日志

སྤེལ་མ་རྟག་པ། ཤོ་ལོ་ཀ་དང་པོ་རྒྱས་འགྲེལ། .. ...

热度 1已有 3939 次阅读2012-11-6 21:35 |系统分类:教育

 

ངའི་མཚོ་སྔོན་པོའི་བོད་ཡིག་ཟིན་བྲིས་དྲ་ཚིགས།

我的青海湖藏文博客

http://blog.amdotibet.cn/xzsn521/index.aspx

ས་སྐྱ་ལེགས་བཤད། སྤེལ་མ་རྟག་པ་ཤོ་ལོ་ཀ་དང་པོའི་རྒྱས་འགྲེལ།

སློབ་ཁྲིད། རྒན་གཡུལ་རྒྱལ།              སྒྲིག་མཁན།    ཀ་ཁའི་རྒྱང་འབོད།།

ལས་གནས།   ཆབ་མདོ་ས་ཁུལ་འཇོ་མདའ་རྫོང་སྤོ་ལུ་ཤང་ལྟེ་གནས་སློབ་ཆུང་།

རྣམ་བཞག།      PDF 

ཕབ་ལེན་བྱེད་གནས།  

 

དམན་པ་ལོངས་སྤྱོད་ཆེ་ན་ཡང་།།

རིགས་ལྡན་རྒུད་པས་ཟིལ་གྱིས་གནོན།།

བཀྲེས་པ་སྟག་གི་ངར་སྒྲ་ཡིས།།

སྤྲེའུ་ཤིང་གི་རྩེ་ལས་ལྷུང་།།

བསྟན་བྱའི་དོན་གཙོ་བོ།       

              ཡ་རབས་ཀྱི་སྐྱེ་བོ་རིགས་དང་ལྡན་པ། ལོངས་སྤྱོད་ཀྱི་རྒུད་ཀྱང་བསྔགས་པར་འོས་པར་བསྟན་པ་དེ། ཚིགས་བཤད་ཤོ་ལོ་འདི་ཡི་བསྟན་དོན་གྱི་གཙོ་བོ་དེ་རེད།།

ཚིག་འགྲེལ་ལྟ་བུ་ཞུས་པ་ཡིན་ན།     

              དེ་ཡང་མ་རབས་དམན་པའི་སྐྱེ་བོ། སྐྱེས་སྦྱངས་ཀྱི་ཡོན་ཏན་མེད་པ་རྣམས་ལ། འཕྲལ་གྱི་ལོངས་སྤྱོད་ཆེན་པོ་དང་ལྡན་ན་ཡང་། ཡ་རབས་དམ་པའི་སྐྱེ་བོ་རིགས་དང་ལྡན་པ། རེ་ཞིག་ལོངས་སྤྱོད་ཀྱི་རྒུད་ཀྱང་། རེ་སྤྱོད་དང་སྐྱེས་སྦྱངས་ཀྱི་ཡོན་ཏན་བཟང་པོས་ཟིན་གྱིས་གནོན་པ་ཡིན་ཏེ། དཔེར་ན། ཟས་མ་རྙེད་པར་བཀྲེས་ཤིང་ཕོངས་པའི་སྟག་གི་ངར་སྒྲ་བསྒྲགས་པ་ཙམ་གྱིས་དེའི་གཟི་བྱིན་མ་བཟོད་པར་སྤྲེའུ་ཤིང་གི་རྩེ་ལས་ལྷུང་སྟེ། སྟག་དེའི་ཟས་སུ་གྱུར་བ་བཞིན་ནོ།།ཞེས་པ་དེ་ཚིག་གི་འགྲེལ་དེ་རེད།

ལུངས་དྲངས་ནས་རྒྱས་བཤད། 

            དམན་པ་ལོངས་སྤྱོད་ཆེ་ན་ཡང་། ཞེས་པ་དེ། སྐྱེ་བོ་དམན་པ་གང་གི་ཐོག་ནས་དམན་ཞེས་ཟེར་གྱི་རེད་ཅེ་ན། ལོངས་སྤྱོད་ཆེན་པོ་ཡོད་རེད་ཟེར།  སྤྱོད་པའི་ཐོག་ནས་འདོད་ཆུང་ཆོག་ཤེས་མེད་མཁན། འདོད་རྔམ་ཆེན་པོ། ཆོག་མི་ཤེས་པ། དེ་ཀུན་ནས་བླངས་ཏེ་ནོར་རྫས་སྒྲུབ་ཡོང་དུས་ཙ་ན། ཁྲམ་གཡོ་སྒྱུ་སྤྲེལ་ལད་ལ་སོགས་པའི་སྒོ་ནས་ལོངས་སྤྱོད་སྒྲུབ་མཁན་གྱི་སྐྱེ་བོ་དམན་པ་ཟེར། དེར་དམན་པ་ཟེར།  དེ་ལ་གནས་སྐབས་བཟའ་རྒྱུ། འཐུང་རྒྱུ། དངུལ་ལ་སོགས་པའི་ལོངས་སྤྱོད་ཆེན་པོ་ལྡན་ན་ཡང་། དེ་འདྲའི་ལོངས་སྤྱོད་ཆེན་པོ་དང་ལྡན་ན་ཡང་། རིགས་ལྡན་རྒུད་པས་ཟིལ་གྱི་གནོན་གྱི་རེད་ཟེར།  རིགས་དང་ལྡན་པ་ཞེས་པའི་རིགས་ལྡན་གཅིག་ཡོག་རེད་པའ། རིགས་འདི་ལ་ང་ཚོས་རིགས་རུས་ཟེར་ནས། རིགས་དེ་ལ་གོ་རྒྱུ་ཡོད་ཀྱང་། དེའི་འགྲེལ་པའི་ནང་ལ་བལྟས་ན། དེའི་ནང་རིགས་ཞེས་པ་དེ། གང་ལ་གོ་ཡི་ཡོག་རེད་ཟེར་ན། མ་ཆགས་ཕག་པའི་རིགས་བཞིན་གསུངས། ནོར་ལོངས་སྤྱོད་སོགས་པར་ཚད་ལས་འགལ་བའི་ཆགས་པ། ཆགས་པ་དེ་ཙམ་དུ་མ་ཟད། ནོར་ལོངས་སྤྱོད་བྱུང་སོང་ན། དེས་ཀྱང་མི་ངོམས་པར། ཆུ་ཚ་ཁུ་བཏུང་བ་ནང་བཞིན། ག་ཚོད་བྱུང་བ་ཡིན་ན་ཡང་། ད་དུང་དོན་གཉེར་གྱི་བློ་ལེན་མཁན། དེ་འདྲ་ཆོག་ཤེས་མེད་མཁན་ལ། སྐྱེ་བོ་དམན་པ་ཟེར་དུས་ཙ་ན། འདོད་ཆུང་ཆོག་ཤེས་བྱེད་མཁན་དེ་ལ། རིགས་དང་ལྡན་པ་ཟེར་ནས། རིགས་ལྡན་ཞེས་པ་དེར་ཟེར་གྱི་འདུག། དེ་ཡང་། ང་ཚོ་ལོ་རྒྱུས་ཐོག་ནས་གཅིག་ཞུས་པ་ཡིན་ན། རིགས་ལྡན་ཞེས་པ་དེ། གཞོན་ནུ་དྲུག་གི་རྟོགས་བརྗོད་ཀྱི་ནང་ལ། གཞོན་ནུ་དྲུག་ཡོག་རེད་པའ། གཞོན་ནུ་དྲུག་དེ་ཚོ་གང་རེད་ཟེར་ན། ཕུ་བོ་གསུམ་པོ་དེའི་ནང་། གཅིག། འདོད་ལྷའི་བུ་ཟེར་ནས། འདོད་ཆགས་ཤིན་ཏུ་ཆེན་པོ།  གཉིས། དྲག་པ་ཞེས་པ་དེ་ཁོང་ཁྲོའི་རང་བཞིན་ཟེར་ནས། ཤིན་ཏུ་སྡུག་པོ་ཡོད་པ།  གསུམ།  གཞོན་ནུ་མུན་པ་ཅན་ཞེས་པ་དེ། གཏི་མུག་གི་རང་བཞིན་ཅན། བླང་དོར་གྱི་གནས་མི་ཤེས་པ་ཕག་པ་ལྟ་བུའི་སྐྱེ་བོ་གཅིག།  དེ་ལྟ་བུ་སྐྱེ་བོ་གསུམ་དང་། དེའང་ནུ་བོ་གསུམ་པོ་དེ། དེ་ལས་ལྡོག་སྟེ།   བཞི། གཞོན་ནུ་གཉེན་བཤེན་བཟང་པོ་ཟེར་བ། གཞན་ལ་བརྩེ་བས་ཀུན་ནས་བླངས་ནས། ལས་ཀ་བྱེད་མཁན་གྱི་གཉེན་བཤེན་བཟང་པོ་ཟེར་བ་གཅིག་དང་། ལྔ། ལེགས་པའི་བློ་གྲོས་ཞེས་ཟེར་ནས། བླང་དོར་གྱི་གནས་ལ་ཤིན་ཏུ་མཁས་པའི་སྐྱེ་བོ་གཅིག་དང་། དྲུག། གཞོན་ནུ་དད་པ་ཅན་ཞེས་ཟེར་དུས་ཙ་ན། ངེས་འབྱུང་གི་སྣོད་ཀུན་ནས་བླངས་ཏེ། དད་པ་དང་ལྡན་པའི་སྐྱེ་བོ་གསུམ་སྟེ། སྐྱེ་བོ་གཞོན་ནུ་དྲུག་པོ་དེ་དག་ཕྱོགས་གཞན་ཞིག་ལ་ཐོན་ཡོང་དུས་ཙ་ན། གཞོན་ནུ་དྲུག་པོར་གང་གྱོན་རྒྱུ་ཡོག་རེད་པས་ཟེར་ན། གོས་དེ་ཚོ་ལ་ཀ་ཤི་ཀའི་རས། གསེར་སྲང་འབུམ་ཕྲག་རི་བའི་གོས་དང་རྒྱན་དེ་འདྲ་འདུག།  དེ་འདྲ་ཡིན་དུས་ཙ་ན།   ཁོ་ཚོ་ལམ་ལ་འགྲོ་དུས་ཙ་ན། ལམ་ཁ་ལ་གང་འཕྲད་འདུག་ཟེར་ན། སྤྲང་པོ་སྐྱོ་པོ་དེ་འདྲ། གོས་ཚང་མ་ཤིག་དང་སྲོ་མས་རྒྱན་པ་ཡིན་དུས་ཙ་ན། ང་ཚོ་དབུལ་པོ་ཡིན་སྟེ་རོགས་གནང་ཞེས་ཟེར་དུས་ཙ་ན། ནུ་བོ་གསུམ་དེ་ཚོས་ཁོ་ཚོའི་གོས་གསེར་སྲང་འབུམ་ཕྲག་རི་བ་དེ་དག་སྤྲང་པོ་དེ་ཚོ་ལ་སྟེར་བ་རེད། སྤྲང་པོ་དེ་ཚོས་ཤིག་དང་སྲོ་མས་ཁེངས་པའི་གོས་དེ་ཚོ་ཚུར་གྱོན་ནས། ཕུ་བོ་གསུམ་པོ་དེ་ཚོས། ཟུར་ཟའི་གཏམ་སྨྲས་ནས་འབུམ་ཕྲག་རི་བའི་གོས་དང་རྒྱན་དེ་ཚོ་ཤིག་དང་སྲོ་མས་སྦྱར་བའི་གོས་དང་ཐུལ་པ་ལ། ཁྱེད་ཚོ་ཚོང་ལ་མཁས་པོ་འདུག་ཟེར། དེ་འདྲའི་ཟུར་ཟ་བྱས་འདུག། དེ་ནས་ཁོ་ཚོ་འགྲོ་བའི་དུས་ལ། རྒྱལ་པོ་གཅིག་གི་སྦྱིན་པ་གཏོང་ཡོང་དུས་ཙ་ན། དེ་གང་ལ་གང་འདོད་ཀྱི་སོ་སོའི་འདོད་པ་ཙམ་གྱི་སྦྱིན་པ་ཡིན་དུས་ཙ་ན། གཞོན་ནུ་སྤྲང་པོའི་ཆས་གྱོན་པ་དེ་ཚོས་ཤིང་གི་འགྲམ་དུ་བསྡད་ནས། ཁོ་ཚོ་ནང་བསམ་བློའི་ཡོན་ཏན་འདྲ་གཏམ་གླེང་བྱས་ནས་བསྡད། དེ་ནས་ཕུ་བོ་གསུམ་པོ་དེ་དག་འདོད་ཆུང་ཆོག་ཤེས་མེད་པར་བརྟེན། རྒྱལ་པོའི་སྦྱིན་པ་གཏོང་སར་སློང་བར་ཕྱིན། སློང་བ་དེ་ཀྱང་ཁོ་ཚོའི་འདོད་པ་ཁེངས་མེད་དུས་ཙ་ན། རྒྱལ་པོའི་བང་མཛོད་ནང་དུ་རྒྱུགས་ནས་སྒལ་པར་འཁུར་ཐུབ་ཚད་ཀྱི་ནོར་བུ་དེ་འདྲ་བརྐུས། བརྐུས་ཡོང་དུས་ཙ་ན་ནོར་བུ་སྲུང་མཁན་དེ་ཚོས་རྩད་གཅོད་ཡོང་དུས། ཁོ་ཚོ་འཇུས་ནས་རྐང་ལག་བསྡམས་ནས་བཙོན་ཁང་དུ་བཅུག་འདུག། ད་གཞོན་ནུ་གསུམ་པོ་དེ་དག་གོས་སྐྱོ་པོ་དེ་འདྲ་ཞིག་ཡིན་ཡང་། སློང་ལ་ཕྱིན་ཡོད་མ་རེད། རྒྱལ་པོས་ཚུར་བལྟས་ཡོད་དུས་ཙ་ན། ཧ་ཅང་སྐྱོ་པོ་འདུག། སློང་བར་ཡོང་གི་མི་འདུག་ཟེར། དེར་བརྟེན། མི་བཏང་སྟེ་ཕ་གིར་སྐད་ཆ་དྲིས་ཤོག་ཟེར་བ་རེད། ཁོ་ཚོས་སྐད་ཆ་གང་དྲིས་པ་རེད་ཟེར་ན། ཁྱེད་ཚོའི་ཕྱིའི་ཆ་ལུགས་ལ་བལྟས་ན་སྐྱོ་པོ་རེད་འདུག། སྐྱོ་པོ་ཡིན་ཡང་། ཁྱེད་ཚོས་སློང་བར་ཡོང་གི་མི་འདུག། དེ་ནི་ང་ཚོའི་སྦྱིན་པའི་སྐད་གྲགས་མེད་པ་རེད་དམ། ཡང་ན། ང་ཚོའི་སྦྱིན་པས་ཁྱེད་ཚོའི་འདོད་པ་མ་ཁེངས་བ་རེད་དམ་ཞེས་དྲིས་དུས་ཙ་ན། ཁྱེད་ཚོའི་སྦྱིན་པས་འདོད་པ་མ་ཁེངས་བ་ཡང་མ་རེད་ཟེར། སྐད་གྲགས་མེད་པ་ཡང་མ་རེད་ཟེར། སྐད་གྲགས་ཆེན་པོ་འདུག། འདོད་པ་ཁེངས་ཀྱི་འདུག་ཟེར། ང་ཚོ་ཡང་སྐྱོ་པོ་དེ་འདྲ་མིན། ང་ཚོའི་གོས་དེ་ཚོ་ཕར་སྟེར་ནས་ང་ཚོ་དེ་ལྟར་ཡོང་བ་ཡིན་ཟེར། མ་གཞི་ནས་འདོད་པའི་ཡོན་ཏན་ཟེར་བ་དེ་གང་འདྲ་ཞིག་རེད་ཟེར་ན། ཆུ་ཚ་ཁུ་བཏུང་བ་བཞིན། ག་ཚོད་བཏུང་ཡང་ངོམ་པ་མེད་པ་ཞིག་རེད། བྱས་ཙང་། འདོད་ཆུང་ཆོག་ཤེས་བྱས་ནས་འདིར་བསྡད་པ་ཡིན་ཟེར་དུས་ཙ་ན། རྒྱལ་པོ་ཡིས་ཁོ་ཚོར་གྱོན་པའི་གྱོན་ཆས་དང་རྒྱན་ཆ་དེ་ཚོ་རྒྱན་ནས་ཁོ་ཚོར་བསྙེན་བཀུར་ཕུན་སུམ་ཚོགས་པོ་བྱས་ཡོང་དུས་ཙ་ན། དམན་པ་ལོངས་སྤྱོད་ཆེ་ན་ཡང་། རིག་ལྡན་རྒུད་པས་ཟིལ་གྱིས་གནོན། ཞེས་པ་ལྟར་ཟིལ་གྱིས་གནོན་སྟངས་དེ་འདྲ་བྱས་ནས་ཆགས་སོང་། ང་ཚོ་དེང་སང་ཡིན་ན་ཡང་། སྐྱེ་བོ་ལོངས་སྤྱོད་ཤིན་ཏུ་ལྡན་པ་གཅིག་དང་། ཡང་ན། སྤྱོད་པ་ཡིན་ལུགས་ཚུལ་ལྡན་བྱས་ནས་སྡོད་མཁན་གཅིག་དབར་དེ་གཉིས་ཐ་དད་རེད། དེར་བརྟེན། ལེགས་བཤད་དེ་ཚོའི་ནང་ལ་ཡང་དེ་འདྲ་འདུག། དཔེར་ན་སྤྲེའུ་ལ་གོས་ཆེན་དེ་འདྲ་གཡོགས་ནའང་སྤྲེའུ་ཡི་སྤྱོད་པར་འགྱུར་བ་མི་འདུག།  མི་སྤྱོད་པ་ངན་པོ་ཞིག་ལ་རྒྱན་ག་ཚོད་བཏགས། གོས་གང་འདྲ་གྱོན་རུང་། ཁོའི་སྤྱོད་པ་ངན་པ་དེར་འགྱུར་བ་ཡོད་མ་རེད་ཟེར། དེར་བརྟེན། སྤྱོད་པ་བཟང་པོ་དང་ལྡན་པའི་མི་དེ་ཡིས་གང་བྱེད་ཀྱི་རེད་ཟེར་ན། སྤྱོད་བཟང་དེ་ཡིས་ཁོ་ཟིལ་གྱིས་གནོན་ཐུབ་ཀྱི་རེད་ཟེར། དེ་ལྟར་ཆགས་སོང་། དེར་བརྟེན། དམན་པ་ལོངས་སྤྱོད་ཆེ་ན་ཡང་། རིགས་ལྡན་རྒུད་པས་ཟིལ་གྱིས་གནོན། བཀྲེས་པ་སྟག་གི་ངར་སྒྲ་ཡིས། སྤྲེའུ་ཤིང་གི་རྩེ་ལས་ལྷུངས། ཞེས་པ་དེ་ཆགས་སོང་། བཀྲེས་པ་ཟེར་བ། སྟག་དེ་གྲོད་པ་ལྟོགས་ནས་བསྡད་ཡོད་རེད། གྲོད་པ་ལྟོགས་ནས་བསྡད་ཡོང་ཀྱང་། ཁོས་ངར་སྒྲ་བསྒྲགས་ཡོང་དུས་ཙ་ན། ཁོ་ལ་དུས་རྒྱུན་སྟོབས་དང་བློ་ཁོག་ཡོད་དུས་ཙ་ན། སྤྲེའུ་དེ་ཡིས་སྟག་གི་ངར་སྒྲ་མ་བཟོད་པར་ཤིང་གི་རྩེ་ནས་མར་ལྷུངས་ནས་སྟག་གི་ཟས་སུ་གྱུར་བ་དེ་འདྲ་རེད་ཟེར།དེར་བརྟེན། དེ་འདྲ་ཡིན་དུས་ཙ་ན། གཙོ་བོ་དེ་གང་བྱེད་དགོས་རེད་ཟེར་ན། སྤྱོད་པ་གཙོ་བོར་བཞག་དགོས་རེད་མ་གཏོགས། ནོར་ལོངས་སྤྱོད་གཙོ་བོ་མ་རེད་ཟེར་བ་དེ་ལྟར་རེད། ཚིགས་བཅད་ཤོ་ལོ་ཀ་འདི་ཡི་དོན་འདི་ལྟར་རེད།།

发表评论 评论 (1 个评论)

回复 Thokme 2012-11-17 08:36
དམན་པ་ལོངས་སྤྱོད་ཆེ་ན་ཡང་།།
རིགས་ལྡན་རྒུད་པས་ཟིལ་གྱིས་གནོན།།
བཀྲེས་པ་སྟག་གི་ངར་སྒྲ་ཡིས།།
སྤྲེའུ་ཤིང་གི་རྩེ་ལས་ལྷུང་།།

现代社会却与此恰恰相反。

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-4-6 07:28 , Processed in 0.054102 second(s), 21 queries .

返回顶部