日志

བོད་ཀྱི་ཉིན་གཅིག

热度 2已有 2085 次阅读2012-10-6 19:54 |系统分类:见闻

                                                                

     ནམ།    ད་དུང་ཡང་ལངས་མེད།  ཤར་ཕྱོགས་ཀྱི་རི་རྩེ་ནས།    སྐར་ཚོགས་ལྷང་ངེར་འཕྲོ།།    འདི་གར་ནི་གཙང་ཁུལ་གྱི་ཞིང་པའི་དུད་ཁྱིམ་ཡིན།   ཨ་མ་བ་རྭར་ཕྱུགས་འཇོ་ཞིང་།   ཨ་ཕ་ཐབ་ཚང་ན་ཐབ་ལས་བགྱིས།   ལོ་ཆུང་བའི་ཕྲུ་གུ་དེ་ད་དུང་ཡང་གཉིད་སྐྱིད་པོ་ཞིག་ལོངས་སྤྱོད་བཞིན་འདུག  ཡུད་ཙམ་ལས།   ཨ་ཕས་འདྲུད་འཐེན་འཁོར་ལོ་གློག་བསླངས་བཞིན།   བུ་ལ་བག་ལེབ་བཟོ་བཞིན་པའི་ཨ་མ་བསྒུག་གིན་འདུག   དེ་རིང་ནི་སྟོན་ལས་ཀྱི་ཉིན་གསུམ་པ་ཡིན་པས།   ཁོ་གཉིས་སླར་ཡང་སྔ་པོར་ཞིང་ཐང་བརྔ་བར་འཆས།   གློག་བསད་སོང་།     ཕྲུ་གུ་སྔར་བཞིན་རྨི་ལམ་གྱི་ཞིང་ལ་མྱུལ།   ནམ་ལངས་རྗེས་ཕྲུ་གུ་གཉིད་ལས་བསད།  འོན་ཏེ།  ཁོས་ཕ་མ་གཉིས་པོས་ཞོགས་སྔ་པོར་ལངས་ནས།  ནས་ཞིང་རྒྱ་ཆེན་པོ་ཞིག་བརྔས་ཟིན་པ་ཅི་ལ་ཤེས།

      ཁོ་བོས་ཕ་མ་གཉིས་ནས་བུ་ཕྲུག་གི་ཆེད་དུ་ངས་མི་རྟོགས་པའི་དཀའ་ངལ་གང་ཙམ་བརྒྱབ་པ་མི་ཤེས།   འོན་ཏེ།  ངས་ཁོང་ཚོའི་དཔྲལ་པའི་རྒད་གཉེར་ཇེ་མང་དུ་འགྲོ་བཞིན་པ་མཐོང་ལ།  བུ་ཕྲུག་གི་ཆེད་དུ་རྒད་འགྲོ་བཞིན་པ་ཡང་རྟོགས།།

 

        ལམ་སྒྲོན་ད་དུང་ཡང་བསད་མེད།   ནུབ་ཕྱོགས་ཀྱི་རི་རྩེ་ལས་བག་ལེབ་དབྱིབས་དང་འདྲ་བའི་ཟླ་བ་ཞིག་གསལ་བཞིན་འདུག   འདི་གར་ནི་ལྷ་སའི་ཨང་ཀི་བཅོ་བརྒྱད་ཀྱི་སྤྱི་སྤྱོད་རླངས་འཁོར་རེད།    རླངས་འཁོར་ནང་།   མ་ཎི་ལག་འཁོར་བསྐོར་བཞིན་པའི་རྨོ་བོ་ལགས་དང་།   ཕྲེང་བ་བགྲངས་བཞིན་པའི་སྤོ་བོ་ལགས།  ད་དུང་སྐྱབས་འགྲོ་འདོན་བཞིན་པའི་ན་གཞོན་པ་འགའ་རེ་ཡང་ཡོད།  རླངས་འཁོར་ཧྲིལ་པོ་ཆོས་སྒྲ་སྙན་མོ་ཞིག་གི་འགྲོས་དང་བསྟུན་བཞིན།   རང་ཉིད་ལྷ་ཁང་ཞིག་ནང་སླེབས་པ་ལྟ་བུའི་སྣང་བ་སྟེར།  དེ་རིང་ནི་བོད་ཚེས་བཅོ་ལྔ་ཡིན་པས།  རླངས་འཁོར་གྱི་སྒེའུ་ཁུང་ལས།  ཕྱི་རོལ་དུ་གླིང་སྐོར་ལ་འགྲོ་བཞིན་པའི་སྐྱེ་བོ་ཆེས་མང་བ་མཐོང་།  ཀླུ་སྒུག་འབབ་ཚུགས་སུ་སླེབས་སྐབས།  མི་རྣམས་རླངས་འཁོར་ལས་བབས་ནས།   དད་སེམས་དྭངས་མ་ཞིག་གིས་ཇོ་བོ་མཇལ་བར་བསྐྱོད།།

     དེ་ལྟ་བུའི་དད་སེམས་དག་གིས་ཁོ་ཚོར་ཅི་ཞིག་འཐོབ་སྲིད་པ་ངས་མི་ཤེས།  འོན་ཏེ།   ཁོ་བོས་ཤེས་གསལ་ལ་འཇིག་རྟེན་འདིར་བྱ་དངོས་མང་པོ་ཞིག  འཐོབ་ཤོར་གྱི་ཉག་ཕྲན་དེ་གཅིག་པུས་ཚོད་བགམ་བྱེད་ཐུབ་པ་ཅི་ལ་ཡིན་ལ།   དེ་བས་ཀྱང་ཁེ་ཕན་གྱི་ལྟ་བ་ཙམ་གྱིས་དཔྱད་པ་ཞིག་ཅི་ལ་བྱེད་ཐུབ།།

 

                                                    

     ཉི་མ་ཤར་ནས་ཡུད་ཙམ་ལས་སོང་མེད།   མ་གཞི་སྟོན་ཁ་ཤར་ཙམ་ཡིན་ཡང་།  ཤེལ་ཁྲའི་སྟེང་བད་ཀྱིས་ཁེངས།  འདི་གར་ནི་མངའ་རིས་ཀྱི་གྲོང་ཚོར་བཅའ་སྡོད་གཞུང་ལས་ཁང་ཞིག་རེད།   ཁོ་རང་སྔ་པོ་ཞིག་ནས་ལངས་ཏེ།   དེ་རིང་གྱི་ཕྱུག་འགྱུར་ལ་ཁ་ཕྱོགས་པ་ཞེས་པའི་དྲིལ་བསྒྲགས་ཚོགས་འདུའི་ཆེད་དུ་བྲེལ།  ལོ་གཅིག་ཙམ་གྲོང་ཚོར་བཅའ་སྡོད་རིང་།  ཁོས་ཐོག་མར་གྲོང་མི་མི་ཉུང་བ་ཞིག་ལ་མ་དངུལ་རོགས་སྐྱོར་བྱས།   འོན་ཏེ།   འབད་པ་མེད་ཀྱང་འཐོབ་པ་ཡོད་པའི་རོགས་སྐྱོར་འདི་དག   ལེ་ལོ་ཅན་གྱི་མི་རྣམས་ལོངས་སྤྱོད་བྱེད་པའི་མ་རྩ་ཞིག་ཏུ་གྱུར།   རོགས་དངུལ་འདི་ཚོས།  དབུལ་པོ་རྣམས་སྒྱིད་ལུག་ཅན་གྱི་དབུལ་པོར་བསྒྱུར་བ་ཙམ་ལས་ཕྱུག་བསྒྱུར་བྱེད་ཐུབ་པ་ཅིས་ཀྱང་ཉུང་།  དེར་བརྟེན།  རོགས་སྐྱོར་གྱི་དངུལ་དམར་དེ་འདྲ་སྦྱིན་པ་ལས།  རང་གི་ལག་ལ་བརྟེན་ནས་ཕྱུག་པོར་ཁ་ཕྱོགས་པའི་ཐབས་ཤེས་འདྲ་སྦྱིན་ན་ཅིས་མི་ལེགས།།

     སྡིང་ཆའི་སྟེང་།   དམངས་ལ་ལམ་སྟོན་བྱེད་བཞིན་པའི་ཁོ་རང་།  དེ་ལྟ་བུའི་ངང་རྒྱུད་རིང་ཞིང་གཤིས་ཀ་འཇམ།  དངོས་གནས་མདང་ནུབ་སྦི་རག་མཆོད་ཞིང་མ་ཅང་བསྐྱོན་མཁན་གྱི་ཁོ་རང་མི་གཉིས་ལྟ་བུར་སྣང་།   ཕལ་ཆེར་མི་ཞེས་པ་དེ་ངོས་ཉིས་མ་ཞིག་ཡིན་ཏེ།    རང་དབང་དང་སྣང་མེད་ཀྱིས་ལོངས་སྤྱོད་བྱེད་ཐུབ་ཅིང་།    ནན་ཏན་དང་བསྒམ་བརླིང་གྱིས་ལས་དོན་བསྒྲུབ་ཐུབ།།

       

       ཆུ་ཚོད་དགུ་པ།  ལས་རེས་མཇུག་བསྒྲིལ་ཙམ་རེད།   མ་གཞི་ཉི་འོད་ལྷང་ངེར་འཕྲོ་ཡང་།   གནས་འདིར་གྲང་ཟུག་ཆེ་བས།   ས་གཞི་འཁྱགས་པས་བསྡམས།   འདི་གར་ནི་ནག་ཆུའི་བརྟན་བརླིང་སྲུང་སྐྱོབ་ཀྱི་ལས་རེས་ཁང་ཞིག་རེད།   མཚན་གང་གི་ལས་རེས་ལས།  ཁོ་མོའི་གདོང་ནས་ཉོབ་མདངས་ཞིག་ལྷང་ངེར་མཐོང་།   ཁོ་མོ་ལས་ཀར་བཞུགས་ནས་ཟླ་བ་གཅིག་ཙམ་ལས་སོང་མེད།    གནས་འདིར།  གྲོང་ཁྱེར་ཆེན་པོ་ལྟ་བུའི་སྟབས་བདེ་དང་།  སློབ་གྲྭ་ཆེན་མོ་ལྟ་བུའི་རང་དབང་དེ་འདྲ་མེད་པས།  དང་ཐོག་མར་ཁོ་མོར་མི་མ་འདྲིས། བྱང་ཐང་སྐྱོ་པོ་ཞེས་པ་ལྟ་བུའི་སྐྱོ་སྣང་ཞིག་སྦྱིན།   འོན་ཏེ།  དལ་བ་དལ་བུར།  ཁོ་མོ་ཁུ་སིམ་གྱི་ཤང་གྲོང་དེར་འདྲིས་ཤིང་།   མི་གཅིག་གི་འཚོ་བ་ལ་ཡང་གོམས་བཞིན་འདུག  

      ད་བྱེད་དུས།    འཚོ་བའི་འཇོ་སྒེག་དེ་རང་ངོས་ཀྱི་དད་མོས་དང་དགའ་ཕྱོགས་ཙམ་ལས།   དངོས་པོ་དང་གོ་གནས་ལ་འབྲེལ་བ་ཞིག་མེད་པར་ངེས།།

 

                                                     

      སྔ་དྲོའི་ཚོགས་ཐེངས་བཞི་པ།   དེ་རིང་བོད་ཡིག་རྒན་ལགས་ཀྱིས་སྐྲའི་བཟོ་ལྟ་མི་འདྲ་བ་ཞིག་བཟོས་ཡོད་པས།  སློབ་ཁང་ནང་འཛུལ་མ་ཐག    ཚང་མ་འུར་ཟིང་དང་དགོད་སྒྲས་ཁེངས།   ཁོ་ཚོ་ནི་མཐོ་འབྲིང་ལོ་རིམ་གསུམ་པའི་འཛིན་གྲྭ་ལྔ་པ་ཡིན།    སློབ་ཁྲིད་ཐོག་ཁང་གི་ཕྱི་རོལ་ན་ཕུག་རོན་འགའ་ཟས་འཚོལ་བཞིན་འདུག   ཐོག་ཁང་ནང་ངོས་ལས་རྒན་ཝང་ལགས་ནས་དབྱིན་ཡིག་ཚིག་གསར་ཀློག་པའི་སྒྲ་དང་།    སྐད་ཤུགས་ཆེ་བའི་རྒན་བཀྲ་ཤིས་ལགས་ནས་ཉིའུ་ཏུན་ངེས་སྲོལ་གཉིས་པ་འཁྲིད་བཞིན་པའི་སྒྲ་ཡང་ཐོས།   སློབ་ཁང་སྒོ་འགྲམ་དུ་སྤྱོད་པ་རྩུབ་པའི་སློབ་མ་ཆད་པ་ཕོག་ནས་ལངས་འདུག  ལུས་རྩལ་ཐང་ན་འཛིན་གྲྭ་བརྒྱད་པའི་སློབ་མ་རྣམས་རྩལ་སྦྱོང་བྱེད་བཞིན་པ་མཐོང་།

      མཐོ་འབྲིང་།  ལྟ་ན་སྡུག་པའི་ལོ་ཟླ་ཞིག   སྐྱེ་བོ་མང་པོ་དང་ལྷན་དུ་།   འབད་པ་བྱེད་བཞིན།    དཀའ་ངལ་དཔྱད་ཀྱིན།    དངོས་གནས།   ཕུགས་འདུན་ཡོད་ན་དཀའ་སྤྱད་དེ་ལོངས་སྤྱོད་ལས་བདེ་ཞིང་སྐྱིད།།

 

     ཉིན་དགུང་།   འདུ་འཛོམས་གི་དུས།   དེ་རིང་བཀྲ་ཤིས་ཀྱིས་སྐྲ་སེར་པོར་བཟོས་ཤིང་།   སྒོ་འཛུལ་མ་ཐག་སློབ་གྲོགས་ཡོངས་ལ་ངོམས་སོ་དང་རྫིག་ཉམས་ཤིག་སྟོན།   ཁོ་ཚོ་ནི་སློབ་ཆེན་ལོ་རིམ་དང་པོའི་སློབ་མ་རེད།   དེ་རིང་འདི་གར་མཐོ་འབྲིང་སློབ་གྲོགས་གི་འདུ་འཛོམས་ཤིག་ཡོད་སྐད།   དེ་ཡང་འདུ་འཛོམས་གོང་།   བུ་མོ་ཚོས་མཛེས་བཟོ་བྱེད་པར་ཆུ་ཚོད་འགའ་ཤིག་བེད་སྤྱོད་བྱས་ཤིང་།   བུ་ཚོས་ཀྱང་སྐྲ་བཟོ་བ་དང་གྱོན་གོས་འཚམ་ལོས་བལྟས་པ་སོགས་སྟ་གོན་གྱི་ལས་ཀྱིས་ཆུ་ཚོད་འགའ་འདས།   དངོས་གནས་སློབ་གྲྭའི་གྱོན་གོས་དེ་ཕུད་ན།   མི་ཚང་མ་རྫིག་ཉམས་དང་སྟེར་བཟོ་དོད་པ་ཞིག་འདུག      སྔོན་ལ་པའེ་ཝུའེ་སྦི་རག་དང་།   དེ་ནས་ལྷ་ས་ལྕགས་ཀྲིན།    སྔོན་ལ་གཏམ་འཆལ་དང་དེ་ནས་རོལ་རྩེད།    ཆང་ཕོར་དང་ཆང་ཕོར་ཐུག་ཤིང་།   ཆང་གླུ་དང་མཛའ་གླུས་ཁེངས།   འདུ་འཛོམས་གྲོལ་རྗེས་ཁོ་ཚོ་ཁྱ་ཁྱོར་ངང་ལོག་ཤིང་།    རྗེས་སུ་སླར་ཡང་འཛོམས་རྒྱུའི་ཐག་ཞིག་ཀྱང་གཅད།།

     སློབ་ཆེན།   རང་དབང་གི་ལོ་ཟླ་ཞིག   མི་འགའ་རེ་རྒྱུན་དུ་སྣང་མེད་ངང་།   ཆང་འཐུང་དང་རྩེད་འཇོར་རོལ་བཞིན་འདས།    འོན་ཏེ།    ཕ་མའི་སེམས་ནང་གི་སྤོབས་པ་དང་།   གཉེན་ཉེའི་མིག་ནང་གི་མིག་དཔེར་གྱུར་པའི་ཁོ་ཚོར།    ཆང་འཐུང་དང་རྩེད་འཇོའི་རྗེས་སུ།   གནོང་འགྱོད་ཇི་ལྟར་ཆེ་བ་སུ་ཞིག་གིས་རྟོགས།   དངོས་གནས།   དྭངས་གཙང་གི་སེམས་གཤིས་ཤིག་ཡོད་ན།    ལོངས་སྤྱོད་དེ་དཀའ་ངལ་ལས་སྐྱོ་ཞིང་སྡུག།

 

                                           ༼     

       ཕྱི་དྲོ།    སྒྲོན་མ་ཇ་ཁང་དུ་ཇ་འཐུང་མཁན་གྱི་མི་བར་མི་ཆད།   སྒྲོག་རྩེའི་སྟེང་གི་ཇ་མངར་མོ་དེ་ཞིམ་ཞིང་མངར།   ས་འདི་ནི་ཁོ་གཉིས་རྒྱུན་དུ་འཛོམས་སའི་གནས་ཤིག་ཡིན།   སློབ་ཆེན་སྐབས་ཀྱི་སྤུན་གྲོགས་དང་།   རྒྱུན་དུ་སྤོ་ལོ་རྒྱབ་སྐབས་ཀྱི་རོགས་པ་ཞིག   སློབ་ཐོན་རྗེས།   གཅིག་འདམ་གཞུང་དང་།   གཅིག་ལྷ་སར་གནས་ཀྱང་རྒྱུན་དུ་འབྲེལ་བ་ཟམ་མི་ཆད།   ཉིན་འདིར་ཁོ་གཉིས་ཇ་འཐུང་གྱིན།  ཕན་ཚུན་ཉེ་དུས་ཀྱི་གནས་ཚུལ་བརྗོད་བཞིན།   གང་མགྱོགས་ཕོ་ཧྲེང་ལས་གྲོལ་རྒྱུའི་འབོད་སྐུལ་ཡང་བྱས།    དངོས་གནས་གྲོགས་པོའི་གཏང་གླེང་བུ་མོ་དང་མི་བྲལ་ཞེས་པ་དེ་རང་རེད་འདུག

         བར་སྐབས་རེ་རེར།    གྲོགས་པོ་གཅིག་གཉིས་ཤིག་དགོས་ངེས།   དེ་ལྟར་བྱུང་ཚེ།  མི་ཚེའི་ལ་ཁར།   ཁོ་ཚོ་དང་མཉམ་དུ་འདས་ཟིན་པར་དྲན་གསོ་དང་།   མཛེས་ལྡན་གྱི་ལོ་ཟླར་ཕྱིར་བལྟ་རེ་ཡང་བྱེད་ཐུབ།།

 

     ཉི་མ་ལ་ཁར་སླེབས་སོང་།   ཤང་གྲོང་གི་སྲང་ལང་དུ།   ཆུ་འཁུར་བའི་མི་རྣམས་ལས་གཏང་གླེང་དང་དགོད་སྒྲས་ཁེངས།   ཐག་རིང་གི་འབྲོག་ཁྱིམ་དེ་ལས་དུ་བ་ཞིག་ཕྱུར་ཡོང་།  འདི་ནི་ཁོ་གཉིས་ཀྱི་ཁྱིམ་རེད།    ཐབ་ནང་ཁོས་དགའ་ཤོས་བྱེད་པའི་བག་ཐུག་བཀོལ་ཡོད།   ཁོ་མོས་ཇ་བསྲུ་ཞིང་།   ཕྱུགས་འཚོ་བར་ཕྱིན་པའི་བཟའ་ཟླ་བསྒུགས་གིན་འདུག   སྒེའུ་ཁུང་ལས།   རི་སྟེང་དུ་ལུག་ཁྱུ་ད་དུང་ཡང་མེད་པ་མཐོང་སྐབས།   ཁོ་མོ་དངངས་སྐྲག་ཅུང་ཙམ་ལངས་ཤིང་ཐོག་ཁར་བསྐྱོད་བཞིན་རི་སྟེང་ལ་བལྟས།    ད་གཟོད་རྒྱང་རིང་གི་རང་གི་བཟའ་ཟླ་དང་ནོར་ལུག་རྣམས་རབ་རིབ་དུ་མངོན།   ལུག་ལྷས་རྭར་བཅུག་རྗེས།   ཁོ་མོས་བཟའ་ཟླའི་གོས་འཕྱིས་ནས་ཁ་ལག་བླུགས།   ཁོས་ཀྱང་དེ་རིང་རང་ཉིད་ཀྱིས་ཞོར་དུ་བཀོག་པའི་གཡའ་དུང་དེ་ཁོ་མོར་སྦྱིན་ཞིང་།   ཆུ་ལ་སྦངས་ནས་འཐུང་དང་གཟུགས་པོར་ཕན་ཟེར།   དེ་རིང་ཡང་ཁོས་རྒྱུན་དང་འདྲ་བར།    ཁོ་མོའི་ཆེད་དུ་སྨན་རྩ་མི་ཉུང་བ་ཞིག་བཀོག་འདུག

     ཁོ་གཉིས་ཀྱི་གཉེན་སྒྲིག    རང་དབང་མིན་པར་ཕ་མས་ཐག་བཅད་པ་ཞིག་རེད།  འོན་ཏེ།   ཁོང་གཉིས་པོའི་འཚོ་བ་དེར།   དེ་ལྟ་བུའི་འཆམ་མཐུན་དང་བདེ་སྐྱིད་ཞིག་ལྡན།  

ཕལ་ཆེར།  འགན་འཁྲི་གལ་ཆེན་པོར་འཛིན་ཞིང་།   ཕན་ཚུན་མཐོང་ཆེན་པོར་བཟུང་ཚེ།    བརྩེ་དུང་ཞེས་པ་དེ་ཡང་ལས་སླ་པོ་ཞིག་མིན་ནམ།།

 

                                             ༼     

        ས་སྲོད།   ཐང་ཆེན་སྟེང་ཁོ་ཚོས་རྒྱང་བསྒྲགས་གྲ་སྒྲིག་བྱེད་བཞིན་གནས།   དེ་རིང་རེས་གཟའ་སྤེན་པ་ཡིན་པས།   སྒོར་གཞས་ཡོད་སྐད།   མ་གཞི་མི་རེ་གཉིས་ལས་མེད་ཀྱང་།  སྒོར་སྒོར་བཟོ་བཞིན་འཁྲབ་ཀྱིན་འདུག    རོལ་ཆ་སྙན་མོ་ཞིག་གི་འགྲོས་དང་བསྟུན་བཞིན།   སྟངས་སྟབས་སྒེག་ཉམས་ཤིག་གི་ལམ་ནས།   ནག་ཆུའི་སྒོར་གཞས་འཁྲབ་བཞིན་འདུག   འཁྲབ་གྱིན།   འཁྲབ་གྱིན།   མི་ཇེ་མང་དུ་གྱུར་ཅིང་།   སྒོར་སྒོར་ཡང་གསུམ་ཙམ་དུ་གྱུར།   སྒོར་གཞས་འདི་འདྲ་བས་གཟུགས་པོར་སྦྱོང་བརྡར་དང་ཡིད་ལ་སྤྲོ་བ་ཞིག་ཀྱང་སྦྱིན་ཐུབ་པས།    དེང་དུས་དར་བཟོ་ཡང་ལྷག་པར་ཆེ།   བོད་ཀྱི་རིག་གནས་ཆེན་པོའི་མཁའ་དབྱིངས་ལས།   སྐོར་བྲོ་ལྟ་བུ་ནི་རྒྱུད་འཛིན་ཡག་ཤོས་ཐུབ་པའི་སྒྱུ་སྐར་ཞིག་ཡིན་ངེས།   དེ་ལྟ་བུའི་རིག་རྩལ་གྱི་སྐར་མ་ཇེ་མང་ནས་ནས་ཇེ་མང་དང་།   ཇེ་དཀར་ནས་ཇེ་དཀར་དུ་ཕྱིན་ན་ཅིས་མ་ལེགས་ཨང་།   

       ཐང་ཆེན་ལས་བྲལ་ཞིང་།    བདེ་གཤེར་ལས་ཐོན་ཡང་།    ཐག་རིང་གི་གཞས་སྒྲ་ལྷང་ལྷང་དུ་ཐོས་ཤིང་།   མི་རྣམས་ད་དུང་ཡང་སྒོར་གཞས་ཀྱི་འཇིག་རྟེན་དུ་རོལ་བཞིན་གནས།།

 

        མཚན་གུང་།   ཨར་ཁང་ནང་མི་འདྲ་མིན་སྣ་ཚོགས་ཀྱིས་ཁེངས།  ཁ་སྔོན་ཆང་རག་བཅད་ཀྱི་ཡིན་ཟེར་བའི་ཁོ་རང་།    འདི་གར་ཡང་ཞབས་བཏགས་བཀྱོན་བཞིན་བཞུགས་འདུག     ཁ་སྔོན་སྦི་རག་མཆོད་ནས་ཡར་བསྐྱུགས་མར་ཤལ་བྱས་པས།   ཁོས་ཆང་རག་བཅད་རྒྱུའི་ཐག་བཅད།    འོན་ཏེ།   དེ་རིང་ཕྱི་དྲོ་འདུ་འཛོམས་ཡོད་པ་ཐོས་མ་ཐག   ཁོ་ཨང་དང་པོར་གནས་འདིར་སླེབས།   ཆང་རག་དེ་ཙམ་གྱི་ཞིམ་པོ་མེད།    འོན་ཏེ་འཐུང་གྱིན་འཐུང་གྱིན་ཇེ་ཞིམ་ནས་ཇེ་ཞིམ་རེད།   ཆང་རག་གིས་གནས་ཚུལ་ལྷག་ངེས་པ་གཏན་མི་འཁེལ།   འོན་ཏེ་འཐུང་གིན་འཐུང་གིན་སྐྱུར་འགོང་འདྲེས་མའི་ངར་ཤ་དེས་རང་ཉིད་ཁ་ལ་མི་ཉན།    དུས་འདིར་ཁོ་ཡང་འགྱུར་སོང་།   སྦི་རག་གི་རྒྱ་མཚོར་བྱིངས་ནས།   སྙོག་གཏམ་དང་སྐྱུར་འགོང་བྱེད་མཁན་ཞིག   དོ་ནུབ།   ཡང་ཁོ་སྐྱུག་པ་ཡི་འདམ་ནང་འདྲེས་པར་སྐད།   ཉིན་གཉིས་པར་ཁོ་རང་གནོངས་འགྱོད་སྐྱེས་ཤིང་།   རྒྱུན་གཏན་དང་འདྲ་བར་སླར་ཡང་ཨ་རག་མི་འཐུང་རྒྱུའི་ཐག་བཅད།  

        ཆང་རག་གི་གནོད་པ།   འཐུང་བ་མང་ཆེ་དུས་གཞི་ནས་མངོན་ཞིང་།   ར་དངས་རྗེས་གཞི་ནས་རྟོགས།   ཨར་ཁང་ལས་བྲལ་རྗེས།   གྲོང་ཚོའི་འདྲུད་འཐེན་འཕྲུལ་འཁོར་གྱི་སྒྲ་གྲགས་ཤིང་།    ལམ་སྟེང་གི་སྤྱི་སྤྱོད་རླངས་འཁོར་བསྐྱོད་ཀྱིན……  སླར་ཡང་བོད་ཀྱི་ཉིན་གཅིག་འགོ་ཚུགས།།

全部作者的其他最新日志

发表评论 评论 (2 个评论)

回复 藏佈伽_TB 2012-10-6 23:53
    རྩེ་གྲྭ་རེད་འདུག  ཡིག་ཕྲེང་ཁྲོད་ཁྱེད་ཀྱི་རྩོམ་བྲིས་ཆུ་ཚད་དང་འཚོ་བར་བཅངས་པའི་སེམས་འཁུར་སོགས་གསལ་པོར་མངོན།  སེམས་འགུལ་ཡང་ཡང་ཐེབས།
回复 World_B.free 2012-10-7 09:17
拜读了

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-7-5 07:38 , Processed in 0.053800 second(s), 22 queries .

返回顶部