日志

ཨ་རིག་གླེན་པ་བདུན་ལྷ་སའི་ཇོ་བོར་མཇལ་དུ་ས ...

已有 84 次阅读2020-7-24 11:10 |系统分类:文化| 阿柔, 故事

ཨ་རིག་གླེན་པ་བདུན་ལྷ་སའི་ཇོ་བོར་མཇལ་དུ་སོང་བའི་གཏམ་བརྒྱུད།


      ཨ་རིག་ནི་མདོ་སྨད་ཀྱི་ཚོ་བ་ཆུང་ཆུང་ཞིག་ཡིན་ལ།   ཚོ་བ་དེ་ནས་དད་པ་བརྟན་ཚུགས་ཐུབ་པའི་མི་མང་པོ་བྱུང་ཞིང་། ཁོ་ཚོ་ནི་ཆོས་ལ་དད་ཞེན་ཆེ་ཡང་ཤེས་རིག་ཅུང་བརྟུལ་བས་བོད་མི་རིགས་ཀྱི་ཁྲོད་དུ་བསམ་སྤྱོད་གཉིས་ཆར་བླུན་ཞིང་དགོད་བྲོ་བའི་གཏམ་རྒྱུད་མང་པོ་བཞག་པས་ཨ་རིག་གླེན་པ་ཞེས་དགོད་བྲོ་བའི་གཏམ་རྒྱུད་བཤད་སྲོལ་ཞིག་བྱུང་། གཏམ་རྒྱུད་འདིའི་བཤད་རྒྱུན་མདོ་སྨད་ཡུལ་དུ་མ་གཏོགས་མེད། དེ་ཡང་གཏམ་རྒྱུད་ལ་ལའི་ནང་དུ་ཨ་རིག་གླེན་པས་བླུན་རྟགས་ཁོ་ན་བསྟན་པ་ལས་ཅི་ཡང་མེད་པ་དང་།   གཏམ་རྒྱུད་འགའ་རེའི་ནང་དུ་ཡང་ན་བླུན་པོ་གཏན་ཚིགས་ཅན་གྱིས་ཆོས་འགོ་ཐོནཟེར་བའི་གནས་ལུགས་དེ་བཤད་ཡོད་པས་ཨ་རིག་གླེན་པའི་གཏམ་རྒྱུད་ལ་བླུན་པོའི་དགོད་གཏམ་དང་།   དད་པ་གཙང་མས་ཆོས་འགོ་ཐོན་པའི་ནང་དོན་གཉིས་འདུས། གཤམ་དུ་ཕྱོགས་དེ་གཉིས་འདུས་པའི་གཏམ་རྒྱུད་གཉིས་བཀོད་ན། 

(སྔགས་པའི་གནའ་དཔེ་ལས་ཁུངས)

ཨ་རིག་གླེན་པ་བདུན་ལྷ་སའི་ཇོ་བོར་མཇལ་དུ་འགྲོ་རྒྱུའི་གྲོས་འཆམ་བྱུང་སྟེ་ཁོ་ཚོས་ལམ་རྒྱགས་དང་ཅ་ནེ་རེ་བཟུང་སྟེ་ལམ་ལ་ཆས། འགྲོ་ཁར་ཡུལ་མི་རྣམས་ཀྱིས་ཤ་ཚ་ཚའི་ངང་ནས་ཁྱོད་ཚོ་ལ་བསྡོམས་པས་མི་བདུན་ཡོད། གྲངས་ཀ་དེ་སེམས་ལ་ཟུངས།   ཡུལ་གང་དུ་སླེབས་ན་ཚང་རྩིས་གྱིས། ཁ་འཐོར་མི་རུང་ཞེས་གདམས་ཏེ་མངགས། ཁོ་ཚོས་ཟླ་བ་འགའ་ཞིག་གི་དུས་ཚོད་བེད་སྤྱད་དེ་སོང་བས་སྟོད་ཉི་མ་ལྷ་སར་འབྱོར། ལྷ་སའི་གཙང་པོར་བརྒལ་རྗེས་ད་གཟོད་ཁོ་ཚོའི་གྲས་ཀྱི་མི་ཞིག་གིས་ཡོང་ཁར་ཡུལ་མི་ཚོས་གདམས་པའི་སྐད་ཆ་དེ་དག་ཡིད་ལ་དྲན། དེ་བས་ཁོས་སེམས་རྣལ་དུ་ཕབ་སྟེ་ཚང་རྩིས་བྱས་ཀྱང་དྲུག་མ་གཏོགས་མ་རྙེད།   སྐབས་དེར་ཁོས་སྐད་བརྒྱབ་སྟེ་ཨ་རོགས་ཚོ། འུ་ཅག་ཁྲོད་ཀྱི་མི་གཅིག་ཆུས་ཁྱེར་སོང་།   ཡུལ་ནས་ཡོང་ཁར་བདུན་ཡོད་ཀྱང་ད་ལྟ་དྲུག་ལས་མི་འདུག   ཁོ་སུ་ཡིན་ནམཟེར། དེ་ནས་ཐམས་ཅད་འུར་ལོང་ངེར་གྱུར་ཏེ་རང་རང་ས་ནས་ཚང་རྩིས་བྱས་ཀྱང་དྲུག་ལས་མི་འདུགའོན་ཀྱང་མི་སུ་ཞིག་ཆུས་ཁྱེར་བ་གཏན་ནས་ཤེས་མ་བྱུང་། དེ་ནས་ཁོ་ཚོའི་གྲས་ཀྱི་གཅིག་གིས་མོ་བ་ཞིག་བཙལ་ཏེ་མོ་འདེབས་སུ་བཅུག་ན་མི་ལེགས་སམཟེར།   དེར་ཁོ་ཚོ་ཁ་འཆམས་ཏེ་ལྷ་སའི་སྟོད་སྨད་གཉིས་ཧྲིལ་གྱིས་བཅད་པ་ན་ད་གཟོད་མོ་བ་ཞི་རྙེད་བྱུང་། གནས་ཚུལ་རྣམས་ལྷག་ལུས་མེད་པར་ཞུས་ཏེ་མོ་འདེབས་པའི་རེ་བ་ཞུས་པའི་སྐབས་མོ་བའི་གདོང་ལ་འཛུམ་ཞིག་ལངས་ཏེ་ན་རེ།   འོ་ན། ཁྱོད་ཚོས་སླར་ཡང་ཚང་རྩིས་ཤིག་བྱོས་དང་ ཟེར། ཁོ་ཚོས་ཚང་རྩིས་བྱས་ཀྱང་དྲུག་ལས་མི་འདུག དེར་མོ་བས་སླར་ཡང་འོ་ན་ཅ་ནེ་རྣམས་ཐང་ལ་བཞག་སྟེ་ཚང་རྩིས་ཤིག་བྱོསཟེར། ཁོ་ཚོས་མོ་བའི་ངག་བཞིན་ཅ་ནེ་རྣམས་ཐང་ལ་བཞག་སྟེ་རྩིས་པས་བདུན་འདང་། ཡང་ལག་ཏུ་བླངས་ཏེ་བརྩིས་པས་དྲུག་ཡིན། དེར་ཁོ་ཚོའི་སེམས་སུ་གདོན་མི་ཟ་བར་མི་ཞིག་ཆུས་ཁྱེར་བ་མ་ཟད།   ད་དུང་འདྲེ་རུ་སྐྱེས་འདུག་སྙམ་བཞིན་མོ་བའི་གདོང་ལ་བལྟས་བསྡད། མོ་བ་ན་རེ། མི་ཤི་ཚེ་ལུས་ལ་ཚོར་ཤེས་མེད་པས་ཁྱོད་ཚོ་གྲལ་གོར་གོར་རྔ་འདྲ་བ་ཞིག་བྱོས།   དེ་ནས་གོང་མས་འོག་མར་འགྲམ་ལྕག་རེ་གཞུས་ཏེ་དེའི་སྒྲས་ཚང་རྩིས་བྱས་ན་ད་གཟོད་སུ་ཞིག་ཆུས་ཁྱེར་བ་རྟོགས་ཐུབཟེར། དེ་ནས་ཁོ་ཚོས་གྲལ་སྒོར་མོ་རྔ་འདྲ་བ་ཞིག་བྱས། གཅིག་ནས་མགོ་བརྩམས་ཏེ་གོང་མས་འོག་མ་ལ་འགྲམ་ལྕག་ཚ་བེར་བ་རེ་གཞུས་ཏེ་རིམ་པར་མཇུག་ཕུད་རྗེས་ཁོ་ཚོའི་འགྲམ་པ་ད་དུང་ཚ་བེར་བེར་བྱེད་བཞིན་འདུག   ད་ཁྱོད་ཚོའི་ཁྲོད་ཀྱི་སུ་ཆུས་ཁྱེར་བ་ཤེས་སམཞེས་པ་ན་ད་གཟོད་ཁོ་ཚོས་ཧ་གོ་བྱུང་། མ་གཞིར་ཚང་རྩིས་བྱེད་སྐབས་རྩིས་མཁན་གྱིས་རང་ཉིད་བརྩི་རྒྱུ་བརྗེད་པས་སོ།།

ཨ་རིག་གླེན་པའི་ཕ་རྒན་ཚེ་ལས་འདས་པས་ཁོ་ལ་སྡུག་བསྔལ་བཟོད་གླགས་མེད་པ་ཞིག་བྱུང་། ཕ་རྒན་གྱི་སྔས་མགོ་ནས་ཁོས་ཁས་བླངས་པ་ནི་འདི་ལྟ་སྟེ། ངས་ཡིན་གཅིག་མིན་གཉིས་ལ་ལྷ་སའི་ཇོ་བོ་འུ་ཚང་ལ་གདན་དྲངས་ཏེ་ཆོས་གསུང་དུ་འཇུག་རྒྱུཞེས་པ་དེ་ཡིན།   དེ་ནས་ཁོས་རྡོག་ཁྲེས་ཁུར་ཏེ་ལྷ་སར་སོང་བ་དང་།   ཇོ་ཁང་ནས་ལོ་དགུ་ལ་པུས་མོ་བཙུགས་ཏེ་ཇོ་བོ་གདན་དྲངས་པས་མཐར་ཇོ་བོའི་ཞལ་ནས་ང་མི་འགྲོཞེས་གསུངས། དེ་ནས་བཟུང་སྟེ་ཇོ་བོ་དེ་ལ་ཇོ་བོ་མི་འགྲོ་གསུང་འབྱོནཞེས་གྲགས་སོ། །

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2020-10-21 02:11 , Processed in 0.023293 second(s), 16 queries .

返回顶部