博客西藏在最高处过一种生活

日志

ངེས་ལྟ་གློག་བརྙན་ལྕམ་མོ་ཞེས་པ་ཨང་སན་སུ་ཅ ...

已有 42 次阅读2020-10-1 03:58 |系统分类:教育

疫情期间,敬请安住,念诵度母,回向众生!

གལ་སྲིད“འཚེ་མེད་ཞི་བའི་ཆབ་སྲིད་ལྟ་བའི”ཚབ་བྱེད་མི་སྣ་རེ་དཔེ་རེ་བཞག་ཅེ་ན། མི་ཚང་མས་སྔོན་ལ་དྲན་པ་ནི་རྒྱ་གར་གྱི་གན་དྷི་དང་།ཨ་རིའི་མར་ཏིན་ལུ་ཐེར་ཁིན་ཅར་དང་། ཧྥེ་གླིང་ལྷོ་མའི་ནེལ་སོན་མན་དེ་ལ་ཡིན་པར་ངེས། དོན་དངོས་སུ།ཡ་གླིང་གི་ཀྲུང་གོའི་ལྷོ་ཕྱོགས་ཀྱི་ཕྱེད་གླིང་སྟེང་ན།རླབས་ཆེན་མི་སྣ་འདི་དག་གི་གྲས་སུ་འགྲོ་ཐུབ་པའི་དཔའ་མོ་ཞིག་ཡོད་དེ།ཁོང་མོ་ནི་ནོར་འབེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་དང་། “འབར་མའི་མེ་ཏོག”ཅེས་པའི་མཚན་སྙན་ཐོབ་པའི་བུད་མེད་ཆབ་སྲིད་པ་ཨང་སན་སུ་ཅི་ (Aung San Suu kyi)རེད། ཨང་སན་སུ་ཅི་ནི་མི་ཚེ་བརྒྱུད་རིམ་ལ་ངོ་མཚར་ཆེ་ཞིང་ཐུན་མོང་མ་ཡིན་པའི་བུད་མེད་ཅིག་ཡིན།ཁོང་མོ་ནི་ཁྱིམ་ཚང་གྲགས་ཅན་ཞིག་ཏུ་འཁྲུངས་ཤིང་། བྱད་གཞི་མཛེས་པར་མ་ཟད།ཨོ་ཁད་སི་ཧྥོར་དྷེ་སློབ་ཆེན་(Oxford)གྱི་སློབ་མ་དང་ཉི་ཧོང་གི་ཁོ་ཏོ་སློབ་ཆེན་(Kyoto University)གྱི་འཚམས་འདྲིའི་མཁས་པ་ཡང་རེད།ཁོང་མོའི་ཆེས་ཐོག་མའི་མི་ཚེའི་ཕུགས་བསམ་ནི་རྩོམ་པ་པོ་ཞིག་བྱ་རྒྱུ་དེ་ཡིན། འོན་ཀྱང་།ཁྱིམ་རྒྱུད་གྱི་རྒྱབ་ལྗོངས་དང་། ལོ་རྒྱུས་ཀྱི་གོ་སྐབས། རྒྱལ་ཁབ་ཀྱི་ལས་དབང་གིས་ཁོང་མོ་ཉེན་ཁ་ཆེ་བའི་ཨང་སན་སུ་ཅིའི་བྱུང་བ་བརྗོད་པའི་རྣམ་ཐར་གློག་བརྙན་<<ལྕམ་མོ>>ཨ་རིའི་གཟའ་དེབ<<དུས་སྐབས>>སྟེང་བཀོད་པ། ཆབ་སྲིད་ཀྱི་ཆུ་འཁོར་དུ་དེད་ནས།མི་མང་ཁྲི་མ་འབུམ་གྱི་དོ་ཁུར་བྱེད་སའི་མི་སྣ་གལ་ཆེན་ཞིག་ཏུ་གྱུར། རྒྱུན་པར་འཚེ་མེད་ཞི་བའི་ལྟ་བ་འཛིན་པའི་ཨང་སན་སུ་ཅིས་འབར་མའི་ཆབ་སྲིད་ཁྱབ་ཁོངས་ལ་གད་རྒྱངས་བྱེད་པ་དང་།ད་རུང་ཐེངས་ཁ་ཤས་ལ་“བཙོན་མ་མཛངས་མ་”ཞེས་པར་བརྩི་བ་དང་།ལོ་༦༠་བརྒལ་ཀྱང་ཡང་བསྐྱར་ཡར་ལངས་ཏེ།ཁོང་མོའི་བྱུང་བ་བརྗོད་པའི་རྣམ་ཐར་གློག་བརྙན་<<ལྕམ་མོ>>(The Lady)ཞེས་པ་འཛམ་གླིང་ཡོངས་ལ་བསྟན་ནས། ཁོང་མོ་“འཇིག་རྟེན་སྣང་བརྙན”གྱི་ཚད་མཐོན་པོར་འཇོག་རྒྱུ་རེད།ད་ལྟ་ཨང་སན་སུ་ཅི་ནི་འབར་མའི་ཆེས་གལ་ཆེ་བའི་ངོ་རྒོལ་ཕྱོགས་ཁག་གི་མགོ་ཁྲིད་པར་གྱུར་ཡོད།ཁོང་མོ་ལོ་བདུན་ཅུར་སོང་ཡང་། སྔར་བཞིན་མདུན་དུ་སྐྱོད་པ་མ་ཟད། ད་རུང་ནང་སེམས་ཀྱི་བརྩོན་འགྲུས་བརྟན་པོ་དང་རང་དབང་ལ་རྒྱུན་སྐྱོང་བའི་བློ་ཁ་བརྟན་པོས།ཁོང་མོ་འབར་མའི་མི་མང་གི་རེ་བའི་སྒྲོན་མེ་རུ་གྱུར་ཡོད།

 



འབར་མའི་རྒྱལ་ཁབ་ཡབ་ཆེནགྱི་བུ་མོ་ཡུལ་གཞན་དུ་མི་ལོ་༢༨ལ་འཁྱམས་པ།

 


ཨང་སན་སུ་ཅིའི་ཨ་ཕ་ཨང་སན་དམག་དཔོན་དང་ཨང་སན་སུ་ཅི།      

སྤྱི་ལོ་༡༩༤༥་ཟླ་༦་ཚེས་༡༩་ཉིན་མོར། ཨང་སན་སུ་ཅི་ནི་འབར་མའི་རྒྱལ་ས་སྔོན་མ་རན་གོན་(Rangoon)དུ་སྐུ་འཁྲུངས།ཁོང་མོའི་ཡབ་བྷོ་གོ་ཀེ་ཨང་སན་(BogyokeAung San)ནི་འབར་མའི་ཆབ་སྲིད་ཀྱི་མགོ་ཁྲིད་སྔོན་མ་དང་སྐད་གྲགས་ཆེ་བའི་དམག་དཔོན་ཞིག་ཡིན་པ་དང་།ཡུམ་བདེ་ཆེན་ཁྲི་ནི་སྤྱི་ཚོགས་ལས་འགུལ་པ་ཞིག་ཡིན་ལ། ཨང་སན་སུ་ཅི་ནི་ཁོང་གཉིས་ཀྱི་བུ་མོ་གཉིས་པ་ཡིན། དམག་དཔོན་ཨང་སན་གྱིས་སྔ་ཕྱིར་འཛམ་གླིང་འཁྲུག་ཆེན་གཉིས་པའི་ཁྲོད་དུ་འབར་མའི་འཇར་འགོག་དམག་འཁྲུག་དང་།འཁྲུག་ཆེན་རྗེས་སུ་འབར་མས་དབྱིན་རྒོལ་རང་བཙན་གྱི་དམག་འཁྲུག་གི་མགོ་ཁྲིད་བྱས་པས། “འབར་མའི་ཡབ་ཆེན”གྱི་མཚན་སྙན་ཐོབ།ཡིན་ན་ཡང་། ཕྱི་དགྲ་འགག་པ་མཇུག་སྒྲིལ་རྗེས། དམག་དཔོན་ཨང་སན་ནང་འཁྲུག་གི་ཆར་མདེའུ་ཁྲོད་གཤེགས་པ་སྟེ།སྤྱི་ལོ་༡༩༤༧་ཟླ་༧་ཚེས་༡༩་ཉིན་ལ། དམག་དཔོན་ཨང་སན་དང་དཔོན་པོ་འགས་གནས་སྐབས་སྲིད་གཞུང་གི་ཐོག་ཁང་དུ་གྲོས་བྱེད་པའི་སྐབས་སུ།གློ་བུར་དུ་ལག་ཏུ་རང་འགུལ་མེ་མདའ་བཟུང་བའི་དྲག་སྤྲས་པ་འགའ་ནང་དུ་བརྒྱུགས་ནས། ཐེ་ཚོམ་སྤུ་ཙམ་མེད་པར་མེ་མདའ་གང་སར་བརྒྱབ་སྟེ།མདེའུ་ཡི་དྲག་ཆར་བབས་རྗེས། དམག་དཔོན་ཨང་སན་དང་དཔོན་པོ་འགའ་བོ་ཁྲག་གི་མཚོ་མོ་རུ་འགྱེལ་ཞིང་། ས་དེ་གར་ཚེ་སྲོག་ཤོར།ལོ་དེར་དམག་དཔོན་ཨང་སན་ལོ་༣༢་ཡིན་ལ། བུ་མོ་ཨང་སན་སུ་ཅི་ནི་ལོ་འཁོར་གཉིས་ལོན་མ་ཐག་ཡིན།

“འབར་མའི་ཡབ་ཆེན་གྱི་བུ་མོའི་”གཟི་འོད་ལྡན་ན་ཡང་།ཡབ་ཆེན་གཤེགས་མགོ་སྔ་བའི་རྐྱེན་གྱིས། ཁྱིམ་ཚང་གི་འཚོ་བ་ཐབས་སྐྱོ་བོར་ལྷུང་བས། ཨང་སན་སུ་ཅིའི་བྱིས་དུས་ཀྱི་འཚོ་བ་ནི་སྐྱིད་པོ་ཞིག་ཏུ་བརྩི་ག་ལ་ནུས།བྱིས་པའི་སྐབས་སུ། ཁོང་མོས་སིན་ཐེ་རེན་སེ་སློབ་གྲྭ་(Sa- int Terence school)དང་མེ་ཐོ་དི་སད་ཚོགས་པས་(Methodist)བཙུགས་པའི་སློབ་གྲྭར་ཞུགས་པ་རེད།

ལོ་ན་གཞོན་པའི་ཨང་སན་སུ་ཅི།

སྤྱི་ལོ་༡༩༦༠་ལོར། ཨང་སན་སུ་ཅིའི་ཨ་མ་ནུབ་གླིང་གི་རྒྱབ་སྐྱོར་འོག་གི་འབར་མའི་སྲིད་གཞུང་གིས་འབར་མའི་རྒྱ་གར་དུ་སྡོད་པའི་གཞུང་ཚབ་ཆེན་མོར་བསྐོས་པ་ན།ལོ་༡༥་ལོན་པའི་ཨང་སན་སུ་ཅི་འབར་མ་དང་ཁ་བྲལ་ནས་ཨ་མའི་རྗེས་སུ་འབྲངས་ཏེ་རྒྱ་གར་ལ་ཐོན་པ་མ་ཟད།དེ་ནས་སློབ་འབྲིང་འགྲིམ་ཚར། དེ་རྗེས། ཁོང་མོས་དེ་ལི་(Delhi)སློབ་ཆེན་གྱི་ཆབ་སྲིད་སྡེ་ཁག་ཏུ་རྒྱུགས་འཕྲོད།ཡོན་ཏན་ཡར་རྒྱས་སུ་སོང་བ་དང་མཉམ་དུ། ཁོང་མོའི་སེམས་ཁམས་དང་བསམ་བློ་རིམ་བཞིན་ནར་སོན་པ་རེད།ཕྱི་རྒྱལ་དུ་མ་ཡོང་བའི་སྔོན་ལ། ཁོང་མོར་འབར་མའི་སངས་རྒྱས་ཆོས་ལུགས་ཀྱི་ཤུགས་རྐྱེན་ཟབ་མོ་ཐེབས་པས།རྒྱ་གར་དུ་ཐོན་རྗེས། ཁོང་མོ་དམ་པ་གན་དྷེའི་འཚེ་མེད་ཞི་བའི་མཉམ་འབྲེལ་བསམ་བློ་ལ་སྤྲོ་བ་ཆེན་པོ་སྐྱེས་ཤིང་།བསམ་བློ་དེ་ཁོང་མོའི་རྗེས་ཕྱོགས་ཀྱི་ཆབ་སྲིད་བྱེད་སྒོའི་འཐབ་རྩོད་ཀྱི་གཏན་ཚིགས་སུ་གྲུབ།


དེ་ལི་སློབ་ཆེན་མཐར་ཕྱིན་རྗེས། སྤྱི་ལོ་༡༩༦༣་དབྱིན་ཇུའི་ཨོ་ཁད་སི་ཧྥོར་དེ་སློབ་ཆེན་འགྲིམས་ནས། གཏན་ཚིགས་རིག་པ་དང་། ཆབ་སྲིད་རིག་པ།དཔལ་འབྱོར་རིག་པ་སྦྱངས་པས། ལོ་གསུམ་འགོར་རྗེས་ཤེས་རམས་པའི་བསླབ་གནས་བླངས། སློབ་གྲྭ་དེ་འགྲིམས་སྐབས།ཁོང་མོ་ཁ་བདེ་ཞིང་རྩོད་ལ་མཁས་པས་སྙན་གྲགས་ཀྱང་ཡོད་ལ། སྦལ་ཏིའི་(Paki- stan)སྲིད་བློན་ཟུར་བ་བྷེན་ཟིར་བྷུ་ཏོ་(BenazirBhutto)དང་འདྲ་བར་སློབ་རའི་མེ་ཏོག་ཏུ་གྱུར་ཡོད། ཨང་སན་སུ་ཅི་སློབ་གསེང་གི་དུས་ཚོད་བེད་སྤྱད་ནས།ཁོང་མོའི་ཕ་དང་འབྲེལ་བ་ཡོད་པའི་འབར་ཡིག་དང་། དབྱིན་ཡིག་གི་རྒྱུ་ཆ་འཚོལ་བསྡུ་བྱས་ཏེ།   ཨ་ཕའི་རྣམ་ཐར་བྲིས་པ་རེད། རྣམ་ཐར་འབྲི་བའི་བརྒྱུད་རིམ་ཁྲོད།ཨང་སན་སུ་ཅིར་ཨ་ཕའི་སྒེར་སེམས་མེད་ཅིང་འཇིགས་པ་མེད་པའི་སྙིང་སྟོབས་དང་།རྒྱལ་ཁབ་དང་མི་དམངས་ལ་དགའ་བའི་བརྩེ་སེམས་ཀྱིས་སེམས་འགུལ་ཚད་མེད་ཐེབས་ནས། ཁོང་མོས་ཐེངས་གང་མང་ལ་སློབ་གྲོགས་ཚོར།རྗེས་ཕྱོགས་ཕྱིར་འབར་མ་རུ་ལོག་ནས། གནས་དེའི་རིགས་མཐུན་ཡོངས་ལ་འཚོ་བ་བཟང་བོ་ཞིག་རོལ་ཏུ་འཇུག་དགོས་པ་བསྟན།


ཨོ་ཁད་སི་ཧྥོར་དྷེ་སློབ་ཆེན་མཐར་ཕྱིན་རྗེས། སྐབས་དེའི་འབར་མ་ནི་ནུབ་གླིང་གི་སྟོབས་ཤུགས་འོག་ཏུ་གནས་པས།ཁོང་མོ་རང་རྒྱལ་དུ་ལོག་མ་ཐུབ། སྐབས་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེན་གྱི་འགན་ཁུར་བའི་ཨུ་ཐན་(UThant)གྱིས་རོགས་བྱས་ཏེ། ཁོང་མོར་ཉེའུ་ཡོག་(New York)མཉམ་འབྲེལ་རྒྱལ་ཚོགས་དོན་གཅོད་ཁང་གི་དྲུང་ཡིག་ལས་རོགས་པར་བསྐོས། དུས་མཉམ་དུ། ཨང་སན་སུ་ཅིས་ད་དུང་འབྲུག་པའི་ཕྱི་འབྲེལ་དང་ཨོ་ཁད་སི་ཧྥོར་དྷེ་སློབ་ཆེན་སོགས་སུ་ལས་གནས་ཁུར་པ་མ་ཟད། ཉི་ཧོང་གི་ཁོ་ཏོ་སློབ་ཆེན་གྱི་ཨེ་ཤ་ཡ་ལྷོ་མའི་ཞིབ་འཇུག་ལྟེ་གནས་སུ་འཚམས་འདྲིའི་མཁས་པའང་བྱས་པ་རེད།

ཨ་མའི་རྗེས་སུ་འབྲངས་ནས་ཕྱིར་ཕ་ཡུལ་དུ་ལོག་བར་དུ།ཨང་སན་སུ་ཅིས་རང་གི་རྒྱལ་ཁབ་འབར་མ་མ་ཡིན་པའིི་རྒྱལ་ཁབ་གཞན་དུ་མི་ལོ་༢་༨ལ་འཚོ་བ་རོལ་བ་རེད།དུས་སྐབས་དེའི་སྤྱི་ལོ་༡༩༧༢་ལོར། ཁོང་མོས་བོད་ཀྱི་རིག་གནས་ཞིབ་འཇུག་མཁན་དབྱིན་ཇུའི་མཁས་པའམ་ཨོ་ཁད་སི་ཧྥོར་དྷེ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མི་ཁེལ་ཨ་རིས་(MichaelAris)དང་གཉེན་བསྒྲིགས། གཉེན་བསྒྲིགས་རྗེས་ཀྱི་ལོ་བཅུ་ཕྲག་འགའ་རུ། ཁྱོ་གའི་རྗེས་སུ་འབྲངས་ནས་ཨོ་ཁད་སི་ཧྥོར་དྷེ་སློབ་ཆེན་དུ་ལྷིང་འཇགས་ངང་བཟའ་ཟླར་འཆམ་ཞིང་། བྱིས་པ་གཉིས་ཀྱི་འཚར་ལོངས་དང་འགྲོགས་ནས་འཚོ་བ་རོལ་པ་དང་།འབར་མའི་ཡུལ་གྱར་བ་འདྲ་མིན་ལ་འབྲེལ་འདྲིས་མི་བྱས་པར། རང་འགུལ་གྱིས་འབར་མའི་ཆབ་སྲིད་ཀྱི་ཡིན་མིན་ཁྲོད་དུ་མ་ཞུགས་པར་བསྡད།འོན་ཀྱང་། ཁོང་མོའི་སེམས་སུ། འབར་མའི་རྒྱལ་ཁབ་དང་མི་མང་ལ་ཁོང་མོ་དགོས་མཁོ་ཡོད་པའི་སྐབས་སུ།ཐེ་ཚོམ་སྤུ་ཙམ་མེད་པར་རོགས་བྱེད་དགོས་པ་གསལ་བོར་ཤེས། དེ་བས་ཁོང་མོ་ཁྱོ་ག་དང་གཉེན་བསྒྲིགས་རྗེས།དབྱིན་ཇུའི་ལམ་ཡིག་ལེན་པའི་ཆོག་མཆན་ཡོད་མོད། འོན་ཀྱང་འབར་མ་ལ་གཞིགས་ན་རྒྱལ་ཁོངས་གཉིས་ཡོད་པ་ནི་ཁྲིམས་འགལ་ཡིན་པས།ཁོང་མོས་དབྱིན་ཇུའི་ལམ་ཡིག་ལེན་པར་ཁས་མ་བླངས་པ་རེད། ཁོང་མོའི་ཁྱོ་གས་རང་གི་མཛེས་ཤིང་ཡིད་དུ་འོང་བའི་ཆུང་མ་མཛངས་མ་འདི།སྤྱིར་བཏང་གི་འབར་མའི་བུད་མེད་ཅིག་མིན་པས། ནམ་ཉི་མ་ཞིག་ལ། ལས་དབང་བཙན་པོས་ཁྱིམ་ཚང་དང་རྒྱལ་ཁབ་ལས་གང་གདམ་དགོས་པ་དཀའ་བའི་གནས་སུ་གྱུར་ངེས་པ་གསལ་བོར་ཤེས།རྗེས་བྱུང་གི་བྱ་བ་ཚང་མས་ཁོང་མོའི་ཁྱོ་གའི་སྔོན་དཔག་དེ་བདེན་པ་ཡིན་པ་ར་སྤྲོད་བྱས།

 

    ཨ་ཕའི་རེ་བ་ཁུར་ནས་ཆབ་སྲིད་དུ་“འཚེ་མེད་ཞི་བའི་”འཐབ་རྩོད་བསམ་བློ་རྒྱུན་འཁྱོངས་བྱས།

 

   ཨེ་ཤ་ཡ་ལྷོ་མའི་རྒྱལ་ཁབ་ཏུ། བུ་མོས་མི་མང་གི་རྒྱབ་སྐྱོར་འོགཨ་ཕས་ཁྲག་གིས་བསྐྲུན་པའི་འགྲོ་ལམ་དུ། གོམ་པ་རེ་རེ་ཆབ་སྲིད་དུ་སྤོས་པའི་སྣང་ཚུལ་ཉུང་ཉུང་མིན་ཏེ།སྦལ་ཏིའི་བུད་མེད་སྲིད་བློན་དང་པོ་བྷེན་ཟིར་བྷུ་ཏོས་ཨ་ཕའི་རྒྱུད་འཛིན་བྱས་པ་དང་། ཐེངས་གསུམ་ལ་བྷང་ག་ལའི་སྲིན་བློན་བྱས་པའི་སིལ་ཁ་ཧ་སི་ན་ནི་རྒྱལ་ཁབ་འདིའི་རྒྱལ་ཁབ་ཡབ་ཆེན་སིལ་ཁ་མུ་ཅི་བྷུར་ར་ཧ་མན་གྱི་(Sheikh Mujibur Rahman)བུ་མོ་སྐྱེ་མགོ་མ་ཡིན། ཨང་སན་སུ་ཅི་འབར་མའི་ཆབ་སྲིད་དུ་ཞུགས་ནས་ཤུགས་རྐྱེན་ཆེན་པོ་ཡོད་པའི་ཆབ་སྲིད་མགོ་ཁྲིད་དུ་གྱུར་པའི་ལོ་རྒྱུས་ཀྱང་གོང་གི་མི་སྣ་གཉིས་དང་འདྲ་བ་རེད།

ཨང་སན་སུ་ཅི་དང་མི་ཁེལ་ཨ་རིས།                                           

ཨང་སན་སུ་ཅི་དང་བུ་ཆེ་བ།

   སྤྱི་ལོ་༡༩༤༨་ལོར། རྒྱལ་ཁབ་ལ་རང་བཙན་ཐོབ་རྗེས།འབར་མའི་ཆབ་སྲིད་དེང་རབས་ཅན་ལ་འགྲོ་བའི་འཕེལ་རིམ་ཁག་པོར་གྱུར་པ་རེད། སྤྱི་ལོ་༡༩༦༢་ལོར།ནེ་བིན་དམག་དཔོན་གྱིས་སྲིད་དབང་བསྒྱུར་ནས། དམངས་བདམས་སྲིད་གཞུང་མགོ་རྟིང་བསློགས་ཏེ།དམག་འཛིན་སྲིད་གཞུང་བཙུགས། དང་ཐོག་གནས་ཚུལ་ཆོག་མོད། རྗེས་སུ་དམག་འཛིན་སྲིད་གཞུང་གི་འཕེལ་རྒྱུན་ཆད་པའི་ལམ་ལུགས་ངན་པ་རིམ་བཞིན་བྱུང་སྟེ།དྲག་ཆས་འཐབ་རྩོད་རྒྱུན་ཆད་མེད་པ་དང་དཔལ་འབྱོར་ཉམས་རྒུད་དུ་གྱུར་པ་ནས། མི་མང་འཚོ་ཐབས་བྲལ་བས་མ་གཞི་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་།འབྱོར་བ་ལྡན་པའི་འབར་མ་རྒྱལ་ཁབ་དེ་འཛམ་གླིང་གི་ཆེས་དབུལ་བའི་རྒྱལ་ཁབ་ཀྱི་གྲས་སུ་ཚུད་པ་རེད།དུས་རབས་༢༠་ལོ་རབས་༨༠་ནས་བཟུང་། འབར་མ་རུ་རྒྱུན་ཆད་མེད་པར་དམག་འཛིན་སྲིད་གཞུང་གི་དབང་སྒྱུར་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་དབང་སྒྱུར་པས་དྲག་གནོན་བྱས་པ་རེད།

སྤྱི་ལོ་༡༩༨༣་ཟླ་༣་པར། ཨང་སན་སུ་ཅི་ཁྱོ་ག་དང་བྱིས་པར་ཁ་བྲལ་ནས།དབྱིན་ཇུ་ནས་འབར་མའི་རྒྱལ་ས་རན་གོན་དུ་ནད་ལྕི་མོ་བྱུང་བའི་ཨ་མར་ལྟ་རུ་འོངས་སྐབས། འབར་མ་རུ་ངོ་རྒོལ་དྲག་པོ་བྱེད་པའི་སྐབས་ཏེ་མང་གཙོའི་རྔམ་སྟོན་དང་ཁྲོམ་སྐོར་ལས་འགུལ་སྤེལ་བཞིན་པ་རེད།དམག་འཛིན་སྲིད་གཞུང་གི་དྲག་གནོན་སྲིད་ཇུས་འོག ཉེས་པ་མེད་པའི་ཚེ་སྲོག་ཉིས་བརྒྱ་ལྷག་ཐལ་བར་བཏང་ནས།རྒྱལ་ཡོངས་ཀྱི་གང་སར་འཇིགས་སྣང་གིས་ཁེངས་འདུག

གཞུང་ཕྱོགས་ཀྱི་དྲག་གནོན་དང་མི་མང་གི་ཁྲག་དྲི་ཡིས་ཨང་སན་སུ་ཅི་ཧ་ལས་སུ་བཅུག དེ་བས་ཁོང་མོས་ཆབ་སྲིད་ཀྱི་འཐབ་རྩོད་དུ་ཞུགས་པར་སེམས་ཐག་བཅད།“ང་ངའི་ཨ་ཕའི་བུ་མོ་ཡིན་པས། ངས་ད་ལྟ་བྱུང་བཞིན་པའི་གནས་ཚུལ་སྣང་མེད་དུ་འཇོག་ག་ལ་ཉན།”སྤྱི་ལོ་༡༩༨༨་ཟླ་༨་ཚེས་༢༦་ཉིན། རན་གོན་དུ་མང་ཚོགས་ས་ཡ་ལ་ཉེ་བ་ཞིག་འཛོམས་ནས་སེད་གོན་མཆོད་རྟེན་གྱི་ནུབ་སྒོའི་ཐང་ཆེན་དུ་འཚོགས་ཤིང་།ཨང་སན་སུ་ཅིས་ཐེངས་དང་པོར་མང་ཚོགས་འདི་འདྲའི་མང་པོར་ཁ་གཏད་ནས་གཏམ་བཤད་པ་རེད།ཁོང་མོས་ཆེས་ཐོག་མར་གཏམ་བཤད་གལ་ཆེན་ཁྱབ་སྒྲོག་བྱ་རྒྱུའི་སེམས་ཐག་བཅད་པའི་ཉིན་སྔོན་མར།དམག་འཛིན་སྲིད་གཞུང་གིས་ཁོང་མོ་ལྐོག་གསོད་བྱ་རྒྱུའི་འཇིགས་སྐུལ་བཏང་ཡང་། ཨང་སན་སུ་ཅི་འཇིགས་སྐུལ་ཁྲོད་དུ་སེམས་པ་ལྷོད་ནས།སྐད་གསེང་མཐོན་པོས་“འདི་ནི་རྒྱལ་ཁབ་ཀྱི་མི་རིགས་བཅིང་གྲོལ་ལས་འགུལ་ཐེངས་གཉིས་པ་ཡིན།”ཞེས་ཟེར་ཞིང་ཐང་ཆེན་དུ་ཁོང་མོ་མངོན་བྱུང་།ཁོང་མོས་འཕུར་ལྭ་དཀར་པོ་ཞིག་གྱོན་པས། ལྷ་ཡུལ་ནས་འཕུར་ཡོང་བའི་ཁྲུང་ཁྲུང་དཀར་མོ་ཞིག་དང་འདྲ།ཁོང་མོའི་བརྗིད་ཉམས་ལྡན་པའི་རྣམ་འགྱུར་དང་། གསོན་ཤུགས་ལྡན་པའི་སྐད་གདངས། སྙན་འཇེབས་ལྡན་པའི་ཚིག་སྦྱོར་གྱིས་ཚོགས་ཞུགས་ཀྱི་འབར་མའི་མི་མང་ལ་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག་ཅིང་།མི་མང་གིས་ཨང་སན་དམག་དཔོན་ཡང་བསྐྱར་འཇིག་རྟེན་དུ་བྱུང་བ་ཇི་བཞིན།“ཕ་དང་བུ་མོ་གཉིས་ཀའི་སྣང་བརྙན་གཅིག་ཏུ་འདོད་པར་”བསམས།

སྐབས་དེ་ནས་བཟུང་། ཨང་སན་སུ་ཅི་ནི་ཟུར་ཞུགས་པ་ཞིག་མིན་པར། ཐེངས་འདིའི་ཆབ་སྲིད་འཐབ་རྩོད་ཀྱི་ལྟེ་བ་རུ་ལངས་ནས།མི་མང་འཁྲིད་ནས་དྲག་པོའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་མགོ་བར་གྱུར། དོན་དངོས་སུ། ཁོང་མོ་ཆབ་སྲིད་ལ་མི་དགའ་བར།རྩོམ་པ་པོ་ཞིག་བྱེད་འདོད། “འོན་ཀྱང་། ང་བྱ་བ་འདིར་ཞུགས་ཟིན་པས། ལས་མཐའ་མ་འཁྱོལ་བ་ཞིག་བྱ་མི་ཉན།”ཟེར།སྤྱི་ལོ་༡༩༨༨་ལོའི་ཟླ་༩་ཚེས་༢༧་ཉིན། ཨང་སན་སུ་ཅིས་འབར་མའི་རྒྱལ་ཡོངས་མང་གཙོའི་མནའ་འབྲེལ་བཙུགས་ནས།ཁོང་མོས་སྤྱི་ཁྱབ་དྲུང་ཆེན་གྱི་འགན་ཁུར། ཨང་སན་དམག་དཔོན་གྱི་བུ་མོ་ཡིན་པས་ཁོང་མོར་རྒྱབ་སྐྱོར་པ་མང་པོ་བྱུང་།ཡིན་ན་ཡང་། ཁོང་མོ་ས་གྲགས་གནམ་གྲགས་སུ་གྱུར་རྐྱེན་ནི། ཁོང་མོས་“འཚེ་མེད་ཞི་བའི་”འཐབ་རྩོད་འདུ་ཤེས་རྒྱུན་འཁྱོངས་བྱས་པས་རེད།

ཆབ་སྲིད་དུ་ཞུགས་པ་ནས་བཟུང་། དབང་སྡེམ་རིང་ལུགས་དང་།བཙན་ཤེད། བཙོན་བཀག འདེམས་བསྐོའི་མཇུག་འབྲས་མེད་པར་བཟོ་བ། སྨྲ་བརྗོད་ཚོད་འཛིན་སོགས་ཀྱི་དོན་དངོས་ལ་ཁ་གཏད་ཀྱང་།ཨང་སན་སུ་ཅི་ནམ་རྒྱུན་ལྷོད་ལྷོད་ངང་ངག་བཅད་ངོ་རྒོལ་གྱིས།བཙན་ཤེད་ཀྱི་བྱེད་ཐབས་སྤྱད་དེ་མང་གཙོ་བརྩོན་ལེན་དང་བཙན་ལན་བཙན་འཇལ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས།ཁོང་མོ་རྒྱལ་ཡོངས་སུ་སོང་ནས། མང་ཚོགས་ལ་འབོད་སྐུལ་གྱིས། འབར་མའི་གནས་སྟངས་ལ་མང་གཙོའི་བཅོས་སྒྱུར་དང་འདེམས་བསྐོ་ཆེན་པོ་བྱ་དགོས་པའི་བླང་བྱ་བཏོན།“དབང་མེད་པའི་དབང་ཆའི་”ཚབ་བྱེད་མི་སྣ་ཆེས་ཕུལ་བྱུང་བ་ཨང་སན་སུ་ཅིས་འབར་མ་རུ་ཨ་ཕ་དང་མི་འདྲ་བའི་མི་སྒེར་གྱི་སྣང་བརྙན་གསལ་བོར་བཙུགས་ཡོད་དེ།ཕྱོགས་གཅིག་ནས། ཁོང་མོའི་མཛེས་སྡུག་དང་ཞི་བདེ། འཚེ་མེད་ཞི་བ་རྒྱུན་འཁྱོངས་དང་བྱམས་བརྩེ་མཚོན་པ་དང་།ཕྱོགས་གཞན་ཞིག་ནས། ཁོང་མོའི་ནང་སེམས་སྟོབས་དང་ལྡན་ཞིང་སྙིང་རུས་ཆེ་བ། བཙན་དབང་ལ་ངོ་གཏད་ཀྱང་དཔའ་མི་ཞུམ་པ་མཚོན་ཡོད།ཁོང་མོར་དབང་ཆ་དང་རྒྱུ་ནོར། དཔོན་ས་གང་ཡང་མེད་ཀྱང་། འབར་མའི་མི་མང་ཁྲི་སྟོང་གི་གུས་བཀུར་དང་དགའ་བསུ་ཐོབ་ཡོད།

 

     རྒྱལ་ཁབ་དང་ཁྱིམ་ཚང་གཉིས་ལས་ཁོང་མོས་ཚེ་སྲོག་རྒྱལ་ཁབ་ལ་འབུལ་རྒྱུ་བདམས།

 

ཨང་སན་སུ་ཅིའི་དོ་མི་མཉམ་པའི་མི་ཚེའི་བརྒྱུད་ལམ་ཁྲོད། གཉེན་བསྒྲིགས་དང་ཁྱིམ་ཚང་ནི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་ཐེ་ཚོམ་མེད།ཁོང་མོའི་ཀྱོག་མཚམས་ཆེ་བའི་ཆབ་སྲིད་ཀྱི་བྱུང་བ་དང་བསྡུར་ན། ཁོང་མོ་དང་ཁོང་མོའི་དབྱིན་ཇུའི་ཁྱོ་གའི་བར་དུ་མི་སེམས་འགུགས་པའི་བརྩེ་དུང་གི་གཏམ་རྒྱུད་ཡག་པོ་ཞིག་ཡོད།

ཨོ་ཁད་སི་ཧྥོར་དྷེ་སློབ་ཆེན་འགྲིམ་པའི་ལོ་དེར། ནམ་རྒྱུན་འབར་མའི་སྲོལ་རྒྱུན་ལྭ་བ་སེང་གཟན་གྱོན་པའི་ཨུ་སན་སུ་ཅི་ནི་སློབ་གླིང་འདི་རུ།དུས་རྟག་ཏུ་ཕོ་གསར་སློབ་མ་ཚོའི་སེམས་ཁོང་གི་ལྷ་མོ་རུ་གྱུར་ཡོད། ཁོང་མོའི་ཁ་ངོ་ཡག་ཅིང་གཟུགས་གཞི་ལེགས་པ་མ་ཟད།སྐུ་དྲག་གི་བཟང་ཆ་དང་བླ་ན་མེད་པའི་བསམ་ཚུལ་ལྡན་པ་རེད། མཐར་ཤེས་སྤྱོད་གཉིས་ལྡན་གྱི་ཨོ་ཁད་སི་ཧྥོར་དྷེ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མི་ཁེལ་ཨ་རིས་ལ། ཨུ་སན་སུ་ཅིའི་བརྩེ་སེམས་ཐོབ་ནས།སྤྱི་ལོ་༡༩༧༡་ལོར་གཉེན་རྟགས་བརྒྱབ་པ་རེད།

གཉེན་མ་བསྒྲིག་གོང་གི་ཟླ་བརྒྱད་ཀྱི་ནང་ལ།ཨང་སན་སུ་ཅིས་མ་འོང་བའི་ཁྱོ་ག་ལ་འཕྲིན་ཡིག་༡༨༧་བྲིས་ནས་སྙིང་གཏམ་ཞིབ་མོ་བརྗོད་པར།ཚིག་རྐང་རེ་རེར་སེམས་ཁྲེལ་གྱིས་ཁེངས་ཡོད་དེ། ཁོང་མོས་འབར་མིའི་མི་མང་གིས་ཁོང་མོ་དང་མི་ཁེལ་ཨ་རིས་ཀྱི་གཉེན་སྒྲིག་ལ་གོ་བ་ལོག་ནས།ཁོང་མོ་རང་གི་རྒྱལ་ཁབ་ལ་ངོ་ལོག་པར་ངོས་འཛིན་པར་སེམས་ཁུར་བྱས། འཕྲིན་ཡིག་ཁྲོད་དུ། “ང་ལ་རེ་བ་ཉག་ཅིག་ཡོད་དེ།གལ་སྲིད་རྒྱལ་ཁབ་དང་མི་མང་ལ་ང་དགོས་མཁོ་ཡོད་ན། ཁྱོད་ཀྱིས་ང་ལ་ཁོང་ཚོར་རོགས་བྱ་རུ་འཇུག་རོགས་ཞུ།ད་དུང་་་་་་འོན་ཀྱང་། སེམས་ཁྲེལ་འདི་དག་དོན་ངོ་མར་བཤད་རིན་མེད་དེ། ང་ཚོ་བློ་གཅིག་སེམས་གཅིག་གིས་ཕན་ཚུན་ལ་དགའ་ཞིང་གཅེས་སྤྲས་བྱས་ན།ང་རང་བརྩེ་དུང་དང་སྙིང་ཉེ་བས། མཐར་ཡོད་ཚད་ལ་རྒྱལ་ཁ་ལོན་པའི་ཡིད་ཆེས་ཡོད།” ཁོང་མོ་དང་མི་ཁེལ་ཨ་རིས་ཀྱིས་སྐབས་དེ་དུས་ཡིད་ལ་མ་ཤར་བ་ནི།ཆབ་སྲིད་འཐབ་རྩོད་ཀྱི་དོན་དངོས་དེ་ཁོང་ཚོའི་སྔོན་དཔག་ལས་ལྡབ་འགྱུར་གྱིས་གདུག་རྩུབ་ཆེ་བ་རེད།

གཉེན་བསྒྲིགས་རྗེས། ཨང་སན་སུ་ཅི་ནི་མི་ཁེལ་ཨ་རིས་དང་འགྲོགས་ནས་ཨོ་ཁད་སི་ཧྥོར་དྷེ་སློབ་ཆེན་དུ་ལོ་བཅུ་ལྷག་ལ་ལྷིང་འཇགས་ཀྱི་འཚོ་བར་རོལ་པ་རེད།ཁོང་མོ་ཁྱིམ་ཚང་གི་འཚོ་བ་ལ་དགའ་ཞིང་། སེམས་རྣལ་མོས་བཟའ་མི་ཚོར་ལྟ་སྐྱོང་བྱས་ཏེ། ཁྱོ་གས་བློ་སེམས་རྩེ་གཅིག་གིས་རིག་གཞུང་ཞིབ་འཇུག་བྱས་པར་སྟབས་བདེ་བསྐྲུན།དེ་ནི་ཁོང་ཚོའི་གཉེན་སྒྲིག་ཁྲོད་ཆེས་ལེགས་ཤིང་འཆམ་པའི་དུས་ཚོད་རེད། སྤྱི་ལོ་༡༩༨༨་ཟླ་༣པར།ཨང་སན་སུ་ཅིའི་ཨ་མར་གྲིབ་ནད་ལྕི་མོ་ཕོག་པས།ཨང་སན་སུ་ཅི་བྲེལ་འཚུབ་ངང་ཁྱོ་ག་དང་བུ་ཆུང་གཉིས་ལ་གྱེས་བརྡ་བཏང་ནས།ཕྱིར་འབར་མའི་རན་གོན་གྱི་ཕ་ཡུལ་དུ་ལོག་ནས་ཨ་མར་གཉོར་གཡོག་བྱས། ཡིད་ལ་མི་ཤར་བ་ཞིག་ལ།ཐེངས་འདིར་སོང་བས། བཟའ་ཟླ་གཉིས་ངོ་ཐུག་མི་ཐུབ་པའི་མགོ་རྩོམ་པ་རེད། “ང་ལ་སྔོན་ཚོར་ཞིག་ཡོད་དེ།ང་ཚོའི་འཚོ་བ་འདི་ནས་འགྱུར་རྒྱུ་རེད།”ཅེས་ཨང་སན་སུ་ཅིའི་ཁྱོ་ག་མི་ཁེལ་ཨ་རིས་ཀྱིས་རྗེས་སུ་ཕྱིར་དྲན་བྱེད་དུས་བཤད།དེ་རྗེས། མི་ཁེལ་ཨ་རིས་ཐེངས་གང་མང་ལ་འབར་མ་རུ་ཆུང་མ་བལྟ་རུ་འགྲོ་རྒྱུའི་རེ་བ་ཞུས་ཀྱང་།ཚང་མར་དམག་འཛིན་སྲིད་གཞུང་གི་ཆོག་ལན་མ་ཐོབ། ཐེངས་གང་མར་བརྩོན་ལེན་བྱས་མཐར། ལོ་ངོ་དྲུག་བདུན་གྱི་ནང་ལ།ཨང་སན་སུ་ཅི་དང་མི་ཁེལ་ཨ་རིས་གཉིས་དུས་ཐུང་ནང་ངོ་ཐེངས་ལྔ་ཐུག་པ་དང་།སྤྱི་ལོ་༡༩༩༥་ཡེ་ཤུའི་འཁྲུངས་སྐར་གྱི་རྗེས་ནས། མི་ཁེལ་ཨ་རིས་འབར་མའི་ནང་འགྲོ་མི་ཆོག་པ་བྱས།

རང་དབང་ཐོབ་པའི་ཨང་སན་སུ་ཅི།

སྤྱི་ལོ་༡༩༩༧་ལོར། མི་ཁེལ་ཨ་རིས་ལ་དབྱིན་ཇུ་རུ་བརྟག་བཤེར་བྱས་པར་མདུན་ཆགས་རྨེན་བུ་སྐྲན་ནད་བྱུང་འདུག་པ་དང་།འབར་མ་རུ་འཇམ་བཀག་བྱས་ཡོད་པའི་ཨང་སན་སུ་ཅིས་ཁྱོ་གར་ནད་ཕོག་ཡོད་པ་ཤེས་རྗེས། དགོང་མོ་རེ་རེ་ལ་ཁོང་ལ་ཁ་པར་བཏང་བ་རེད།དམག་འཛིན་སྲིད་གཞུང་གིས་ཤེས་རྗེས་མྱུར་བར་ཁ་པར་གྱི་སྐུད་ལམ་བཅད། ཐེངས་ཤིག་ལ། ཨང་སན་སུ་ཅི་དང་ཁྱོ་ག་གཉིས་ཀས་ཕན་ཚུན་ལ་“ཨ་རོགས”ཞེས་བཤད་ཚར་མ་ཐག་ཁ་པར་ཆད་པ་རེད།དུས་ཐུང་གི་ཁུ་སིམ་སིམ་འདས་རྗེས། བློ་བརྟན་པའི་བུད་མེད་འདི་ལ་མིག་ཆུ་བཞུར་བྱུང་། མི་ཁེལ་ཨ་རིས་ཀྱིས་ནད་ལྕི་བའི་སྐབས་སུ།འབར་མ་ལ་ཐེངས་མང་པོར་རང་ཉིད་ཀྱི་ཚེ་སྲོག་གི་ཆེས་མཐའ་མཇུག་ལ་ཆུང་མར་ངོ་ཐུག་རྒྱུའི་རེ་བ་ཞུས་ཀྱང་།ཚང་མར་ཆོག་ལན་མ་ཐོབ། སྤྱི་ལོ་༡༩༩༩་ལོར། མི་ཁེལ་ཨ་རིས་གཅིག་པུ་ཁེར་རྐྱང་ངང་དབྱིན་ཇུ་རུ་ཤི་བ་རེད།མི་ཁེལ་ཨ་རིས་མ་ཤི་གོང་ལ། ཆུང་མ་ལ་“ང་ནམ་ཡང་ཁྱོད་དང་ཁྱོད་ཀྱི་རྒྱལ་ཁབ་བར་དུ་བཀར་ནས་མི་འདུག”ཅེས་བཤད།ལོ་དེར་བཤད་པའི་བརྩེ་དུང་གི་དམ་བཅའ་དེ། མཐར་ཤི་བ་བརྒྱུད་ནས་མཚོན་པར་བྱས།

ཨང་སན་སུ་ཅིས་ཁྱོ་ག་ཤི་བ་ཤེས་རྗེས། སྡུག་བསྔལ་བཟོད་བསྲན་མེད་པ་སྐྱེས།དམག་འཛིན་སྲིད་གཞུང་གིས། འདི་ནི་ཁོང་ཚོར་མགོ་ན་བའི་སྲིད་དགྲ་མཐར་བསྐྲོད་པའི་དུས་བཟང་དུ་འདོད་དེ།ཁོང་མོ་དབྱིན་ཇུ་རུ་ཕྱིར་སོང་ནས་མི་ཁེལ་ཨ་རིས་ལ་འདས་མཆོད་དང་བྱིས་པར་ངོ་ཐུག་དགོས་པར་སྐུལ་མ་བྱས།འོན་ཀྱང་། ཨང་སན་སུ་ཅིས་རང་ཉིད་འབར་མ་དང་ཁ་བྲལ་ན། ཕྱིར་འོང་མི་ཐུབ་པ་གསལ་བོར་ཤེས།རྐྱེན་དེ་ཡིས་ཁོང་མོ་དབྱིན་ཇུར་མི་འགྲོ་བ་རྒྱུན་འཁྱོངས་བྱས་ཏེ། བརྩེ་དུང་དང་རྒྱལ་ཁབ་བར་དུ།ཁོང་མོས་རྒྱལ་ཁབ་ཏུ་འདུག་རྒྱུ་བྱས།

མ་བུ་ཁ་བྲལ་བའི་ལོ་ཟླའི་ནང་ལ། ཨང་སན་སུ་ཅིས་སྐབས་ཉུང་ཤས་ལ་མ་གཏོགས་རང་གི་བུ་གཉིས་ལ་ངོ་ཐུག་གི་མེད་པ་མ་ཟད།ལོ་ཆུང་བའི་ཚ་མོ་ནམ་ཡང་པང་ལ་བཟུང་མ་མྱོང་ལ། སྤྱི་ལོ་༢༠༠༠་ལོར་ཚ་བོར་ཐེངས་གཅིག་ལ་བལྟས་པ་རེད།ཁོང་མོའི་བུ་ཚོས་ཨ་མའི་གཏམ་བཤད་དང་སྨྱན་གཟུགས་སྤེལ་གཏོང་། ཉུལ་མའི་ལྟ་ཞིབ་འོག་ཏུ་དུས་ཐུང་གི་འཚོལ་ཞིབ་བརྒྱུད་དེ་རང་གི་ཨ་མར་རྒྱུས་ལོན་བྱས།ཨང་སན་སུ་ཅིས་བཤད་རྒྱུར། “ངས་རང་གི་བྱིས་པ་ཚོ་ཧ་ཅང་དྲན་ཏེ།ང་ཚོས་མཉམ་དུ་ངོ་ཐུག་ནས་སྤྲོ་སྐྱིད་ལ་རོལ་མི་ཐུབ་ཀྱང་། ཁོང་ཚོ་ང་ལ་གཏན་ནས་ཁ་བྲལ་མ་མྱོང་བ་ངས་ཤེས་ཡོད”ཟེར།ད་དུང་ཁོང་མོའི་ཉིན་ཐོ་རུ། “ངའི་ཁྱིམ་ཚང་ཁ་བྲལ་བ་ནི་ངས་རང་དབང་གི་འབར་མ་བརྩོན་ལེན་བྱེད་པར་ཕུལ་བའི་རིན་དོད་ཅིག་ཡིན”ཞེས་བཀོད་ཡོད།

 

སྲིད་ལ་ཞུགས་པ་ནས་བཟུང་ཁོང་མོ་ལོ་མང་པོར་འཇམ་བཀག་གི་རྣམ་པར་གནས་ཀྱང་ལོ་དྲུག་ཅུ་རེ་ལྔ་འགོར་རྗེས་ཡང་བསྐྱར་ལངས་བྱུང།

 

མི་མང་པོས། ནེལ་སོན་མན་དེ་ལས་ཧྥེ་གླིང་ལྷོ་མའི་མི་ནག་ལ་འདྲ་མཉམ་གྱི་དབང་ཆ་བརྩོན་ལེན་བྱས་པར།ལོ་ངོ་༢༧་ལ་བཙོན་ཁང་དུ་འཚོ་བ་རོལ་བ་དང་། ཨང་སན་སུ་ཅི་ཆབ་སྲིད་དུ་ཞུགས་རྗེས། ལོ་ངོ་༦༠་དུས་ཡུན་ལ་འཇམ་བཀག་ཁྲོད་དུ་གནས་པའང་ཤེས།

ཨང་སན་སུ་ཅིས་གསར་འཛུགས་བྱས་པའི་རྒྱལ་ཡོངས་མང་གཙོའི་གནའ་འབྲེལ་དེ་༡༩༨༨ལོར་ཚུགས་རྗེས། མྱུར་བར་གཞི་རྒྱ་བསྐྱེད་དེ། འབར་མའི་ཆེས་ཆེ་བའི་ངོ་རྒོལ་ཚོགས་པ་རུ་གྱུར།དམག་འཛིན་སྲིད་གཞུང་གིས། ཡུན་རིང་ལ་སྲིད་སྐྱོང་བའི་འབར་མའི་སྤྱི་ཚོགས་རིང་ལུགས་རྩ་འཛིན་ཚོགས་པ་དེ་འགྱུར་བ་ལས་བྱུང་བའི་མི་རིགས་མཐུན་སྒྲིལ་ཚོགས་པ་ལ།ལོ་རྗེས་མའི་འདེམས་བསྐོ་ཆེན་པོ་རུ་རྒྱལ་ཁབ་ཐོབ་པ་ཁག་ཐེག་བྱ་ཆེད། སྤྱི་ལོ་༡༩༨༩་ཟླ་༧་ཚེས་༢༠་ཉིན་ལ།“ཟིང་སློང་ལ་ངན་སྐུལ”ཞེས་པའི་ཉེས་མིང་གིས་ཨང་སན་སུ་ཅི་འཇམ་བཀག་བྱས། ཨང་སན་སུ་ཅིས་སྐབས་དེའི་འདེམས་བསྐོ་ཆེན་པོར་ཞུགས་མ་ཐུབ་ཀྱང་།ཁོང་མོས་མགོ་ཁྲིད་བྱས་པའི་རྒྱལ་ཡོངས་མང་གཙོའི་གནའ་འབྲེལ་ལ། སྤྱི་ལོ་༡༩༩༠་འདེམས་བསྐོ་ཆེན་པོའི་ཁྲོད་དུ་སྔར་བཞིན་མགོ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་རེད།རྒྱུན་ལྡན་གྱི་གནས་ཚུལ་འོག་ཁོང་མོ་འབར་མ་རྒྱལ་ཁབ་ཀྱི་སྲིད་བློན་དུ་འགྱུར་དགོས་མོད།འོན་ཀྱང་འབར་མའི་དམག་འཛིན་སྲིད་གཞུང་གིས་འདེམས་བསྐོ་ཆེན་པོའི་འབྲས་བུ་ལ་ཁས་མི་ལེན་པར། རྒྱལ་ཡོངས་མང་གཙོའི་གནའ་འབྲེལ་དེ་ཁྲིམས་འགལ་གྱི་རྩ་འཛུགས་ཡིན་པ་ཁྱབ་སྒྲོག་བྱས་ནས། ཨང་སན་སུ་ཅི་མུ་མཐུད་དུ་འཇམ་བཀག་བྱས།

སྤྱི་ལོ་༡༩༩༡་ལོར། ཨང་སན་སུ་ཅི་ལ་ནོར་འབེལ་ཞི་བདེ་བྱ་དགའ་ཐོབ་ཀྱང་།ཁོང་མོ་འཇམ་བཀག་བྱས་པའི་རྐྱེན་གྱིས་རང་ཉིད་དངོས་སུ་གཟེངས་རྟགས་ལེན་དུ་འགྲོ་མ་ཐུབ་པས།བུ་མངགས་ནས་ནོར་བེརུ་གཟེངས་རྟགས་ལེན་དུ་བཏང་བ་མ་ཟད། ནོར་འབེལ་ཞི་བདེ་བྱ་དགའི་ཨ་སྒོར་ས་ཡ་གཅིག་དང་འབུམ་གསུམ་བཀོལ་ནས།ཡིད་རྟོན་མངག་བཅོལ་དངུལ་རྩ་བཙུགས་ཏེ། འབར་མའི་མི་དམངས་ཀྱི་བདེ་ཐང་དང་སློབ་གསོའི་ལས་གཞིའི་ཐད་ལ་བཀོལ་སྤྱོད་བྱས་པ་རེད།

སྤྱི་ལོ་༡༩༩༥་ཟླ་༧་པར། འབར་མའི་དམག་འཛིན་སྲིད་གཞུང་གིས་ཨང་སན་སུ་ཅི་བཙོན་གྲོལ་བཏང་། ཡང་བསྐྱར་རང་དབང་ཐོབ་པའི་ཁོང་མོས་རྒྱལ་ཡོངས་མང་གཙོའི་གནའ་འབྲེལ་གྱི་མགོ་འཁྲིད་དེ།རྩ་ཁྲིམས་གཏན་འབེབས་དམིགས་འབེན་ཡིན་པའི་རྒྱལ་དམངས་ཚོགས་ཆེན་ཕྱིར་འཐེན་པའི་ཚབ་བྱས་པ་མ་ཟད།དེང་སྐབས་མྱུར་བར་བདམ་ཐོན་གྲོས་ཁང་གི་འཐུས་མིའི་གྲོས་ཚོགས་བསྡུ་དགོས་པའི་བླང་བྱ་བཏོན་པ་དང་།དམག་མིས་རྒྱལ་ཡོངས་མང་གཙོའི་གནའ་འབྲེལ་ལ་ཆ་རྐྱེན་མེད་པར་དབང་ཆ་སྤྲོད་དགོས་པའི་སྐུལ་མ་བཏང་།དེར་བརྟེན། སྤྱི་ལོ་༡༩༩༦་ལོར། ཨང་སན་སུ་ཅི་ལ་“སློབ་མའི་རྔམ་སྟོན་ལ་ངན་སྐུལ”ཞེས་པའི་སྐྱོན་བཙུགས་ནས་ཡང་བསྐྱར་འཇམ་བཀག་བྱས།སྤྱི་ལོ་༢༠༠༠་ཟླ་༩་བར། ཨང་སན་སུ་ཅིས་རན་གོན་དང་ཁ་བྲལ་ནས་མན་ད་ལེ(Mandalay)རུ་སོང་ནས་ཆབ་སྲིད་ཀྱི་བྱ་འགུལ་སྤེལ་སྐབས།ཡང་བསྐྱར་འཇམ་བཀག་བྱས། སྤྱི་ལོ་༢༠༠༢་ཟླ་༥་བར། འབར་མའི་དམག་འཛིན་སྲིད་གཞུང་གིས་ཨང་སན་སུ་ཅི་ཡང་བསྐྱར་ཐེངས་གཅིག་ལ་བཙོན་གྲོལ་བཏང་།

སྤྱི་ལོ་༢༠༠༣་ཟླ་༥་བར། ཨང་སན་སུ་ཅི་དང་ཁོང་མོར་རྒྱབ་སྐྱོར་མཁན་དང་འབར་མའི་དམག་འཛིན་སྲིད་གཞུང་གི་རྒྱབ་སྐྱོར་མཁན་བར་ས་གིན་ཞིང་ཆེན་དུ་དམར་འཛིང་ཐེངས་ཤིག་བྱུང་བས། ཨང་སན་སུ་ཅི་ཡང་འཇམ་བཀག་བྱས་ཏེ། མཐར་སྤྱི་ལོ་༢༠༡༠་ཟླ་༡༡་ཚེས་༡༣་ཉིན་ལ་བཙོན་གྲོལ་བཏང་།

སྤྱི་ལོ་༡༩༨༩་ལོར་ཐེངས་དང་པོར་འཇམ་བཀག་བྱས་པ་ནས།སྤྱི་ལོ་༢༠༡༠་ལོར་ཡང་བསྐྱར་རང་དབང་ཐོབ། ཡང་ནས་ཡང་དུ་འཛིན་བཟུང་དང་བཙོན་གྲོལ། འཇམ་བཀག་དང་ཡང་བསྐྱར་བཙོན་གྲོལ་གྱི་བརྒྱུད་རིམ་ཁྲོད།ཨང་སན་སུ་ཅི་ཆབ་སྲིད་དུ་ཞུགས་པའི་ལོ་ངོ་༢༡་གི་འཚོ་བའི་རྗེས་ཤུལ་གྲུབ་པ་དང་།འབར་མའི་ཆབ་སྲིད་གནས་བབས་ཀྱི་འཕོ་འགྱུར་རི་མོ་ཆ་ཚང་ཞིག་རགས་བྲིས་ཀྱང་བྱས། དུས་སྐབས་དེར།མཛེས་ཤིང་བློ་སེམས་བརྟན་པའི་ཨང་སན་སུ་ཅི་སྟེ་ “འབར་མའི་མེ་ཏོག”ནམ་ཡང་མངོན་པར་བཞད་པ་རེད།

དུས་ཚོད་སྟོང་ཟད་དང་གནས་ཚུལ་འགྱུར་བའི་སྐབས་སུ།འབར་མའི་རྒྱལ་ནང་གི་སྲིད་འགྱུར་ཡང་དུས་སྐབས་ཀྱི་མདུན་སྐྱོད་དང་བསྟུན་ནས་འཕོ་འགྱུར་ཆེན་པོ་བྱུང་།སྤྱི་ལོ་༢༠༡༠་ལོའི་བར་བསྟུན་མར་ཚོགས་པ་མང་པོའི་གནས་བབས་གྲུབ་རྗེས། སྤྱི་ལོ་༢༠༡༡་ཟླ་༡༡་པར།འབར་མས་ཡང་འདེམས་བསྐོའི་ཁྲིམས་བཟོ་བཅོས་བྱས་ཤིང་། ཁྲིམས་ཐག་བཅད་པའི་མི་སྲིད་དུ་ཞུགས་མི་ཆོག་པའི་“ཨང་སན་སུ་ཅི་དོན་ཚན”མེད་པར་བཟོས་ནས། སྔོན་མར་ཁྲིམས་འགལ་དུ་བརྩིས་པའི་རྒྱལ་ཡོངས་མང་གཙོའི་གནའ་འབྲེལ་ལ་ཡང་བསྐྱར་གསར་དུ་ཐོ་འགོད་བྱ་ཆོག་པའི་རྒྱལ་ཁ་ཐོབ།ལོ་དེའི་ཟླ་༡༡་ཚེས་༡༨་ཉིན་ལ། ཨང་སན་སུ་ཅིས་གྲོས་ཚོགས་ཀྱི་གསབ་གདམ་པའི་མིང་འགོད་རེའུ་མིག་དངོས་སུ་སྤྲད།འདི་ནི་ལོ༦༧་ལོན་པའི་ཨང་སན་སུ་ཅིས་ཐོག་མར་གཞུང་ལས་བདམ་ཐོན་འགྲན་སྡུར་དུ་ཞུགས་པ་རེད།ཁོང་མོའི་གཞུང་ལས་ཁང་གི་ཕྱི་རོལ་ཏུ། མི་མང་བརྒྱ་སྟོང་མང་པོས་དར་ཆ་གཡུག་ཅིང་། ཁོང་མོར་རྒྱབ་སྐྱོར་གྱི་འབོད་ཚིག་སྒྲོགམཐར་སྤྱི་ལོ་༢༠༡༢་ཟླ་༤་ཚེས་༡་ཉིན་ལ་འཚོགས་རྒྱུ་ཡིན་པའི་གྲོས་ཚོགས་ཀྱི་གསབ་གདམ་པའི་ཁྲོད་དུ།ཨང་སན་སུ་ཅི་མགོ་ཁྲིད་ཡིན་པའི་རྒྱལ་ཡོངས་མང་གཙོའི་གནའ་འབྲེལ་ལ་གྲོས་ཚོགས་གདན་ཐོ་༤༥་ལུས་པའི་ཁྲོད་ཀྱི་རིམ་པ་སོ་སོའི་གྲོས་ཚོགས་གདན་ཐོ་༤༣་ཐོབ་ཅིང་།ཁོང་མོ་རང་ཉིད་ཡང་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱི་མི་དམངས་གྲོས་ཁང་གི་འཐུས་མི་རུ་བདམས།ལོ་དེའི་ཟླ་༧་ཚེས་༩་ཉིན་ལ། འབར་མའི་རྒྱལ་ཡོངས་མང་གཙོའི་གནའ་འབྲེལ་གྱི་མགོ་ཁྲིད་ཨང་སན་སུ་ཅིས་རྒྱལ་ཕྲན་མཉམ་འབྲེལ་གྱི་མི་དམངས་གྲོས་ཁང་(གྲོས་ཚོགས་འོག་མའི་ཁང་གི་གྲོས་ཚོགས་ཚང་མ་)དུ་ཐོན་པ་དང་།ཐོག་མར་གྲོས་ཚོགས་འཐུས་མིའི་ཐོབ་ཐང་གིས་གྲོས་ཚོགས་ཀྱི་གྲོས་ཞིབ་ཏུ་ཞུགས། འདི་ནི་ཡང་མི་ཚེའི་བརྒྱུད་ལམ་ལ་ཀྱོག་མཚམས་ཆེ་བའི་བུད་མེད་ཆབ་སྲིད་པ་འདི་ལ་ཡང་བསྐྱར་རྒྱལ་ཁ་ལོན་པའི་རྟགས་མཚན་ཞིག་མ་ཡིན་ནམ།

དབྱིན་ཇུའི་ཨོ་ཁད་སི་ཧྥོར་དྷེ་སློབ་ཆེན་དུ་འབུམ་རམས་པའི་བསླབ་གནས་ཐོབ་པ།

སྤྱི་ལོ་༢༠༡༣་ལོར། ཨང་སན་སུ་ཅི་འབར་མའི་སྲིད་འཛིན་དུ་གདམ་རྒྱུ་ཁྱབ་སྒྲོག་བྱས།འོན་ཀྱང་། དབྱེ་ཞིབ་མི་སྣས་བསྟན་དོན། དམག་འཛིན་སྲིད་གཞུང་གིས་སྔོན་མ་སྤྱི་ལོ་༢༠༠༨་ལོར།ཁོང་མོར་“ལུས་དང་འཚམ་པའི་ལྭ་བཟོས་”པའི་རྩ་ཁྲིམས་ཀྱི་དོན་ཚན་ང་དགུ་བར་འབར་མའི་གནའ་འབྲེལ་སྲིད་འཛིན་གྱིས་ངེས་པར་དུ་ཆབ་སྲིད་རིག་པ་དང་།དོ་དམ་རིག་པ། དཔལ་འབྱོར་རིག་པ། དམག་དོན་རིག་པ་སོགས་བྱང་ཆུབ་དགོས་པ་དང་། སྲིད་འཛིན་རང་ཉིད་དང་།ཕ་མ། བཟའ་ཟླ། བུ་ཕྲུག་སོགས་ཕྱི་རྒྱལ་གྱི་ཁྲག་རྒྱུད་དམ་ཕྱི་ཁོངས་ཡིན་མི་ཉན་པ་གཏན་འབེབས་བྱས།སྔོན་མ་ལྟར་ན། ཨང་སན་སུ་ཅི་དམག་ལ་ཞུགས་པའི་བརྒྱུད་རིམ་མེད་པ་དང་།རྗེས་མ་ལྟར་ན། ཨང་སན་སུ་ཅི་འདས་སོང་བའི་ཁྱོ་ག་དབྱིན་ཇུ་བ་ཡིན་པ་དང་།བྱིས་པ་གཉིས་ཀྱང་དབྱིན་ཇུའི་སྤྱི་དམངས་ཡིན། དོན་ཚན་འདི་གལ་སྲིད་བཟོ་བཅོས་མ་བྱས་ན། ཨང་སན་སུ་ཅི་སྲིད་འཛིན་གདམ་སྐོང་དུ་ཞུགས་མི་ཆོགཀྲུང་གོའི་གསར་འགྱུར་དྲ་བར་བསྒྲགས་པ་ལྟར་ན། དམག་ཕྱོགས་ནས་ངོ་རྒོལ་བྱས་རྐྱེན། འབར་མའི་གནའ་འབྲེལ་གྲོས་ཚོགས་དེར་སྤྱི་ལོ་༢༠༡༥་ཟླ་༦་ཚེས་༢༥་ཉིན་ལ།འབྲེལ་ཡོད་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་གདམ་པའི་ཆོག་མཆན་གྱི་རྩ་ཁྲིམས་བཟོ་བཅོས་ཀྱི་འཆར་ཟིན་ལ་ཆོག་མཆན་མ་ཐོབ།འདི་ལས་ཨང་སན་སུ་ཅིར་སྔོན་རྩིས་བྱས་ན། སྤྱི་ལོ་༢༠༡༥་ཟླ་༡༡་པར་སྤེལ་རྒྱུའི་སྲིད་འཛིན་གདམ་སྐོང་ཆེན་པོ་རུ་ཞུགས་རྒྱུའི་ལས་སྐལ་མེད་པ་ཤེས།

 

      ཁོང་མོས་ཀྲུང་འབར་འབྲེལ་བར་མཐོང་ཆེན་དང་དོན་དངོས་གཉེར་བའི་རྣམ་འགྱུར་གྱིས་ཐོག་མར་ཀྲུང་གོར་ལ་འཚམས་འདྲིར་བྱས།

 

དེང་གི་འབར་མའི་ཆབ་སྲིད་ཁྲོད་ཤུགས་རྐྱེན་ཆེན་པོ་ཐེབས་པའི་མགོ་ཁྲིད་གཙོ་བོ་སྟེ་ཨང་སན་སུ་ཅིས་ཀྲུང་གོར་བཟུང་བའི་རྣམ་འགྱུར་དེ་ཀུན་གྱིས་དོ་ཁུར་བྱེད་སར་གྱུར།

དོན་དངོས་སུ། བྱིས་དུས་ཀྱི་ཨང་སན་སུ་ཅིས་ཀྲུང་འབར་བར་གྱི་ཕྱི་འབྲེལ་བྱ་འགུལ་དུ་ཞུགས་ཡོད་དེ།སྔོན་མ་དུས་རབས་༢༠་ལོ་རབས་༥༠་སྐབས་སུ། ཀྲུང་འབར་འབྲེལ་བའི་མཛའ་བརྩེ་ཟབ་ཅིང་སྤྲོ་སེམས་འཁོལ་བའི་སྐབས།ཨང་སན་སུ་ཅིའི་ཨ་མ་“རྒྱབ་ཁབ་ཡུམ་ཆེན་”ནམ་རྒྱུན་ཕྱི་འབྲེལ་བྱ་འགུལ་དུ་ཞུགས་སྐབས།ལོ་ན་ཆུང་བའི་ཨང་སན་སུ་ཅི་ཨ་མ་དང་མཉམ་དུ་ཀྲུང་གོར་ཡོད་པའི་འབར་མའི་གཞུང་ཚབ་ཁང་དུ་ཡོང་ནས་མགྲོན་པོ་བྱས་ཤིང་།ཀྲུང་འབར་མཛའ་བརྩེ་འབྲེལ་བའི་བྱ་འགུལ་དུ་ཞུགས། ཁོང་མོས་སྒེར་གྱི་གྲོགས་པོ་བརྒྱུད་ནས་ལོ་ན་ཆུང་བའི་རང་ཉིད་ལ་མཛེས་ཤིང་ཡིད་དུ་འོང་བའི་ཀྲུང་གོའི་གོས་ཆེན་གྱིས་བཟོས་པའི་བྱིས་པའི་མོ་ཕྱུ་ཆ་ཚང་ཞིག་ཐོབ།འདི་ནི་ཁོང་མོ་ཀྲུང་གོར་ཡོང་བའི་ཆེས་ཐོག་མའི་ཕྱིར་དྲན་ཡག་པོ་ཞིག་ཡིན།

སྤྱི་ལོ་༡༩༨༨་ཟླ་༡༢་ཚེས་༢༧་ཉིན། ཨང་སན་སུ་ཅིའི་ཨ་མ་རན་གོན་དུ་ནད་བྱུང་ནས་འདས།སྐབས་དེའི་ཀྲུང་གོར་སྡོད་པའི་འབར་མའི་བློན་ཆེན་གྱིས་ཏིང་ཡིང་ཁྲའོ་(邓颖超)ཡིས་ཚབ་བྱས་ཏེ། ཨང་སན་སུ་ཅིའི་ཁྱིམ་དུ་སོང་ནས་མྱ་ངན་ཞུས་པ་མ་ཟད། ཨ་ཅེ་ཏིང་གི་མྱ་ངན་ཞུ་བ་དང་འཚམས་འདྲི་བྱས་པའི་བརྩེ་སེམས་མཚོན་པར་བྱས།དེ་རྗེས་ཀྱི་ལོ་ཟླའི་ནང་ལ། ཨང་སན་སུ་ཅི་དུས་ཚོད་ཕལ་མོ་ཆེར་འཇམ་བཀག་ཁྲོད་དུ་ལུས་པ་མ་ཟད།ཁོང་མོ་རྒྱལ་ཁབ་ཀྱི་གཞུང་འགན་འཁུར་མེད་པའི་་དམངས་ཁྲོད་མི་སྣ་ཡིན་པས། རྒྱལ་ཁབ་བར་གྱི་བྱ་འགུལ་དུ་ཞུགས་མི་ཐུབ།དེ་བས་ཀྲུང་གོར་བཟུང་བའི་རྣམ་འགྱུར་གྱི་དོ་ཁུར་ཚད་ཀྱང་རང་བཞིན་གྱིས་མཐོན་པོ་མེད། འོན་ཀྱང་ཉེ་བའི་ལོ་འདི་དག་གི་ནང་ལ།ཨང་སན་སུ་ཅིས་ཅུང་བྱང་ཆུབ་ཀྱང་དོན་དངོས་གཉེར་བའི་ཆབ་སྲིད་མགོ་ཁྲིད་པའི་ཐོབ་ཐང་ནས།ཡང་བསྐྱར་འབར་མའི་ཆབ་སྲིད་གར་སྟེགས་ཀྱི་ལྟེ་བར་ཐོན་པས། ཁོང་མོས་ཀྲུང་གོར་ལ་བཟུང་བའི་གཏམ་བརྗོད་དང་སྤྱོད་ལམ་ལ་འབྲེལ་ཡོད་ཕྱོགས་སོ་སོ་ནས་ངེས་པར་དུ་དོ་ཁུར་ཟབ་མོ་བྱེད་ས་རུ་གྱུར།


སྤྱི་ལོ་༢༠༡༥་ཟླ་༦པར་ཀྲུང་གོ་ལ་འཚམས་འདྲིར་ཡོང་ནས་བློ་མཐུན་ཞི་ཅིང་ཕིང་དང་མཇལ་འཕྲད་གནངས་པ།


གནས་ཚུལ་སྤེལ་པ་ལྟར་ན། ཨང་སན་སུ་ཅི་གནས་ཡུལ་མི་འདྲ་བ་ནས་ཐེངས་མང་པོར་ཀྲུང་འབར་འབྲེལ་བའི་ལངས་ཕྱོགས་ཁྲོམ་སྒྲོག་བྱས་ཤིང་།ཁོང་མོའི་ལྟ་བ་གཙོ་བོ་སྐད་ཆ་གཉིས་སུ་བསྡུ་ཆོག་སྟེ། ཀྲུང་གོ་ནི་འབར་མའི་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་ཡིན་པས།ངེས་པར་དུ་མཛའ་མཐུན་འབྲེལ་བ་ཡག་པོར་འགྲོ་དགོས་པ་དང་། འབར་མ་རང་བཙན་ཐོབ་པ་ནས་བཟུང་།ཀྲུང་འབར་རྒྱལ་ཁབ་གཉིས་ལ་སྲོལ་རྒྱུན་གྱི་མཛའ་མཐུན་འབྲེལ་བ་ཡོད་པ་མུ་མཐུད་དུ་རྒྱུན་འཁྱོངས་བྱ་དགོས།

ཉེ་སྔོན། ཨང་སན་སུ་ཅིའི་ཀྲུང་གོར་འཚམས་འདྲི་འོང་བའི་འགྲུལ་བཞུད་ལེགས་པར་གྲུབ་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་ཕྱི་འབྲེལ་སྡེ་ཁག་གིས་གདན་ཞུས་ལྟར་གཙོ་འཛིན་ཨང་སན་སུ་ཅིས་མགོ་འཁྲིད་པའི་འབར་མའི་ཆེས་ཆེ་བའི་སྲིད་དབང་བཟུང་མེད་པའི་ཚོགས་པ་སྟེ།རྒྱལ་ཡོངས་མང་གཙོའི་གནའ་འབྲེལ་གྱི་འཐུས་ཚབ་ཚོགས་པས་སྤྱི་ལོ་༢༠༡༥་ཟླ་༦་ཚེས་༡༠་ནས་༡༤་བར་ཀྲུང་གོར་ཐོག་མར་འཚམས་འདྲི་བྱས་པ་རེད།ཀྲུང་གོ་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་༦་ཚེས་༡༡་ཉིན་ལ།མི་དམངས་ཚོགས་ཁང་ཆེན་མོ་རུ་ཨང་སན་སུ་ཅི་འཁོར་དང་བཅས་པར་མཇལ་འཕྲད་གནངས། འབར་མའི་ངོ་རྒོལ་ཚོགས་པའི་མགོ་ཁྲིད་གཙོ་བོ་ཨང་སན་སུ་ཅིར། ཀུན་གྱིས་ནུབ་གླིང་གི་ལངས་ཕྱོགས་འཛིན་པར་འདོད་ཀྱང་།ཁོང་མོ་ཐེངས་འདིར་ཀྲུང་འབར་མཛའ་མཐུན་འབྲེལ་བ་སྐྱོ་བོར་གྱུར་པའི་སྐབས་སུ་ཀྲུང་གོར་འཚམས་འདྲི་འོང་བས།ཕྱི་རྒྱལ་བས་དོ་ཁུར་བྱེད་སར་གྱུར། ནུབ་གླིང་གི་སྨྱན་སྦྱོར་ལས། ཨང་སན་སུ་ཅི་ཐེངས་འདིར་ཕེབས་དོན་གཙོ་བོ་ནི་སྤྱི་ལོ་༢༠༡༥་ཟླ་༡༡པར་སྤེལ་རྒྱུའི་འབར་མའི་སྲིད་འཛིན་གདམ་སྐོང་ལ་དམིགས་པའི་དོན་དངོས་ཤིག་འདེམས་པ་དང།ཨང་སན་སུ་ཅིས་རང་ལ་འབར་མའི་ཁྱིམ་མཚེས་རྒྱལ་ཁབ་ཆེས་གཙོ་བོ་དང་འབྲེལ་བ་འཛུགས་པའི་ནུས་པ་ཡོད་པ་བདེན་དཔང་བྱེད་བསམ་པ་དང་།དུས་མཉམ་དུ་ཐེངས་འདིར་ཀྲུང་གོར་འཚམས་འདྲི་བྱས་པ་བརྒྱུད་ནས། ཕྱི་ནང་གཉིས་ལ་ཀྲུང་གོ་དང་འབྲེལ་བ་ཇེ་ལེགས་སུ་ཕྱིན་པ་བསྟན་པར་མ་ཟད།ཀྲུང་གོའི་ཕྱོགས་ནས་འབར་མའི་སྲིད་དོན་ལ་འགྱུར་བ་འགྲོ་སྲིད་པར་གྲ་སྒྲིག་བྱ་དགོས་པར་འདོད་པ་རེད།


       “འབར་མའི་མེ་ཏོག”སྔར་བཞིན་བཞད་ལ་ཁོང་མོ་མ་འོང་འབར་མའི་སྲིད་དོན་ཁྲོད་ཀྱི་མི་སྣ་གལ་ཆེན་དུ་འགྱུར་རྒྱུ་རེད།

 

རྒྱལ་སྤྱིའི་ལྟ་ཞིབ་པའི་དཔྱད་འཇོག་འདི་འདྲ་ཡོད་དེ།མི་རྣམས་ཀྱི་རང་སྣང་གང་འདྲ་ཡིན་རུང་། ད་ལྟའི་ཨང་སན་སུ་ཅི་ནི་འཛམ་གླིང་ན་སྐད་གྲགས་ཆེ་བའི་ཆབ་སྲིད་པར་གྱུར་ཡོད།ཁོང་མོས་ཕུགས་འདུན་བསྐྱུར་ནས་རང་དབང་གདམ་ཆོག འོན་ཀྱང་ཁོང་མོས་ཕུགས་འདུན་རྒྱུན་འཁྱོངས་བྱ་རྒྱུ་བདམས་པ་དང་།ཁོང་མོས་འཐབ་རྩོད་བསྐྱུར་ཏེ་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སུ་ལོག་ནས། ལོངས་སྤྱོད་ལྷ་དང་མཉམ་པའི་འཚོ་བ་ལ་རོལ་ཆོགའོན་ཀྱང་ཁོང་མོས་འཚོ་བ་བློས་གཏང་རྒྱུ་བདམས། ཆབ་སྲིད་དུ་ཞུགས་པ་ནས་བཟུང་། ཨང་སན་སུ་ཅིས་ལུས་ངག་ཡིད་གསུམ་འབར་མའི་མང་གཙོའི་ཆབ་སྲིད་ལས་འགུལ་དུ་ཕུལ་ཞིང་།བདེན་དོན་ལ་ཕྱིར་བཤོལ་མི་བྱེད་པའི་བློས་བཏང་གི་འཐབ་རྩོད་བྱས་པར་བརྟེན། ཁོང་མོར་མི་རྣམས་ཀྱི་མཐོང་ཆེན་དང་གོང་བཀུར་ཐོབ།

ཁྱད་པར་དུ་དཔེ་མི་སྲིད་པ་ཞིག་ལ། ལོ་༦༠་བརྒལ་བའི་ཨང་སན་སུ་ཅིས་ད་དུང་རྒྱུན་ཆད་མེད་པར་རང་ཉིད་བཅོས་བསྒྱུར་ལ་འབད་བརྩོན་ལྷོད་མེད་བྱེད་བཞིན་འདུགདབྱེ་ཞིབ་མི་སྣས་ཁོང་མོའི་འགྱུར་ལྡོག་བཞི་ཕྱོགས་སྡོམ་བྱས་ཡོད་དེ། མྱུར་སྐྱོད་སྐུལ་འདེད་བྱས་པ་དེ་འབར་མའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་གྱིས།འབར་མའི་མང་གཙོའི་འཕེལ་རིམ་ལ་མུ་མཐུད་དུ་སྐུལ་འདེད་བྱེད་པར་གྱུར་པ་དང་། དམག་དཔུང་ལ་བཙན་གྱིས་ཆབ་སྲིད་ཀྱི་གར་སྟེགས་ལས་མྱུར་ཏུ་བབས་སུ་བཅུག་པ་དེ་དམག་དཔུང་ཞུགས་ནས།མང་གཙོའི་འཕེལ་རིམ་སྐུད་འདེད་ལ་བརྩོན་ལེན་བྱེད་པར་གྱུར་པ་དང་། ནུབ་གླིང་གི་འབྲེལ་བ་གལ་ཆེན་འཛིན་པ་དེ་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་མཐུན་འབྲེལ་བར་མཐོང་ཆེན་བྱེད་པའི་ཕྱོགས་ཡོངས་ཀྱི་ཕྱི་འབྲེལ་དུ་གྱུར་པ་དང་།འདོད་དོན་མྱུར་འགྲུབ་ཀྱི་ཕུགས་བསམ་རིང་ལུགས་པ་དེ་དོན་དངོས་གཉེར་ཞིང་སྐབས་བསྟུན་གྱི་དངོས་ཡོད་རིང་ལུགས་པར་གྱུར།མི་ཁ་ཤས་ཀྱིས་ཁོང་མོའི་འགྱུར་ལྡོག་ལ་དགག་པ་བརྒྱབ་ཀྱང་། དེ་ལས་ཀྱང་མང་བའི་མིས་ཁོང་མོའི་འགྱུར་ལྡོག་ལ་ཁས་ལེན་བྱས།རྒྱུ་མཚན་ནི་མང་གཙོ་ཅན་གྱི་འཕེལ་རིམ་སྐུལ་འདེད་ལ་ཕུགས་བསམ་དང་རྩ་དོན་དགོས་པ་མ་ཟད། དེ་ལས་ཀྱང་དངོས་ཡོད་དང་འཚམ་པའི་སྲིད་ཇུས་དགོས་པ་རེད།མང་གཙོའི་ངོ་བོ་ནི་ཕན་ཚུན་ལ་འགྲིག་ཐབས་དང་བར་འདུམ་ཡིན་པ་ལས། ཚོགས་པ་ཞིག་གིས་ཚོགས་པ་གཞན་ཞིག་ལ་སྲིད་དབང་སྒེར་འཛིན་བྱ་རྒྱུ་དེ་མིན་ལ།མང་གཙོའི་ཐོག་ཁང་ཆེན་མོ་ཡང་ཞག་གཅིག་ལ་འགྲུབ་ཆོག་པ་ཞིག་ག་ལ་ཡིན།

དེང་གི་ཨང་སན་སུ་ཅི་ནི་འབར་མའི་ནང་སྲིད་དང་། འབར་མ་དང་ནུབ་གླིང་འབྲེལ་བའི་གནད་འགག་གི་རྒྱུ་རུ་གྱུར་ཡོད་ལ།འབར་མའི་མ་འོང་བའི་ཆབ་སྲིད་འཕེལ་རྒྱས་དེ་ཁོང་མོ་ལ་ཁ་འབྲལ་ཐབས་མེད། དབྱེ་ཞིབ་མི་སྣས་བསྟན་པ་ལྟར།མྱུར་བར་མ་ལག་ཅན་དང་ཚན་རིག་ཅན། བྱང་ཆུབ་པའི་རྒྱལ་སྐྱོང་ཐབས་ཇུས་ཤིག་ཁྱབ་སྒྲོག་བྱ་རྒྱུ་ནི་ཨང་སན་སུ་ཅི་དང་། རྒྱལ་ཡོངས་མང་གཙོའི་གནའ་འབྲེལ་གྱིས་ངེས་པར་དུ་མྱུར་བར་འགྲུབ་དགོས་པའི་འགན་ཁུར་གལ་ཆེན་ཞིག་རེད།མི་མང་གི་འཚོ་བ་ཇེ་ལེགས་སུ་གཏང་བ་དང་། རྒྱལ་ནང་གི་མི་རིགས་ཞི་མཐུན་ཡར་སྐུལ་ལ་བྱས་རྗེས་འཇོག་མིན་དེ།ཨང་སན་སུ་ཅི་རང་ཉིད་ཀྱི་འབར་མའི་ལོ་རྒྱུས་སྟེང་གི་གོ་གནས་ཀྱིས་ཐག་གཅོད་རྒྱུ་རེད།

བོད་འབར་སྐད་སྡེ།

བཟང་བཙོན་དུ་ཚུད་དུས་འཇིགས་པ་ལས་ཐར་བའི་རང་དབང་གླེང་བ།

རྩོམ་ཡིག་འདིའི་ཡོང་ཁུངས།

文章来源:大陆《名人传记》2015年上半月第8版26页

编者按:无奈蛋蛋君藏文水平太差,花钱找人翻译的,朋友差不多免费给翻译了,很感谢,但不能趟趟要求别人免费付出,所有有打赏的朋友就非常感谢了。翻译不易,且行且珍惜。本来想双语一起翻译,但怕又碰着啥敏词,就算了。

     

梵高先生的粉红桃树(钢琴曲)潘佳杰 - 印象梵高(钢琴曲)

如果读者有幸读完转世度母的传记,也请点下这歌,平静下自己的情绪,洗洗睡了。


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所|技术支持:BODYIG.NET

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.4GMT+8, 2020-12-5 05:18 , Processed in 0.024203 second(s), 16 queries .

返回顶部