博客西藏在最高处过一种生活

ཆོས་འབྲོག་ཉི་མ་ ... https://blog.tibetcul.com/?14690 [收藏] [复制] [分享] [RSS] 西藏著名建筑大师和藏戏创史师祖塘东杰博的正统后裔、藏族作家和藏学学者

日志

༄༅། །མེས་པོའི་བཞུད་ལམ་ནས་རྙེད་པའི་ཤེས་རི ...

已有 324 次阅读2020-5-27 20:43 |个人分类:嘿马拉雅文化发展促进会|系统分类:读书

༄༅། །མེས་པོའི་བཞུད་ལམ་ནས་རྙེད་པའི་ཤེས་རིག་གི་མེད་ཏོག

——ཕུན་ཚོགས་བཀྲ་ཤིས་ལགས་ཀྱི་གཞིས་ཀ་རྩེའི་རྒྱུད་ཀྱི་རིག་གནས་ལྷུག་རྩོམ་ཤུལ་འཚོལ་ལས་འཕྲོས་པའི་དྲན་འཆར།

ཆོས་འབྲོག་ཉི་མ་དོན་ལགས་ཀྱིས།

དང་ཐོག་མར་ཕུན་ཚོགས་བཀྲ་ཤིས་ལགས་སུ་གཞིས་ཀ་རྩེའི་ལོ་རྒྱུས་ཤེས་རིག་མཚོན་པའི་རིག་གནས་ལྷུག་རྩོམ་གཏོས་ཆེན་ཇོ་མོ་གླང་མའི་འདབས་རོལ་ནསཤུལ་འཚོལཞེས་པ་སྔ་རྗེས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་དཔེ་བསྐྲུན་འགྲེམས་སྤེལ་ལེགས་གྲུབ་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་མ་ཟད། ཆེད་དུ་ཁོང་ཉིད་ལ་ཐུགས་རྗེ་ཆེ། ཁྱེད་སྐུ་ལས་ཁག་སོང་ཞུ་རྒྱུ་ཡིན།

གཅིག

ཕུན་ཚོགས་བཀྲ་ཤིས་ལགས་ནི། བོད་རྒྱ་ཡིག་རིགས་གཉིས་ཆ་ཡི་ཐོག་ནས་བརྩམས་སྒྲུང་དང་། ལྷུག་རྩོམ། འཁྲབ་གཞུང་། དགོད་བྲོའི་གཏམ་གླེང་སོགས་རྩོམ་ལུས་སྣ་ཚོགས་ཀྱི་རྩོམ་རིག་གསར་རྩོམ་གནང་བར་རྒྱལ་ཁབ་རིམ་པའི་རྟ་མཆོག་གི་བྱ་དགའ་སོགས་དང་། རང་སྐྱོང་ལྗོངས་རིམ་པའི་ཇོ་མོ་གླང་མའི་རྩོམ་རིག་བྱ་དགའ་སོགས་རྩོམ་རིག་སྒྱུ་རྩལ་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གྲགས་ཅན་རྩོམ་པ་པོ་ཞིག་གི་ངོས་ནས་དུས་རབས་གོང་མའི་ལོ་རབས་བརྒྱད་བཅུ་པའི་དུས་འགོ་ནས་བཟུང་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གསར་རྩོམ་གྱི་བྱ་གཞག་ཐད་གཟེངས་སུ་ཐོན་པའི་ལེགས་སྐྱེས་ཕུལ་དང་འབུལ་བཞིན་ཡོད་ཅིང་། ཁོང་གིས་གསར་རྩོམ་གནང་བའི་ཐུབ་བརྟན་ལགས་དང་མིག་དམར་ལགས་གཉིས་ཀྱི་དགོད་བྲོའི་གཏམ་གླེང་དང་། ར་བཟི་བ་ལྷག་པའི་སྐོར་གྱི་རྒྱུན་མཐུད་འཁྲབ་ཚན་ཐུང་གྲས་སོགས་ཀྱིས་སྐབས་དེའི་དབུས་གཙང་ཁུལ་གྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཁྲོད་དུ་ཚུར་སྣང་གི་ལན་ཆགས་ཤིན་ཏུ་ཟབ་མོ་བཞག་ཡོད་པ་ནི་རྩོམ་རིག་སྒྱུ་རྩལ་གྱིས་སྤྱི་ཚོགས་ཀྱི་འཚོ་བ་དངོས་མཚོན་པར་ལྟད་མོ་བའི་སེམས་ཁམས་སུ་གསུབ་ཐབས་བྲལ་བའི་བསམ་པའི་རྒྱགས་ཆས་སུ་དོན་སྨིན་བྱུང་སྟེ། རྩོམ་རིག་སྒྱུ་རྩལ་བརྩམ་བྱས་དེང་རབས་ཀྱི་འཚོ་བ་གསར་པའི་སྤྱི་ཚོགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ཐད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་གང་ལེགས་མཚོན་གྱི་ཡོད།

ང་རང་ཡང་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་དུས་འགོ་ཙམ་ནས་བྲེལ་ཟིང་ཆེ་བའི་སློབ་སྤྱོང་དང་འགན་འབབས་ལས་ཀའི་ཞར་ཞོར་ལ་བརྟེན་ནས་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྤྱི་དང་ཡང་སྒོས་སུ་རྩོམ་རིག་གསར་རྩོམ་ཐད་ལ་དགའ་ཞེན་བྱེད་མཁན་ཞིག་གི་ངོས་ནས་ཕུན་ཚོགས་བཀྲ་ཤིས་ལགས་དང་ངོ་ཤེས་འབྲེལ་འདྲིས་ཡོད་མུས་ནས་ཁོང་གི་གཙང་ཁུལ་གྱི་ལོ་རྒྱུས་རིག་གནས་སྐོར་གྱི་བརྩམ་བྱ་འབྲི་བར་ཕྱར་བ་གྲུ་འདེགས་ཀྱི་ཚུལ་དུ། སྤྱི་ལོ་༢༠༡༢ལོའི་དབྱར་དུས་སུ་ལས་གནས་ལས་དགོངས་པ་ཞུས་ནས་ཁོང་དང་མཉམ་དུ་ལོ་རྒྱུས་ཐོག་མིང་གྲགས་ཡོད་པའི་ངམ་རིང་དང་ལྷ་རྩེ་སོགས་གཙང་སྟོད་རྒྱུད་དུ་ས་ཡུལ་དངོས་ཀྱི་མེས་པོ་གོང་མའི་མཛད་འཕྲིན་གྱི་རྗེས་ཤུལ་འཚོལ་བར་རང་ངོས་ལ་རྒྱུས་མངའ་དང་དོ་སྣང་ཅུང་ཟད་བྱེད་ཁུལ་ལ་བརྟེན་ནས་ས་སྣ་ལམ་རྒྱུས་སྟོན་པའི་ཚུལ་དུ་བཅར་པ་མ་ཟད། དེ་བཞིན་རྣམ་ཀུན་ནས་རྟག་པར་གང་ཉིད་ཕ་ཡུལ་གཞིས་ཀ་རྩེར་སྤྱི་ཚོགས་ཀྱི་འཚོ་བ་དངོས་ལ་ཟབ་འཇུག་གནང་བར་ཕེབས་རིམ་བཞིན་འདུ་འཛི་འར་འུར་གྱིས་ཁེངས་པའི་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཇ་ཁང་གི་ཁུག་ཀྱོག་གང་སར་ལོ་རྒྱུས་ཡུན་རིང་ལྡན་པའི་གཙང་ཁུལ་གྱི་སྣོད་བཅུད་ཤེས་རིག་སྐོར་ལ་མཐོང་ཐོས་མྱོང་གསུམ་ཅི་གྲོས་མོལ་གྲོས་རབས་རིམ་རྒྱུན་ལྡན་རང་བཞིན་དུ་གྱུར།

གཉིས།

ཇོ་མོ་གླང་མའི་འདབས་རོལ་དུ་ཆགས་པའི་གཙང་ཁུལ་ལམ་གཞིས་ཀ་རྩེའི་རྒྱུད་ཀྱི་ལོ་རྒྱུས་དང་སྲོལ་རྒྱུན་ཤེས་རིག་གཏིང་མཐའ་བྲལ་ཞིང་། འདས་ཟིན་པའི་ལོ་ཟླའི་རྗེས་ཤུལ་གཟི་འོད་རྣམ་པར་རྒྱས་པས། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་ཁྲི་སྟོང་མང་པོའི་ཤེས་རིག་དཔལ་ཡོན་གྱི་གལ་འགངས་ཆེ་བའི་གྲུ་ཆ་སྟེ། མཚོ་བོད་མཐོ་སྒང་གི་བོད་མི་རིགས་ཀྱི་མེས་པོ་གོང་མའི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ་དང་ཤེས་རབ་ཀྱི་བློ་གྲོས་ལྡན་པའི་ངོ་མཚར་དཔལ་ཡོད་གང་ལེགས་མཚོན་ནུས་པར་བརྟེན། གཙང་ཁུལ་གྱི་ཕ་མེས་གོང་མས་མི་རབས་ནས་མི་རབས་བར་དུས་ཡུན་རིང་པོའི་ནང་རང་བྱུང་ཁམས་ཀྱི་སྣང་ཚུལ་བློ་ཡུལ་ལས་འདས་པར་འཐབ་རྩོད་ཀྱིས་རང་ངོས་རྒྱུན་ཆད་མེད་པར་འཕེལ་འགྱུར་འགྲོ་བའི་རྒྱུན་རིམ་ནང་འཇིག་རྟེན་གོ་ལའི་གཙུག་རྒྱན་ཇོ་མོ་གླང་མའི་འདབས་རོལ་ནས་དར་ཞིང་རྒྱས་པའི་ཤེས་རིག་གི་དཔལ་ཡོན་ནི། ཀྲུང་ཧྭ་མི་རིགས་ཧྲིལ་པོ་དང་དེའི་ནང་ཚན་བོད་མི་རིགས་ཙམ་མ་ཟད། ས་འཛིན་གྱི་གཙུག་རྒྱན་ཇོ་མོ་གླང་མ་དང་འདྲ་བར་འཇིག་རྟེན་གོ་ལའི་ཞིང་ཁམས་སུ་རང་མདངས་གཟི་འོད་རྣམ་པར་རྒྱས། དེ་ལྟ་ནའང་། སྔར་ནས་ད་བར་ཡུལ་འདིའི་ཁུལ་གྱི་ལོ་རྒྱུས་རིག་གནས་ཀྱི་ཤེས་རིག་དཔལ་ཡོན་སྐོར་གྱི་མ་ལག་འཐུས་ཚང་ཕྱོགས་བསྡུས་ཀྱིས་མཚོན་པར་ཡིག་ལམ་དུ་བཀོད་པ་མཐོང་ཐོས་བྲལ་བས། ཕུན་ཚོགས་བཀྲ་ཤིས་ལགས་ཀྱིས་བགྲང་བྱའི་ཕྲེང་བར་དཀའ་སྤྱད་འབད་བརྩོན་ངང་རང་གི་ཕ་ཡུལ་ལ་བཅངས་པའི་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་ཇོ་མོ་གླང་མའི་འདབས་རོལ་ནསཤུལ་འཚོལནི།ཡིག་ཐོག་ཏུ་ཕྱོགས་བསྡུས་རང་བཞིན་གྱི་ལོ་རྒྱུས་ཀྱི་སྟོང་ཆ་ཆེན་པོ་ཞིག་ནས་ངོ་མཚར་རྣམ་པར་བཀྲ་བའི་མེ་ཏོག་གི་འདབ་རྒྱལ་ལྷུག་པར་གྲོལ་བའི་དབུ་བརྩམས་གནང་བ་ཞིག་ཡིན།

ཁོང་གིས་དཀའ་སྤྱད་འབད་བརྩོན་ཆེན་པོས་ཡིག་ཐོག་ཏུ་ཐར་ཐོར་ཡིན་པའི་འབྲེལ་ཡོད་བོད་ཀྱི་ཆོས་འབྱུང་རྣམ་ཐར་སོགས་ལོ་རྒྱུས་ཡིག་རིགས་ཇི་སྙེད་ཅིག་ལ་ཞིབ་དཔྱད་དགོངས་བཞེས་རྒྱ་ཆེར་མཛད་ཅིང་། ཡ་རབས་ཁེངས་སྐྱུངས་ཀྱི་སྒོ་ནས་འབྲེལ་ཡོད་ཆེད་ཚན་མཁས་དབང་གང་ན་སུ་མཆིས་ལ་བཅར་འདྲི་སློབ་སྟོན་ཡོང་བའི་སྐྱབས་འཇུག་རིམ་པར་ཞུས་པ་མ་ཟད། ཆུ་དུས་ནས་དུས་དང་རྣམ་པ་ཀུན་ཏུ་ཕ་ཡུལ་གྱི་ལོ་རྒྱུས་རིག་གནས་གང་སར་དོ་སྣང་ཡིག་འཇོག་གཏིང་ཟབ་དང་སྦྲགས། སྒོ་དམ་པོར་གནན་ཏེ་དཔེ་ཁང་དང་དྲྭ་ལམ་ནང་ནས་ཁུངས་ལུང་ཡོད་མིན་ཅི་རིགས་ཆ་བསྡུ་ཡ་བསྡུ་གནང་ནས་བཞུགས་པ་མ་ཡིན་པར། རང་ཉིད་ངོ་མས་ས་ཡུལ་དངོས་སུ་རེ་རེ་བཞིན་ཟབ་འཇུག་གིས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་དང་དམངས་ཁྲོད་རྒན་རབས་ཀྱི་ངག་རྒྱུན་ཤོད་སྲོལ་སོགས་རྩ་བའི་རྨང་གཞིར་བཟུང་ནས་དོན་དམ་གྱི་མཐོང་ཐོས་མྱོང་གསུམ་ལྷུ་སྒྲིག་ཚགས་ཚུད་པར་གནང་སྟེ། དངོས་གཙོའི་རྩོད་སྒྲུབ་རིག་པ་དང་ལོ་རྒྱུས་དངོས་གཙོ་སྨྲ་བའི་རིག་ལམ་ཐོག་ནས་ཕ་ཡུལ་གཞིས་ཀ་རྩེའི་གནའ་དེང་ཤེས་རིག་གི་སྣང་ཚུལ་ཇི་སྙེད་ཅིག་ཇི་མ་ཇི་བཞིན་ཡིག་ལམ་དུ་དྲངས་ཡོང་དུས་ཁོ་བོའི་ཡིད་ལ་ངང་ངམ་ཤུགས་ཀྱིས་དངས་སྐྲག་གི་ཚོར་སྣང་ཞིག་སྐྱེ་བར་གྱུར། ཁོ་བོས་ཕུན་ཚོགས་བཀྲ་ཤིས་ལགས་ཀྱི་བོང་བ་གསེར་གཟིགས་ཀྱི་ཐུགས་འདུན་བཞིན་རང་ངོས་ལ་རྒྱུས་མངའ་ངེས་ཅན་ཡོད་པའི་རྒྱ་ཡིག་ཐོག་ནས་བྲིས་གནང་བའི་བརྩམས་ཆོས་མི་ཉུང་བ་བོད་ཡིག་ཏུ་བསྒྱུར་བའི་རྒྱུན་རིམ་ནང་སེམས་ཁམས་སྒམ་བརླིང་དུ་གནས་མི་ཐུབ་པར། རང་གི་ཤེས་རློམས་སྤམ་རྫུ་ཡོད་ཚད་རིང་དུ་དོར་ནས་ཁོང་གི་བརྩམས་བྱའི་དགོངས་བཞེད་ལ་བློ་ཁ་ཕྱོགས་ཏེ་ལོ་རྒྱུས་ཀྱི་སྣང་ཚུལ་རེ་རེ་བཞིན་དང་སྔོན་བྱོན་སྐྱེས་ཆེན་རེ་རེ་བཞིན་ལོ་རྒྱུས་ཀྱི་དོན་དམ་རྒྱབ་ལྗོངས་སུ་བཞུགས་སུ་གསོལ་ནས་བསྐྱར་དུ་བསམ་གཞིགས་མི་བྱེད་མཐུ་མེད་དུ་གྱུར་ཅིང་། སྔོན་བྱོན་སྐྱེས་ཆེན་དམ་པ་རྣམས་ཀྱིས་དག་སྣང་འཆར་ཡན་ནམ་ལྷ་སྒྲུང་དང་སྦྲགས་ནས་ཡིག་ཐོག་ཏུ་བཀོད་པའི་ཆོས་འབྱུང་རྣམ་ཐར་ཁག་དམངས་ཁྲོད་མེས་པོ་གོང་མའི་ཤོད་སྲོལ་དང་མཉམ་དུ་བསྲེས་ནས་ལོ་རྒྱུས་དངོས་གཙོ་སྨྲ་བའི་རིག་ལམ་ཐོག་ནས་ཉམས་ཞིབ་དགོངས་བཞེས་གཏིང་ཟབ་གནང་བར། ས་ཡུལ་དངོས་ཀྱི་དུས་ཡུན་རིང་པོའི་ཤེས་རིག་དང་ལོ་རྒྱུས་ཀྱི་མཁའ་དབྱིངས་སུ་ངང་ངམ་ཤུགས་ཀྱིས་ངེས་ཤེས་དང་སྦྲགས་པའི་དངངས་སྐྲག་གི་ཆུ་འཛིན་ལང་ལོང་དུ་གཡོ་བར་གྱུར།

གསུམ།

དངོས་འབྲེལ་བྱས་ན། སྔ་ས་ནས་འདི་ལྟ་བུའི་གཞིས་ཀ་རྩེའི་ས་ཁོངས་ཀྱི་ལོ་རྒྱུས་རིག་གནས་མཚོན་པའི་བརྩམ་བྱར་བརྟེན་ནས་དུས་རབས་རིམ་བྱུང་གི་ས་ཁོངས་ཤེས་རིག་ཁ་གསལ་གོ་བདེར་བཀོད་དེ་རྗེས་རབས་པའི་ངེས་ཤེས་ཐོབ་རྒྱུར་འཇོག་དགོས་ངེས་ཤིག་རེད། ཕུན་ཚོགས་བཀྲ་ཤིས་ལགས་ཀྱི་བརྩམ་བྱའི་ངོས་ནས་ཁོ་བོ་ནི་ཀློག་པ་པོ་དཀྱུས་མ་ཞིག་ལས་མ་འདས་མོད། འོན་ཀྱང་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་སྲིན་མོ་བྲག་སྲིན་མའི་རྗེས་རབས་པ་ཞིག་ཡིན་པའི་ཐོག་ནས་ཁོང་དང་འདྲ་བར་སྔོན་འབྱུང་ལོ་རྒྱུས་རིག་གནས་ཀྱི་རྩི་ཤིང་ནགས་ཀླུང་སྟུག་པོའི་བར་གསེང་ནས་ཕ་མེས་གོང་མའི་བཞུད་ལམ་འཚོལ་བར་བློ་ཁ་ཕྱོགས་ཤིང་། ཡང་སྒོས་སུ་ཚེ་འདིའི་མི་ལུས་རིན་པོ་ཆེའི་ལྟེ་ཁྲག་འཕོས་ས་གཞིས་ཀ་རྩེའམ་གཙང་ལྗོངས་ཀྱི་ས་གཞི་ཆེན་པོའི་ཁོངས་སུ་གཏོགས་པ་ཙམ་མ་ཟད། རང་གི་སྐྱེ་ས་འཚར་སའི་ས་ཁོངས་ཤེས་རིག་གི་འདས་ཟིན་པའི་ཆགས་རབས་ལོ་རྒྱུས་དང་། ད་ལྟའི་དུས་རིམ་གྱི་དོན་དམ་སྣང་ཚུལ། མ་འོངས་པའི་ཕུགས་འདུན་ལ་དོ་འཁུར་ཡིད་འཇོག་བཅས་བྱེད་མཁན་སྐྱེ་བོ་ཕལ་བ་ཞིག་གི་ངོས་ནས་རང་བཞིན་ངང་ཕུན་ཚོགས་བཀྲ་ཤིས་ལགས་དང་འདོད་འདུན་གཅིག་མཐུན་གྱི་བསམ་འཆར་བརྗེ་ལེན་གྱི་ཁྲོད་ནས་དངོས་གཙོའི་རྩོད་སྒྲུབ་སྨྲ་བ་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་རིག་ལམ་ཐོག་ནས་ས་ཡུལ་དངོས་ཀྱི་ལོ་རྒྱུས་དང་ཤེས་རིག་ལ་བསྐྱར་ནས་བསམ་གཞིགས་ནན་ཏན་བྱེད་དགོས་པའི་ངེས་ཤེས་ཤིག་ཀྱང་རང་བཞིན་ངང་ཡིད་ཀྱི་ཞིང་ཁམས་སུ་འཆར་བར་གྱུར།

བཞི།

ལོ་རྒྱུས་རིག་གནས་ནི་མི་རིགས་དང་ས་ཁོངས་ཀྱི་རྣམ་ཤེས་དང་མི་རིགས་དང་ས་ཁོངས་དེ་དུས་བསྟུན་གོང་འཕེལ་འགྲོ་བའི་བསམ་པའི་འགུལ་ཤུགས་ཀྱི་འབྱུང་ཁུངས་ཡིན་པས། མི་རིགས་དང་ས་ཁོངས་རང་ངོས་ནས་རང་གི་ལོ་རྒྱུས་རིག་གནས་ལ་དུང་སེམས་དང་ངེས་ཤེས་མཐའ་བཙན་རྙེད་ཐུབ་ན་ད་གཟོད་རང་གི་མེས་རྒྱལ་དང་མི་རིགས་ལ་བརྩེ་སེམས་དང་དགའ་ཞེན་མཐའ་བཙན་རྙེད་ཐུབ་ཅིང་། རང་གི་སྐྱེ་ས་འཚར་སའི་ཕ་ཡུལ་ཙམ་གྱི་འདས་པའི་ལོ་རྒྱུས་རིག་གནས་ལ་རྒྱུས་མངའ་གཏིང་ཟབ་དང་། ད་ལྟའི་དངོས་ཡོད་སྣང་ཚུལ་ལ་ངེས་ཤེས་མཐའ་བཙན། མ་འོངས་པའི་ཕུགས་འདུན་ལ་ཡིད་ཆེས་སྲ་བརྟན་བཅས་མེད་པར་མེས་རྒྱལ་ལ་དགའ་ཞེན་དང་མི་རིགས་ཀྱི་རང་བརྩེའི་བསམ་པ་ཞེས་པ་ནི་སྐེ་ཡན་གྱི་སྐད་ཆ་སྟོང་པ་ཞིག་ཏུ་མི་འགྱུར་བའི་ངེས་གཏན་མེད་པས། མི་སུ་འདྲ་ཞིག་ཡིན་ན་ཡང་རང་ས་རང་ཐོག་གི་ལོ་རྒྱུས་རིག་གནས་ཐད་ལ་ངོས་འཛིན་ངེས་ཅན་ཡོད་ན་གཞི་ནས་མདུན་སྐྱོད་ཀྱི་བྱ་བ་ལམ་ལྷོངས་ཡོང་བར་མི་མངོན་པའི་ནུས་ཤུགས་ཆེན་པོ་ལྡན་པ་དང་། རང་གི་ལོ་རྒྱུས་རིག་གནས་མ་ཉམས་དར་རྒྱས་སུ་ཕྱོགས་ན་གཞི་ནས་མེས་རྒྱལ་དང་མི་རིགས་ཀྱང་མ་ཉམས་དར་རྒྱས་སུ་ཕྱོགས་པའི་འགུལ་ཤུགས་རྒྱས་བར་ངེས།

ཇོ་མོ་གླང་མའི་འདབས་རོལ་ནསཤུལ་འཚོལནི་ལོ་རྒྱུས་རིག་གནས་མཁན་པོའི་ལྟ་ཚུལ་ཐོག་ནས་གསར་རྩོམ་གནང་བ་ཞིག་ཡིན་པས། འབྲེལ་ཡོད་རིག་གནས་ལོ་རྒྱུས་ཀྱི་ཤེས་བྱ་མང་དག་ཆ་བསྡུ་ཡ་བསྡུ་གནང་ནས་ས་ཁོངས་ཤེས་རིག་གི་སྣང་ཚུལ་ལ་དགོངས་བཞེས་གཏིང་ཟབ་ཀྱིས་བརྒྱུད་སྤེལ་གནང་ཡོད་པར་བརྟེན། དོན་དམ་གྱི་ལོ་རྒྱུས་དང་། ལོ་རྒྱུས་ཀྱི་གྲགས་ཅན་སྐྱེས་ཆེན་དམ་པ། རང་བྱུང་ཁམས་ཀྱི་འཚོ་གནས་ཆགས་རབས། སྲོལ་རྒྱུན་གྱི་བསམ་པའི་འདུ་ཤེས་ལ་སོགས་པའི་ཤེས་རིག་མཉམ་དུ་བསྲེས་ཏེ། རྒྱ་ཆེ་ལ་གཏིང་ཟབ་པའི་ལོ་རྒྱུས་རིག་གནས་ཀྱི་གོ་དོན་ལྡན་པར་གྱུར།

ལྔ།

ལོ་རྒྱུས་རིག་གནས་ཀྱི་ལྷུག་རྩོམ་ཞིག་གི་ཆ་ནས་གནའ་ཤུལ་གྲགས་ཅན་ཁག་ལ་མཇལ་དྲན་ཞུ་བ་དང་། དེའི་ཆགས་རབས་ལོ་རྒྱུས་འཚོལ་ཞིབ་ཀྱིས་དགོངས་བཞེས་གནང་བ་ནི་གལ་ཆེར་བཟུང་བ་སྨོས་ཅི། ཁོང་གི་ལྷུག་རྩོམ་ཁག་ལོ་རྒྱུས་ཀྱི་སྲད་བུར་བརྒྱུས་པའི་ནོར་བུའི་དོ་ཤལ་དང་ཀུན་ནས་མཚུངས་བར་གྱུར་བ་ནི་ལོ་རྒྱུས་དངོས་ཀྱི་འཚོལ་ཞིབ་ཏུ་ཕྱོགས་ཡོད་པ་དེ་ཡིན་པས། ལོ་རྒྱུས་རིག་གནས་ནི་མི་རིགས་དང་ས་ཁོངས་ཤིག་གི་ནང་བསམ་པའི་རྒྱུ་ནོར་ཡིན་པ་དང་། མི་རབས་ནས་མི་རབས་ཇི་སྲིད་བར་རྗེད་ཐབས་བྲལ་བའི་ཤེས་རིག་གི་རྒྱུན་འཛིན་ཞིག་ཡིན་པར་བརྟེན། ཕུན་ཚོགས་བཀྲ་ཤིས་ལགས་ཀྱི་ཕྱག་སྨྱུག་གི་འོག་ཏུ་ལོ་རྒྱུས་ནི་ཚེ་སྲོག་བྲལ་བའི་བེམ་པོའི་གཟུགས་བརྙན་ཞིག་མ་ཡིན་པར། དལ་བུར་འབབ་པའི་ཆུ་རྒྱུན་ཞིག་ཏུ་གྱུར་ནས་འདས་ཟིན་པའི་ལོ་ཟླའི་གཟི་འོད་དང་། ད་ལྟའི་དུས་རིམ་གྱི་གསོན་ཤུགས། མ་འོངས་པའི་འཕེལ་ཕྱོགས་བཅས་རིག་གནས་ཀྱི་ལོ་རྒྱུས་དང་དམ་དུ་སྦྲེལ་ནས་མཚོན་པར་གནང་ཡོད་པས། ཇོ་མོ་གླང་མའི་འདབས་རོལ་ནས་ཤུལ་འཚོལནི་རྩོམ་པ་པོས་འཆར་ཡན་སྒྲོ་འདོགས་ལ་བརྟེན་ནས་གསར་རྩོམ་བྱས་པའི་རྩོམ་རིག་གི་བརྩམ་བྱ་རྐྱང་པ་ཞིག་མ་ཡིན་པར། འདིའི་ནང་གི་ལོ་རྒྱུས་ཀྱི་སྣང་ཚུལ་མང་དག་ཅིག་གིས་ཀློག་པ་པོའི་ཡིད་དབང་བཀུག་སྟེ་ལོ་རྒྱུས་རིག་གནས་དེ་ཚོའི་ཐད་ལ་དཔྱད་གཞིའི་ཡིག་རིགས་བརྒྱུད་ནས་རྒྱུས་མངའ་ངེས་ཅན་ཡོད་པར་རློམས་མཁན་དག་ལའང་རང་གི་སེམས་དབུས་ནས་ངོས་འཛིན་བྱེད་པའི་བསམ་པའི་བག་ཆགས་ཇི་སྙེད་ཅིག་ལ་བསྐྱར་ནས་ཤེས་རྟོགས་བསམ་གཞིགས་བྱེད་དགོས་པའི་དྲན་སྐུལ་ཡོང་གི་ཡོད།

བོད་མི་རིགས་འདི་བཞིན་འཇིག་རྟེན་གོ་ལ་འདིའི་ཐོག་མི་ལོ་ཁྲི་སྟོང་མང་པོའི་རིང་མི་རབས་ནས་མི་རབས་བར་འཚོ་གནས་བྱས་ཤིང་། ལོ་རྒྱུས་དང་རང་བྱུང་ཁམས་ཀྱི་སྣང་ཚུལ་འདྲ་མིན་སྣ་ཚོགས་ལ་རྒྱུན་ཆད་མེད་པར་འཐབ་རྩོད་བྱེད་པའི་རྒྱུན་རིམ་ནང་སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་ཀྱིས་གཞན་འདྲིང་མི་འཇོག་པའི་ངོ་མཚར་ཤེས་རིག་གི་རྒྱལ་མཚན་དགུང་དུ་བསྒྲེངས་ཡོད་མོད། མིག་སྔར་འཇིག་རྟེན་གོ་ལ་ཧྲིལ་པོའི་ས་ཁོངས་དང་མི་རིགས་ཁག་གི་སྲོལ་རྒྱུན་ཤེས་རིག་གི་ཉིང་བཅུད་ལས་དུས་རབས་ཀྱི་དགོས་མཁོ་དང་འཚམས་པའི་སྔོན་ཐོན་ཤེས་རིག་གི་རྦ་རླབས་མཁའ་ལ་འཕྱུར་བཞིན་ཡོད་པས། སྔར་སོང་ལོ་ཟླའི་ནང་ངོ་མཚར་བྱེ་བ་འབུམ་གྱིས་ཕྱུག་པའི་རང་ཅག་མི་རིགས་ཀྱི་སྲོལ་རྒྱུན་ཤེས་རིག་གི་དཔལ་ཡོན་ལའང་དེང་རབས་བསམ་པའི་འདུ་ཤེས་ཐོག་ནས་ལེགས་སྤེལ་ཉེས་འགོག་དང་སྙིགས་དོར་བཅུད་ལེན་གྱི་ངེས་ཤེས་མཐའ་བཙན་འཚོལ་ཞིབ་བྱས་ཏེ། འགྲོ་བ་མིའི་རིགས་ཐུན་མོང་གི་དེང་རབས་ཅན་གྱི་སྔོན་ཐོན་ཤེས་རིག་ཡག་ཐོག་ཡར་བརྩེགས་ཡོང་བར་ཕྱར་བ་གྲུ་འདེགས་ཀྱི་ཕན་ནུས་མངོན་ཐུབ་པ་ཡིན་ན། དེ་ནི་རང་མི་རིགས་དང་ས་ཁོངས་ཤེས་རིག་སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་དོན་སྨིན་བྱུང་བ་ཙམ་མ་ཟད། དེང་དུས་ཀྱི་འགྲོ་བ་མིའི་རིགས་ཐུན་མོང་གི་སྔོན་ཐོན་ཤེས་རིག་དཔལ་ཡོན་དར་བར་རང་ཅག་མི་རིགས་ཀྱི་ལེགས་སྐྱེས་མཚོན་བྱེད་ཅིག་ཀྱང་ཡིན་པ་སྟེ། དེང་རབས་ཅན་གྱི་སྔོན་ཐོན་ཤེས་རིག་ཅེས་པ་ནི་མིའི་རིགས་ཀྱི་སྤྱི་ཚོགས་གོང་འཕེལ་འགྲོ་བའི་ཆོས་ཉིད་དང་མཐུན་ལ་དེར་ཕན་ནུས་ལྡན་པའི་མི་རིགས་དང་ས་ཁོངས་འདྲ་མིན་གྱི་ཡར་ཐོན་གྱི་ཤེས་རིག་ཉིང་བཅུད་བསྡུས་པ་ལས་གྲུབ་པ་ཞིག་ཡིན་པ་ལས། སྐྱེས་བོ་ག་གེ་མོས་འཆར་ཡན་རྟོག་བཟོར་བརྟེན་ནས་གློ་བུར་དུ་གསར་གཏོད་བྱས་པའི་བར་སྣང་ཁམས་ཀྱི་ངོ་མཚར་མེ་ཏོག་ལྟ་བུ་ཞིག་མ་ཡིན་པར། འགྲོ་བ་མིའི་རིགས་ཀྱི་མ་འོངས་པའི་སྤྱི་ཚོགས་གོང་འཕེལ་འགྲོ་ཕྱོགས་དང་མཐུན་པ་མ་ཟད། འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་ཡོང་བར་ནུས་ལྡན་གྱི་བསམ་བློའི་འགན་ལེན་དང་། ནང་བསམ་པའི་འགུལ་ཤུགས་དང་ཤེས་རབ་བློ་གྲོས་ཀྱི་རོགས་འདེགས་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་པས་སོ།

དྲུག

ཇོ་མོ་གླང་མའི་འདབས་རོལ་རྒྱུད་དུ་ཀྲུང་ཧྭ་མི་རིགས་ཀྱི་ཤེས་རིག་གི་གལ་ཆེའི་གྲུབ་ཆ་ཡིན་པའི་ཁ་བའི་ལྗོངས་ཀྱི་ལོ་རྒྱུས་རིག་གནས་ཀྱི་རྗེས་ཤུལ་ངོ་མཚར་ལྡན་པ་འཚོལ་རྒྱུ་ཡོད་ཅིང་། འདིའི་རྒྱུད་ཀྱི་ལོ་རྒྱུས་རིག་གནས་ཀྱི་རྗེས་ཤུལ་ལ་བརྟེན་ནས་དམིགས་བསལ་རང་བཞིན་གྱི་ཁྱད་ཆོས་ལྡན་པའི་ས་ཁོངས་ཤེས་རིག་བར་ཁྱམས་འཛུགས་སྐྱོང་གིས་རྒྱུན་འཛིན་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་པར་རིག་གནས་ཀྱི་གདེང་ཚོད་སྲ་བརྟན་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་ཕུན་སུམ་ཇེ་ཚོགས་སུ་འགྱུར་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བར་མི་མངོན་པའི་དྲང་ནུས་ལྡན་ལ། དུས་མཚུངས་སུ་རང་བྱུང་ཁམས་ལས་ལྷུན་གྱིས་གྲུབ་པ་ལྟ་བུའི་ཇོ་མོ་གླང་མའི་སྙིང་སྟོབས་འཛུགས་སྐྱོང་གིས་ཇོ་མོ་གླང་མའི་རིན་ཐང་དང་ནུས་ཤུགས་ལ་བརྟེན་ནས་ས་ཁོངས་རིག་གནས་འཛུགས་སྐྲུན་ཐད་དམིགས་བསལ་རང་བཞིན་གྱི་ནུས་མཐུས་ཕྱུག་པས། ཕུན་ཚོགས་བཀྲ་ཤིས་ལགས་ཀྱི་ཇོ་མོ་གླང་མའི་འདབས་རོལ་ནས་ཤུལ་འཚོལའདི་བཞིན་འཆམ་འགོ་ཚུགས་པའི་འཁར་རྔ་དང་། དཔྱིད་དཔལ་བསུ་བའི་འབྲུག་སྒྲ་ཇི་བཞིན་རིང་མིན་དེ་བས་རྒྱ་ཆེ་ལ་གཏིང་ཟབ་པའི་སྒོ་ནས་སྨྱུག་འཛིན་པ་ཇི་སྙེད་ཅིག་གིས་ཇོ་མོ་གླང་མའི་འདབས་རོལ་ནསཤུལ་འཚོལདཔེ་གཞིར་བཟུང་སྟེ། ཁོང་གིས་སྣེ་ཁྲིད་མཛད་པའི་དཔུང་ཁག་ནང་ཞུགས་ནས་དེང་རབས་ཀྱི་དངོས་གཙོའི་རྩོད་སྒྲུབ་རིག་པ་དང་ལོ་རྒྱུས་དངོས་གཙོ་སྨྲ་བའི་རིག་ལམ་ཐོག་ནས་གཞིས་ཀ་རྩེའི་ས་ཁོངས་དང་བཅས་པའི་གངས་ལྗོངས་ས་མཐོའི་ཕུལ་དུ་བྱུང་བའི་སྣོད་བཅུད་ཤེས་རིག་གི་དཔལ་ཡོན་འཚོལ་ཞིབ་ཀྱི་ཤུལ་ལམ་དུ་ཕྱོགས་ཚེ། ད་གཟོད་དུས་རབས་གསར་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་འབྱོར་ལྡན་པའི་ས་ཁོངས་འཛུགས་སྐྱོང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་གལ་འགངས་ཆེ་བའི་འགུལ་ཤུགས་མངོན་རྒྱུ་ཡིན་པར་ཡིད་ཆེས་བརྟན་པོ་བྱེད་བཞིན་ཡོད་ལགས་སོ།།།།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2021-4-14 00:50 , Processed in 0.035615 second(s), 17 queries .

返回顶部