ཆོས་འབྲོག་ཉི་མ་ ... https://blog.tibetcul.com/?14690 [收藏] [复制] [分享] [RSS] 西藏著名建筑大师和藏戏创史师祖塘东杰博的正统后裔、藏族作家和藏学学者

日志

༄༅།།སྣ་སུན་ཕོག་པ།།

已有 65 次阅读2020-9-17 19:56 |个人分类:嘿马拉雅文化发展促进会|系统分类:文学

༄༅།།སྣ་སུན་ཕོག་པ།

  ཆོས་འབྲོག་ཉི་མ་དོན་ལགས་ཀྱིས།

   རྫོང་དཔོན་དབང་རྒྱལ་གྱིས་རླངས་འཁོར་བཏང་ནས་གྲོང་ཁྱེར་གྱི་སློབ་གྲྭར་འགྲོ་བཞིན་པའི་བུ་དབང་འདུས་ནོར་བུ་སློབ་གྲྭ་ནས་བསུ་བར་ཕྱིན། ཁོ་རང་རྣམ་ཀུན་གྲོང་ཁྱེར་དང་རྒྱང་ཐག་ངེས་ཅན་ཡོད་པའི་གཞི་རིམ་གྱི་རྫོང་ག་གེ་མོར་ལས་གནས་བཟུང་ཡོད་པར་བརྟེན། ད་བར་སློབ་ཆུང་ལོ་རིམ་ལྔ་པའི་བར་བུའི་ལྟ་སྐྱོང་དང་སློབ་གྲྭར་འགྲོ་བའི་ཕར་སྐྱེལ་ཚུར་བསུའི་ལས་འགན་ཚང་མ་སྤྱིར་ན་ལས་བྱེད་པའི་ཁྱིམ་འཛིན་མ་ཡིན་པའི་བཟའ་ཟླ་བདེ་སྐྱིད་སྒྲོལ་ལགས་ཀྱི་ཕྲག་སྟེང་དུ་ལྷུང་།

ད་ཐེངས་འབྲེལ་ཡོད་གཏན་འབེབས་བཞིན་ལས་གནས་ལས་གཞིས་འཁོར་ངལ་གསོར་ཟླ་བ་གཅིག་ལྷག་ཙམ་དགོངས་ཁྲོལ་བྱུང་ནའང་། བཟའ་ཟླ་དང་བུ་ཕྲུག་གི་མདུན་དུ་ངལ་གསོའི་ཞར་ལ་ད་དུང་གཞུང་དོན་ལས་ཀ་ཡོད་ཚུལ་དང་། ལས་རོགས་ཀྱི་སར་སྒེར་དོན་ཡོད་ཚུལ་སོགས་བཟའ་ཟླ་བུ་ཕྲུག་དང་མཉམ་འཛོམས་བྱེད་ཁོམ་མེད་པར། དེང་སྐབས་ལག་ཐོགས་ཁ་པར་གྱི་འཕྲིན་ཐུང་ཐད་གཏོང་བརྙན་གཟུགས་མིག་མཐོང་ལག་ཟིན་མ་བྱུང་ན། ཁ་པར་གྱི་སྐད་ཆའི་ཐོག་ནས་ས་ཆ་གང་དུ་ཡོད་ཚུལ་ལ་ཡིད་རྟོན་ངེས་གཏན་བྱེད་དཀའ་བའི་སྣང་ཚུལ་ཡོངས་ཁྱབ་ཆེ་བས། གར་སོང་འདིར་སོང་མེད་པརའཁོར་ཞག་གི་དུས་ཚོད་ནས་ཉིན་ཞག་ཉི་ཤུ་ལྷག་ཙམ་འདས་ཟིན།

གཅིག

མདང་དགོང་བཟའ་ཟླ་དང་བུ་ཕྲུག་གི་སར་རང་ཁྱིམ་དུ་ལོག་ཡོང་བ་དང་། ཏག་ཏག་དེང་སང་བུ་དབང་འདུས་ནོར་བུ་སློབ་མཇུག་ཡིག་ཚད་ཀྱི་སྐབས་ཡིན་པས། བུའི་སྦྱངས་འབྲས་ཡིག་ཚད་ཀྱི་སྐར་མར་མེ་ཚ་བའི་སྒང་ལ་ཤིང་གི་ཁ་སྣོན་ལྟ་བུའི་སྐུལ་ལྕག་གི་ཕན་ནུས་ཐོན་རྒྱུར་དམིགས་ཏེ། བཟའ་ཟླ་བདེ་སྐྱིད་སྒྲོལ་ལགས་ཀྱིས་སྐུལ་བ་བཞིན་ད་རང་ཞོགས་པ་རྣམ་ཀུན་སློབ་ཚུགས་དུས་ཚོད་ཀྱི་གོང་ནས་བཟའ་ཟླའི་རྒྱུན་སྤྱོད་རླངས་འཁོར་ཆུང་གྲས་དཀྱུས་མ་དེ་རྫོང་དཔོན་དབང་རྒྱལ་རང་གིས་བཏང་ནས་བུ་དབང་འདུས་ནོར་བུ་སློབ་གྲྭར་ཡིག་ཚད་གཏོང་བར་བསྐྱལ་བ་མ་ཟད། གུང་ཚིགས་སློབ་གྲྭ་གྲོལ་དུས་ཀྱི་སྔ་ནུར་དུ་རླངས་འཁོར་བཏང་ནས་བུ་བསུ་བར་ཡོང་།

མ་གཞི་བུ་དབང་འདུས་ནོར་བུར་ཕ་མ་གཉིས་ཀར་གྱིས་ཡིག་ཚད་ཀྱི་ཚད་བཀག་དུས་ཚོད་མཇུག་འགྲིལ་བའི་དྲིལ་བརྡ་མ་བཏང་བར་དུ་རྒྱུགས་ཤོག་གི་དྲི་བར་ལན་འདེབས་ཆ་ཚང་ཚར་ནའང་། འགོ་ནས་མཇུག་བར་ཡང་ནས་བསྐྱར་དུ་ཞིབ་བཤེར་བྱེད་དགོས་པ་ལས། དུས་ཚོད་མ་ཟིན་པར་སྔོན་ལ་རྒྱུགས་ར་ནས་ཐོན་མི་ཆོག་པའི་མངགས་ཆ་ནན་པོ་བྱས་ཡོད་མོད། བཟའ་ཟླས་ངེས་པར་དུ་སློབ་གྲྭ་མ་གྲོལ་གོང་གི་ཆུ་ཚོད་ཕྱེད་ཀའི་གོང་ལ་སློབ་གྲྭའི་རྒྱལ་སྒོའི་གཡས་གཡོན་ཉེ་སའི་གོམ་བགྲོད་གཞུང་ལམ་ཐོག་རླངས་འཁོར་འཇོག་ཡུལ་ཐོབ་པ་བྱས་ཏེ་སྒུག་དགོས་པའི་བསླབ་བྱར་གནས་ལུགས་རྒྱུ་མཚན་ངེས་ཅན་མཆིས་པ་སྨོས་ཅི། སློབ་གྲྭ་གྲོལ་བར་ད་དུང་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་ཡོད་ནའང་། སློབ་གྲྭའི་རྒྱལ་སྒོའི་ཉེ་འགྲམ་གྱི་གོམ་བགྲོད་གཞུང་ལམ་ཐོག་གི་རླངས་འཁོར་ཁ་བཀག་ནས་འཇོག་བདེ་བའི་ས་སྟོང་མང་ཆེ་བ་སྔོན་ནས་ཟིན་ཚར་ཏེ། བུ་ཕྲུག་བསུ་བར་ཡོང་མཁན་ཁག་ཅིག་རླངས་འཁོར་ནང་རང་སར་ལག་ཐོགས་ཁ་པར་ལ་མགོ་འཁོར་ནས་བསྡད་ཡོད་ཅིང་། མི་འགའ་ཤས་རླངས་འཁོར་ལས་ཕྱིར་ཐོན་ནས་ལམ་གཞུང་གི་མེ་ཏོག་གམ་ལྗོན་ཤིང་གི་སྒྲོམ་སྟེགས་ཐོག་ཕན་ཚུན་གླེང་མོལ་བྱེད་བཞིན་ཡོད་ལ། རེ་འགའ་ནི་རླངས་འཁོར་སྔ་ས་ནས་ལམ་ཟུར་དུ་བཞག་སྟེ་ཉེ་འཁོར་གྱི་ཇ་ཁང་དང་ཚོང་ཁང་ནང་སློབ་གྲྭ་གྲོལ་རྒྱུ་སྒུག་པར་ཕྱིན་པའམ་ཞོགས་པ་བུ་ཕྲུག་སློབ་གྲྭར་སྐྱེལ་བར་ཡོང་རྗེས་རླངས་འཁོར་རང་སར་བཞག་སྟེ་སློབ་གྲྭ་དགུང་ཚིགས་གཏོང་རྒྱུར་ཇ་ཁང་སོགས་ནང་སྒུག་ནས་བསྡད་ཡོད་པའང་སྲིད

བར་སྐབས་ལོ་ཤས་རིང་ནང་སའི་དམའ་འབྲིང་འཛིན་གྲྭར་ཡིག་རྒྱུགས་ལོན་པའི་བསྡུར་ཚད་གྲོང་ཁྱེར་འདིའི་ནང་གི་སློབ་ཆུང་ཁག་གི་ཁྲོད་ནས་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་བརྟེན་ནས། མ་གཞི་གྲོང་ཁྱེར་ནང་གི་སློབ་ཆུང་ཁག་གི་སློབ་མའི་བསྡུ་ཁུངས་ཁྱབ་ཁོངས་གཏན་འབེབས་ཤོག་བུ་དཀར་པོའི་ཐོག་གི་ཡི་གེ་ནག་ཆུང་ཕྲ་ལྷམ་མེར་ཡོད་ནའང་། གོང་ནས་སྲིད་ཇུས་ཡོད་ན། གཤམ་ནས་ཇུས་ལན་ཡོད་པའི་རྒྱ་སྐད་ཀྱི་ཤོད་སྲོལ་ཇི་བཞིན་ཕྲུ་གུའི་ཁྱིམ་བདག་ཆེས་མང་ཆེ་བས་སློབ་ཁོངས་གཏན་འབེབས་ལ་ཁ་གཏད་འཇལ་བྱེད་ངོ་ཤེས་སམ་དཔང་ཡིག་དང་། རྒྱབ་ཐག་ལྟག་སྒོ་སོགས་ཐབས་བརྒྱ་ཇུས་སྟོང་གིས་བུ་ཕྲུག་སློབ་གྲྭ་འདིར་ཚང་ཁ་ཤིག་ཤིག་ངང་འཇུག་ཐུབ་པ་བྱེད་ཀྱིན་ཡོད་པས། རྫོང་ཞིག་གི་རྫོང་དཔོན་གྱི་ཁྲི་ལ་འགྱིང་བའི་དབང་རྒྱལ་གྱི་ངོས་ནས་དོན་དེ་དེ་འདྲའི་དཀའ་ལས་ཁག་པོ་ཞིག་མིན་ནའང་། སྤྱི་ཚོགས་ཐོག་སློབ་གྲྭ་འདིའི་དགེ་རྒན་རྣམས་ཀྱིས་ནང་ཁུལ་འགྲན་རྩོད་དྲག་པོས་གཅིག་གི་ལད་ཟློས་གཅིག་གིས་བྱས་ཏེ། སློབ་ཕྲུག་ལ་སྔོན་སྦྱོང་གི་མིང་ཐོག་ནས་སློབ་ཁྲིད་བྱེད་རྒྱུ་ཡིན་པའི་སློབ་ཚན་གྱི་ནང་དོན་མང་དག་ཁྱིམ་བདག་དང་མཉམ་དུ་སྔོན་ནས་ལེགས་འགྲུབ་བྱེད་དགོས་པའི་བླང་བྱ་འདོན་པ་དང་། སློབ་མའི་འཁུར་བོ་ཡང་དུ་གཏོང་དགོས་པའི་གོང་རིམ་གྱི་འབྲེལ་ཡོད་འབོད་སྐུལ་ཇི་མི་སྙམ་པར་ཁྱིམ་དུ་ལོག་རྗེས་ཀྱི་སྦྱོང་ཚན་རྫོགས་མཐའ་མེད་ཅིང་། ད་དུང་དབྱར་དགུན་གྱི་གུང་གསེང་ཙམ་གྱིས་མི་ཚད་པར་རེས་གཟའ་སྤེན་པ་དང་ཉི་མའི་ངལ་གསོའི་དུས་ཚོད་ཀྱང་ཐར་བར་མ་བཏང་བར་ལྐོག་ཏུ་སྒེར་བཙུགས་སློབ་ཚན་གསབ་ཁྲིད་ཁང་ལ་གཏོང་དགོས་ཚུལ་སྐུལ་སློང་སོགས་བུ་ཕྲུག་དང་མཉམ་དུ་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱི་ཁྱིམ་བདག་འཁུར་པོ་ཧ་ཅང་ལྗིད་པོ་ཡིན་པ་སོགས། སློབ་ཕྲུག་གི་སྦྱངས་འབྲས་དང་ཁྱིམ་བདག་གི་འཕྱར་བ་གྲུ་འདེགས་སམ་གཙོ་གནད་ཀྱི་ནུས་པ་ཁས་ལེན་མི་བྱེད་མཐུ་མེད་ཀྱི་རྐྱེན་ལས། སྤྱི་ཚོགས་ཐོག་སློབ་གྲྭ་འདིར་ཁྱིམ་བདག་གི་སློབ་གྲྭ་ཞེས་འཁང་རའང་བྱེད་ཀྱིན་ཡོད་མོད། བཟའ་ཟླ་བདེ་སྐྱིད་སྒྲོལ་ལགས་ནི་ཆུང་དུས་སློབ་ཞུགས་ན་ཚོད་ནས་བཟུང་གྲོང་ཁྱེར་གྱི་ལས་བྱེད་ཁྱིམ་ཚང་ནང་བུ་རྫི་སོགས་བྱས་ཏེ། བུ་དབང་འདུས་ནོར་བའི་ཁྱིམ་སྦྱོང་ལ་ཟུར་ཁྲིད་ལྟ་ཅི་ཀ་བོང་བུའི་མགོ་ཙམ་ཡང་ཤེས་ཀྱི་མེད་པས། རྫོང་དཔོན་དབང་རྒྱལ་གྱིས་ཀྱང་མིའི་ལད་ཟློས་སྤྲེལ་གྱིས་བྱེད་པའི་དཔེ་ལྟར། སྐྱེ་ཡུལ་ཁོ་རང་རྫོང་དཔོན་བྱེད་ཡུལ་ནས་གྲོང་ཁྱེར་ནང་སློབ་འབྲིང་དགེ་རྒན་བྱེད་བཞིན་པའི་རྒན་བསམ་སྐྱིད་སྒྲོལ་མ་ལགས་དང་བཟའ་ཟླ་བདེ་སྐྱིད་སྒྲོལ་ལགས་བར་འཕྲིན་ཕྲན་འབྲེལ་མཐུད་ཀྱིས་བུའི་ཁྱིམ་སྦྱོང་རིག་ཚན་གང་སར་ཟུར་ཁྲིད་སློབ་སྟོན་འགན་ལེན་གྱི་སྐྱབས་འཇུག་ཞུས་ཡོད་ནའང་། བུ་དབང་འདུས་ནོར་བུའི་འཛིན་གྲྭའི་ནང་གི་རྒྱུན་ལྡན་སྦྱངས་འབྲས་དེ་ཙམ་དགེ་རྒན་དང་ཁྱིམ་བདག་གི་འདོད་བློ་ཁེངས་པ་ཞིག་མེད་པ་ནི། ལག་ཏུ་དབང་ཆ་དང་ནང་དུ་རྒྱུ་དཔལ་འབྱོར་ག་ཚད་ཡོད་ཀྱང་རྫོང་དཔོན་དབང་རྒྱལ་གྱི་སེམས་ཀྱི་གཅོང་ནད་ཅིག་ཏུ་གྱུར་ཡོད།

ལོ་དགུའི་འོས་འགན་སློབ་གསོ་ཞིབ་བཤེར་རྩིས་ལེན་གྱི་ལས་འགུལ་ཚུགས་པ་ནས་བཟུང་། དེ་སྔོན་ལྟར་གྲོང་ཁྱེར་དང་ལས་བྱེད་པའི་ཕྲུ་གུའི་བུ་རྫིར་ཡོང་མཁན་འབྱོར་དཀའ་བས། ཕྲུ་གུ་སློབ་གྲྭར་སྐྱེལ་བསུའི་ལས་འགན་ཚང་མ་སྤྱིར་ན་ཕྲུ་གུར་སྤོ་བོ་རྨོ་བོ་ཡོད་མཁན་ཁྱིམ་ཚང་གི་རྒན་འཁོགས་ཀྱི་ཕྲག་པར་ལྷུང་གི་ཡོད་པར་བརྟེན། སློབ་གྲྭ་འདིར་བསྡུ་ཁོངས་མ་ཡིན་པའི་སློབ་མ་མང་ཆེ་བར་ཁྱིམ་ཚང་གི་ཆ་རྐྱེན་དང་རྒྱབ་ལྗོངས་ངེས་ཅན་ཡོད་པ་ཤ་སྟག་ཡིན་པས། སློབ་མ་སྐྱེ་བསུར་ཡོང་མཁན་རླངས་འཁོར་ཆུང་གྲས་གཅིག་ལས་གཅིག་རྫིག་ཉམས་ལྡན། ཁྱིམ་ལ་རླངས་འཁོར་ཆུང་གྲས་ཡོད་བཞིན་དུ་སྐབས་རེ་སྟབས་བདེ་མིན་གྱིས་སློབ་གྲྭར་ཕྲུ་གུ་བསུ་བར་སྦག་སྦག་གམ་གློག་འགུལ་འཕྲུལ་འཁོར་བཏང་ནས་ཡོང་དུས་སུའང་། ཕྲུ་གུས་ཁྱིམ་བདག་ལ་སློབ་གྲྭར་བསུ་བར་རླངས་འཁོར་བཏང་མ་ཡོང་བར་འཁང་རའང་བྱེད་ཀྱི་ཡོད། འོན་ཏང་། ཕྲུ་གུ་དེ་ཚོའི་སྤོ་བོ་རྨོ་བོའི་དུས་རབས་ལ་ཁ་ལོ་པའི་ལས་རིགས་ཙམ་མ་གཏོགས་རླངས་འཁོར་བཀོལ་སྤྱོད་དར་ཁྱབ་མེད་པས། རྒན་རབས་དེ་ཚོའི་ཁྲོད་དུ་ཁ་ལོ་བའི་ལས་གནས་ལས་ལས་འཁྱུར་ངལ་གསོ་ཞུས་པ་ཐར་ཐོར་ཕུད། རླངས་འཁོར་བཀོལ་སྤྱོད་ཀྱི་བྱང་གོམས་ཕར་བཞག་ནི་ལག་འཁྱེར་ཙམ་ཡང་སྟོན་རྒྱུ་མེད་པར་བརྟེན། འགའ་ཤས་ཀྱིས་རྟ་རྒན་ལ་སྒྲོས་སློབ་པའི་ལམ་དུ་ཞུགས་ཀྱི་ཡོད་ཅིང་། ལོ་ན་དེ་ཙམ་མཐོ་བོ་མ་ཡིན་པའི་བཟའ་ཟླ་བདེ་སྐྱིད་སྒྲོལ་ལགས་ལའང་རླངས་འཁོར་བཀོལ་སྤྱོད་ཀྱི་ཁྲིམས་མཐུན་ལག་འཁྱེར་དང་བཅས་ཕྲུ་གུ་སློབ་གྲྭར་བསུ་སྐྱེལ་ལ་ཆེད་དུ་དམིགས་པའི་རླངས་འཁོར་ཆུང་གྲས་དཀྱུལ་མ་དེ་ཉོས་མེད་པ་ཡིན་ན། སློབ་ཕྲུག་དེའི་ཁྱིམ་བདག་དེ་སློབ་གྲྭའི་རྒྱལ་སྒོའི་ཉེ་འདབས་ཀྱི་ཤིང་སྡོང་དེའི་འོག་ཁོ་རང་ནས་རྒས་སོང་ཞེས་པའི་གྲས་སུ་ཚུད་རྒྱུ་རང་ཡིན་པ་རེད

བུ་སློབ་གྲྭ་གྲོལ་རྒྱུར་སྒུག་ནས་སྡོད་པའི་རླངས་འཁོར་འཇོག་ཡུལ་འོས་ཤིང་འཚམས་པ་ཤིག་རྙེད་རྗེས། རྫོང་དཔོན་དབང་རྒྱལ་གྱིས་ཁ་པར་ཐོག་གི་དུས་ཚོད་ལ་ལྟ་དུས་སློབ་གྲྭ་དགུང་ཚིགས་ལ་གཏོང་བར་ད་དུང་ཆུ་ཚོད་ཕྱེད་ཀ་ཏག་ཏག་ཡོད་པས། གོམས་གཤིས་སུ་འཇགས་པ་ལྟར་ལག་ཏུ་ཀོ་བའི་ཡིག་ཆས་ཁུག་མ་ཆུང་ཆུང་དེ་ཐོགས་ནས་རླངས་འཁོར་ལས་ཕྱིར་ཐོན།

སློབ་གྲྭའི་གནས་ཡུལ་མ་གཞི་གྲོང་ཁྱེར་གྱི་འདུ་འཛི་ཆེ་བའི་ཁྲོམ་གཞུང་ལས་རྒྱང་ཐག་ངེས་ཅན་ཡོད་མོད། བར་སྐབས་ཨར་ལས་འཛུགས་སྐྲུན་གྱི་ཚ་རླབས་མཁའ་ལ་འཕྱོ་བའི་ཁྲོད་ནས་ལམ་གཞུང་གི་གཡས་གཡོན་གང་སར་གཞུང་སྒེར་མེད་པར་ཚོང་གཉེར་བྱ་ཡུལ་ཁང་གླར་གཏོང་བའི་སྒྲིལ་འཐེན་ལྕགས་སྒོ་ཅན་གྱི་སྒོ་ཐོད་དང་སྒོ་ལོགས་ལ་བོད་ཟས་དང་། ཟ་ཁང་། ཇ་ཁང་། ཚོང་ཁང་སོགས་མཇུག་གི་བོད་ཡིག་གི་ཡིག་འབྲུ་གཉིས་ལ་བརྟེན་ནས་ངོས་འཛིན་བྱེད་དགོས་པ་ལས། དེའི་མདུན་གྱི་བོད་ཡིག་ཁག་ཅིག་རྒྱ་ཡིག་རྒྱ་སྐད་ལ་གོམས་འདྲིས་ངེས་ཅན་མེད་ན་གོ་དོན་རྟོགས་རྒྱུ་ཕར་བཞག བོད་སྐད་ཐོག་ནས་ཐད་ཀར་ཀློག་དཀའ་བའི་སྒོ་བྱང་གཅིག་ལས་གཅིག་རྫིག་ཉམས་དང་ལྡན་པར་མངོན། 

མ་གཞི་བྱས་ན་སྒོ་བྱང་དེའི་བོད་ཡིག་ཐོག་གི་གོ་དོན་ལྷའི་ཕོ་ཉའི་གཟུགས ་བརྙན་པར་ཁང་ཡིན་མོད། ཐད་ཀར་རྒྱ་ཡིག་གི་སྒྲ་ཇི་བཞིན་ཐའན་ཧྲེ་ཞིང་ཤང་པར་ཁང་ཞེས་པའི་སྒོ་བྱང་དང་བཅས་ཕྲུ་གུ་རྒྱགས་པའི་འདྲ་པརའདྲ་མིན་སྦྱར་བ་དེར་རྫོང་དཔོན་དབང་རྒྱལ་གྱིས་དོ་སྣང་དམིགས་བསལ་བྱུང་སྟེ། དེས་རང་གི་དོན་དག་ཅིག་དྲན་གསོས་ནས་སྟོད་གོས་ཀྱི་ཁུག་མའི་ནང་ནས་ལག་ཐོགས་ཁ་པར་བཏོན་ཏེ་ཁ་པར་ཐོག་གི་ཉེ་དུས་ཀྱི་འདྲ་པར་ལས་གཞོན་ནུ་མ་ཞིག་དང་མཉམ་དུ་ནང་སའི་ཡུལ་སྐོར་མཛེས་ལྗོངས་དང་རྒྱས་སྤྲོས་ཟ་འཐུང་རོལ་རྩེད་ལ་རོལ་བཞིན་པའི་འདྲ་པར་ལས་ཁག་ཅིག་དམས་ནས་བཀྲུས་པ་དང་། དེ་རྗེས་འདྲ་པར་དེའི་རིགས་ཁ་པར་ཐོག་ནས་མེད་པར་བཟོས།

གཉིས།

སློབ་གྲྭ་ད་དུང་གྲོལ་གྲབས་མེད་ཅིང་། སློབ་གྲྭའི་རྒྱ་སྒོའི་ཉེ་འདབས་སུ་འཁོར་གསུམ་གློག་འགུལ་འཕྲུལ་འཁོར་ཞིག་གི་འཁྲིས་སུ་བོད་ཆས་གྱོན་པའི་བུད་མེད་ཅིག་གིས་ལྷམ་ཕྱིས་ཡོ་ཆས་ཐང་གར་བཀྲམས་ནས་བསྡད་ཡོད་པས། རྫོང་དཔོན་དབང་རྒྱལ་གྱིས་རང་གི་ལྷམ་གྱི་ཐལ་རྡུལ་ལ་བལྟ་ཙམ་བྱས་པ་དང་སྦྲགས་རྐུབ་སྟེགས་ཐོག་ལྟོ་ཕད་ནས་ཤོག་བུ་དཀར་གཙང་གཅིག་བཏོན་ནས་བཏིངས་བར་བསྡད་དེ་ལྷམ་ཕྱིས། ལྷམ་ཕྱིས་ཚར་གྲབས་ཡོད་པའི་སྐབས་སུ་སློབ་གྲྭ་གྲོལ་བས། སློབ་ཕྲུག་བསུ་བར་ཡོང་མཁན་ཁྱིམ་བདག་ཚང་མ་སློབ་གྲྭའི་རྒྱ་སྒོའི་འགྲམ་དུ་ཚང་ཁ་བརྒྱབ་ནས་འདུས་ཡོང་བ་ནི་ཕྲུ་གུར་སུར་ཐོབ་འགྲན་པ་དང་གཉིས་སུ་མ་མཆིས།  ན་ཚོད་འདྲ་མཉམ་གྱི་སློབ་ཕྲུག་ཚང་མ་སློབ་གྲྭའི་གྱོན་ཆས་དང་ཞྭ་མོ་གཅིག་མཚུངས་གྱོན་ཡོད་པས། སློབ་ཕྲུག་གིས་ཚུར་རང་ཉིད་བསུ་བར་ཡོང་མཁན་ཁྱིམ་བདག་མཐོང་ནས་འཁྲིས་སུ་བཅར་ཡོང་ན་མ་གཏོགས་ཕྲུ་གུའི་ཁྱིམ་བདག་གིས་སློབ་ཕྲུག་བརྒྱ་ཕྲག་གི་ཁྲོད་ནས་ཕར་ལམ་སེང་རང་གི་བུ་ཕྲུག་ངོས་འཛིན་ཐུབ་པར་དཀའ།

རྫོང་དཔོན་དབང་རྒྱལ་སློབ་ཕྲུག་སྒུག་མཁན་ཁྱིམ་བདག་གྲལ་བསྟར་ལས་མདུན་དུ་ཐོན་ནས་ལྷམ་འབྱིད་མཁན་བུད་མེད་དེའི་མདུན་ནས་ཡར་ལངས་པས། བུ་དབང་འདུས་ནོར་བུས་རྒྱང་ནས་མཐོང་སྟེ་མགྱོགས་མྱུར་ཁོའི་མདུན་དུ་རྒྱུགས་ཡོང་།   “འོ་ཡ། ད་རང་གི་ཡིག་ཚད་གང་འདྲ་བྱུང་སོང་ངམ། སྐར་མ་ག་ཚད་ལོན་པ་ཡོད་དམ།”རྫོང་དཔོན་དབང་རྒྱལ་གྱིས་ལག་གི་ཡིག་ཆས་ཁུག་མ་ལྷམ་ཕྱིས་ཡོ་ཆས་ཀྱི་སྟེང་དུ་བཞག་ནས་རང་སར་ས་ལ་ཙོག་ཙོག་བྱས་ཏེ་བུའི་མགོ་ལ་ལག་པ་ཉིས་ཀྱིས་བྱིལ་བྱིལ་བྱེད་བཞིན་དུ་རང་གི་བྲང་ཁོག་ལ་སྦྱར་ཙམ་བྱས། བུ་དབང་འདུས་ནོར་བུས་ཡིད་ཐང་ཆད་པའི་རྣམ་འགྱུར་དང་བཅས་མགོ་བོ་ཡུག་ཡུག་བྱས་པས། རྫོང་དཔོན་དབང་རྒྱལ་གྱིས་ཁོང་ཁྲོའི་རྣམ་འགྱུར་དང་བཅས་“འོ་ད་ཡང་སྦྱངས་འབྲས་ཀྱི་ཡིག་ཚད་ལ་ལྟ་ཉན་མ་བྱུང་་འདྲ། ལྟོས་དང་ནམ་རྒྱུན་ནས་སློབ་སྦྱོང་ཡག་པོ་མ་བྱས་ན། སློབ་གྲྭ་ཆེན་མོར་ཡིག་རྒྱུགས་མ་ལོན་པར། རྗེས་སུ་ཆེན་པོ་ཆགས་དུས་ཨ་ཅག་འདི་ནང་བཞིན་ལྷམ་ཕྱིས་ནས་སྡོད་རྒྱུ་ལས་ཡོང་གི་མ་རེད།”ཅེས་ལྷམ་ཕྱིས་ཡོ་ཆས་འཁོར་གསུམ་གློག་འགུལ་འཕྲུལ་འཁོར་ནང་བསྡུ་བཞིན་པའི་བུད་མེད་དེར་མཛུབ་མོ་གཏད་དེ་བརྗོད་པ་དང་སྦྲགས། བུ་དང་ལག་སྦྲེལ་གྱིས་མི་ཚོགས་ཁྲོད་ནས་རླངས་འཁོར་འཇོག་ཡུལ་ཕྱོགས་སུ་ཕྱིན། ལྷམ་འབྱིད་མཁན་བུད་མེད་དེསཡིག་ཆས་ཁུག་མ་ལུས་ཡོད་པ་མཐོང་ནས་“ཝའེ། ཝའེ།”ཞེས་རྒྱབ་ནས་སྐད་གཏོང་བཞིན་དུ་ཁོ་བུ་ལ་བཤད་པའི་སྐད་ཆ་དེ་ལྷང་ངེར་དྲན་ནས་ཀོ་བའི་ཡིག་ཆས་ཁུག་མ་མོ་རང་གི་ལྷམ་ཕྱིས་ཡོ་ཆས་ཀྱི་མཉམ་དུ་འཁོར་གསུམ་གློག་འགུལ་འཕྲུལ་འཁོར་ནང་བླུགས།   

དང་ཐོག་སློབ་གྲྭ་མ་གྲོལ་གོང་ལ་རླངས་འཁོར་འཇོག་ས་རྙེད་དཀའ་བས་མི་ཚད་པར། གྲོང་ཁྱེར་གྱི་འཕྲུལ་འཁོར་དང་མི་ཚོགས་ཁྲོད་རླངས་འཁོར་གཏོང་རྒྱུར་བྱང་གོམས་དེ་ཙམ་མེད་པའི་ངོས་ནས་སློབ་གྲྭ་གྲོལ་བཞིན་པའི་དུས་སུ་གོམ་བགྲོད་ལམ་གྱི་རླངས་འཁོར་འཇོག་ས་ནས་ཕྱིར་འཁོར་བགྲོད་གཞུང་ལམ་ཐོག་ཐོན་པར། རླངས་འཁོར་ཆུང་རིགས་སྣ་ཚོགས་དང་། རྒྱབ་མདུན་གང་ས་གང་ནས་སློབ་ཕྲུག་བསྐྱོན་པའི་སྦག་སྦག་དང་གློག་འགུལ་འཕྲུལ་འཁོར་རམ་རྐང་འཁོར། དེ་བཞིན་སློབ་ཕྲུག་ལག་སྦྲེལ་གྱིས་ཁྲིད་པའི་གོམ་བགྲོད་མཁན་སོགས་གྲོག་ཚང་ཁ་ཕྱེ་བ་ལྟ་བུའི་འདུ་ལོང་ཁྲོད་ནས་རང་གི་བགྲོད་ལམ་དུ་ཞུགས་རྒྱུ་ནི་དེ་བས་ཀྱང་གཟབ་གཟབ་གྲུང་གྲུང་མི་བྱེད་རང་བྱེད་དུ་སྣང་།

རྫོང་དཔོན་དབང་རྒྱལ་གྱིས་བུ་རླངས་འཁོར་གྱི་རྒྱབ་ཀྱི་སྡོད་གནས་ཐོག་སྡོད་བཅུག་ནས་རླངས་འཁོར་གཏོང་རྩིས་ཀྱིས་རྒྱབ་མདུན་དང་གཡས་གཡོན་གྱི་འདུ་ལོང་ལ་ལྟ་བཞིན་དུ་དབུགས་རིང་ཞིག་བཏང་བ་དང་སྦྲགས་ཡིག་ཆས་ཁུག་མ་དེ་ལྷམ་ཕྱིས་སར་ལུས་པ་དྲན་ཏེ། སེམས་ནང་རང་དབང་མེད་པར་དངངས་འཚབས་ཤིག་ལངས་ཤིང་།  འདུ་ལོང་ཆེ་བའི་འཕྲུལ་འཁོར་དང་མི་ཚོགས་ཁྲོད་འཁོར་གསུམ་གློག་འགུལ་འཕྲུལ་འཁོར་ཅན་གྱི་ལྷམ་འབྱིད་མཁན་བུད་མེད་དེ་མཐོང་ལམ་དུ་ཡོད་མིན་མིག་ཡུག་ཅིག་བརྒྱབ་པས། རྒྱ་མཚོའི་ནང་ཁབ་འཚོལ་བ་དང་གཉིས་སུ་མ་མཆིས།

རྫོང་དཔོན་དབང་རྒྱལ་ཡིག་ཁུག་ནང་གི་ཅ་དངོས་གཞན་དག་གང་ལའང་སྣང་བ་མེད་པར། ད་གིན་ཁ་པར་ནང་ནས་བཤུས་པའི་པར་དེ་དག་མི་གཞན་གྱིས་མཐོང་ན་སྔོ་ལོ་ལངས་ནས་ཕྱར་བ་ཡིན་པའི་སེམས་ཁྲལ་ཆེན་པོ་ལངས་ནས་ “བུ། ད་གིན་གྱི་ལྷམ་འབྱིད་མཁན་ཨ་ཅག་དེ་ཧ་གོ་ཡི་ཡོད་དམ། ནམ་རྒྱུན་རྟག་པར་ཁྱོད་ཚོའི་སློབ་གྲྭའི་སྒོ་འགྲམ་འདི་གར་ལྷམ་ཕྱིས་ནས་སྡོད་ཀྱི་རེད་དམ།”ཞེས་དྲིས་པར། “ཧ་གོ་ཡི་ཡོད། ཧ་གོ་ཡི་ཡོད། ཨ་ཅག་དེ་ང་ཚོའི་འཛིན་གྲྭའི་སློབ་གྲོགས་སྐལ་བཟང་དབྱངས་ལགས་ཀྱི་ཁྱིམ་བདག་རེད།” བུས་རྒྱབ་ཀྱི་སྡོད་གནས་ནས་ཡར་ལངས་སྟེ། མདུན་གྱི་སྡོད་གནས་གཉིས་ཀྱི་བར་ནས་པ་ཕའི་རྣ་ཅོག་ལ་ཁ་གཏད་དེ་བརྗོད་པས། ཁོ་པ་སེམས་ཅུང་ཟད་རྣལ་དུ་ཕབ་པར་གྱུར་ནས་ཨོའོ། བྱས་ན་སྣང་དག་མིན་འདུག ད་གིན་པ་ཕའི་ཡིག་ཆས་ཁུག་མ་མོའི་ལྷམ་ཕྱིས་ཡོ་ཆས་ཀྱི་དཀྱིལ་དུ་ལུས་པ་འདྲ། སློབ་གྲོགས་དེའི་སྡོད་གནས་གང་དུ་ཡོད་མིན་བུ་རང་ལ་ཆ་རྒྱུས་ཨེ་ཡོད།ཅེས་དྲིས། བུས་ཞིབ་ཕྲའི་སྡོད་ས་ང་ལ་རྒྱུས་མེད། ཁྱིམ་ཚང་སྐྱོ་བོ་ཡིན་པས་དབུལ་སྐྱོར་གྱི་ཁང་པའི་ནང་སྡོད་ཀྱི་ཡོད་པ་རེད་ཟེར་གྱི་འདུག  སྐལ་བཟང་དབྱངས་ལགས་མོ་རང་ཡང་ང་ཚོའི་འཛིན་གྲྭའི་དབུལ་པོའི་ཁྱིམ་ཚང་གི་བུ་ཕྲུག་གྲས་རེད། སྡོད་སའི་ནང་སློབ་གྲྭ་དང་རྒྱང་ཐག་རིང་པོ་རང་མེད་པ་འདྲ། སྐབས་རེ་བསུ་མཁན་དང་སྐྱེལ་མཁན་མེད་པར་མོ་རང་གཅིག་པོ་གོམ་པ་རྒྱབ་ནས་ཡོང་གི་རེད། ཅེས་བརྗོད།

 རླངས་འཁོར་གྱི་གློག་སྒོ་ཕྱེ་ནས་ཕ་བུ་གཉིས་རླངས་འཁོར་ནང་གླེང་མོལ་དང་བཅས་དུས་ཚོད་གང་ཙམ་འདས་རྗེས། འཕྲུལ་འཁོར་དང་མི་ཚོགས་ཀྱང་འཁོལ་ཆུ་བསད་པ་ལྟར་རིམ་བཞིན་འཇགས་ཤིང་། རྫོང་དཔོན་དབང་རྒྱལ་བློ་བདེ་བག་ཕེབས་སུ་གྱུར་ནས་མགོ་བོ་འཇོག་འཇོག་བྱེད་བཞིན་དུ་ཨོའོ། བྱས་ན་སྣང་དག་མིན་འདུག དེ་རིང་ཉིན་གང་གི་བུ་རང་སློབ་གྲྭར་བསུ་སྐྱེལ་བྱེད་རྒྱུ་དེ་པ་ཕས་འགན་གཙང་ལེན་རྒྱུ་རེད། དགོང་དྲོའང་པ་ཕས་མོ་ཊ་བཏང་ནས་ཁྱེར་རང་སྐྱེལ་བསུས་བྱས་ཆོགཅེ་བརྗོད་པར། བུ་དབང་འདུས་ནོར་བུའང་དགའ་ཚོར་སྐྱེས་ནས་དེ་འདྲའི་དགའ་བ་ལ། དགའ་བ་ལ། ང་ཚོའི་འཛིན་གྲྭའི་སློབ་ཕྲུག་གཞན་དག་མང་ཆེ་བ་པ་ཕ་ཨ་མ་དང་སྤོ་བོ་རྨོ་བོ་སོགས་སུ་བྱུང་བྱུང་གིས་བསུ་སྐྱེལ་བྱེད་པར་ཡོང་གི་རེད། ང་ནི་ག་དུས་ཡིན་ཀྱང་ཨ་མ་གཅིག་པོ་རང་རེད། ངའི་པ་ཕ་ག་འདྲ་ཞིག་ཡོད་མིན་སློབ་གྲོགས་ཚོས་མཐོང་མྱོང་ཡང་ཡོད་ཀྱི་མ་རེད།ཅེས་བརྗོད།

གསུམ།

དགོང་དྲོའི་སློབ་ཚུགས་དུས་ཚོད་མ་ཟིན་གོང་ལ་སྔ་ས་ནས་རྫོང་དཔོན་དབང་རྒྱལ་གྱིས་རླངས་འཁོར་བཏང་ནས་བུ་དབང་འདུས་སློབ་གྲྭར་སྐྱེལ་བར་ཡོང་སྟེ། བུ་ལ་ཡིག་ཚད་ཡག་པོ་གཏོང་དགོས་པའི་མངགས་ཆ་ཡང་ཡང་བྱས་ཏེ་སློབ་གྲྭར་བཏང་ནས་ལྷམ་འབྱིད་མཁན་བུད་མེད་དེའི་སྔ་དྲོའི་སྡོད་གནས་སུ་ཡོང་རྒྱུར་སྒུག་ནས་བསྡད་ཀྱང་མིག་གི་མཐོང་སར་མེད་པས། བུ་དབང་འདུས་ནོར་བུའི་སློབ་གྲོགས་བུ་མོ་དེ་སྐྱེལ་མཁན་མེད་པའམ་ཁྱིམ་མི་གཞན་ཞིག་གིས་སྐྱེལ་བར་ཡོང་ནས་སློབ་གྲྭའི་ནང་འཛུལ་ཟིན་པ་གཏན་འཁེལ་ཡིན་པར་བརྟེན། དུས་ཚོད་ཡོད་ཐོག་ལ་པར་ཁང་དེའི་ནང་ཡང་བསྐྱར་ཕྱིན་ནས་སྔ་དྲོ་རང་གི་བཤུས་པའི་འདྲ་པར་དེ་དག་གློག་ཀླང་ནང་ནས་དངོས་འབྲེལ་མེད་པ་བཟོས་མིན་དག་ཐེར་ཐེངས་གཅིག་བྱས་ཤིང་། འཆམ་འཆམ་དང་སྦྲགས་ནས་སློབ་གྲྭའི་ཉེ་འཁོར་གྱི་ཚོང་ཁང་སོགས་སྐོར་བཞིན་དུ་སློབ་གྲྭ་མ་གྲོལ་བར་གྱི་དགོང་དྲོའི་དུས་ཚོད་འཁྱོལ་ཐབས་བྱས་ཏེ་སློབ་གྲྭའི་ཉེ་འཁོར་དེའི་རྒྱུད་དུ་སྒུག་ནས་བསྡད།

 ཏག་ཏག་དགོང་དྲོའི་སློབ་གྲྭ་གྲོལ་བར་ད་དུང་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་ཡོད་པའི་དུས་སུ་འཁོར་གསུམ་གློག་འགུལ་འཕྲུལ་འཁོར་ཅན་གྱི་བོད་ཆས་གྱོན་པའི་བུད་མེད་དེ་ཡོང་ནས་རང་སར་ལྷམ་ཕྱིས་ཡོ་ཆས་ཐང་གར་འགྲེམ་བཞིན་པའི་སྐབས་སུ། རྫོང་དཔོན་དབང་རྒྱལ་གྱིས་དེའི་ཁུལ་དུ་མི་གཞན་ཐར་ཐོར་ལས་མཐོང་རྒྱུ་མེད་པའི་དུས་ཚོད་དམ་འཛིན་གྱིས་མྱུར་དུ་མོའི་སར་ཕྱིན་ནས་མོའི་ཅ་དངོས་ཁྲོད་མིག་གིས་འཚོལ་ཞིབ་བྱེད་བཞིན་དུ་ ད་རང་ངའི་ཡིག་ཁུག་ཁྱེད་རང་གི་ལྷམ་ཕྱིས་ཡོ་ཆས་ཀྱི་དཀྱིལ་དུ་ལུས་མི་འདུག་གམ་ཞེས་དྲིས་པར། མོས་འོ་ལུས་འདུག་ལགས། བདག་གིས་ཁྱེད་རང་གི་རྒྱབ་ནས་བོས་ཀྱང་ཁྱེད་རང་གིས་ཁ་ཡ་མ་གནང་པར་ཤར་རེར་ཕེབས་སོང་བས། བདག་ཐབས་ཤེས་མེད་པར་བདག་རང་གི་ཅ་ལག་ཆ་ལ་ཁྱེར་དགོས་ཐུག་བྱུང་།ཞེས་བརྗོད། རྫོང་དཔོན་དབང་རྒྱལ་གྱིས་མོ་ལ་ཡིད་སྨོན་གྱི་རྣམ་འགྱུར་ཚུལ་དུ་འོ་ཁྱེད་རང་ལས་ཀ་ལྷམ་ཕྱིས་ཡས་ཤིག་ལས་མེད་ནའང་ཀུན་སྤྱོད་བཟང་པོ་ཞིག་རེད་འདུག ངས་ཁྱེད་རང་ལ་རྫོང་ཡོངས་……ཁ་རྒྱུན་འཇགས་པ་དྲན་ནས་མ་རེད། མ་རེད། གྲོང་ཁྱེར་ཡོངས་ལ་མིག་དཔེར་འཛིན་དགོས་པའི་ཡོངས་བསྒྲགས་བྱེད་ཀྱི་ཡིན། ཡིག་ཁུག་ད་ལྟ་ག་ན་ཡོད།ཅེས་ཡིག་ཁུག་ལམ་སེང་ཕྱིར་སྤྲོད་བྱེད་རྒྱུའི་འདོད་འདུན་མཚོན་པར་བྱས། མོས་ལྷམ་ཕྱིས་ཡོ་ཆས་ཐང་གར་བཀྲམས་ཏེ་རྐུབ་སྟེགས་ཐོག་བསྡད་ནས་རང་གི་ལྷམ་ཕྱིས་ཡོ་ཆས་ལ་ལྟ་བཞིན་དུ་བདག་ལས་ཀ་ལྷམ་ཕྱིས་ཡས་ཤིག་ལས་མེད་པའི་བུད་མེད་ཐ་མ་ཞིག་ལ་རྫོང་དཔོན་ལགས་ཁྱེད་རང་གིས་ཆེ་བསྟོད་དེ་འདྲ་གནང་རྒྱུ་ཕར་བཞག་ནས་དམན་འབེབས་མ་གནང་ན་དེ་རང་གིས་འགྲིག་པ། ནང་དུ་སླེབས་ནས་བློ་ཚོགས་མ་བསགས་པར་ཡིག་ཁུག་ཁ་ཕྱེ་ནས་བལྟ་ཙམ་བྱས་པས། ཁྱེད་རང་དང་ན་གཞོན་མཛེས་མའི་སྐུ་པར་དེ་ཚོའི་ཉམས་མཚར་ལྟད་མོ་མཐོང་བྱུང་། ཞེས་རྫོང་དཔོན་དབང་རྒྱལ་ལ་ཟུར་ཟ་དང་སྦྲགས་ནས་བརྗོད་པས། རྫོང་དཔོན་དབང་རྒྱལ་གྱིས་སྒམ་ནན་གྱི་སྒོ་ནས་ཡིག་ཁུག་ནང་གི་པར་གྱི་ཐད་ལ་ཁྱོད་རང་ལ་ཇུས་གཏོགས་འཁྲི་ཡི་མ་རེད། པར་དེ་ཚོ་ད་དུང་མི་གཞན་ལ་སྟོན་མེད་དམ། པར་ཆ་ཚང་རང་འཇགས་ཡིག་ཁུག་ནང་བླུག་ཡོད་དམ། ཡིག་ཁུག་ག་ན་ཡོད་དམ། དེའི་ནང་དངུལ་སྒོར་མོ་གསུམ་སྟོང་གཡས་གཡོན་ཙམ་ཡོད་ཀྱི་རེད། དེའི་ནང་ནས་ཁྱོད་རང་ལ་ཆིག་སྟོང་སྤྲད་ཆོག ཡིག་ཁུག་ད་ལྟ་རང་ང་ལ་སྤྲོད་དང་། ཞེས་བརྗོད།  

བུད་མེད་དེས་སྒོར་ཆིག་སྟོང་ཁོ་ནར་ཇི་མི་སྙམ་པར་ཡིག་ཁུག་ཕྱིར་སྤྲོད་བྱེད་པར་ད་དུང་ཆ་རྐྱེན་གཞན་ཡོད་ཚུལ་གྱིས་པར་བདག་རང་གཅིག་པུས་ལྟ་ཙམ་བྱས་པ་ལས། རང་འཇགས་རང་ཡིག་ཁུག་ནང་བླུགས་ནས་བཞག་ཡོད།  ཡིག་ཁུག་ལམ་སེང་ཁྱེད་རང་ལ་འབུལ་བར་བདག་ནི་ད་རུང་ཁྱེད་རང་གིས་ད་རང་བུའི་མདུན་དུ་བདག་ལ་གསུངས་པའི་བཀའ་མོལ་དང་། ཨ་ཅག་བདེ་སྐྱིད་སྒྲོལ་ལགས་བསམ་བློར་འཁོར་གྱི་འདུག ཅེས་བརྗོད་པར། རྫོང་དཔོན་དབང་རྒྱལ་སོམ་ཉིའི་དྲྭ་བར་ཚུད་དེ་ག་རེ།  ག་རེ། ད་རང་བུའི་མདུན་གྱི་སྐད་ཆ་དང་ཨ་ཅག་བདེ་སྐྱིད་སྒྲོལ་ལགས། ཡིག་ཁུག་ནང་དུ་ཁྱེད་རང་ལ་ཕན་ཐོགས་པ་དངུལ་སྒོར་གསུམ་སྟོང་གཡས་གཡོན་ཙམ་ཡོད་པ་དེ་རང་རེད། དངུལ་དམར་དེ་ཚོ་ཚང་མ་ཁྱེད་རང་ལ་སྟེར་བ་གྱིས། ཡིག་ཁུག་ནང་གལ་ཆེའི་ཡིག་ཆ་འདྲ་ཡོད། དེ་ཚོས་ཁྱེར་རང་ལ་ཕན་ཐོགས་རྒྱུ་ཕར་བཞག་ནས་ང་རང་གཉིས་ཀར་ལ་ཆག་སྒོ་འཁྲི་བའི་ཉེན་ཁ་ཡོད་པ་རེད།ཅེས་མོ་ལ་འཇིགས་སྐུལ་དང་སྦྲགས་ནས་བརྗོད་པས། བུད་མེད་དེས་ཁོ་པའི་སྐད་ཆ་སྣང་མེད་དུ་བཞག་ནས་  རྫོང་དཔོན་ལགས་ཁྱེད་རང་གིས་བདག་ལ་འཇིགས་སྣང་དེ་འདྲ་སྐུལ་གནང་དགོས་དོན་གང་ཡོད་དམ། ཡིག་ཆ་གལ་ཆེ་ནའང་འདྲ་ཆུང་ནའང་འདྲ་བདག་ལ་འབྲེལ་བ་གང་ཡང་མེད། ཁྱེད་རང་རྫོང་དཔོན་ཞིག་གིས་རང་གི་བུའི་མདུན་དུ་བདག་གི་སྐོར་གྱི་གསུང་སྒྲོས་དེ་གཅིག་བྱས། ད་དུང་ཨ་ཅག་བདེ་སྐྱིད་སྒྲོལ་ལགས་ཀྱིས་ནམ་རྒྱུན་གྱི་བྱེད་ལུགས་བྱེད་སྟངས་དང་ཁྱེད་རང་དང་བུ་མོ་གཞན་དག་དང་མཉམ་དུ་སྤྲོ་སྣང་གི་སྣང་ཚུལ་དེ་འདྲ་མཐོང་དུས་བདག་ལ་ཇུས་འདོགས་མེད་ཀྱང་། བུད་མེད་འདྲ་འདྲའི་ངོས་ནས་སེམས་ནང་བཟོད་སྒོམ་བྱེད་ཐབས་བྲལ་བ་ཞིག་འདུག་ཅེས་བརྗོད་པས། ནམ་རྒྱུན་མི་མང་ཆེ་བས་གུས་གུས་ཞུམ་ཞུམ་ཁོ་ནའི་ཁྲོད་དུ་གོམས་གཤིས་འཇགས་པའི་རྫོང་དཔོན་དབང་རྒྱལ་ལ་མོས་སྐྱོན་འདོགས་ཤུགས་ཆེན་གྱིས་རྙོག་གྲ་ཞིག་སློང་རྩིས་བྱེད་པའི་སྣང་བ་འཆར་ནས།  ད་རང་ངས་བུའི་མདུན་དུ་ཁྱོད་རང་གི་སྐོར་ག་རེ་ཟེར་གྱི་འདུག་གམ། བདེ་སྐྱིད་སྒྲོལ་ལགས་དང་དེའི་བར་ལ་འབྲེལ་བ་ག་རེ་ཡོད་པ་རེད་དམ། ཞེས་དྲི་བ་གཉིས་དམིགས་སུ་བཀར་ནས་གསལ་འདོན་བྱས།

 བུད་མེད་དེས་དོ་དོ་ཏན་ཏན་གྱི་སྒོ་ནས་རྫོང་དཔོན་ལགས་ཁྱེད་རང་གིས་ད་རང་ཁྱེད་རང་གི་བུ་དབང་འདུས་ནོར་བུའི་མདུན་དུ་སློབ་སྦྱོང་ཡག་པོ་མ་བྱས་ན། རྗེས་སུ་ཆེན་པོ་ཆགས་དུས་བདག་ལ་ཨ་ཅག་འདི་ནང་བཞིན་ལྷམ་ཕྱིས་ནས་སྡོད་རྒྱུ་ལས་ཡོང་གི་མ་རེད་ཅེས་གསུངས་བ་དེ་བདག་ལ་དམའ་འབེབས་ག་ཚོད་བཏང་གནང་བ་རེད་དམ། ད་དུང་ཨ་ཅག་བདེ་སྐྱིད་སྒྲོལ་ལགས་འགོ་ཁྲིད་མཐོ་བོའི་ཁྱིམ་འཛིན་མ་ཡིན་ན་ཡང་ནམ་རྒྱུན་ཕྲུ་གུའི་བདག་སྐྱོང་གི་ལས་ཀ་ཚང་མ་མོ་རང་གཅིག་པུར་འཁེལ་བར་སྙིང་རྗེ་སྐྱེ་དགོས་པ་ཞིག་ཏུ་མཐོང་གི་འདུག ཅེས་ཐད་ཀར་ཁ་སངས་ནས་བརྗོད་པས། རྫོང་དཔོན་དབང་རྒྱལ་གྱིས་ཀྱང་སློབ་གྲྭའི་སྒོ་འགྲམ་རྒྱུད་ལ་སློབ་ཕྲུག་བསུ་བར་ཡོང་བའི་ཁྱིམ་བདག་ཐར་ཐོར་ལས་མཐོང་རྒྱུ་མེད་ཅིང་། ཁོ་རང་དང་ལྷམ་འབྱིད་མཁན་བུད་མེད་དེའི་བར་གྱི་གཏམ་གླེང་ལ་སྣང་འཇོག་བྱེད་མཁན་དེ་ཙམ་མེད་པའི་དུས་སྐབས་དམ་འཛིན་གྱིས་ཐད་ཀར་བྱས་ན་ཡིག་ཁུག་དེ་དོ་བདག་ལ་རང་འཇགས་ཕྱིར་སློག་བྱེད་པར་ད་དུང་ཁྱེད་རང་ལ་ཆ་རྐྱེན་གང་ཡོད་དམ་ཐད་ཀར་ཁ་སངས་ནས་ཤོད་ཅིག དེ་མིན་འདི་འདྲ་ཟེ་ཀ་རེ་ཀོ་རེ་བྱས་ནས་དོན་མེད་རྙོག་གྲ་འཚོལ་གྱིན་བསྡད་པ་ཡིན་ན།  ཁྱོད་རང་གྲོང་ཁྱེར་ནང་ག་འདྲ་ཟེ་གཞིས་ཆགས་ནས་སྡོད་རྒྱུ་བྱུང་བ་རེད་དམ། དེའི་ཐད་གོང་རིམ་གྱི་གཟིགས་སྐྱོང་རོགས་རམ་སྲིད་ཇུས་གང་འདྲ་ཐོབ་ཡོད་མིན་སོགས་ལ་འདུག་ཟེ་བལྟས་ན་ངའི་ལས་ཡུལ་དང་འབྲེལ་བ་མེད་པ་ལྟ་བུ་ཡིན་ནའང་། ང་ཚོ་འགོ་ཁྲིད་ཕན་ཚུན་ངོ་ཤེས་རྒྱུས་ཡོད་ཐོག་ནས་ཁྱོད་རང་གི་བཟོ་ལྟ་བུར་ཕན་ཐོགས་རོགས་རམ་དང་། གནོད་པའི་བཟོ་ལྟ་གཏོད་མི་ཐུབ་པ་ཞིག་གཏད་ནས་མ་རེད། ཐ་མ་མ་བྱུང་ནའང་གྲོང་ཁྱེར་གྱི་བདེ་འཇགས་ཉེན་རྟོག་པ་སྐད་བཏང་ནས་ཁྱོད་རང་ལ་རྙོག་གྲ་བྱུང་དུས་འགྱོད་པ་སྐྱེས་ཀྱང་ཕྱིས་དྲགས་པ་རེད། དེ་ལས་ཡིག་ཁུག་ད་ལྟ་རང་ང་ལ་ཁྱེར་ཤོག ཅེས་སྐད་ཤུགས་ཆེ་ཆེར་བཏང་ནས་ལག་བརྡ་དང་བཅས་རྒྱུད་ལ་འཇགས་པའི་བཀའ་བཀོད་ཀྱི་ཚུལ་དུ་བརྗོད།

བུད་མེད་དེས་འཇིགས་སྣང་གི་གཡའ་དང་བཀའ་གསུངས་ཅི་སྒྲུབ་ཀྱི་རྣམ་འགྱུར་གང་ཡང་མེད་པར་བདག་གྲོང་ཁྱེར་འདི་རུ་གཞིས་ཆགས་ནས་སྡོད་རྒྱུ་བྱུང་བར་གོང་རིམ་ནས་ཏང་དང་རྒྱལ་ཁབ་ཀྱི་གཟིགས་སྐྱོང་རོགས་རམ་སྲིད་ཇུས་དངོས་ཐོག་བདེན་འཚོལ་གྱིས་ལག་ལེན་གནང་ནས་བྱུང་བ་ལས། དངོས་མིན་རྫུན་བཟོ་དང་ངོ་ཤེས་ལྟག་སྒོ་བརྒྱུད་པ་སོགས་ཀྱི་ཚུལ་མིན་དེ་འདྲ་བྱས་ནས་ཁེ་བཟང་གང་ཡང་སྔོན་མ་ཐོབ་མྱོང་མེད་ལ་རྗེས་སུའང་ཐོབ་པའི་རེ་འདོད་བྱེད་ཀྱི་མེད། གྲོང་ཁྱེར་གྱི་བདེ་འཇགས་ཉེན་རྟོག་པ་སྐད་གཏོང་དགོས་མེད་པར། ཁྱེད་རང་གི་ཨ་ཅག་བདེ་སྐྱིད་སྒྲོལ་ལགས་འདི་གར་སྐད་བཏང་ནས་ཁྱེད་རང་གི་པར་དེ་ཚོ་ཚང་མིན་གཟིགས་ཏེ་ཕྱིར་སློག་གནང་དགོས་ཀྱི་ཡོད་གསུངས་ནའང་འགྲིག་གི་རེད། ཨ་ཅག་བདེ་སྐྱིད་སྒྲོལ་ལགས་ང་ཚོ་ཁྱིམ་བདག་ཚོགས་འདུར་རྟག་པར་ཆ་ལ་ཡོང་གི་ཡོད་པས་བདག་གིས་འབོད་དགོས་ཡོད་ནའང་ཁ་པར་ལམ་སེང་རྒྱབ་ཆོག་ཆོག་ཡོད། ཅེས་ཕྱུ་བའི་སྟེང་ཕྱི་ལ་གྱོན་པའི་སྟོད་གོས་ཀྱི་ཁུག་མ་ལས་ཁ་པར་འདོན་བཞིན་དུ་བརྗོད་པའི་མོའི་སྐད་ཆ་དེ་རྫོང་དཔོན་དབང་རྒྱལ་གྱི་མགོ་བོའི་སྟེང་དུ་གནམ་ལྕགས་ཐོག་མདའ་ལྷུང་བ་ལྟར་ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར་ནའང་མོའི་གདོང་ལ་མིག་འབུར་ཚུགས་སུ་ལྟ་བཞིན་དུ་རང་གི་སེམས་རང་གིས་གནན་ནས། འུ་ཐུག་ཐབས་ཟད་ངང་མོའི་ལྷམ་ཕྱིས་སྐུ་མགྲོན་སྡོད་གནས་ཀྱི་རྐུབ་སྟེགས་ཐོག་མར་བསྡད་དེ་ཁ་ངག་འཇམ་པོའི་ཟོལ་གྱིས་བདེ་སྐྱིད་སྒྲོལ་ལགས་འདིར་བོས་ནས་ཆོ་གང་ཡོད་པ་རེད་དམ། ཁྱེད་རང་གིས་ཡིག་ཁུག་དེ་ད་ལྟ་རང་ང་ལ་སྤྲོད་དང་། ངས་ཁྱེད་རང་གིས་ག་རེ་གྱིས་ཟེར་ནའང་བྱས་ཆོག  ཅེས་བརྗོད་དགོས་་བྱུང་།  

བཞི།

   སློབ་ཕྲུག་བསུ་བར་ཡོང་མཁན་ཁྱིམ་བདག་ཐར་ཐོར་ལས་མཐོང་རྒྱུ་མེད་ཅིང་། ཡིག་ཚད་བཏང་ཟིན་པའི་སློབ་ཕྲུག་རེ་ཟུང་སློབ་གྲྭའི་རྒྱ་སྒོ་ལས་ཐོན་ཡོང་གི་ཡོད།  ལྷམ་འབྱིད་མཁན་བུད་མེད་དེས་རང་གི་ལྷམ་ཕྱིས་སྐུ་མགྲོན་སྡོད་གནས་སུ་ཡོད་པའི་དང་ཐོག་རྫིག་ཉམས་ང་རྒྱལ་ཆེ་ལ་ད་ལྟ་ཉམ་ཆུང་ཡ་རབས་སུ་མངོན་པའི་རྫོང་དཔོན་དབང་རྒྱལ་ལ་ལྟ་ཙམ་གྱིས་གོམས་འདྲིས་བཞིན་ཁོའི་ལྷམ་ཕྱིས་གྲབས་ཤིག་བྱས་རྗེས། ལག་པའི་འཇུར་རྩི་དང་ཕག་ཟེ་ཁོ་པར་གཏད་དེ། མོ་རང་གི་ཀོ་བའི་ལྷམ་རྙིང་སོང་གྱོན་པའི་རྐང་པ་ཁོ་པའི་མདུན་དུ་བརྐྱངས་ཏེ་འོ་ན་རྫོང་དཔོན་ལགས་ཁྱེད་རང་གིས་སྔོན་ལ་ངའི་ལྷམ་འདི་ཕྱིས་དང་། ངས་ཁྱེད་རང་ལ་ཡིག་ཁུག་དང་ཕྱིས་གླ་སྒོར་ལྔ་ཏག་ཏག་རང་སྤྲད་ཆོག ཅེས་བརྗོད་བཞིན་དུ་ཨམ་ཕྲག་ནས་དངུལ་སྒོར་མོ་ལྔ་བཏོན།

རྫོང་དཔོན་དབང་རྒྱལ་གྱི་བསམ་བློའི་ནང་བུད་མེད་འདི་དང་རང་གི་བཟའ་ཟླ་བདེ་སྐྱིད་སྒྲོལ་ལགས་གཉིས་བར་གྱི་འབྲེལ་འདྲིས་ཇི་ཡིན་མཐའ་གསལ་མཐིལ་རྟོགས་མེད་པས། ཁོ་གཉིས་བར་ནང་ཁུལ་གྱི་འབྲེལ་འདྲིས་དམིགས་བསལ་ཡོད་པའི་དབང་དུ་བཏང་ན་སྔ་ཕྱི་མ་གཏོགས་ཟུར་བཟའི་སྙིང་སྡུག་གི་གནས་ཚུལ་ཐོག་ནས་གཟིམས་ཆུང་འཁྲུག་རྒྱུ་ཡིན་པས་མི་ཚད་པར། གཞིས་འཁོར་ངལ་གསོའི་དུས་ཚོད་སྤྱད་དེ་ཨར་ལས་སྦྱིན་བདག་གིས་འགྲོ་གྲོན་བཏང་ནས་ཟུར་བཟའ་དང་མཉམ་དུ་ཡུལ་སྐོར་སྤྲོ་འཆམ་དང་སྦྲགས་པའི་རྒྱས་སྤྲོས་ལོངས་སྤྱོད་དུ་རོལ་བའི་གནས་ཚུལ་དཔང་རྟགས་ཁུངས་བཙན་དང་བཅས་པ་ཕྱིར་གྱར་ན་སྔོ་ལོ་ལངས་ནས་འཕྱར་རྒྱུ་ཡིན་པས། ཕོ་རྒོད་པ་ལས་གཉིད་སྐྱིད་པ་གལ་ཆེ་སྙམ་བཞིན་དུ། ཉེ་འཁོར་ལ་ངོ་ཤེས་ཀྱི་མི་ཡོད་མིན་ལྟ་ཙམ་བྱས་རྗེས། དབུགས་རིང་གཏོང་བཞིན་དུ་མོའི་ལག་གི་འཇུར་རྩི་དང་ཕག་ཟེ་བླངས་ནས་ལམ་སེང་བྲེལ་ཚུབ་ངང་མོའི་ལྷམ་ཡ་བེ་ཡོ་བེ་ཕྱིས་བཞིན་པའི་དུས་སུ། མོའི་བུ་མོ་སྐལ་བཟང་དབྱངས་ལགས་ཡིག་ཚད་བཏང་ཚར་ཏེ་སྔོན་ལ་སློབ་གྲྭ་ནས་ཐོན་ཡོང་།

བུ་མོའི་ཨ་མས་འོ་ཡག་བྱུང་། དེ་འདྲའི་མགྱོགས་པ་ལ་ཨང་། ཡིག་ཚད་ཁག་པོ་མ་བྱུང་ངམ། ཞེས་བྱམས་བརྩེ་ལྡན་པའི་སྒོ་ནས་དྲིས་པར་བུ་མོས་བོད་ཡིག་བསླབ་ཚན་ང་རང་གི་ངོམ་རྒྱུ་དེ་ཡིན་པས། དེ་འདྲའི་ཁག་པོ་རང་དག་མ་བྱུང་། ཡིན་ནའང་མཇུག་གི་རྩོམ་ཡིག་འབྲི་རྒྱུའི་ཁ་བྱང་ལ་ངའི་ཕུགས་འདུན་ཞེས་འདུག་པས། རྒན་ལགས་ཀྱིས་ཕུགས་འདུན་ཟེར་བ་དེ་རྒྱ་ཡིག་གི་ཐོག་ནས་རྨི་ལམ་རེད་གསུངས་གནང་བ་དྲན་གསོས་ནའང་རྨི་ལམ་སྐོར་གང་འབྲི་འདི་འབྲི་མ་དྲན་པར་ང་རང་གི་ཕུགས་བསམ་སྐོར་བྲིས་ནས་བཞག་པ་ཡིན། དེ་སྐར་མ་མང་ཤོས་རེད། གང་འདྲ་བྱུང་ཡོད་མིན་ཤེས་མ་སོང་། དེ་མིན་གཞན་དག་མང་ཆེ་བ་བསླབ་ཚན་ནང་སྦྱངས་ཚར་བ་ཤ་སྟག་རེད། སྣང་དག་མེད། ཅེས་བརྗོད། བུ་མོའི་ཨ་མས་རྒན་ལགས་ཀྱིས་གསུངས་པ་དྲན་གསོས་ཐུབ་པ་ཁོ་རང་གིས་འགྲིག་ཡོད་ངེས་རེད། ཁྱོད་ཚོ་རང་སློབ་གྲྭར་ཤེས་ཡོན་སྦྱོང་བ་འདི་ཡང་ཕུགས་བསམ་གྱི་ཆེད་དུ་ཡིན་པས། ཕུགས་བསམ་ཟེར་བ་དེ་གཙོ་བོ་སྤྱི་ཚོགས་དང་མི་གཞན་ལ་ཕན་ཐོགས་པར་བྱེད་འདོད་པའི་བསམ་ཚུལ་ཞིག་དགོས་པ་རེད་མ་གཏོགས། རང་སྒེར་ལ་ཁེ་ཕན་ཆེན་པོ་ཞིག་ཐོབ་འདོད་པའི་བསམ་བློའི་ཁྱེར་བཟོར་བརྟེན་ནས་སློབ་སྦྱོང་ལ་འབད་བརྩོན་དང་ཡིག་རྒྱུགས་ཀྱི་སྐར་མ་ག་ཚད་མཐོ་བོ་བླངས་ནའང་ཆོ་གང་ཡོང་ངམ། གཙོ་བོ་དེ་གཞན་ཕན་གྱི་ལྷག་བསམ་ལྡན་པའི་མི་བཟང་པོ་ཞིག་བྱེད་རྒྱུ་དེ་རེད། ཡིག་རྒྱུགས་སྐར་མ་མཐོ་བོ་བླངས། སློབ་གྲྭ་ཆེན་མོར་བསྐྱོེད། འགོ་ཁྲིད་མཐོ་བོ་ཞིག་བྱས་ནའང་ཡིན་ལུགས་ཚུལ་ལྡན་གྱི་མི་བཟང་པོ་ཞིག་བྱེད་མ་ཐུབ་ན་་ཕན་ཐོགས་གང་ཡང་ཡོད་པ་རེད་དམ་ཞེས་བུ་མོར་བརྗོད་པའི་ཚུལ་གྱིས་རང་གི་ལྷམ་ཕྱིས་བཞིན་པའི་རྫོང་དཔོན་དབང་རྒྱལ་གྱི་རྣམ་འགྱུར་ལ་བལྟ་ཙམ་བྱས།

རྫོང་དཔོན་དབང་རྒྱལ་གྱི་སེམས་དབུས་སུ་བུད་མེད་དེས་སྣང་མེད་ངང་རང་གི་བུ་མོར་བརྗོད་པའི་གཏམ་བརྗོད་ལས་དོན་དམ་ཐད་ཀར་རང་ཉིད་ལ་ཟུར་ཟ་ཁྲེལ་རྒོད་བྱེད་པའི་མྱོང་བ་དང་སྦྲགས་བསམ་གཞིགས་ཀྱི་རྦ་རླབས་ལང་ལོང་དུ་འཕྱུར་ཏེ། མོའི་གཏམ་བརྗོད་ལས་ཕྱི་ཚུལ་ལྷམ་ཕྱིས་རྒྱུའི་ལས་གནས་ཙམ་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་བུད་མེད་དེ་ལྟ་བུའི་ནང་སེམས་ཀྱི་འདུ་ཤེས་སྤྱིར་བཏང་ཞིག་གཏན་ནས་རེད་མིན་འདུག་སྙམ་བཞིན་དུ་མོ་ལ་ལྐོག་ལྟ་ཞིག་བྱས་པས། མོའི་བོད་ཆས་ཕལ་བའི་ཆ་ལུགས་དེ་ཁྱད་དུ་འཕགས་པའི་སྣང་བརྙན་ཞིག་ཏུ་འཆར་བར་གྱུར་ཏེ། རང་ཉིད་ནི་བུད་མེད་འདི་ལྟ་བུའི་མདུན་ནས་མ་རབས་ཐ་ཤལ་གྱི་དཔེ་མཚོན་དུ་མངོན་པའི་ངེས་ཤེས་ཤིག་ཀྱང་ངང་ངམ་ཤུགས་ཀྱིས་སྐྱེ་བར་གྱུར།

བུ་མོ་སྐལ་བཟང་སྒྲོལ་ལགས་ཀྱིས་ཡ་མཚན་ཆེན་པོའི་སྒོ་ནས་རྫོང་དཔོན་དབང་རྒྱལ་ལ་ལྟ་ཙམ་བྱས་ཏེ་ཨ་མ་ལགས། ཁོང་ང་ཚོའི་འཛིན་གྲྭའི་དབང་འདུས་ནོར་བུའི་པ་ཕ་མ་རེད་དམ། ཁོང་རྫོང་དཔོན་མ་རེད་དམ། ཞེས་དྲིས། བུ་མོའི་ཨ་མས་འོ་རེད། ཁོང་ཁྱེད་ཚོའི་འཛིན་གྲྭའི་དབང་འདུས་ནོར་བུའི་པ་ཕ་རེད། ཁོང་རྫོང་དཔོན་ཡིན་པར་བརྟེན། འགོ་ཁྲིད་ལས་བྱེད་པ་ནི་མི་དམངས་ལ་ཞབས་འདེགས་ཞུ་མཁན་ཡིན་ཙང་། ཁོང་གིས་ཨ་མ་ལགས་ལ་ཞབས་འདེགས་རོགས་རམ་གནང་ནས་ལྷམ་ཕྱིས་གནང་བ་རེད། ཅེས་བརྗོད་པས། རྫོང་དཔོན་དབང་རྒྱལ་རང་གི་བུའི་སློབ་གྲོགས་བུ་མོ་དེར་དེ་བས་ངོ་ཚ་ཁ་སྐྱེངས་སུ་གྱུར་ཏེ། མོའི་ཨ་མའི་རེ་བ་བཞིན་ཕྱིའི་རྣམ་པ་ཙམ་གྱི་ལྷམ་ཕྱིས་བཞིན་པའང་ཕྱིས་ཚར་བའི་ཚུལ་དུ་མཚམས་འཇོག་བྱས།

བུད་མེད་དེའི་སེམས་ནང་རྣམ་ཀུན་ལྷམ་ཕྱིས་རྒྱུར་གོམས་འདྲིས་ཆེ་བའི་ངོས་ནས་རང་གི་ལྷམ་དེ་མོ་རང་གི་འདོད་འདུན་བཞིན་རྫོང་དཔོན་དབང་རྒྱལ་གྱིས་ཕྱིས་རྒྱུ་འདོད་བློ་ཁེངས་པ་ཞིག་བྱུང་མེད་ནའང་། ལུས་ལ་རིན་གོང་མཐོ་ཞིང་གཙང་སྦྲ་དོད་པའི་གོང་དཀྲིས་དང་བཅས་དེང་རབས་ཀྱི་ནུབ་ལུགས་གྱོན་གོས་ཆ་ཚང་བཀླུབས་ཤིང་། དཔོན་ཉམས་དང་ཁེངས་དྲེགས་ཀྱིས་ལྷམ་འབྱིད་མཁན་ལས་གནས་ལ་དམའ་འཇོག་བྱེད་མཁན་རྫོང་དཔོན་ཞིག་གིས་མོ་རང་གི་ལྷམ་ཕྱིས་པའི་ཕྱི་ཚུལ་གྱི་རྣམ་པ་ཙམ་ལ་བློ་ཡིད་ཚིམས་ཏེ། འཁོར་གསུམ་འཕྲུལ་འཁོར་གྱི་སྟེང་དུ་ཡོད་པའི་ལྕགས་སྒམ་ཆུང་ཆུང་དེའི་ནང་ནས་ཡིག་ཁུག་དེ་བཏོན་ཏེ་ལག་ཏུ་གྲ་སྒྲིག་བྱས་ནས་ཡོད་པའི་ལྷམ་ཕྱིས་གླ་སྒོར་མོ་ལྔ་དང་མཉམ་དུ་ཁོ་པར་གཏད་ནས་ལགས་ཟེ། རྫོང་དཔོན་ལགས་ཁྱེད་རང་གི་པར་དང་དངུལ་དམར་སོགས་ཡིག་ཁུག་ནང་གི་ཅ་ལག་ཆ་ཚང་ཡོད་མིན་གཟིགས་རོགས་གནང་། ཞེས་བརྗོད།  རྫོང་དཔོན་དབང་རྒྱལ་གྱིས་ལྷམ་ཕྱིས་གླ་སྒོར་ལྔ་དེ་རང་འཇགས་ཕྱིར་མོ་རང་ལ་སློག་པ་མ་ཟད། ཡིག་ཁུག་གི་ཁ་དབྱེ་ནས་དེའི་ནང་གི་དངུལ་དམར་ཚང་མ་བཏོན་ནས་མོ་ལ་སྤྲད་པ་དང་སྦྲགས། པར་དེ་དག་ལ་ལྟ་ཙམ་གྱིས་རང་སར་ལག་པས་ཐེར་རྩ་སྦར་རྩ་དབྲལ་ནས་མི་རིང་བའི་སར་ཡོད་པའི་གད་སྙེགས་བླུག་སྒམ་ནང་བསྐྱུར་བར་ཆས་སོ།།།།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2020-10-26 03:08 , Processed in 0.027971 second(s), 17 queries .

返回顶部