日志

可贵的爱情故事ཁ་བ་དང་གངས་ལྷའི་བརྩེ་སེམས། ... ...

热度 1已有 2385 次阅读2012-11-1 18:29 |系统分类:见闻

ཁ་བ་དང་གངས་ལྷའི་བརྩེ་སེམས།

༼ ༡  

ཆུང་ཆུང་བྱིས་པའི་དུས་སུ།

བརྩེ་བའི་མིག་མདའ་འཕེན་དུས།

ལག་ཟུང་ཐལ་མོ་རྡུལ་ཆུས་བརླན་ཞིང་།

ངོ་ཚའི་གྲང་རེག་རླུང་བུས་ལུས་ཀྱི་སྦ་སྤུ་གཟེངས།

ཚ་གདུང་དང་གྲང་རེག་སྣང་བའི་བར་གསེང་ནས།

སྒོ་གསུམ་དྲོད་འཇམ་སྣང་བས་མྱོས།

དགའ་དགའི་སེམས་དང་སེམས་ཀྱི་བར་ནས།

བརྗོད་ནས་བརྗོད་ཚར་མེད་པའི་སེམས་གཏམ་ལྷུག་པོར་གླེང་།

འཛུམ་པའི་དགོད་སྒྲས་དབྱར་སྐྱེས་རྔ་བཞིན་བར་སྣང་ཁེངས།

མེ་ཏོག་ལྡུམ་རྭའི་ཀླན་ཀར་སྤྲོ་འཆམ་འགྲོ་དུས།

ཐག་འཁྱུད་མེ་ཏོག་ལས་ལ་འདོད་ནས།

རྩེ་བ་གཅིག་དང་དམིགས་ཡུལ་གཅིག།

ལས་དབང་གཅིག་དང་སྟེང་དབང་གཉིས།

ལྷད་མེད་ཁ་བའི་ཁྲོད་ནས་གངས་ལྷ་འཁྲུངས་དང་གསུམ།

དཀོན་མཆོག་གསུམ་ལ་གུས་ཕྱག་ལན་གསུམ་འཚལ་ནས།

བརྩེ་བ་དྭངས་མའི་ཐོག་མའི་ལག་འཇུའི་མཆོད་པ་འཕུལ།

ཐག་འཁྱུད་བཞིན་དུ་ནམ་འཚོའི་བར་དུ།

བརྩེ་བ་གཏན་པའི་སྨོན་ལམ་འདེབས།།

༼ ༢  

དུས་ཀྱི་འཁོར་ལོས་བཞུད་པས་བརྩེ་བའི་འབྲས་བུ་སྨིན།

དམ་ཚིག་གཙང་མ་བཅངས་ནས་གཉེན་སྒྲིག་མཛད་སྒོ་སྤེལ།

དགའ་ཉེ་སྤུན་གྱིས་སྐེ་ལ་བསྒྲོན་པའི་དཀར་གཙང་འཇལ་དར་ནི།

བརྩེ་བ་དང་སྨོན་འདུན་གྱི་དྭངས་མ་ཡིན།

འདྲེན་བྱེད་ཟུང་ནས་དབང་མེད་ཟག་པའི་མིག་ཆུ་ནི།

ཡིད་འཕྲོག་མཛའ་མོ་དམ་ཚིག་བཅས་པའི་དགའ་བ་དང་གཅིག།

དྲིན་ཅན་ཡབ་ཡུམ་པང་ནས་འབྲལ་འདོད་མེད་པའི་སྐྱོ་བ་དང་གཉིས།

སྤྲོ་བ་དང་བདེ་སྐྱིད་མ་འོངས་བསུ་བའི་ཆང་ཕུད་དང་གསུམ།

ཕུད་གཏོར་ལན་གསུམ་དང་གསུམ་བསྒྲོན་ལན་གསུམ་བྱས་ནས།

མ་འོངས་འཚོ་བ་རེ་བས་ཁེངས་པའི་མཆོད་ཆང་ཞག་ཏག་གཅིག་བརྒྱབ།

འཚོ་བ་ནི་བདེ་སྡུག་སྒང་གཤོམ་མ་སྙོམས་རུང་།

འཚོ་བའི་དྲག་ཆར་རླུང་འཚུབ་ཁྲོད་དུ།

བརྩེ་བརྟེན་སེམས་ཀྱི་མཛའ་མོའི་རམ་ཟླ་ཡོད་པས།

ཀྱག་ཀྱོག་གི་ལམ་ཕྲན་གང་ཞིག་བརྒྱུད་དགོས་བྱུང་ཡང་།

ཐག་རིང་གང་དུ་ཆས་དགོས་བྱུང་ཡང་།

སེམས་ལུས་ངལ་བ་འཇའ་ལྟར་ཡལ་འགྲོ།

དྭངས་མ་ཡི་བརྩེ་བ།

སེམས་ངལ་གསོ་བའི་བདུད་རྩི།

འཚོ་བར་གསོན་ཤུགས་རྒྱས་པའི་སྒུལ་ཤུགས།

མདོར་ན། ཐམས་ཅད་ཐམས་ཅད་ཀྱི་ལམ་སྟོན་སྒྲོན་མེ་ལགས།

༼ ༣ ༽

སྙིང་རྗེ་མེད་པའི་དུས་ཀྱི་འཁོར་ལོས།

བཞིན་ལ་གཉེར་རིས་ཀྱི་གྲོག་ཤུར་འཐེན་ཡང་།

བརྩེ་བ་ནི་སྔར་རྒྱུན་བཞིན་ཉ་ཆུའི་ལས་ལ་འཐམས།

མི་རྟག་ཆོས་ཉིད་ཀྱི་ཞག་པས།

འཁར་བའི་རམ་ཟླར་འགྲོགས་དགོས་བྱུང་ཡང་།

བརྩེ་བ་དྭངས་མའི་ལག་འཇུ་ལྷོད་མ་ཡོང་ལ།

འཚོ་བའི་གསོན་ཤུགས་ཀྱང་ཉམས་མ་མྱོང་།

བརྩེ་བའི་གོམ་འགྲོས་དང་བཅས།

ལྷ་སའི་ཁྲོམ་གཞུང་མྱུལ་དུས།

འགྲུལ་བཞུད་པ་རྒན་དར་གཞོན་གསུམ་གྱི།

བློ་སེམས་ཉ་མི་ལྕགས་ཀྱུས་བཀུག་པ་ལྟར།

འཁྱར་འཁྱོར་གོམ་སྟབས་ལ་བརྟེན་པའི།

སྐུ་ན་དགུ་ཅུར་ཉེ་བའི་དུང་བ་ཟབ་པའི་བཟའ་ཟླ་ཁྱོ་ཤུག་ལ།

ཡིད་སྨོན་གྱི་ཕྱིར་མིག་ཀློང་དུ་ཚུད་པ་ཇི་འདྲ་ཞིག།

བགྲེས་སོང་ཁོང་རྣམ་གཉིས་ཀྱི་འགྲུལ་བཞུད་ལས།

སྐྱེ་བོ་དུ་མའི་སེམས་ཀྱི་ཞིང་སར།

བརྩེ་བར་ཡིད་ཆེས་དང་ངེས་ཤེས་ཀྱི་ས་བོན་བཏབ།

བཀའ་དྲིན་ཆེ།

བགྲེས་སོང་ཁྱོ་ཤུག་ལགས།

ཁྱེད་རྣམ་གཉིས་སྐུ་ཚེ་ཁྲི་ལོར་བརྟན་པའི་སྨོན་འདུན་ཞུ།།

                                             ཀ་ཁའི་རྒྱང་འབོད་ནས།

                                               སྤྱི་ཟླ་༢༠༡༢ལོའི་ཟླ་༡༡པའི་ཚེས་༡ཉིན་

                                                ཕྱི་དྲོ་ཉལ་ཁང་དུ་སྦྱར།

发表评论 评论 (1 个评论)

回复 pwj123 2012-11-4 18:53
ཡོང་ཡོད།

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-4-5 14:26 , Processed in 0.141521 second(s), 21 queries .

返回顶部