博客西藏在最高处过一种生活

ཆོས་འབྲོག་ཉི་མ་ ... https://blog.tibetcul.com/?14690 [收藏] [复制] [分享] [RSS] 西藏著名建筑大师和藏戏创史师祖塘东杰博的正统后裔、藏族作家和藏学学者

日志

༄༅།།བགྲང་བྱ་བདུན་བཅུ་འཁོར་བའི་རྒྱལ་སྟོན་ ...

已有 107 次阅读2020-9-27 07:48 |个人分类:嘿马拉雅文化发展促进会|系统分类:文学

༄༅།།བགྲང་བྱ་བདུན་བཅུ་འཁོར་བའི་རྒྱལ་སྟོན་གྱི་མཆོད་སྤྲིན།

ཆོས་འབྲོག་ཉི་མ་དོན་ལགས་ཀྱིས།

གླིང་བཞི་གླིང་ཕྲན་ཡངས་བའི་ཞིང་ཁམས་ཀྱི། 

ཕྲག་དོག་ཀུན་སློང་རྒྱུ་ལ་ཚུལ་ཁྲིམས་དང་། 

བསོད་ནམས་རྐྱེན་གྱིས་ལས་ཀྱི་རྣམ་སྨིན་དུ། 

འགྲོ་བ་མི་ཡི་སྣོད་བཅུད་འཇིག་རྟེན་ཆགས། 

 

འཇིག་རྟེན་གོ་ལའི་འཕོ་འགྱུར་ཆར་རླུང་གཡོས། །

བསྐལ་བརྒྱའི་ཆུ་ཀླུང་ལང་ལོང་དགུང་དུ་འཕྱུར། །

དབང་ཕྱོགས་ལྷུམས་སུ་རིན་ཆེན་འབྱུང་གནས་ཆགས། །

ཀྲུང་ཧྭ་མི་རིགས་གཡུ་འབྲུག་ཚང་དུ་འཁྱིལ། །

 

མི་འདོད་ཚ་གདུང་གྲང་ངར་ཕྲེང་བར་བརྒྱུས། །

འདོད་འདུན་དྲོད་གཤེར་འབྲས་བུར་བློ་ཁ་ཕྱོགས། །

རང་བྱུང་ཁམས་དང་སྐྱེ་འགྲོའི་བདེ་སྡུག་ཁྲོད། །

ལོ་རྒྱུས་འཕེལ་འགྲིབ་དུས་ཀྱི་འཁོར་ལོར་ཞུགས། །

 

འགལ་འདུ་འཇོམས་པའི་རླུང་གི་འཁོར་ལོ་བསྐོར། །

ཉམས་མྱོང་ངེས་ཤེས་སྤྲིན་གྱི་བང་རིམ་འཁྲིགས། །

རང་བྱུང་ཁམས་ལ་འཐབ་རྩོད་གློག་ཞགས་འཁྱུག །

བགྲང་བྱ་ལྔ་སྟོང་ཤེས་རིག་འབྲུག་སྟོང་ལྡིར། །

 

གོ་ལའི་དབྱིངས་སུ་གསར་བརྗེའི་སྐྱ་མདའ་བཏང་། 

མེས་རྒྱལ་མཚན་མོའི་སྨག་རུམ་འཆིང་རྒྱ་གྲོལ། 

ཕྱི་དགྲ་འབྱུང་པོའི་བྱ་ཚོགས་རང་ཚུལ་བསལ། །

ཀྲུང་ཧྭ་མི་རིགས་ཉི་མོའི་དཔལ་ལ་ཕྱོགས། ། 

 

བཙན་འཛུལ་གཉའ་གནོན་ཆུ་འཛིན་ཕ་མཐར་བསྐྲད། །

རྗེས་ལུས་ལམ་ལུགས་གྲང་ངད་རླུང་ལ་བསྐུར། །

ཉམ་ཐག་སྡུག་བསྔལ་མུན་པར་བཞི་ཤད་བཀོད། །

གུང་ཁྲན་ཏང་གི་ཉིན་བྱེད་འོད་སྟོང་འབར། །

 

ཤེས་རབ་མཁྱེན་བརྩེའི་རལ་གྲི་ཕྱག་ཏུ་ཐོགས། 

དབུལ་ཕོངས་སྡུག་བསྔལ་སྐྱོབ་པའི་གོ་ཁྲབ་བཙན། །

སྒེར་དོན་ཁེ་གཉེར་དབུ་སྨོག་རྒྱབ་ཏུ་བསྐྱུར། །

སྐྱེས་ཆེན་མའོ་ལགས་ཕྱོགས་ལས་རྣམ་པར་རྒྱལ། །

 

ཚན་རྩལ་ཤེས་རིག་དྲག་ཆར་རླུང་དམར་འཚུབ། །

རང་དབང་དམངས་གཙོའི་དབྱར་གྱི་ཆུ་ཀླུང་བཞུར། །

མ་ལེ་གཞུང་ལུགས་རྒྱ་མཚོའི་ཀློང་ཡངས་གཡོས། །

ཀྲུང་གོ་གསར་པའི་ཟླ་བ་མཁའ་ལ་འཕགས། 

 

བགྲང་བྱ་བདུན་བཅུའི་འཕོ་འགྱུར་ཀླུ་དབང་མཐུས།  

ཕན་བདེའི་དབུ་བ་འཛུམ་དཀར་ཆུ་ཀླུང་འཕེལ། །

མེས་རྒྱལ་ལེགས་བྱས་རྩི་ཤིང་ནགས་ཚལ་རྒྱས། །

དགའ་སྟོན་མཆོད་སྤྲིན་མེ་ཏོག་ཞལ་ཁ་ཕྱེ། །

 

དབུལ་ཕོངས་རྗེས་ལུས་མྱ་ངམ་ཐང་ཆེན་པོར། །

དར་རྒྱས་གོང་འཕེལ་དཔྱིད་ཀྱི་དྲོད་རླུང་བསུས། །

སྤྱི་ཚོགས་རིང་ལུགས་སྤྲིན་གྱི་མེ་ཏོག་བཞད། །

ཆབ་དཔལ་རིག་གསུམ་རྩི་ཤིང་ལོ་ཏོག་རྒྱས། །

 

བར་སྐབས་ཆབ་སྲིད་རླུང་ཡན་འར་འུར་ལྡངས། །

གྲལ་རིམ་འཐབ་རྩོད་སྤྲིན་ནག་ལང་ལོང་གཡོས། །

མདུན་སྐྱོད་ལམ་བུར་ཆུ་ཡན་ཀྱག་ཀྱོག་བཞུར། །

འཛུགས་སྐྲུན་གོང་འཕེལ་རྒྱ་མཚོ་ཉག་ཉོག་གྱུར། །

 

ཟིང་བཅོས་ལྷུག་གཏོང་དཔྱིད་ཀྱི་དྲོད་གཤེར་བསུས། །

དབུལ་བཅོས་ཕྱུག་འགྱུར་དཔལ་འབྱོར་ལོ་ཏོག་རྒྱས། །

མངའ་ཐང་ལོངས་སྤྱོད་སྟོན་གྱི་འབྲས་བུར་ཕྱོགས། །

བསྒྱུར་བཅོས་སྒོ་དབྱེ་བདེ་སྐྱིད་དཔལ་དུ་ཤར། །

 

ཡང་དག་སྲིད་ཇུས་ཉིན་བྱེད་མཁའ་ལ་འཕགས། །

ཁྲོམ་རའི་དཔལ་འབྱོར་པདྨོའི་འཛུམས་མདངས་བཞད། །

དཔལ་འབྱོར་འཛུགས་སྐྲུན་སྐྱེད་ཚལ་མཛེས་སྡུག་རྒྱས། །

དམངས་ཡོངས་ཕྱུག་འགྱུར་བུང་བ་གར་ལ་རྩེན། །

 

རྩ་བའི་རྩ་དོན་ལྗོན་པའི་སྡོང་པོ་བརྟན། །

ཀྲུང་གོའི་ཁྱད་ཆོས་འདབ་བརྒྱ་ལྷུག་པར་གྲོལ། །

སྤྱི་ཚོགས་གོང་འཕེལ་མེ་ཏོག་རྣམ་པར་བཀྲ། །

འབྱོར་ཕྱུག་མངའ་ཐང་འབྲས་བུ་གཡུར་དུ་ཟ། །

 

ཚུལ་མིན་རུལ་སུངས་སྤྲིན་ནག་ཕ་མཐར་བཅིལ། །

ཏང་སྲོལ་སྲིད་གཙང་མཁའ་དབྱིངས་རང་མདངས་གསལ། །

དམངས་ཀྱི་ཕན་བདེའི་འཇའ་འོད་གུང་ཁང་ཕུབ། །

ཞི་ཅིང་ཕིང་གི་ཉིན་བྱེད་འོད་སྣང་འབར། །

 

ཞའོ་ཕིང་རིག་གཞུང་འཁོར་ལོ་མདུན་དུ་འདྲེན། །

མཚོན་བྱེད་གསུམ་གྱི་དཔལ་བེའུའི་མཛེས་རིས་བཀྲ། །

མཚན་རིག་གོང་འཕེལ་ལྟ་བའི་གསེར་ཉ་འཁྱུག  

སྤྱི་ཚོགས་རིང་ལུགས་རྒྱལ་མཚན་དགུང་དུ་འདེགས། །

 

དམངས་འཚོ་ལེགས་བསྒྱུར་གདུགས་ཀྱི་གྲིབ་བསིལ་སྣུམ། །

དཔལ་ཡོན་སྣ་འཛོམས་པདྨོ་རྣམ་པར་བཞད། །

མངའ་ཐང་ལོངས་སྤྱོད་བུམ་པ་བདུད་རྩིས་གཏམས། །

ཚོགས་ཆེན་བཅོ་བརྒྱད་དུང་དཀར་གཡས་སུ་འཁྱིལ། །

 

ཐོག་མའི་བསམ་འདུན་རྦ་རླབས་མཁའ་ལ་འཕྱུར། །

ལོ་རྒྱུས་འགན་ཁྲི་ནོར་བུ་ཀློང་དུ་སྦྲུམ། །

དམངས་ཀྱི་ཕན་བདེ་བརླན་གཤེར་དཔལ་གྱིས་ཕྱུག །

ཏང་གཤིས་འཛུགས་སྐྱོང་རྒྱ་མཚོའི་གཏིང་མཐའ་ཡངས། །

 

མི་རིགས་ང་དྲུག་འཆམ་མཐུན་གསེར་ཉ་འཁྱུག །

སྲོལ་རྒྱུན་ཤེས་རིག་ཆུ་གཏེར་ཀློང་དུ་རོལ། །

སྔོན་ཐོན་ཚན་རྩལ་རླབས་ཕྲེང་མཁའ་ལ་འཕྱོ། །

ཀྲུང་ཧྭ་མི་རིགས་ཉམས་མཚར་དབྱར་མཚོ་རྒྱས། །

 

ཏང་སྲིད་འགོ་འཛིན་བློན་པོར་སྤྱོད་ཡོན་འཛོམས། །

ཕོ་མོ་འདྲ་མཉམ་མཛངས་མའི་ཡོན་ཏན་ངོམས། །

མངའ་ཁོངས་བདག་དབང་དཔུང་གི་ལྕགས་རི་བརྟན། །

དུས་བདེ་ལྷིང་འཇགས་ནོར་བུར་བསམ་འདུན་འཕེལ། །

 

རྒྱུད་གཅིག་ལམ་གཅིག་གླང་ཆེན་མཚོ་ལ་འཇུག །

ཀྲུང་ཧྭ་བསྐྱར་དར་རྟ་མཆོག་རླུང་གཤོག་རྒྱས། །

འབྱོར་འབྲིང་སྤྱི་ཚོགས་མདུན་སྐྱོད་འཁོར་ལོར་ཞུགས། །

ཀྲུང་གོའི་ཕུགས་འདུན་རྒྱལ་སྲིད་མངའ་ཐང་དར། །

 

ངོ་མཚར་གཟུགས་བརྙན་གོ་ལའི་ཤར་ནས་འགྱིངས། །

སྙན་གྲགས་སྒྲ་དབྱངས་དགུང་སྔོན་དབྱིངས་སུ་ལྡིར། །

མངར་བསངས་དྲི་མཆོག་འཛམ་བུའི་གླིང་ལ་ཁྱབ། །

ཕན་བདེའི་རོ་བཅུད་སྐྱེ་རྒུའི་དཔལ་དུ་སྨིན། །

 

དྲོ་འཇམ་རེག་བྱས་སྐྱེ་འགྲོར་དགའ་བདེ་སྦྱིན། །

འདོད་ཡོན་སུམ་རྩེན་གནས་ལ་འགྲུན་པར་བཟོད། །

བགྲང་བྱ་བདུན་བཅུའི་ཀྲུང་གོའི་དཔལ་ཡོན་མཆོག །

འཆི་མེད་སྐྱེངས་ཏེ་སྲུང་མའི་རང་ཚུགས་འཛིན། །

 

ཚན་རྩལ་སྟག་གི་མཆེ་སྡེར་ནུས་མཐུ་རྒྱས། །

སྲོལ་རྒྱུན་སེང་གེ་རི་དྭགས་རྒྱལ་པོའི་ཚུལ། །

མངའ་ཐང་ཁྱུང་རྒོད་མཁའ་ལ་ལྡིང་བ་ཡི། །

ཀྲུང་ཧྭ་འབྲུག་གི་རྗེས་རབས་གོ་ལའི་རྒྱན། །

 

བགྲང་བྱ་བདུན་བཅུའི་འཕོ་འགྱུར་དཀར་མདངས་རྒྱས།།

ཕན་བདེའི་དཔལ་ཡོན་ལོ་རྒྱུས་མཁའ་དབྱིངས་གསལ།།

འཇིག་རྟེན་རྨོངས་མུན་སེལ་བའི་དཔལ་ལྡན་པ།།

ཕན་བདེའི་བྱིན་རླབས་གཟི་འོད་རྣམ་པར་བཀྲ།

 

སྟག་སེང་ཁྱུང་འབྲུག་གིས་བཀྱགས་མཆོད་ཁྲིའི་སྟེང་། 

མངའ་ཐང་རྒྱལ་སྲིད་སྣ་བདུན་ལྷུན་གྱིས་གྲུབ། །

རླབས་ཆེན་འཕོ་འགྱུར་བཀྲ་ཤིས་རྟགས་བརྒྱད་ལ།  

དགའ་སྟོན་འདོད་ཡོན་སྣ་ལྔའི་མཆོད་སྤྲིན་གསོལ། །

 

བཀྲ་ཤིས་བགྲང་བྱ་བདུན་བཅུའི་འཁྲུངས་སྐར་བསུས། །

བཀྲ་ཤིས་ཀྲུང་གོ་གསར་པའི་དཔལ་ཡོན་མངོན། །

བཀྲ་ཤིས་རྫོགས་ལྡན་སྐལ་བཟང་དགའ་བདེའི་ཁྲོད། །

བཀྲ་ཤིས་མེས་རྒྱལ་རྣམ་པར་རྒྱལ་གྱུར་ཅིག 

 

སྤྱི་ལོ་༢༠༡༩ལོའི་སླ་༩པའི་ཚེས་ཉི་༢༩ཉིན་གྱི་བོད་ལྗོངས་ཉིན་རའི་ཚགས་པར་གྱི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བའི་ཆེད་སྒྲིག་ལེན་ཚན་ཐོག་འཁོད། 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2021-1-28 04:59 , Processed in 0.037533 second(s), 17 queries .

返回顶部