博客西藏在最高处过一种生活

ཆོས་འབྲོག་ཉི་མ་ ... https://blog.tibetcul.com/?14690 [收藏] [复制] [分享] [RSS] 西藏著名建筑大师和藏戏创史师祖塘东杰博的正统后裔、藏族作家和藏学学者

日志

༄༅། །ཐོག་མཐའ་བར་དུ་གནས་ལུགས་ཀྱི་གཏམ་སྟོན ...

已有 98 次阅读2020-10-24 17:02 |个人分类:嘿马拉雅文化发展促进会|系统分类:文化

༄༅། །ཐོག་མཐའ་བར་དུ་གནས་ལུགས་ཀྱི་གཏམ་སྟོན་གྱི་པད་ཚལ་རྐང་དྲུག་པའི་གླུ་ཆུང་ཞེས་པ་བཞུགས་སོ།

 

༄༅། །སྐྱིད་པའི་བོད་ཡུལ་ལྷོ་ཕྱོགས་མོན་གྱི་མཚམས། །སྦས་ཡུལ་མཁའ་རྟ་ཞེས་པ་ནགས་ཀྱི་ལྗོངས། །མི་གཞི་ལྷོད་ཅིང་བོད་རོང་ཟས་སྣ་འཛོམས། །རྣམ་དཀར་དགེ་ལ་སྤྲོ་རྣམས་སྙན་གསོན་ཅིག །ཚེ་སྔོན་དགེ་བཅུ་སྤྱད་པས་མི་ལུས་ཐོབ། །ཐོབ་པས་མི་ཚད་དཀོན་མཆོག་སྐྱབས་སུ་བསྟེན། །ད་རེས་དོན་ཆེན་སྙིང་པོ་མ་ལོན་ན། །ཕྱི་མ་གར་སྐྱེ་མི་འདུག་མཁའ་རྟ་བ། །དང་པོ་ཡིད་དུ་འོང་བའི་གཟུགས་མཛེས་ཀྱང་། །བར་དུ་རྒས་ཤིང་འཁོག་པའི་བཀྲག་མདངས་ཡལ། །མཐའ་མ་འཆི་དུས་བྱ་ཁྱིས་བཟའ་བའི་རོ། །ལུས་ལ་སྙིང་པོ་མེད་དོ་མཁའ་རྟ་བ། །དང་པོ་སྐྱེས་པའི་དབང་གི་འཆི་ངེས་རེད། །བར་དུ་ཡུན་རིང་སྡོད་པའི་བློ་ཡོད་ཀྱང་། །མཐའ་མ་སང་གནངས་མི་འཆི་ངེས་པ་མེད། །འཆི་དུས་ཆོས་ཀྱིས་མ་གཏོགས་མི་ཕན་མཁའ་རྟ་བ། །དང་པོ་གཅིག་བྱུང་གཉིས་དགོས་གསོག་སེམས་ཀྱིས། །བར་དུ་སྡིག་ལ་མ་འཛེམས་ནོར་བསགས་ཀྱང་། །མཐའ་མ་གཞན་གྱིས་ལོངས་སུ་སྤྱོད་པའི་རྒྱུ། །ནོར་ལ་སྙིང་པོ་མེད་དོ་མཁའ་རྟ་བ། །དང་པོ་ང་བདེན་ཁྱོད་རྫུན་ང་རྒྱལ་གྱིས། །གཞན་ལ་དགྲ་རུ་བཟུང་ནས་གནོད་བསྐྱལ་ཀྱང་། །མཐའ་མ་དགྲ་ཡིས་རང་ལ་ཕན་པ་མེད། །དགྲ་ལ་སྡང་སེམས་མ་བྱེད་མཁའ་རྟ་བ། །དང་པོ་ང་དགའ་ཁྱོད་ལེགས་སེམས་བཟང་གིས། །གཞན་ལ་གཉེན་དུ་བཟུང་ནས་ཕན་བཏགས་ཀྱང་། །མཐའ་མ་ང་མིན་ཁྱོད་ལན་འཁྲུག་པའི་རྒྱུ། །གྲོགས་ལ་གཏད་སོ་མེད་དོ་མཁའ་རྟ་བ། །རང་དགྲ་རང་ལ་འཁོར་བའི་བུ་བུ་མོ། །བརྩེ་བས་སེམས་ཀྱི་གཅེས་པར་བསྐྱངས་གྱུར་ཀྱང་། །ན་ཚོད་སླེབས་ན་ཕ་མའི་གཉའ་གནོན་བྱེད། །བུ་ཕྲུག་སེམས་ལ་གཟན་ནོ་མཁའ་རྟ་བ། །འདི་ཕྱིའི་བདེ་རྩ་བརླགས་པའི་ཆང་ཨ་རག །ཆོས་པའི་སྡོམ་སྐྱོན་ཁྱིམ་པའི་གསང་གཏམ་འཆོར། །རང་སེམས་མི་སེམས་དཀྲུག་པའི་སྨྱོ་ཆུ་འདིས། །བཏུང་ན་རང་སེམས་མི་སེམས་ཕུང་ངོ་མཁའ་རྟ་བ། །མི་དགེ་སྤྱད་པས་ཚེ་འདིར་སྐྱིད་ན་ཡང་། །འཆི་དུས་དམྱལ་བའི་སྡུག་བསྔལ་བཟོད་དཀའ་བས། །ད་ལྟ་རང་དབང་རང་ལ་ཡོད་དུས་འདིར། །སྡིག་སྤོངས་དགེ་བ་སྒྲུབས་ཤིག་མཁའ་རྟ་བ། །ད་ལྟ་གཅིག་འཆི་གཉིས་འཆི་ན་གཞོན་འཆི། །རང་ཡང་མྱུར་བ་ཉིད་དུ་འཆི་དགོས་པས། །འཆི་དུས་ཆོས་ཀྱིས་མ་གཏོགས་ཕན་པ་མེད། །བློ་ཁ་ཆོས་ལ་བསྒྱུར་ཅིག་མཁའ་རྟ་བ། །གཙང་སྨད་ཡར་འབྲོག་སྒང་གི་བན་ཆུང་དང་། །ལྷོ་མོན་མཁའ་རྟར་བཞུགས་པའི་ཡོན་བདག་རྣམས། །ད་ལྟ་རང་རང་སོ་སོར་གྱེས་དགོས་པས། །འདི་ཡང་མི་རྟག་རེད་དོ་མཁའ་རྟ་བ། །ནམ་མཁས་གར་ཁྱབ་སེམས་ཅན་ཐམས་ཅད་ཀྱིས། །རང་གི་ཕ་མ་མ་བྱས་གཅིག་ཀྱང་མེད། །ལུས་ནི་མ་སྡོད་ཕྱག་དང་སྐོར་བ་མཛོད། །ངག་ནི་མ་སྡོད་སྙིང་པོ་མ་ཎི་འགྲོངས། །སེམས་ནི་མ་སྡོད་གངས་ཅན་ལྷ་གཅིག་སྒོམས། །གསོལ་བ་སྙིང་ནས་ཐོབས་ཤིག་མཁའ་རྟ་བ། །དང་པོ་སྐྱེ་ཡུལ་དབུས་སྟོད་ཡར་འབྲོག་གཞུང་། །བར་དུ་ལ་སྟོད་གངས་ཀྱི་རྭ་བར་སླེབས། །མཐའ་མ་ག་འགྲོ་གར་སྡོད་མེད་པར་ངེས། །གང་ཞུས་ཐུགས་ལ་ཞོག་མཛོད་མཁའ་རྟ་བ། ། ། །

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2021-1-28 03:21 , Processed in 0.037698 second(s), 17 queries .

返回顶部