་པའི་མི་རྒྱུད་ལ་དཀར་པོ་དགེ་བའི་ལས་བྱེད་མཁན་སྔགས་པའི་རྒྱུད་ཡིན་ཞེས་རུས་པ་མཐོན་པོར་བརྩིས་ཡོད་པ་དང་། དེ་ལྟར་ཆོས་བྱེད་སྐྱེས་བུ་རྣམས་ལ་བཙུན་པ་རབ་བྱུང་བ་དང་། དགེ་འདུན་པ་ཞེས་དང་། འབངས་མི་སེར་དཀྱུས་མ་རྣམས་ལ་ཁྱིམ་པ་མི་ནག་པ་ཟེར་བ། རྔོན་པ་དང་། བཤན་པ། མགར་བ་བཅས་ནི་ནག་པོ་སྡིག་པའི་ལས་བྱེད་མཁན་ཡིན་ཞེས་ངན་པ་བཙོག་པར་བརྩིས་ཡོད་པ་མ་ཟད་། ཁོ་ཚོའི་མི་རྒྱུད་ལ་ཡང་སྐྱེས་ས་གཙང་མ་མ་ཡིན་པའི་ལྟ་སྟངས་དེ་རིམ་བཞིན་དར་བ་རེད།།

     ང་རང་ཚོ་བོད་མི་རིགས་ཟེར་བ་ནི་ལས་ལ་བརྩོན་ཞིང་སྡུག་རུས་ཐེག་པ། སྤྱང་གྲུང་དོད་ལ་བྱམས་སྙིང་རྗེ་དང་ལྡན་པ། ལས་རྒྱུ་འབྲས་ལ་བརྩི་མཐོང་ཆེན་པོ་བྱེད་པ། ཁོར་ཡུག་གི་རང་བྱུང་ཆགས་ཚུལ་དང་། ཡུལ་སྲོལ་གོམས་གཤིས་སོགས་ལ་དམིགས་བསལ་ཁྱད་ཆོས་ལྡན་པ། གཞི་རྩའི་ཆ་ནས་ནང་པའི་ཆོས་ལ་དད་པ་བྱེད་མཁན་གྱི་མི་རིགས་ཤིག་ཡིན། རྣམ་དཔྱོད་ཀྱི་མཁྱེན་རྒྱ་རབ་ཏུ་ཡངས་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་འཛམ་གླིང་ཤར་ཕྱོགས་ན་རིག་གནས་དང་སྟོབས་འབྱོར་དར་ཆེ་བའི་རྒྱ་གར་དང་རྒྱ་ནག་གི་ཆོས་ལུགས་དང་རིག་གནས་དེ་རང་གི་བོད་ཡུལ་དུ་སྤེལ་དགོས་པར་དགོངས་ནས། རྒྱ་ནག་གི་འུན་ཤིང་ཀོང་ཇོ་ཁབ་ཏུ་བསུས་ནས་གཉེན་གྱི་འབྲེལ་བ་བཙུགས་ཏེ་བོད་ཀྱི་རྟེན་གཙོ་བོ་ཇོ་བོ་ཤཱཀྱ་མུ་ནི་དང་གསུང་རབ་རིན་པོ་ཆེ་སྐོར་ཅིག་གདན་འདྲེན་ཞུས་ཤིང་། བལ་བཟའ་ཁྲི་བཙུན་ཁབ་ཏུ་བཞེས་ནས་ཇོ་བོ་མི་བསྐྱོད་རྡོ་རྗེའི་སྐུ་སོགས་གདན་དྲངས་། དམ་པའི་ཆོས་ཀྱི་འབྱུང་ཁུངས་རྒྱ་གར་ཡིན་པར་དགོངས་ནས་ཐོན་མི་སམ་བྷོ་ཊ་སོགས་བློན་པོའི་བུ་ཕྲུག་རིག་རྒོད་སྐོར་ཅིག་རྒྱ་གར་དུ་མངགས་ཏེ་སློབ་སྦྱོང་བྱེད་དུ་བཅུག་ནས་གྲུབ་འབྲས་ཆེན་པོ་བླངས། འོན་ཀྱང་མི་རིགས་གཞན་གྱིས་བོད་མི་རིགས་འདི་སྔར་བཞིན་རྗེས་ལུས་ཀྱི་གནས་སུ་དམན་པར་བྱས་ནས། ཁྱད་པར་དུ་སྔོན་ཆད་བོད་ལ་སློབ་གྲྭ་མེད་ཅེས་ཟེར་ཡང་། རྒྱ་ནག་དང་རྒྱ་སེར་གྱི་ལུགས་ལྟར་ཚུགས་པའི་དེང་སང་གི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་གྲུབ་སྟངས་འདི་འདྲ་མེད་ཀྱང་། རང་གི་ཆོས་དང་རིག་གནས་ཀྱི་སློབ་གྲྭ་མེད་པ་ག་ལ་ཡིན། ཡོད་པས་མི་ཚད་གཞན་ལས་ལྷག་པའི་ཁྱད་ཆོས་མང་དུ་ཡོད་པའི་སློབ་གྲྭ་ཆེ་ཆུང་མང་དུ་ཡོད། དེ་དག་ནི་གང་ཡིན་ཟེར་ན་བོད་ཡུལ་ཀུན་ཏུ་ཁྱབ་པའི་རྒྱ་གར་ན་ལེན་དྲ་དང་པྲི་ཀ་མ་ལ་ཤི་ལ་སོགས་དཔེ་བྱས་ནས་ཕྱག་བཏབ་པའི་ཆོས་གྲྭ་དགོན་སྡེ་ཡིན། དགོན་པ་རྣམས་ཀྱི་ནང་དུ་ཡིག་གེ་དཀར་ནག་ནས་བཟུང་སྟེ། བཅུ་ཕྲག་རིག་གནས་ཀྱི་སློབ་ཁྲིད་དང། སྨན་རྩིས་དང་ལྷ་རིས་བཟོ་རྩལ་སོགས་ཁྲིད་སྦྱོང་བྱེད་པ་དང་། བཀའ་བོད་གཞུང་ལུགས་དཔྱད་འཇུག་འཆད་རྩོད་རྩོམ་གསུམ་དང་བསྒྱུར་སྤེལ་ལག་ལེན་བྱེད་པ་སོགས་སྲོལ་རྒྱུན་གྱི་སློབ་གསོ་དང་། ཁང་བཟང་བཀོད་ལེགས་ལྷ་རྟེན་མཆོད་གསུམ། འཆམ་དང་གླུ་གར་རོལ་མོའི་ལྟད་མོ། དཔར་སྐྲུན་ཁང་སོགས། ཆོས་སྡེ་ཆེ་ཁག་སོགས་ལ་དེང་སང་གི་སློབ་གྲྭ་དང་། ཞིབ་འཇུག་ཁང་། རྩོམ་སྒྱུར་ཁང་། དཔར་སྐྲུན་ཁང་། དཔེ་མཛོད་ཁང་། གནའ་རྫས་ཁང་། སྒྱུ་རྩལ་ཁང་སོགས་ཀྱི་བྱེད་ལས་སྣ་ཚོགས་ཚང་ཡོད་པས། དེང་སང་འཛམ་གླིང་ན་བོད་མི་རིགས་ནི་བསམ་པ་དྲང་ཞིང་དཀར་བའི་ཚད་དུ་བྱེད་པ་འདི་ཡང་། མི་རིགས་འདི་བསམ་པ་དང་ཀུན་སྤྱོད་བཟང་བའི་ཆ་ནས་ཡིན་ལ། བསམ་པ་དང་ཀུན་སྤྱོད་བཟང་བོ་དེ་ཡང་ལྷན་སྐྱེས་སུ་ཡོད་པ་མ་ཡིན་པར། སངས་རྒྱས་ཆོས་ལུགས་དང་རིག་གནས་ཀྱི་སློབ་གསོ་ཐེབས་པ་ལས་བྱུང་བ་རེད།།

     ཡིན་ནའང་སྔོན་ཆད་སྤྱི་ཚོགས་རྙིང་པའི་སྐབས་སུ་སྐྱེས་ས་རིགས་རུས་མཐོ་དམན་དང་གཙང་བཙོག་སྨྲ་བའི་ཧ་ཅང་རྗེས་ལུས་ཀྱི་ལྟ་བ་དང་གོམས་སྲོལ་ངན་པ་དེ་ད་ལྟ་ཡང་མ་ཉམས་སོར་ཆུད་དུ་ཉར་ཚགས་དམ་པོ་བྱས་ཡོད་པ་མ་ཟད། སྔར་མུས་བཞིན་མི་རྣམས་ཀྱི་བསམ་པའི་འདུ་ཤེས་ཀྱི་ཁྱབ་ཁོངས་བཟུང་ཡོད་པ་རེད། བོད་ཆོས་ལྡན་ཀྱི་ཞིང་ཁམས་ཞེས་མཚན་སྙན་ཐོབ་པ་དང་། དད་ལྡན་ཚང་མས་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་པར་ཤོག་ཅེས་དུས་རྟག་ཏུ་གསོལ་བ་སྨོན་ལམ་འདེབས་པའི་གནས་མཆོག་འདིར་ཕ་མེས་ཀྱི་རིགས་རུས་དེད་ནས་མཐོང་ཆུང་བྱེད་པའི་རྙིང་ཞེན་བག་འཁུམས་དང་ཤེས་མེད་རྗེས་ལུས་ཀྱི་སྲོལ་ངན་འདི་འདྲ་ད་དུང་གནས་ཡོད་པ་ནི་འཛམ་གླིང་མི་རིགས་སྤྱི་དང་ལྷག་པར་རྒྱལ་ནང་སྤུན་ཟླ་མི་རིགས་མང་པོའི་ཁྲོད་ང་ཚོའི་ཞབས་འདྲེན་དང་ངོ་གནོང་དགོས་པ་ཞིག་ཏུ་འཁུམས། སྔོན་ཆད་སྤྱི་ཚོགས་རྙིང་པའི་སྐབས་སུ་མཚོན་ན་གཉའ་གནོན་གཏོང་མཁན་དང་གཉའ་གནོན་མྱོང་མཁན། བཤུ་གཞོག་གཏོང་མཁན་དང་བཤུ་གཞོག་མྱོང་མཁན། ཞིང་བྲན་བདག་པོ་དང་བྲན་གཡོག སྐུ་དྲག་དང་མི་སེར། དཔོན་པོ་དང་གཡོག་པོ་སོགས་ཆབ་སྲིད་དང་། ཁྲིམས་ལུགས་ཀྱི་ཐོབ་ཐང་འདྲ་མཉམ་མེད་པ་དང་། སྐྱེས་ཁུངས་མཐོ་དམན་གྱི་ལྟ་བ་དང་། མི་དང་མིའི་དབར་གྱི་འབྲེལ་བ་དེ་དག་ཀྱང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་རྩ་མེད་དུ་ཕྱིན་པ་དང་དུས་མཚུངས་སུ་གནམ་ས་མགོ་རྟིང་སློག་པའི་འཕོ་འགྱུར་བྱུང་སྟེ། མི་དམངས་ལ་ཡར་ལངས་བཅིངས་འགྲོལ་ཐོབ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མེས་རྒྱལ་ཆེན་པོའི་བདག་པོ་གྱུར་པ་རེད།།

     དེ་བས་མི་རྣམས་ཚང་མར་ལས་གནས་མཐོ་བ་དང་། ལས་རིགས་ཡག་པ། ལས་ཀ་གཙང་བ་དག་ཁོ་ན་བྱེད་རྒྱུའི་བསམ་འདུན་བཟང་པོ་ཞིག་ཡོད་ཀྱང་། ཕྱི་རོལ་ཡུལ་གྱི་ཆ་རྐྱེན་དང་རང་ངོས་ཀྱི་ནང་རྐྱེན་ལ་བརྟེན་ནས་ལས་རིགས་དམན་པ་དང་བཙོག་པ་འདི་ཚོ་མི་འདོད་བཞིན་དུ་བྱེད་དགོས་ཀྱི་ཡོད་པ་རེད། ཁྱིམ་ཚང་གཅིག་དང་ཕ་མ་གཅིག་ལས་སྐྱེས་པའི་བུ་ཕྲུག་ཡིན་ཡང་འགའ་རེ་བླ་སྤྲུལ་སྐྱེས་ཆེན་དམ་པ་དང་། དཔོན་གནས་མཐོན་པོ། ཚོང་པ་ཆེན་པོ། ཤེས་ལྡན་མཁས་པའི་དབང་པོ་སོགས་གྲགས་ཅན་མི་སྣར་གྱུར་བ་དང་། འགའ་རེ་ནི་མི་སེར་དཀྱུས་མ་ཡིན་པ་མ་ཟད། ལས་ཀ་ཐ་ཞན་གྱི་རིགས་བྱེད་པ་དང་། རྒྱལ་ཁབ་ཀྱི་མུག་སྐྱོབ་གནང་སྦྱིན་ཟ་མཁན་དུ་གྱུར་བ་དེ་འདྲ་གང་སར་མཐོང་རྒྱུ་ཡོད། དེ་བས་ན་འགྲོ་བ་མིའི་རིགས་ཀྱི་ལས་རིགས་མཆོག་དམན་དང་། བཟང་ཞན། གཙང་བཙོག་གང་ཞིག་ཡིན་རུང་རང་དང་རང་གི་ཚེ་རབས་སྔོན་མའི་ལས་འཕྲོ་དང་། དགེ་སྡིག་བྱས་པའི་ལས་འབྲས། ཐ་ན་ལུས་དབང་ཐོད་པའི་ཁ་ཡིག་ཟེར་བ་ལྟར་། ལ་ལས་ཁུ་བྱུག་གནམ་ཆུར་རེ་བ་ལྟར་འབད་འབུངས་དང་བརྩོན་འགྲུས་ཇི་ལྟར་བྱས་རུང་ལས་རིགས་མཐོ་ཤེས་ཞིག་ལ་བསྙེགས་མི་ཐུབ་ཅིང་། ལ་ལས་སློབ་གྲྭ་དང་ཆོས་གྲྭ་སོགས་འགྲིམ་ནས་འབད་འབུངས་དང་བརྩོན་འགྲུས་ཆེན་པོ་ཞིག་བྱེད་མ་དགོས་ཀྱང་། ཇི་སྐད་དུརྗེ་མི་ཕམ་མགོན་པོས་ཞལ་སྔ་ནས། སྔོན་ཚེ་སྦྱངས་པའི་བསོད་ནམས་ཀྱིས།། གཞུང་རྣམས་རྩེད་མོའི་ཞོར་ལ་ཤེས།། ཞེས་གསུངས་པ་ལྟར་རང་དང་རང་ལ་འོས་པའི་ལས་གནས་འོས་འཚམས་ཟིན་པའམ་འཆད་རྩོད་རྩོམ་གསུམ་གྱི་ཕྱག་ལས་ཁོ་ན་མཛད་པའི་མཁས་པའི་དབང་པོར་གྱུར་སྲིད་ཅིང་། མི་བརྒྱའི་གོང་ནས་གཏམ་བཤད་ནས།། རྟ་བརྒྱའི་གོང་གོང་ནས་ལྕགས་ཕྱར་བ།། ཞེས་པའི་དཔེ་བཞིན་ང་རང་ཚོས་ལས་རིགས་མཐོ་དམན་དང་། ལས་ཀ་གཙང་བཙོག་གང་ཞིག་ཡིན་རུང་གཅིག་ཀྱང་མེད་དུ་མི་རུང་བ་ཤ་སྟག་ཡིན་པའི་བསམ་བློའི་ལྟ་བ་ཡང་དག་པ་ཞིག་འཛུགས་དགོས་ཏེ། གཅིག་ནས་གལ་ཏེ་བཙོག་ཞན་ངན་གསུམ་གྱི་ལས་རིགས་འདི་དག་བྱེད་མཁན་མེད་ན་མིའི་རིགས་སྤྱི་ཚོགས་ཀྱི་འཕྲུལ་འཁོར་ཧྲིལ་པོ་འདི་ཇི་ལྟར་བདེ་འཇགས་ཀྱིས་འཁོར་བསྐྱོད་བྱེད་དམ། གཉིས་ནས་གལ་ཏེ་ལག་ཤེས་བཟོ་ལས་བྱེད་མཁན་མེད་ན་ཐོན་སྐྱེད་ཀྱི་ལག་ཆ་དང་འཚོ་བའི་མཁོ་ཆས་སྔོན་ཐོན་ཅན་ཇི་ལྟར་ཡོང་ཞིང་། མཁར་དང་ཕོ་བྲང་སུ་ཡིས་བསྐྲུན། སྐུ་གསུང་ཐུགས་བརྟེན་སུ་ཡིས་བཞེངས། ཕྱུག་པོའི་མཆོར་ཆས་སུ་ཡིས་བཟོ། གསུམ་ནས་གལ་ཏེ་ཕྱུགས་རིགས་བཤའ་མཁན་གྱི་བཤན་པ་སོགས་མེད་ཚེ་སེམས་ཅན་ལ་བྱམས་དང་སྙིང་རྗེ་ཆེ་བའི་བླ་སྤྲུལ་སྐྱེས་ཆེན་དམ་པ་རྣམས་དང་། རྣམ་དཀར་དགེ་བའི་ལས་ལ་བརྩོན་ཞིང་། བསྙེན་གནས་སྡོམ་པ་ཚུལ་ཁྲིམས་སྲུང་མཁན་དད་ལྡན་ཆོས་པ་རྣམས་ལ་རྣམ་གསུམ་དག་པའི་ཤ་མཆོད་དག་གང་ནས་ཡོང་གི་རེད། བཞི་ནས་གལ་ཏེ་ཁོར་ཡུག་གཙང་སྦྲའི་ལས་རིགས་བྱེད་མཁན་ཞིག་མེད་ཚེ། འདུ་ལོང་ཆེ་བའི་གྲོང་ཁྱེར་ཆེན་པོར་གཙང་སྦྲ་དང་མཛེས་སྡུག་ལྡན་པ་ཞིག་ཡོང་ག་ལ་ཐུབ། དེ་དག་ལ་སོགས་པ་ལས་རིགས་མཆོག་དམན་དང་། བཟང་ཞན། གཙང་བཙོག་གང་ཞིག་ཡིན་ཡང་རུང་། ཚང་མ་མེད་དུ་མི་རུང་བའི་སྤྱི་ཚོགས་ཀྱི་གལ་ཆེའི་གྲུབ་ཆའི་གྲས་ཤིག་ཡིན་པ་དང་མི་རྣམས་འཚོ་གནས་བྱེད་པའི་ཐབས་ལམ་ཁོ་ན་ཤ་སྟག་རེད།།

     དེ་བས་བྱམས་དང་སྙིང་རྗེ་ཆེ་བའི་བླ་སྤྲུལ་སྐྱེས་ཆེན་དམ་པ་རྣམས་དང་། རྣམ་དཀར་དགེ་བའི་ལས་ལ་བརྩོན་ཞིང་། བསྙེན་གནས་སྡོམ་པ་ཚུལ་ཁྲིམས་སྲུང་མཁན་དད་ལྡན་རྗེ་འབངས་རྣམས་ནི་རྣམ་གསུམ་དག་པའི་ཞིང་དུ་མངོན་པར་སངས་རྒྱས་སྲིད་པ་དང་། སྡིག་གཅོད་བཤན་པ་ལ་སོགས་སྡིག་ཅན་དང་ལས་རིགས་དམན་པ་རྣམས་ནི་ངན་སོང་དུ་ཉུགས་དགོས་པ་ཡིན་ནམ། ལས་རིགས་མཆོག་དམན་དང་། བཟང་ཞན། གཙང་བཙོག་གི་ཆ་ནས་རང་དང་རང་གི་སྔོན་བསགས་ཀྱི་ལུས་འབྲས་ལ་རག་ལས་ཡོད་པ་ལས། ལས་རིགས་དམན་པ་དང་། ཞན་པ། ཕལ་བ། བཙོག་པ་གཉེར་མཁན་རྣམས་ཁོ་ན་ངན་སོང་དུ་སྐྱེས་སྲིད་པའི་དཔེ་ཞིག་ག་ལ་མཆིས། གལ་སྲིད་མདོ་དབུས་མཐོ་སྒང་དུ་འཚོ་བར་གནས་པའི་གདོང་དམར་བོད་པ་ཡོངས་ཀྱིས་དཀར་ཟས་ཁོ་ན་སྤྱོད་པ་དང་། རང་གི་སྒོ་ཟོག་ཐམས་ཅད་ཀྱང་ཚེ་ཐར་དུ་གཏོང་དགོས་པའི་དབང་དུ་བཏང་ན་སྤྱིར་ཕྱུགས་ཟོག་འཚོ་སྐྱོང་བྱེད་པའི་དགོས་པའང་ག་ལ་འདུག འདུལ་བའི་ཀུན་སྤྱོད་ཕྱོགས་ནས་ཀྱང་ཡུལ་མི་འདྲ་བའི་དབང་གིས་སྡོམ་ཁྲིམས་མི་འདྲ་བ་བཅས་ཡོད་པ་རེད། དགེ་སློང་དང་དགེ་ཚུལ་མི་འདྲ། ཁྱིམ་པ་དང་རབ་བྱུང་མི་འདྲ། ཐ་ན་ཕོ་མོ་གཉིས་ཀྱང་མི་འདྲ། ལྷོ་རྒྱུད་ཐེག་དམན་དང་བྱང་རྒྱུད་ཐེག་ཆེན་གཉིས་མི་འདྲ། མདོ་སྔགས་གཉིས་མི་འདྲ། སྔགས་ཀྱི་ནང་གསེས་རྒྱུད་སྡེ་འོག་མ་དང་གོང་མ་གཉིས་མི་འདྲ། རྩ་བཞི་ཆང་བཅས་དགེ་བསྙེན་གྱི་སྲུང་སྡོམ་ལྔ་ལས་སྣ་གཅིག་སྲུང་བ་དང་། ཆ་ཚང་ལེན་པ་དང་། གཏན་ཁྲིམས་ལེན་པ་དང་། དུས་ཆོས་བྱེད་པ་སོགས་ཅི་རིགས་ཡོད། སྡོམ་ཁྲིམས་ཀྱི་ཁྱད་པར་དེ་དག་ལས་ཀྱང་གང་ལ་གང་འདུལ་གྱི་རྒྱལ་བའི་ཐབས་མཁས་ཀྱི་མཛད་པ་དེ་མཚོན་ཡོད་པར་སེམས། རྒྱུད་སྡེ་འོག་མ་ལ་ལར་ཤ་དང་སྒོག་བཙོང་ཟ་བ་སོགས་མངོན་གསལ་དུ་བཀག་པ་མ་གཏོགས། ཡོངས་ཁྱབ་ཏུ་སྡོམ་པ་བསྟན་པའི་རྒྱལ་བའི་གསུང་རབ་གང་གི་ནང་དུ་ཡང་ཤ་བཟའ་མི་ཆོག་པའི་ཚིག་མེད་ཅེས་སྐྱེས་ཆེན་དམ་པ་རྣམས་ཀྱིས་མངོན་པར་གསུངས་སོ།།

     མདོར་ན་དཀར་ཟས་སྤྱོད་མཁན་མཐའ་དག་བདེ་བ་ཅན་གྱི་ཞིང་ཁམས་སུ་མདའ་མོ་ལྟུང་ལས་འཕངས་པ་ལྟར་ཐད་གར་མགོན་པོ་འོད་དཔག་མེད་ཀྱི་ཞིང་དུ་སྐྱེས་ཟིན་པ་སུས་ཀྱང་མ་མཐོང་ཞིང་། དམར་ཟས་སྤྱོད་མཁན་མཐའ་དག་ཚེ་ལས་འདས་མ་ཐག་ཏུ་བར་དོར་ཉུགས་ཏེ་དམྱལ་བ་མནར་མེད་ཀྱི་གནས་སུ་སྐྱེས་ཡོད་པའང་སུས་ཀྱང་མ་རིག་པས། དཀར་ཟས་སྤྱོད་པ་ཙམ་གྱིས་སངས་རྒྱས་ཀྱི་གོ་འཕང་ཐོབ་སྲིད་པ་དང་། དམར་ཟས་སྤྱོད་པ་ཙམ་གྱིས་ངན་སོང་གི་སྒོ་མོར་ཉུགས་ཟིན་པ་ཞིག་ཀྱང་གཏན་ནས་མ་ཡིན་པས། ང་རང་ཚོས་ངེས་པར་དུ་སངས་རྒྱས་ཆོས་ལུགས་དང་སྤྱི་ཚོགས་ཚན་རིག་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་འོས་པ་དང་། རྣམ་དཀར་དགེ་བའི་ལས་ཟེར་བ་དང་ནག་ཕྱོགས་སྡིག་ཅན་གྱི་ལས་བསགས་པའི་ཁྱད་པར་གསལ་བོ་ཞིག་འབྱེད་འོས་པས། ཆོས་ལ་དད་པ་ནི་དཀར་ཟས་དང་དམར་ཟས་གང་རུང་སྤྱོད་མིན་ཙམ་མ་ཡིན་པར་མི་རྣམས་ཀྱི་ཉེ་རིང་ཆགས་སྡང་དང་། འགྲོ་འདུག་སྤྱོད་ལམ། སྐད་ཆ་བཤད་ཕྱོགས། བསམ་པའི་ཀུན་སློང་། བསམ་པའི་འདུ་ཤེས། བསམ་པའི་དྲན་ཕྱོགས། སེམས་ཁམས་རིག་པ་སོགས་གང་ལྟར་དམ་པའི་ཆོས་ཀྱི་ངོ་བོའི་རང་བཞིན་དང་མཐུན་འོས་པའི་གོ་དོན་གསལ་བོ་ཞིག་ལོན་པས་ན་ང་རང་ཚོ་རྨོངས་དད་ཀྱི་གནས་སུ་འགྱུར་མི་སྲིད་པ་ཐམས་ཅད་རང་གི་སེམས་ལ་རག་ལས་ཡོད། དཔེར་ན། ཉིན་ཞིག་ལ་སྐྱེས་བུ་ཞིག་གིས་མགོན་པོ་འོད་དཔག་མེད་ཀྱི་སྣང་བསྙན་ལ་གསོལ་བ་རྩེ་གཅིག་ཏུ་བཏབས་ནས་སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་འཇུག་ཞུ་བཞིན་པ་དྲང་སྲོང་ཞིག་གིས་མཐོང་ནས་བཤད་རྒྱུར། ཁྱོད་ཀྱིས་མགོན་པོ་འོད་དཔག་མེད་ཀྱི་སྣང་བསྙན་ལ་ཕྱག་འཚལ་སྐྱབས་འཇུག་ཞུ་བ་ལས་ཁྱོད་རང་གིས་རང་ལ་ཕྱག་འཚལ་སྐྱབས་འཇུག་ཞུས་ན་ཅི་མ་རུང་ཞེས་ཟེར། སྐྱེས་བུ་དེས་གོ་བ་གཏན་ནས་མ་ལོན་པར་དྲང་སྲོང་ཁོང་ལ་ཅིའི་ཕྱིར་ཞེས་པ་ན། དྲང་སྲོང་གིས་སྐྱེས་བུ་དེར་རྒྱུ་མཚན་ནི་མགོན་པོ་འོད་དཔག་མེད་ནི་ཁྱོད་རང་གི་སྙིང་དབུས་སུ་གཏན་ཏུ་བཞུགས་ཡོད་པའི་རྒྱུ་མཚན་ལས་མ་འདས་སོ།།

     དེའི་ཕྱིར་སངས་རྒྱས་ཆོས་ལུགས་ནི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཀྱི་དགོངས་པ་ལ་ཟེར་ཞིང་། སྙིང་རྗེ་དང་ཤེས་རབ་གཉིས་གཞི་རྩར་འཛིན་པའི་ཆོས་ལུགས་ཤིག་ཡིན་པས། སྙིང་རྗེའི་ཡུལ་ཡང་མཐོ་རིས་ལྷ་དང་མི་ནས་སྲོག་ཆགས་འབའ་འབུ་ཡན་ཆད་ཀྱི་སེམས་ཅན་ཐམས་ཅད་ཡིན་ལ། དེ་ཡང་དགྲ་གཉེན་དང་ཕན་གནོད་ཀྱི་ཁྱད་མི་འབྱེད་པར་ཀུན་ལ་མཉམ་པོར་ལྟ་བའི་བཏང་སྙོམས་ཆེན་པོ་དང་། སེམས་ཅན་ལ་མཐོ་དམན་དང་བཟང་ངན་གྱི་ཁྱད་མི་བཏོད་པར་མ་གྱུར་སེམས་ཅན་ཐམས་ཅད་ཅེས་མི་དང་དུད་འགྲོ་སོགས་སེམས་ཅན་ཀུན་ལ་ཕ་མའི་འདུ་ཤེས་བཟུང་ནས་བྱམས་སྙིང་རྗེ་འཁྲུངས་དགོས་པ་དང་། ཕ་མ་ལ་དྲིན་ལན་འཇལ་བའི་ཚུལ་དུ་སྙིང་ཐག་པ་ནས་སེམས་ཅན་ཐམས་ཅད་ལ་ཕན་བདེ་སྒྲུབ་དགོས་པ་ཞིག་ཡིན་པས་ན། སངས་རྒྱས་ཆོས་ལུགས་ནི་མི་རྣམས་ཀྱི་བསམ་པ་དང་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་ཇེ་བཟང་ཇེ་ཡག་ཏུ་གཏོང་བའི་སློབ་གསོའི་ལམ་ལུགས་ཆ་ཚང་བ་ཞིག་ཡིན། རང་རེའི་བོད་ཡུལ་དུ་སངས་རྒྱས་ཆོས་ལུགས་འདི་དར་བ་ནས་བཟུང་སྟེ། མི་རྣམས་ཀྱི་བསམ་པ་དཀར་ཞིང་རྒྱུད་དྲང་བ། ལས་རྒྱུ་འབྲས་བརྩི་ཞིང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ། གཞན་ལ་བརྩི་བཀུར་བྱེད་ཅིང་བློ་ཐུབ་ཚིག་ཐུབ་ཡིན་པ། སྡུག་རུས་དང་སྙིང་སྟོབས་ཆེ་བ། བྱམས་དང་སྙིང་རྗེ་ཆེ་ཞིང་ཡ་རབ་དགེ་བའི་ལས་ལ་དགའ་བ། ཤེས་རབ་ཆེ་ཞིང་སེམས་བརྟན་པ་སོགས་འཇིག་རྟེན་ན་མི་གཤིས་བཟང་བོར་བརྩི་བའི་ཡ་རབ་མི་ཡི་ཡོན་ཏན་སོགས་བོད་མི་རིགས་ཀྱི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད་པ་འདི་ཡང་སྐྱེས་ཐོབ་ཀྱི་རང་བཞིན་ཞིག་མ་ཡིན་པར་སངས་རྒྱས་ཆོས་ལུགས་ཀྱི་ལྟ་སྤྱོད་རིག་གནས་ཀྱི་སློབ་གསོ་ལས་ཐོན་པ་ཤ་སྟག་རེད། ཆོས་ཐམས་ཅད་ནི་སྟོང་བ་ཉིད་དུ་གྱུར་བ་རྟེན་འབྲེལ་དང་སེམས་ཙམ་ལས་མ་འདས་པ་དང་། དཀོན་མཆོག་གསུམ་པོ་ཞེས་པའང་ཆོས་དང་། སངས་རྒྱས། དགེ་འདུན་བཅས་ལ་ཟེར་ཞིང་། དཀོན་མཆོག་གསུམ་པོ་གཅིག་ཏུ་འདུས་པ་ལ་དཀོན་མཆོག་ཀུན་འདུས་རང་གི་རྩ་བའི་བླ་མ་ལས་གཞན་མེད་དོ། བླ་མ་མེད་པའི་གོང་རོལ་ན།། སངས་རྒྱས་ཟེར་བའི་མཚན་ཙམ་མེད།། ཞེས་ཟེར་ཞིང་། གངས་རིའི་ལྗོངས་སུ་ཁྱབ་བདག་རྡོ་རྗེ་འཆང་འཇམ་མགོན་བླ་མ་ཆོས་ཀྱི་རྒྱལ་པོ ༧རྗེ་ཙོང་ཁ་བ་ཆེན་པོའི་ཞལ་སྔ་ནས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།། བསམ་པ་ངན་ན་ས་དང་ལམ་ཡང་ངན།། ཞེས་གསུངས་ཡོད་པ་ནི་སངས་རྒྱས་ཆོས་ལུགས་ཀྱི་སྡོམ་ཚིག་གསལ་བོ་ཞིག་ཡིན་པ་དང་། དེང་དུས་བདག་ཅག་གི་སློབ་དཔོན་ཆེན་པོ ༧སྐྱབས་རྗེ་དོར་ཞི་གདོང་དྲུག་སྙེམས་པའི་བློ་གྲོས་དཔལ་བཟང་པོའི་ཞལ་སྔ་ནས། སངས་རྒྱས་དཀོན་མཆོག་འཇིམ་སྐུ་ལི་མ་རང་བསམ་ན།། འཆར་རྒྱུ་མི་སྣང་རྨོངས་དད་ཟེར་བ་ཡང་ལོས་བདེན།། གླང་དར་རྒྱལ་པོས་བསྟན་པ་བསྣུབས་པའི་ཉིན་མོ་ལ།། འཇིམ་སྐུ་ལི་མའི་སྣང་བརྙན་མ་ཆོམས་ལྷག་ཡོད་དམ།། ཆོས་ཞེས་དཀོན་མཆོག་གསུང་རབ་གླེགས་བུམ་རང་བསམ་ན།། གཞན་སྐྱོབས་ཕར་ཞོག་རང་སྐྱོབས་ནུས་པའང་མི་འདུག། རིག་གསར་བསྐལ་བའི་མེ་དཔུང་དྲག་པོ་ཡི་ནང་ལ།། གསུང་རབ་གླེགས་བམ་མེ་ཡིས་མ་ཚིགས་ལྷག་ཡོད་དམ།། དགེ་འདུན་དཀོན་མཆོག་བཙུན་གཟུགས་དམར་ལོག་རང་བསམ་ན།། དཀོན་དང་མི་དཀོན་ཕྱི་ཚུལ་ནང་ཉམས་ལ་བརྟགས་དགོས།། བསྐལ་བ་ས་ཁྱིའི་གཡོན་ཐལ་ལམ་ཕྱོགས་ཀྱི་དབང་གིས།། རྒྱལ་བསྟན་བསྣུབས་དུས་དཀོན་མཆོག་མེད་དོན་དེ་ཅི་ཡིན།། མཆོག་གསུམ་ཁ་ལ་བསྒྲགས་པས་ཆོས་པ་ཞེས་ཟེར་ན།། དགོན་པའི་ནེ་ཙོ་དག་ཀྱང་ཆོས་བ་དེ་ལོས་ཡིན།། ཆོས་སྒྲ་བསྒྲགས་ཙམ་འཕགས་ལམ་དུ་ཞུགས་སྲིད་ན།། དགོན་པའི་ནེ་ཙོ་དག་ཀྱང་ཆོས་པ་རང་ཡིན་ནོ།། དཀོན་མཆོག་གསུམ་པོར་ཡིད་ཆེས་དད་པ་ཞིག་ཡོད་ན།། གཞན་ཕན་བསམ་པ་ཆོས་ཀྱི་རྩ་བ་རུ་འཛིན་དགོས།། ཞེས་ང་རང་ཚོར་ཞལ་གདམས་ཟབ་མོས་བཀའ་དྲིན་བླ་མེད་བསྩལ་ཡོད་ཅིང་། མི་ཡི་བཟང་ངན་དང་མཁས་བླུན། བྱ་བའི་ནུས་པ་ཆེ་ཆུང་ཚང་མ་སེམས་སྟེང་གི་ཁྱད་པར་ཡིན་པས། སངས་རྒྱས་ཆོས་ལུགས་ཀྱིས་སེམས་གཙོ་བོར་འཛིན་ཅིང་ཁམས་གསུམ་ནི་སེམས་ཙམ་མོ་ཞེས་གསུངས་པ་རེད། སངས་རྒྱས་ཆོས་ལུགས་ཀྱི་ནང་དོན་མདོར་བསྡུས་ན་རང་སེམས་སྦྱོང་བརྡར་བྱེད་པ་ལས་མེད་ལ། རང་སེམས་སྦྱོང་བའི་དམིགས་ཡུལ་ནི། སེམས་བཟང་བར་བྱེད་པ་དང་། སེམས་གསལ་བར་བྱེད་པ་གཉིས་ཡིན་ཏེ། བྱེད་ལས་དང་དམིགས་ཡུལ་དེ་དག་མཐའ་གཅིག་ཏུ་མི་རིགས་དང་སྤྱི་ཚོགས་ལ་ཕན་འབྲས་འབྱུང་པའི་ཕྱོགས་སུ་ཧུར་བརྩོན་བྱེད་དགོས་པ་དང་བཅས་སོ།།

     ཞེས༼གདོང་དམར་བོད་པའི་དཀར་ཟས་དང་དམར་ཟས་སྤྱོད་པའི་སྐོར་གྱི་ཤེས་བྱ་ཐོར་བུ༽ཞེས་བྱ་བ་འདི་ཡང་རོང་ཆེན་དེ་ཝ་ར་ཛཱ་ཤྲཱི་འཇམ་དབྱངས་བློ་བཟང་འཕྲིན་ལས་སམ་རོང་བོ་ལྷ་རྒྱལ་དཔལ་གྱིས་བོད་རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་བྱི་བ་སྤྱི་ལོ༢༠༢༠ལོའི་ཧོར་ཟླ་དང་པོ་ཚེས་གཅིག་ཉིན་ལ་འཛམ་གླིང་ས་འཛིན་དབང་མོའི་ཁྱོན་ཡོངས་སུ་གངས་རི་ར་བའི་བསྐོར་བའི་ཞིང་ཁམས་སུ་གངས་ལྗོངས་བླ་མཚོ་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་ཆབ་ཆ་གསེར་གཞོང་རིང་མོའི་གྲོང་རྡལ་གསེར་མཁར་བདེ་ལེགས་དགའ་ཚལ་ཞེས་བྱ་བའི་རང་ཤག་བཀྲ་ཤིས་བདེ་སྟོང་རྣམ་པར་རྒྱལ་བའི་ཕོ་བྲང་ནས་གནམ་ལོ་གསར་བའི་སྐྱ་རེངས་དང་པོའི་མདུན་བསུས་ནས་གང་འདོད་དུ་སློབ་སྦྱོང་གི་ཟིན་ཐོར་བཀོད་པ་དགེའོ།། སརྦ་ཛ་ཡནྟུ།། །།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2020-9-24 06:27 , Processed in 0.022790 second(s), 16 queries .

返回顶部