博客西藏在最高处过一种生活

湘巴旦增扎西博客 http://blog.tibetcul.com/?435966 [收藏] [复制] [分享] [RSS] 三闭养生活:闭目、可以养神。闭耳、可以除烦。闭口、可以免祸。

日志

དཔེ་ཁུག་ནང་གི་སྦྲུམ་འགོག་སྲུང་ཤུབས། ...

已有 75 次阅读2017-10-11 21:06 |个人分类:我的小世界|系统分类:文学

དཔེ་ཁུག་ནང་གི་སྦྲུམ་འགོག་སྲུང་ཤུབས།

ཤངསཕུན་ཁང་བསྟན་འཛིན་བཀྲིས། 

ཟུར་མཆན་གསལ་འགྲེལ། 

དངོས་གྲུབ། ཕ། 

དབང་མོ། མ།

གཡང་ལགས། བུ་མོ། 

རྒན་བུ་ཁྲིད། ཟུར་མཛའ། 

གཡང་ལགས་སློབ་གྲྭ་གྲོལ་རྗེས་སྔར་བཞིན་ཁྱིམ་ལ་ལོག ཁྱིམ་ལ་བསླེབས་རྗེས་ཁོ་མོས་དཔེ་ཁུག་སྒྲོག་རྩེའི་སྟེང་དུ་གཞག་ནས་མོ་རང་ཁྲུས་ཁང་ནང་གཟུགས་པོ་བཀྲུ་བར་ཕྱིན། གཡང་ལགས་ཀྱི་ཕས་བུ་མོ་ལ། གཡང་ལགས། རང་བསླེབས་ཚར་སོང་ངམ་ཞེས་འདྲི་ཞོར་དཔེ་ཁུག་དེ་ཡར་བླངས་ནས་གཡང་ལགས་ཀྱི་ཉལ་ཁང་ནང་གཞག་རྩིས་བྱེད་དུས་བློ་ཡུལ་ལས་འདས་པ་ཞིག་ལ་གཡང་ལགས་ཀྱི་གྱི་དཔེ་ཁུག་ནང་དུ་ཁ་ཕྱེས་པའི་སྦྲུམ་འགོག་སྲུང་ཤུབས་སྒམ་གཅིག་ཡོད་པ་མཐོང་། གཡང་ལགས་ཀྱི་ཕས་སྦྲུམ་འགོག་སྲུང་ཤུབས་དེ་མཐོང་མ་ཐག་ཁོང་ཁྲོ་ཆེན་པོ་ལངས་ནས་གཡང་ལགས་ཞེས་སྐད་ཤུགས་ཆེན་པོས་བོས། གཡང་ལགས་ཀྱིས་སྐད་དེ་གོ་མ་ཐག་ལམ་སང་ཨ་ཕའི་འགྲམ་དུ་རྒྱུག་ཡོང་བ་རེད།གཡང་ལགས་ཀྱི་ཕས་བུ་མོར། གཡང་ལགས་འདི་ག་རེ་རེད། ཅ་ལག་འདི་ག་རེ་རེད་ཅེས་ཁོང་ཁྲོ་དང་བཅས་ནན་གྱིས་དྲིས། མ་ཟད་རང་གི་དགའ་རོགས་སུ་རེད། རང་དང་འཛིན་གྲྭ་གཅིག་པ་རེད་དམ་ཡང་ན་སུ་རེད་ཅེས་དྲིས། འོན་ཀྱང་བུ་མོ་གཡང་ལགས་ཀྱིས་དེ་ཙམ་གྱི་སྐྲག་སྣང་དང་དོ་སྣང་མེད་པའི་ཐོག་ནས་ཁོང་ང་དང་འཛིན་གྲྭ་གཅིག་པ་མ་རེད། ཁོང་ད་ལྟ་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་རེད། མ་ཟད་ང་ལས་ལོ་བཅོ་ལྔ་ཆེ་བ་ཡོད་རེད། ད་དུང་ཁོང་ལ་བཟའ་ཟླ་དང་ཕྲུ་གུ་ཡང་ཡོད་རེད་ཅེས་ཡིན་མདོག་གིས་བཤད། གཡང་ལགས་ཀྱི་ཕ་ག་བྱེད་འདི་བྱེད་མེད་པར་བུ་མོ་ལ་འགྲམ་ལྕག་ཚ་ཐག་ཆོད་གཅིག་བཞུས་ནས་རང་ད་ལྟ་ལོ་བཅུ་བདུན་རེད། མཐའ་ན་སློབ་གྲྭ་ཆེན་མོ་ཡང་ཐོན་ཡོད་མ་རེད་ཅེས་ངར་ངར་གྱིས་བཤད། བུ་མོས་སྣང་མེད་ངང་དེ་ལྟར་ལབ། ངས་ང་རང་ལས་ལོ་བཅོ་ལྔ་ལས་ཆེ་བའི་གཞོན་པ་ཞིག་བཙལ་ནས་མཉམ་དུ་བསྡད་ན་ང་ལ་བདེ་སྐྱིད་ཐོབ་ཀྱི་རེད་བསམ་བྱུང་ལ། ངས་མི་ཚེའི་བདེ་སྐྱིད་ཀྱི་བྲོ་བ་རྙེད་ཀྱི་རེད་བསམ་གྱི་ཡོད། མ་ཟད་ཨ་ཅེ་བུ་ཁྲིད་ལགས་ཀྱིས་དགའ་རོགས་ཡང་མོ་རང་ལས་ལོ་བཅོ་ལྔ་ཆེ་བ་འདུག ད་དུང་ཨ་ཅེ་བུ་ཁྲིད་ལགས་ཀྱི་དགའ་རོགས་ལ་བཟའ་ཟླ་དང་ཕྲུ་གུ་ཡོད་རེད་ཟེར་གྱི་འདུག ཨ་ཅེ་བུ་ཁྲིད་ལགས་ཀྱིས་ང་ལ་བཤད་རྒྱུར་ངའི་ལོ་ཚོད་དེར་དགའ་རོགས་གདམ་གསེས་བྱེད་པའི་དབང་ཆ་ཡོད་རེད་ཟེར། ཨ་ཕས་གནས་ཚུལ་དེ་དག་ཚང་མ་བུ་ཁྲིད་ཀྱིས་རང་ལ་བསླབ་བྱུང་ངམ་ཞེས་དྲིས། ཕ་དངོས་གྲུབ་ཀྱིས་རྣམ་འགྱུར་དྲག་པོའི་ཐོག་ནས་འདི་ལྟར་བཤད། རང་སློབ་ཆེན་མ་ཐོན་བར་སུ་ལའང་དགའ་རོགས་སྒྲིག་ཆོག་མི་ཡོང་། སློབ་གྲྭ་ཐོན་རྗེས་རང་ལས་ལོ་བཅོ་ལྔ་ཙམ་ཆེ་བའི་མི་དང་དེ་བས་དགའ་རོགས་བྱེད་མ་ཡོང་ཞེས་འུ་ཐུག་ཐབས་ཟད་ཀྱི་ངང་ནས་བཤད། 

འོ་ན། ཡང་སྙིང་གཡང་ལགས་ཀྱི་དཔེ་ཁུག་ནང་གི་སྦྲུམ་འགོག་སྲུང་ཤུབས་དེ་སུའི་ཡིན་ནམ། ད་དུང་ཨ་ཅག་བུ་ཁྲིད་ཟེར་བ་དེ་ཡང་སྙིང་སུ་ཡིན་ནམ།

ཨ་མ༼གཡང་ལགས་ཀྱི་ཨ་མ། ༽དབང་མོ་ལ་ནད་གཞི་ལྕི་པོ་ཞིག་ཕོག་ནས་སྨན་ཁང་ནང་བསྡད་ཡོད་པ་རེད། དེའི་རིང་ཉིན་ལྟར་སྤྱི་གཉེར་ཁང་དང་ལས་ཁུངས། སྨན་ཁང་གསུམ་ལ་ཕར་རྒྱུག་ཚུར་རྒྱུག་བྱེད་མཁན་དེ་སོ་སོའི་ཁྱོ་ག་དངོས་གྲུབ་ཁོ་ན་རེད། ཉིན་ཞིག་དངོས་གྲུབ་ལས་ཀ་གྲོལ་རྗེས་བུ་མོ་གཡང་ལགས་སློབ་གྲྭ་ནས་ཤར་རེར་སྨན་ཁང་དུ་བསུས། སྨན་ཁང་དུ་བསླེབས་རྗེས་དངོས་གྲུབ་ཀྱིས་རང་གི་བཟའ་ཟླར་ཕྱི་དྲོའི་སྨན་སྟེར་རྩིས་བྱས། བཟའ་ཟླས་ང་སྨན་བཟའ་གི་མིན། གང་ལྟར་ང་སང་འགྲོ་གནངས་འགྲོ་རེད། ང་ད་ལྟ་སྨན་དེ་ཚོ་ཟ་མི་འདོད་ཅེས་ལག་པ་གཡུག་སྟེ་སྨན་ཚང་མ་ས་ལ་གཏོར། སྨན་ཆུ་ས་ལ་ཕོས།དངོས་གྲུབ་ཀྱིས་ང་རྒྱལ་དང་ཁོང་ཁྲོ་སྤུ་ཙམ་མེད་པའི་ཐོག་སྨན་རེ་རེ་ས་ཐོག་ནས་བསྒྲུགས་རྗེས་སྐད་ངག་འཇམ་པོས་བཟའ་ཟླར་འདི་ལྟར་བཤད། རང་གི་ནད་གཞི་དེས་ཚེ་སྲོག་འཕྲོག་གི་མ་རེད། སྨན་པས་བཤད་རྒྱུར་རང་གི་མཁལ་མར་གཉན་ཚད་དང་སྙིང་ཁམས་མི་བདེ་བ། ཁྲག་ཤེད་མཐོ་བ་མ་གཏོགས་དེ་མིན་ནད་ཚབས་ལྕི་བ་དེ་འདྲ་མི་འདུག་ཟེར། ད་དུང་རང་སྨན་ཁང་ནང་ཟླ་ཤས་བསྡད་རྗེས་རྒྱུན་གཏན་གྱི་མི་ལྟར་འཚོ་བ་རོལ་བྱ་ཐུབ་པའི་ཡིད་ཆེད་འདུགདངོས་གྲུབ་ཀྱིས་ག་ཚོད་བཤད་ཀྱང་དབང་མོ་ད་དུང་རླུང་ཞི་བར་དཀའ། དེ་ནས་དངོས་གྲུབ་ཀྱིས་ཅུང་རེ་ཆད་ངང་བུ་མོ་ལ་རང་གི་ཨ་མར་སློབ་གསོ་རྒྱོབ་དང་ཞེས་རེ་བ་མཐའ་མ་དེ་བུ་མོར་བཅོལ། ཁོ་རང་ནད་ཁང་གི་གསང་སྤྱོད་ནང་ཐ་མག་འཐེན་ནས་སྐར་མ་ཁ་ཤས་བསྡད། མི་རིང་བར་སླར་ཡང་སེམས་ཀྱིས་མ་གཟོད་པར་དབང་མོའི་གམ་དུ་ཡོང་། ཁོང་མ་བུ་གཉིས་ད་དུང་ལྷོད་ལྷོད་བྱས་ནས་བསྡད་འདུག གློ་བུར་དུ་ཨ་མ་དབང་མོས་གཡང་ལགས་ལ་དེང་སང་རང་གི་སློབ་སྦྱོང་གང་འདྲ་ཡོད་ཅེས་སེམས་ཁྲལ་ཆེན་པོའི་ངང་དྲིས། གཡང་ལགས་ཀྱིས་ཨ་མ་ལགས་ངའི་སློབ་སྦྱོང་སྣང་དག་མེད། ཁྱེད་རང་སེམས་ཁྲལ་གནང་མི་དགོས་ཞེས་ཨ་མར་སེམས་གསོ་བཏང་། སྐབས་དེར་ཏག་ཏག་དངོས་གྲུབ་ཀྱིས་སེམས་འདི་ལྟར་དྲན། བུ་མོའི་ཨ་མ་གནས་སྐབས་སྨན་ཁང་དུ་འདུག་དགོས་ཐུག་ས་རེད། བྱས་ཙང་ངས་བུ་མོར་ཟུར་ཁྲིད་དགེ་རྒན་ཞིག་བཙལ་དགོས་ཀྱི་འདུག་བསམ། དེ་དང་དུས་མཚུངས་ཁོ་རང་གི་སྤྱི་གཉེར་ཁང་གི་ལས་མི་བུ་མོ་ཞིག་དྲན་སོས། ཁོ་མོའི་མིང་ལ་བུ་ཁྲིད་ཟེར། མི་གཤིས་ཡག་ལ་ཤེས་འཇོན་ལྡན་པ། གཞན་བསྟུན་མཁས་ལ། ལས་ཀ་ཚང་མར་ཐབས་མཁས་ཆེ་བ་སོགས་མོའི་ཡོན་ཏན་གཅིག་ཆར་དུ་ཡིད་ལ་དྲན། 

ཕ་དངོས་གྲུབ་དང་དང་བུ་མོ་གཡང་ལགས་གཉིས་སྨན་ཁང་ནས་དོན་ཏེ་སྟབས་བདེའི་ཟ་ཁང་ཞིག་ཏུ་ཟ་མ་བཟའ་བར་ཕྱིན། དངོས་གྲུབ་ཀྱིས་སྔ་ས་ནས་བུ་ཁྲིད་ལ་འབྲེལ་བ་བྱས་ཏེ་ཟ་ཁང་དེར་འཛོམས་འཆར་བཟོས། དངོས་གྲུབ་ཀྱིས་གི་རང་གིས་བུ་མོ་གཡང་ལགས་ལ་ཨ་ཅེ་བུ་ཁྲིད་ལགས་ངོ་སྤྲོད་བྱས། ཨ་ཅེ་བུ་ཁྲིད་ལགས་ནི་སློབ་ཆེན་མཐར་ཕྱིན་གྱི་སློབ་མ་ཞིག་རེད། ད་ལྟ་ངའི་སྤྱི་གཉེར་ཁང་ནང་ལས་གཉེར་བྱས་ནས་བསྡད་ཡོད། མ་ཟད་ང་ཚོའི་སྤྱི་གཉེར་ཁང་གི་མིག་དཔེ་བ་ཞིག་ཀྱང་རེད། གནས་སྐབས་ངས་ཁོང་རང་གི་ཟུར་ཁྲིད་དགེ་རྒན་ལ་གདན་འདྲེན་ཞུས་ཡོད། ཁོང་གིས་སྔ་དགོང་གི་དུས་ཚོད་བེད་སྤྱད་ནས་རང་གི་སློབ་སྦྱོང་ལ་ལྟ་རྟོག་དང་སྦྱང་གཞིའི་དཀའ་གནད་སེལ་གྱི་རེད། རང་ལ་སྦྱང་གཞིའི་ཐོག་དཀའ་ཁག་ག་རེ་ཡོད་ན་ཐད་ཀར་ཁོང་ལ་འདྲི་ཆོག་ཅེས་བཤད། དེ་ནས་དངོས་གྲུབ་ལགས་ཀྱིས་དངུལ་ཁུག་ནས་སྒོར་སུམ་བརྒྱ་གཏོན་ཏེ་རྒན་བུ་ཁྲིད་ལགས་ལ་སྤྲད་དེ་ཁྱེད་རང་གཉིས་ཁ་ལག་ཡག་པོ་ཞིག་ཟོ་ཨ། ང་ལ་སྤྱི་གཉེར་ཁང་ནང་ལས་ཀ་ཡོད་པས་སྔོན་ལ་འགྲོ་ཡིན་ཞེས་ལབ། རྒན་བུ་ཁྲིད་ལགས་ཀྱིས་སྒོར་སུམ་བརྒྱ་དེ་མི་དགོས་ག་ཚོད་ལབ་ཀྱང་དངོས་གྲུབ་ཀྱིས་ཨུ་ཚུགས་ཆེན་པོས་ཚུར་སྤྲད། བུ་མོ་གཡང་ལགས་ཀྱིས་རྒན་ལགས་གང་གནང་གི་མ་རེད་ངའི་ཨ་ཕ་མི་དེ་འདྲ་རེད་ཅེས་ལབ། བུ་ཁྲིད་ཀྱི་མ་གཞི་ངས་རང་གི་ཨ་ཕ་རྒྱུས་མངའ་ཆེན་པོ་ཡོད། ཁོང་ནི་ང་ཚོའི་སྤྱི་གཉེར་ཁང་གི་བུ་མོ་ཚང་མའི་དགའ་མོས་བྱེད་སའི་ཕོ་ཁྱོ་ག་དངོས་དེ་རེད། མ་ཟད་ཁོང་གི་ལོ་ལྟར་མ་དངུལ་འབོར་ཆེན་བཏང་ནས་འཚོ་བའི་ཆ་རྐྱེན་ཞན་པའི་སློབ་གྲྭ་ཆེན་མོའི་སློབ་མ་མང་པོར་རོགས་རམ་གནང་གི་ཡོད། ང་ཡང་དེ་དག་གི་ཁྲོད་ནས་གཅིག་ཡིན་ཞེས་ལབ། ཉིན་དེ་ནས་བཟུང་བུ་མོ་གཡང་ལགས་ཀྱིས་སློབ་སྦྱོང་དང་ཀུན་སྤྱོད་གང་སྤྱིའི་ཐད་ལ་རྒན་བུ་ཁྲིད་ལགས་ཀྱིས་སྔ་ལངས་ཕྱི་ཉལ་གྱི་ལམ་སྟོན་སློབ་ཁྲིད་གནང་སྟེ་གཡང་ལགས་ཀྱི་སློབ་སྦྱོང་ལ་སྔར་མེད་ཀྱི་གཡུར་ཟའི་སྦྱང་འབྲས་ཐོབ་ཡོད། བུ་མོ་གཡང་ལགས་དང་རྒན་བུ་ཁྲིད་གཉིས་ཉིན་ལྟར་བཟའ་བཏུང་མཉམ་སྤྱོད་བྱས་ནས་ཟླ་བ་མང་པོ་སོང་། བུ་མོ་གཡང་ལགས་མོ་རང་ཡང་རྒན་བུ་ཁྲིད་ལགས་ལ་ཧ་ཨང་དགའ་པོ་ཡོད། ནམ་རྒྱུན་ཨ་ཅེ་བུ་ཁྲིད་ཅེས་འབོད་ཀྱི་ཡོད། ཉིན་ཞིག་བུ་མོ་གཡང་ལགས་སློབ་གྲྭ་གྲོལ་རྗེས་ཨ་ཅེ་བུ་ཁྲིད་ལགས་དང་མཉམ་དུ་སྨན་ཁང་ནང་གཡང་ལགས་ཀྱི་ཨ་མ་ལ་ལྟ་བར་ཕྱིན། ཁོ་གཉིས་སྨན་ཁང་གི་ཉལ་ཁང་ནང་དུ་བསླེབས་ལ་ཁད་དུས་ཨ་མ་དབང་མོའི་ཉལ་ཁང་ནང་འུར་ཟིང་ཆེན་པོ་ཡོད་པ་གོ མ་ཟད། ཨ་མ་དབང་མོས་སྨན་སྐོལ་སྣོད་དེ་ས་ལ་གཡུག་པའི་སྒྲ་ཏང་ཏང་ཏང་དང་། སྨན་རྣམས་ས་ལ་གཏོར་བའི་ཆེར་སྒྲ་ཁོ་གཉིས་ཀྱིས་ཐོས། དེ་ནས་གཡང་ལགས་དང་ཨ་ཅེ་བུ་ཁྲིད་གཉིས་ནང་དུ་འཛུལ་དུས་ཨ་མ་དབང་མོ་ཁོང་ཁྲོ་ཆེན་པོ་ལངས་ནས་བསྡད་འདུག དངོས་གྲུབ་ལགས་ཉལ་ཁྲིའི་འགྲམ་དུ་ལག་ཏུ་སྨན་སྣ་ཁ་ཤས་བཟུང་ནས་ཀྲོང་ངེར་ལངས་ནས་བསྡད་འདུག ཕ་དངོས་གྲུབ་ཀྱི་གཡང་ལགས་ལ་དེ་རིང་རང་གི་ཨ་མ་སེམས་པ་སྐྱིད་པོ་མི་འདུག རླུང་ཆེན་པོ་ལངས་འདུག་ཟེར་ཏེ་ཉལ་ཁང་གི་སྒོ་ཕྱི་ལ་བུད། སྒོ་འགྲམ་གྱི་རྐུབ་ཀྱག་སྟེང་དུ་དུ་བ་རྔུབ་ཞོར་དབུགས་རིང་རེ་གཉིས་གློད་ནས་མགོ་ལྟག་རྒྱབ་ལ་འཕྱང་སྟེ་ངལ་གསོ་རྒྱབ། རྒན་བུ་ཁྲིད་ལགས་ཀྱིས་གནས་ཚུལ་དེ་མཐོང་སྐབས་ཅུང་ཟད་མི་བཟོད་པའི་རྣམ་འགྱུར་དང་བཅས་སྤྱི་ཁྱབ་དངོས་གྲུབ་ལགས་ཀྱིས་གམ་དུ་བསྡད་དེ་ཁོང་གི་རྒྱབ་ལ་བཅག་བཅག་བྱས། རྒན་བུ་ཁྲིད་ལགས་ཀྱིས་བཅག་བཅག་དེས་དངོས་གྲུབ་ཀྱི་སེམས་ལ་སྟོབས་ཤུགས་དང་རེ་བ་གསར་པ་ཞིག་སྟེར། སྤྱི་ཁྱབ་དངོས་གྲུབ་དང་དགེ་རྒན་བུ་ཁྲིད་གཉིས་ཕན་ཚུན་ངོར་བལྟ་རེ་བྱས་ནས་ཅུང་ཙམ་འཛུམ་དགོད་བྱས། དེའི་ནུབ་མོ་རྒན་བུ་ཁྲིད་དང་གཡང་ལགས་གཉིས་རང་སྦྱོང་ལེགས་འགྲུབ་བྱུང་རྗེས། གཡང་ལགས་རང་སར་གཉིད་ཁུག ཨ་ཅག་བུ་ཁྲིད་གཡང་ལགས་ཀྱི་ཉལ་ཁང་ནས་དོན་ཏེ་རང་ཁྱིམ་ལ་ལོག་རྩིས་བྱས། ཚོམས་ཆེན་དུ་བསླེབས་དུས་སྤྱི་ཁྱབ་དངོས་གྲུབ་ལགས་ད་དུང་འབོལ་གདན་སྟེང་དུ་ལྟག་པ་དགྱེས་ནས་གཉིད་ཁུག་ཡོད་པ་མཐོང་། རྒན་བུ་ཁྲིད་ལགས་ཀྱིས་སྟོད་ཐུང་ཞིག་ག་ལེར་གཡོག་རྩིས་བྱེད་དུས་སྤྱི་ཁྱབ་དངོས་གྲུབ་གཉིད་ལས་སད། དངོས་གྲུབ་ལགས་ཀྱིས་བུ་ཁྲིད་རང་གང་དུ་འགྲོ་ཞེས་དྲིས། རྒན་བུ་ཁྲིད་ལགས་ཀྱིས་ཟུར་ཁྲིད་ཚར་སོང་ང་ནང་ལ་ལོག་འགྲོ་གི་ཡིན་ཞེས་བཤད། སྤྱི་ཁྱབ་དངོས་གྲུབ་ལགས་ཀྱིས་ངས་རླངས་འཁོར་བཏང་ནས་རང་ནང་ལ་བསྐྱལ་ཆོག་ཟེར། རྒན་བུ་ཁྲིད་ཀྱིས་མི་དགོས། ང་སྤྱི་སྤྱོད་རླངས་འཁོར་ལ་བསྡད་ནས་འགྲོ་ཆོག་ཅེས་བཤད། དེའི་ནུབ་མོར་སྤྱི་ཁྱབ་དངོས་གྲུབ་ལགས་ཀྱིས་རླངས་འཁོར་བཏང་སྟེ་རྒན་བུ་ཁྲིད་ཁྱིམ་དུ་བསྐྱལ། ལམ་བར་དུ་ཁོ་གཉིས་གཅིག་གིས་གཅིག་ལ་ཅུང་ཟད་དགའ་བ་དང་ངོ་གནོང་བའི་ཚུགས་ཀ་དང་བཅས་ཕན་ཚུན་ཁ་བརྡ་ཚིག་གཅིག་ཀྱང་བྱུང་མེད། རྒན་བུ་ཁྲིད་ལགས་ཀྱི་བསྡོད་ཁུལ་དུ་བསླེབས་རྗེས་རླངས་འཁོར་ཁ་བཀག་སྟེ་སྐད་ཆ་བཤད་ནས་ཡུད་ཙམ་འགོར། དུས་ཚོད་ཕྱེད་ཀ་ཙམ་སོང་རྗེས་རྒན་བུ་ཁྲིད་ལགས་ཀྱིས་བློ་ཁོག་དང་བཅས་རང་འགུལ་ངང་སྤྱི་ཁྱབ་དངོས་གྲུབ་ལགས་ཀྱི་འགྲམ་སྟེང་དུ་འོ་ཞིག་བྱས་ནས་རླངས་འཁོར་སྒོ་ཕྱེས་ཏེ་ཕྱི་ལ་བུད། སྤྱི་ཁྱབ་དངོས་གྲུབ་ལགས་ཀྱི་སེམས་ལ་ཅུང་ཟད་ཡ་མཚན་དང་དགའ་སྣང་གིས་ཚོར་འདུ་ཟབ་མོའི་ཀློང་དུ་དུས་ཚོད་ཡུན་རིང་ཞིག་གཅིག་པུར་རླངས་འཁོར་ནང་ཧོན་ཐོར་ནས་ལུས། མ་ཟད་ལག་པ་གཡས་པས་འགྲམ་པར་ག་ལེར་བྱུག་ཞོར་ཧ་ཅང་དགའ་བའི་ངང་དུ་ལུས། གནས་ཚུལ་དེ་སྤྱི་ཁྱབ་ཁོང་གི་ངོས་ནས་བཤད་ན་ཧ་ཅང་བསམ་ཡུལ་ལས་འདས། དེའི་དགོང་མོ་ཁོ་གཉིས་གཉིས་ཀ་གཉིད་མ་ཁུག་པར་ཕན་ཚུན་དྲན་རེས་བྱས་ནས་བསྡད། སྤྱི་ཁྱབ་དངོས་གྲུབ་ཡར་ལངས་སྟེ་སྒོ་ཕྱིར་འཆམ་འཆམ་ལ་བུད། བསམ་ཡུལ་ལས་འདས་པ་ཞིག་ལ་རྐང་ཐང་ལམ་ནས་ཡང་བསྐྱར་བུ་ཁྲིད་ལགས་དང་ཏག་ཏག་གདོང་ཐུག་རྒྱབ། ནུབ་མོ་དེའི་གནས་ཚུལ་རེ་རེ་དངོས་གྲུབ་ཀྱི་བློ་ཡུལ་འདས་པ་རྐྱང་རྐྱང་བྱུང་། སྤྱི་ཁྱབ་དངོས་གྲུབ་ལགས་ཀྱིས་བུ་ཁྲིད་ལ་རང་གང་དུ་འགྲོ་ཞེས་སྐད་ཆ་དྲིས། བུ་ཁྲིད་ཀྱིས་སྐད་གདངས་དམའ་མོས་དེ་ལྟར་བཤད། དེ་རིང་ངའི་སྐྱེ་སྐར་རེད། གྲོགས་མོ་ཁ་ཤས་དང་མཉམ་དུ་སྐྱེ་སྐར་སྟབས་བདེ་ཞིག་གཏོང་རྩིས་ཡོད། སྤྱི་ཁྱབ་དངོས་གྲུབ་ལགས་ཀྱིས་ང་ཡང་མཉམ་དུ་འགྲོ་ན་ཨེ་ཆོག་ཅེས་བློ་ཁོག་ཆེན་པོས་དྲིས། བུ་ཁྲིད་ཀྱིས་ཀྱང་དེ་ལྟར་མོས་མཐུན་བྱས་ཐོག་ཁོ་གཉིས་བུ་ཁྲིད་ཀྱི་གྲོགས་མོ་ཚོ་དང་མཉམ་དུ་བུ་ཁྲིད་ཀྱིས་སྐྱེ་སྐར་གཏོང་བར་ཕྱིན། དེའི་ནུབ་མོར་མཚན་མོའི་སྤྲོ་སྐྱིད་ཁང་ཞེས་པའི་ཨར་ཁང་ཞིག་གི་ནང་བུ་ཁྲིད་ཀྱི་གྲོགས་མོ་ཚོ་དང་མཉམ་དུ་སྐྱེ་སྐར་ལ་རོལ། གྲོགས་མོ་རེ་རེས་བུ་ཁྲིད་ལ་འགུལ་རྒྱན་དང་ལག་རྒྱན། དེ་མིན་མཛེས་བཟོའི་ཅ་ལག་སོགས་སྐྱེ་སྐར་གྱི་ལག་རྟགས་སྣ་མིན་སྣ་ཚོགས་མང་པོ་སྤྲད། སྤྱི་ཁྱབ་ཆེན་མོས་སྔོན་ནས་སྐྱེ་སྐར་ཡིན་མིན་མ་ཤེས་སྟབས་ལག་རྟགས་གང་ཡང་གྲ་སྒྲིག་བྱས་མེད། ད་ལྟ་ཁོང་གིས་དངུལ་ཁུག་ནས་དངུལ་དམར་ལེན་ནས་སྤྲོད་རྒྱུ་ལས་ཐབས་ཟད། 

མཚན་གུང་ཆུ་ཚོད་གསུམ་པའི་གཡས་གཡོན་དུ་བུ་ཁྲིད་ཀྱི་གྲོགས་མོ་མང་ས་ར་བཟི་ནས་ནང་ལ་ལོག་ཕྱིན། འུར་ཟིང་ཆེ་བའི་ཨར་ཁང་དེའི་ནང་དུ་ཕལ་ཆེར་ཁོ་གཉིས་ལས་ལྷག་མེད་པའི་སྣང་བ་ཞིག་ཀྱང་བྱུང་ལ། ཁོ་གཉིས་མ་གྲོས་གཅིག་མཐུན་གྱིས་ཨ་རག་དམར་པོའི་ཉིང་ཁུ་འཐུང་ནས་ར་བཟི་བར་གྱུར། དེའི་དགོང་མོ་ཁོ་གཉིས་དབར་ལ་ཐེངས་དང་པོར་ཚུལ་མིན་གྱིས་འབྲེལ་བ་བྱུང་ཡོད།གནས་ཚུལ་དེ་ལྷག་པའི་སང་ཉིན་ཞོགས་པ་དེར་རྒན་བུ་ཁྲིད་སྔར་རྒྱུན་ལྟར་གཡང་ལགས་ལ་ཞོགས་འདོན་ཁྲིད་སར་བསླེབས། དེ་ཉིན་གཡང་ལགས་ཀྱི་མིག་སྔུན་དུ་རྒན་བུ་ཁྲིད་ལགས་སྔར་དང་མི་འདྲ་བར་ཅུང་ཟད་ཚག་ཚིག་དང་གནོང་བག་གི་རྣམ་འགྱུར་ཡོད་པ་ཤེས། རྒན་བུ་ཁྲིད་ལགས་ག་རེ་གནང་སོང་ཞེས་སེམས་རྩ་ཁོལ་པོས་དྲིས། 

དེ་ནས་རྒྱུན་ལྡན་ལྟར་རྒན་བུ་ཁྲིད་ལགས་དང་གཡང་ལགས་གཉིས་དུས་མང་པོ་འདས། འོན་ཀྱང་། ཨ་ཅེ་དབང་མོ་སྨན་ཁང་ནང་བསྡོད་རིང་དངོས་གྲུབ་དང་བུ་ཁྲིད་གཉིས་དབར་ལ་བྲེལ་བ་ཟབ་མོ་ཞིག་ཆགས། ཉིན་དེའི་རིང་ཁོ་གཉིས་མཚན་གང་པོ་མཉམ་དུ་བསྡོད་ཀྱི་ཡོད། མ་ཟད་གཡང་ལགས་ལ་ངང་ངང་ཤུགས་ཀྱིས་དོགས་པ་ཕྲན་ཙམ་ཞིག་བྱུང་། འོན་ཀྱང་ཁོ་མོས་བསམ་ཡུལ་ལས་འདས་པའི་གནས་ཚུལ་དེ་འདྲ་གཏན་ནས་ཡོང་མི་སྲིད་བསམ་སྟེ་སོ་སོར་བློ་ཡན་ལ་འཁྲུལ་བ་བསམ། ཨ་ཕ་དང་རྒན་ལགས་གཉིས་ལ་སྔར་བཞིན་ཡིད་ཆེས་བརྟན་པོར་བྱས། 

ཉིན་ཞིག་གིས་དགོང་མོར་གཡང་ལགས་ཀྱི་གནས་ཚུལ་དེ་དངོས་གནས་ཡིན་པ་གཞི་ནས་ཚོར། གློ་བུར་དུ་ཕ་དངོས་གྲུབ་ཀྱི་བྱེད་སྟངས་ཡིད་ལ་ཤར་ནས་ཁོང་ཁྲོའི་མེ་ལྕེ་དབང་མེད་དུ་འབར། རྒན་བུ་ཁྲིད་དང་ང་གཉིས་དབར་བརྩེ་བ་ཧ་ཅང་ཟབ་མོ་ཡོད། ཁོ་མོས་འདི་ལྟར་བྱེད་དོན་ཅི་ཡིན་ཞེས་ག་བྱེད་མེད་པར་མིག་ཆུའི་དོ་ཤལ་བྲང་ལ་དཀྲིས། ཉིན་དེའི་དགོང་མོར་གཡང་ལགས་རྒྱུན་ལྡན་ལྟར་སློབ་གྲྭ་གྲོལ་སྟེ་ཁྱིམ་ལ་འབྱོར། དཔེ་ཁུག་ཕར་ལ་བཞག་ནས་འབོལ་གདན་ལ་བསྙེས་ནས་བསྡད། ཕ་དངོས་གྲུབ་ཏག་ཏག་དགོང་ཟས་བཟོ་བར་ཕྱིན། དེ་རིང་ཁ་པར་དེ་སྒྲོག་རྩེའི་སྟེང་ལུས། ཏིང་ཏིང་་་་ཞེས་ལུ་གུ་རྒྱུད་དུ་འཕྲིན་ཐུང་གསུམ་སླེབས། གཡང་ལགས་ཀྱིས་ཁ་པར་ཚུར་བླངས་ནས་བལྟ་ཙམ་བྱེད་འདོད། འཕྲིན་ཐུང་དང་པོར། སྤྱི་ཁྱབ་དངོས་གྲུབ་ལགས། ཁ་སྔོན་ནུབ་མོར་ངེད་གཉིས་དབར་ལུས་འབྲེལ་བྱུང་བ་དེ་ནས་བཟུང་ངའི་ལུས་སེམས་གཉིས་ཀ་ཁྱེད་ཕྱོགས་སུ་དབང་མེད་ཤོར། དུས་དེ་ནས་ཉིན་མོའི་དྲན་པ་དང་མཚན་མོའི་རྨི་ལམ་ནི་ཁྱེད་ཁོ་ན་ལས་མེད། འོན་ཀྱང་། ཁྱེད་ནི་ཁྱིམ་ཚང་གི་བདག་པོ་རེད། ད་ལྟ་ང་ལ་ན་ཟུག་དེས་ཅི་དགོས་ཤེས་མ་སོང་། གནས་སྐབས་གནས་ཚུལ་དེ་སུས་ཀྱང་ཤེས་དོགས་བྱེད་དགོས། ལྷག་པར་དུ་གཡང་ལགས། ངས་གཡང་ལགས་ལ་གདོང་གང་འདྲ་བསྟན་དགོས་མིན་ཤེས་མ་སོང་། དངོས་གྲུབ་ལགས་ཁྱེད་ཀྱིས་གནས་ཚུལ་དེར་བསམ་བློ་བཏང་ཨེ་ཡོད། འཕྲིན་ཐུང་གཉིས་པ། སྤྱི་ཁྱབ་དངོས་གྲུབ་ལགས། ད་ལྟ་ང་ཆེས་སྐྲག་ཤོས་དེ་ང་ལ་གཟུགས་པོ་འཁོར་ཡོད་ན་བསམ་པའི་སྐྲག་སྣང་དེ་རེད། ངེད་གཉིས་བསྟུད་མར་ཉིན་མཚན་བདུན་ཙམ་ལུས་འབྲེལ་བྱུང་འདུག དེའི་རིང་ཁྱེད་ནས་སྦྲུམ་འགོག་སྲུང་ཤུབས་གྱོན་མེད་ལ།ངས་ཀྱང་འབྲུམ་འགོག་ཁོང་སྨན་བཏང་མེད། བྱས་ཙང་། ང་ཧ་ཅང་སྐྲག་གི་འདུག འཕྲིན་ཐུང་གསུམ་པ། དངོས་གྲུབ་ལགས། དོ་དགོང་ཡོང་དུས་ཚུར་ལམ་སྒོ་བསྟེན་སྨན་ཁང་ཞིག་ནས་ང་ལ་སྦྲུམ་ཐུར༼ མངལ་འབྲུམ་མིན་ལྟ་བྱེད་ཀྱི་ཁབ་ཐུར་ཞིག༽ཞིག་ཉོ་རོགས། ཞེས་པའི་སྔ་ཕྱིའི་འཕྲིན་པ་གསུམ་པོ་གཡང་ལགས་ཀྱིས་མིག་སྔུན་དུ་སྣང་། འཕྲིན་པ་གསུམ་པོས་བུ་མོ་གཡང་ལགས་ཀྱིས་ཁོག་པའི་ལྷིང་འཇག་ཡོད་ཚད་ས་ཆེན་པོ་འགུལ་བ་ལྟར་དུ་དཀྲུག ཁོ་མོས། ད་དུང་ཡང་དོན་དངོས་དེར་དོགས་འཚེར་གཅིག་རྗེས་གཉིས་ཐུད་དུ་སྐྱེས། གཅིག་ནི་ཕ་དང་གཅིག་ཤོས་ནི་དགེ་རྒན། གཡང་ལགས་ཀྱིས་ཁོ་གཉིས་ལ་ཅི་ཞིག་བཤད་འདོད་པའི་སྐད་ཆ་དེ་ད་དུང་ཡང་གློ་སྙིང་མཆིན་གསུམ་དབར་ནས་དྲན་མ་སོས། སྙིང་ཁ་རྡིར་རྡིར་འདར་གིན་དུ་སྨན་ཁང་ནང་ཨ་མ་ལྟ་བར་རྒྱུག ལམ་བར་དུ་མིག་ཆུའི་ཕྲེེང་བ་རྡོལ། ཨ་མས་ཁོ་མོར་ཅི་ཞིག་རེད་སོང་སོགས་རྒྱུ་མཚན་དྲིས་ཀྱང་ཡ་ལན་རྒྱབ་པའི་རྒྱུ་བ་མ་མཆིས། ནུབ་མོ་དེ་རང་དུ་ཨ་ཅེ་བུ་ཁྲིད་ལ་གནས་ཚུལ་ཁ་གསལ་འདྲི་རྒྱུའི་དམ་བཅའ་བཞག སྔར་རྒྱུན་ལྟར་རྒན་བུ་ཁྲིད་སློབ་ཁྲིད་ལ་འཁོར། གཡང་ལགས་ཉལ་ཁང་ནང་རྒྱུན་དང་མི་འདྲ་བར་ཁུ་སིམ་མིར་གནས། རྒན་བུ་ཁྲིད་ནང་ལ་འཛུལ་རྗེས་གཡང་ལགས་ཀྱིས་སྒོ་དམ་པོར་རྒྱབ་ནས་ཁོ་གཉིས་དབར་ཀྱི་གནས་ཚུལ་ཆ་ཚང་འགྲེལ་བཤད་རྒྱབ་རྒྱུའི་རེ་བ་གཏོན། ཐོག་མར། རྒན་བུ་ཁྲིད་ཁ་སྐྱེངས་ངོ་ཚ། གདོང་དམར་པོར་གྱུར་ནས་སྐད་ཆ་ཚིག་གཅིག་སྨྲ་སྤོབས་བྲལ། གཡང་ལགས་ཀྱི་ངུ་ཤུམ་རེ་རེས་རྒན་བུ་ཁྲིད་ལགས་ཀྱི་གསང་ཚིག་ཡོད་ཚད་དབང་མེད་དུ་རྡོལ། མ་ཟད། གཡང་ལགས་མ་སྨད་ལ་དགོངས་དག་ཞུས། གང་ལྟར། སྤྱི་ཁྱབ་དངོས་གྲུབ་ལགས་ཀྱིས་ཁོ་མོར་བཅང་པའི་བརྩེ་དུངས་དེ་ལྷད་མེད་དྭངས་གཙང་ཡིན་པས་ཁྱེད་གཉིས་ཕྱི་བཤོལ་བྱེད་དགོས་པར་བཤད། སྐབས་དེར་བུ་མོ་གཡང་ལགས་ཀྱིས་འདི་ལྟར་བཤད། རྒན་ལགས། ངའི་ཕ་མ་གཉིས་ཀྱིས་དབར་ལ་ལོ་མང་སྐྱིད་སྡུག་རེས་མོས་ཀྱིས་མྱོས་པའི་བཟའ་ཚང་གི་བརྩེ་དུང་ཡོད་པས་ངའི་ཨ་ཕས་དེ་ལྟར་རྒྱུ་མཚན་དང་དམིགས་ཡུལ་མེད་པར་ཁྱེད་དང་ནམ་ཡང་འགྲོགས་མི་སྲིད་ལ།ཁྱེད་ལ་བཅང་པའི་བརྩེ་དུངས་དེ་ཡང་གཡོ་སྒྱུ་དང་གནས་སྐབས་ཡིན་པས་ཁྱེད་ཀྱིས་བསམ་བློ་ནན་མོ་གཏོང་རོགས་ཞེས་གོ་བ་སྤྲད། ཨ་ཅེ་བུ་ཁྲིད་དེ་ཙམ་ཡིད་མ་ཆེས། དེའི་སྐབས་སུ་གཡང་ལགས་ཀྱིས་བློ་ཐབས་འདི་འདྲ་ཞིག་དྲན།སང་ཉིན་ང་སློབ་གྲྭ་གྲོལ་རྗེས་ཨ་ཅག་རང་ངའི་རྗེས་སུ་སྙེགས་ཏེ་ཡོང་ནས་ང་ཚོའི་སྒོ་ཁར་སྐད་ཆ་ཉན་ནས་འདུག་རོགས། དེ་མིན་གང་ཡང་བྱེད་མི་དགོས།སྐབས་དེ་དུས་ངའི་ཨ་ཕས་ཁྱེད་རང་ལ་བཅང་པའི་བརྩེ་དུངས་དེ་ལྷད་མེད་ཡིན་མིན་ཤེས་ངེས་ཡིན་ཞེས་གྲོས་སུ་འཆམ། 

གཡང་ལགས་སློབ་གྲྭ་གྲོལ་རྗེས་ལམ་བར་གྱི་སྨན་ཁང་ཞིག་ནས་འབྲུམ་འགོག་སྲུང་ཤུབས་དེ་ཉོས། མ་ཟད་ཁོ་མོས་ཤོག་སྒམ་ཁ་ཕྱེ་ནས་གཉིས་གད་སྙིགས་བླུགས་སྒམ་ནང་དོར་བ་དང་མང་ཤོས་དེ་དག་ཤོག་སྒམ་ཁ་ནས་ཅུང་ཟད་འཛར་བའི་རྣམ་པར་བྱས། ཁྱིམ་ལ་བསླེབས་རྗེས་ཁོ་མོས་དཔེ་ཁུག་སྒྲོག་རྩེའི་སྟེང་དུ་གཞག་ནས་མོ་རང་ཁྲུས་ཁང་ནང་གཟུགས་པོ་བཀྲུ་བར་ཕྱིན། གཡང་ལགས་ཀྱི་ཕས། བུ་མོ། གཡང་ལགས། རང་སླེབས་ཚར་སོང་ངམ་ཞེས་འདྲི་ཞོར་དཔེ་ཁུག་དེ་ཡར་བླངས་ནས་གཡང་ལགས་ཀྱི་ཉལ་ཁང་ནང་གཞག་རྩིས་བྱེད་དུས། ཡང་བློ་ཡུལ་ལས་འདས་པ་ཞིག་ལ་གཡང་ལགས་ཀྱི་གྱི་དཔེ་ཁུག་ནང་དུ་ཁ་ཕྱེ་ཚར་བའི་སྦྲུམ་འགོག་སྲུང་ཤུབས་སྒམ་གཅིག་ཡོད་པ་མཐོང་། མ་ཟད་དེ་ནས་ཁ་ཤས་ཚང་མེད་པའང་ངང་གིས་ཤེས། གཡང་ལགས་ཀྱི་ཕས་སྦྲུམ་འགོག་སྲུང་ཤུབས་དེ་མཐོང་མ་ཐག་ཁོང་ཁྲོ་ཆེན་པོ་ལངས་ནས་གཡང་ལགས་ཞེས་སྐད་ཤུགས་ཆེན་པོས་བོས། གཡང་ལགས་ཀྱི་སྐད་དེ་གོ་མ་ཐག་ལམ་སང་ཨ་ཕའི་འགྲམ་དུ་རྒྱུག་ཡོང་བ་རེད། གཡས་ལགས་ཀྱི་ཕས་བུ་མོར། གཡང་ལགས། འདི་ག་རེ་རེད། ཅ་ལག་འདི་ག་རེ་རེད། ཅེས་ཁོང་ཁྲོ་དང་བཅས་ནན་གྱིས་དྲིས། མ་ཟད་རང་གི་དགའ་རོགས་སུ་རེད། རང་དང་འཛིན་གྲྭ་གཅིག་པ་རེད་དམ་ཡང་ན་སུ་རེད་ཅེས་དྲིས། འོན་ཀྱང་། བུ་མོ་གཡང་ལགས་ཀྱིས་དེ་ཙམ་གྱི་སྐྲག་སྣང་དང་དོ་སྣང་མེད་པའི་ཐོག་ནས། ཁོང་ང་དང་འཛིན་གྲྭ་གཅིག་པ་མ་རེད། ཁོང་ད་ཆ་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་རེད། མ་ཟད་ང་ལས་ལོ་བཅོ་ལྔ་ཆེ་བ་ཡོད་རེད། ད་དུང་ཁོང་ལ་བཟའ་ཟླ་དང་ཕྲུ་གུ་ཡང་ཡོད་རེད་ཅེས་ཡིན་མདོག་གིས་བཤད།གཡང་ལགས་ཀྱི་ཕ་ག་བྱེད་འདི་བྱེད་མེད་པར་བུ་མོ་གཡང་ལགས་ལ་ལ་འགྲམ་ལྕག་ཚ་ཐག་ཆོད་གཅིག་བཞུས་ནས་རང་ད་ལྟ་ལོ་བཅུ་བདུན་རེད། མཐའ་ན་སློབ་གྲྭ་ཆེན་མོ་ཡང་ཐོན་ཡོད་མ་རེད་ཅེས་ངར་ངར་གྱིས་བཤད། གཡང་ལགས་ཀྱི་ཡང་སྣང་མེད་ངང་དུ་འདི་ལྟར་ལབ། ངས་ང་རང་ལས་ལོ་བཅོ་ལྔ་ཆེ་བའི་གཞོན་པ་གཅིག་བཙལ་ནས་མཉམ་དུ་བསྡད་ན་ང་ལ་བདེ་སྐྱིད་ཐོབ་ཀྱི་རེད་བསམ་བྱུང་ལ། ང་ལ་མི་ཚེའི་དགའ་སྐྱིད་ཀྱི་བྲོ་བ་རྙེད་ཀྱི་རེད་བསམ་གྱི་ཡོད། མ་ཟད་ཨ་ཅེ་བུ་ཁྲིད་ལགས་ཀྱིས་དགའ་རོགས་ཡང་མོ་རང་ལས་ལོ་བཅོ་ལྔས་ཆེ་བ་འདུག ད་དུང་ཨ་ཅག་བུ་ཁྲིད་ལགས་ཀྱི་དགའ་རོགས་ལ་བཟའ་ཟླ་དང་ཕྲུ་གུ་ཡོད་རེད་ཟེར་གྱི་འདུག ད་དུང་ཨ་ཅེ་བུ་ཁྲིད་ལགས་ཀྱིས་ང་ལ་བཤད་རྒྱུར་ངའི་ལོ་ཚོད་དེར་དགའ་རོགས་འདམས་གསེས་བྱེད་པའི་དབང་ཆ་ཡོད་རེད་ཟེར། གཡང་ལགས་ཀྱི་ཕས་གནས་ཚུལ་དེ་དག་ཚང་མ་བུ་ཁྲིད་ཀྱིས་རང་ལ་བསླབ་བྱུང་ངམ་ཞེས་དྲིས། 

ཕ་དངོས་གྲུབ་ཀྱིས་རྣམ་འགྱུར་དྲག་པོའི་ཐོག་ནས་འདི་ལྟར་བཤད། རང་སློབ་ཆེན་མ་ཐོན་བར་སུ་ལའང་དགའ་རོགས་སྒྲིག་ཆོག་མི་ཡོང་། མ་ཟད་སློབ་གྲྭ་ཐོན་རྗེས་རང་ལས་ལོ་བཅོ་ལྔ་ཙམ་ཆེ་བའི་མི་དང་དེ་བས་དགའ་རོགས་བྱེད་མ་ཡོང་ཞེས་འུ་ཐུག་ཐབས་ཟད་ཀྱི་ངང་བཤད། མ་གཞི་ནས་ཁྱིམ་ཚང་དང་བུ་རྒྱུད་ཡོད་པའི་མི་ཞིག་གིས་ནམ་ཡང་ཁྱེད་ལ་བརྩེ་དུངས་ངོ་མ་དེ་སྤྲད་མི་སྲིད་ཞེས་སྐད་ཤུགས་ཆེན་པོས་བཤད། 

སྐད་ཆ་དེའི་མཇུག་མ་རྫོགས་གོང་། སྒོ་འགྲམ་དུ་ཏག་ཏག་ཞེས་པའི་གོམ་སྒྲ་མགྱོགས་པོ་ཞིག་ཐོས། དེ་དང་བསྟུན་དངོས་གྲུབ་ཀྱི་སྒོ་ཕྱེ་ནས་བལྟ་ཙམ་བྱེད་དུ།སྐྲ་ལོའི་ཉག་མ་ལྟག་པའི་རྒྱབ་དུ་ཟིང་ཞིང་། གོམ་པའི་འགྲོས་བཞིན་སྐྲ་ཉག་ཚོམ་བུ་རླུང་གིས་གཡུག ལག་གཡས་མིག་ཆུ་ཕྱིས་པའི་རྣམ་པ་དང་ལག་གཡོན་ཕར་གཡུག་ཚུར་གཡུག་བྱེད་བཞིན་གོམ་བགྲོད་ཅུང་ཟད་མགྱོགས་པོར་སྤོས་ནས་ཁོ་མོ་བུད་འགྲོ་བ་མཐོང་། དེ་མུར་དངོས་གྲུབ་ཀྱིས་རྗེས་དེད་རུང་རྗེས་མ་ཟིན་གོང་ཁོ་མོ་གླ་བྱེད་རླངས་འཁོར་བསྡད་ནས་སོང་། མི་རིང་བར་ཁོ་མོས་འཕྲིན་ཐུང་ཞིག་བསྐུར། ནང་དོན།  སྤྱི་ཁྱབ་དངོས་གྲུབ་ལགས། ཉིན་དེ་དག་རིང་ཁྱེད་ནས་ང་ལ་བརྩེ་བའི་དྲོད་ཁོལ་སྦྱིན་གནང་བར་བཀའ་དྲིན་ཆེ། མ་གཞི་དོན་དག་དེར་ངས་ཡུན་རིང་ཞིག་བསམ་བློ་འདྲ་མིན་མང་པོ་བཏང་མྱོངས། འོན་ཀྱང་། ང་ལ་བློ་ཐག་ཆོད་པའི་ཐབས་ཞིག་བཙལ་ནས་རྙེད་མ་སོང་། མ་གཞི་བརྩེ་དུང་ཟེར་བ་དེར་ཕྱོགས་གཉིས་ནས་དགའ་མོད་དང་བརྩི་འཇོག་བྱེད་དགོས་པའི་རྒྱུ་ཞིག་ཡིན་མོད། དེ་ལ་ཕྱོགས་གཅིག་རྐྱང་པས་གསོ་སྐྱོང་ཐུབ་པ་ཡེ་ནས་མ་རེད།ཉིན་དེ་དག་རིང་། ངའི་བསམ་ཚོད་ལ་ཁྱེད་དང་ངེད་གཉིས་ཀྱི་བརྩེ་དུང་དེ་དངོས་གནས་དྭངས་གཙང་ལྷད་མེད་ཞིག་རེད་བསམ། ཡང་སྐབས་རེ། གཡང་ལགས་དང་མཉམ་དུ་འགྲོ་དུས། ང་ངོ་མ་བུད་མེད་སྡུག་ཅག་ཞིག་རེད་བསམ་ནས་གནོང་འགྱོད་ཡང་ཤོར་མྱོངས། གང་ལྟར། ཁྱེད་ལ་བཅང་པའི་ལྷད་མེད་དྭངས་གཙང་གིས་བརྩེ་དུངས་གསོན་པོ་དེའི་ཆེད་དུ་ངས་ཡོད་ཚད་སྣང་མེད་བྱས་སྟེ་བསྐྱུར་མྱོང་། དངོས་གྲུབ་ལགས། དེ་རིང་ངས་གཞི་ནས་ཤེས་སོང་། དོན་དངོས་ཐོག་ཁྱེད་ཀྱི་སེམས་གཏིང་ན་ཡོད་པ་དེ་ནམ་ཡང་ང་མ་རེད། ངས་ད་བར་དུ་ཁྱེད་འཚོ་བར་སུན་སྣང་སྟེར་སོང་བས་དགོང་པ་དྭངས། དེ་རིང་གིས་གནས་ཚུལ་དེ་ང་དང་གཡང་ལགས་གཉིས་ཀྱིས་ཁྲབ་ཚན་ཞིག་ཡིན། ངས་ཁོ་མོའི་རེ་བ་དང་བསམ་ཚོད་ལྟར་འདི་འདྲ་བྱས་པ་ཡིན། ད་ངས་ཤེས་སོང་། དེ་རིང་ནས་བཟུང་ང་ཁྱེད་ཀྱི་འཚོ་བའི་འཁོར་ཡུག་ནས་ཕྱིར་འཐེན་བྱེད་ཀྱི། མཇུག་ཏུ། ཁྱེད་ཀྱི་མི་ཚེ་བདེ་སྐྱིད་ལྡན་པར་ཤོག སྐུ་གཟུགས་ལ་ཐུགས་ཁུར་གནང་རོགས།  ཞེས་འཁོད། ཉིན་དེའི་ཕྱི་དྲོར་དངོས་གྲུབ་དང་གཡང་ལགས་གཉིས་མེ་འཁོར་བབས་ཚུགས་སུ་ཐོན། སྒུག་ཡུན་མི་རིང་བར་རྒན་བུ་ཁྲིད་འབྱོར།

རྒན་བུ་ཁྲིད་ལགས་ནི། 

ནག་ཅིག་སྣུམ་པའི་སྐྲ་ལོའི་ཟེག་མ་ལྟག་པའི་རྒྱབ་དུ་ལྷོད་པོར་ཤད། །མིག་ཟུང་མཐའ་འཁོར་དམར་ནག་ཚོན་རྩིས་རབ་ཏུ་མཛེས། 

མཆུ་སྒྲོས་དམར་སྨུག་ཅུང་ཟད་འོད་དང་ལྡན་པར་བྱས། 

བྱད་བཞིན་ཁོ་ན་བཅུ་དྲུག་ལང་ཚོས་ཤིན་ཏུ་མྱོས། 

སྐེ་དཀྲིས་དམར་ཁྲ་ཅུང་ཟད་ལྷོད་པོར་སྣེ་གཉིས་བྲང་ཀའི་དབུས་སུ་མཛེས། 

ཀ་ཅི་སྲབ་པའི་རས་གོས་འོག་ན་འདོད་པའི་མྱོས་བུམ་ལྷག་ཏུ་མཛེས། 

ཀོ་ལྷམ་ཡུ་རིང་སྣུམ་ཞག་དོད་པོ་ཁོ་མོའི་ལང་ཚོའི་རྒྱན་སུ་སྤྲད། 

གཟུགས་དང་ལང་ཚོ་ཀུན་ལས་ཁྱད་འཕགས་སྒེག་ཉམས་ལྡན་པ་ཁོ་བོར་སྣང་། 

རྒན་བུ་ཁྲིད་ལགས་རྡོག་ཐོན་ཁར། བུ་མོ་གཡང་ལགས་དང་ཡུད་ཙམ་འཐམ་རེས་བྱས་ནས་བསྡད། མ་ཟད་གཡང་ལགས་ཀྱིས་ཆེས་མཐའ་མའི་གྱེས་བྲལ་དེར་རྒན་ལགས་ལ་བཀའ་དྲིན་མཚོན་བྱེད་དྲི་ཞིམ་མེ་ཏོག་ཆུན་པོ་ཞིག་ཕུལ། ཨ་ཅེ་བུ་ཁྲིད་སེམས་འགུལ་ཐེབས་དྲག་ཏེ་མིག་ཆུ་ཡང་དབང་མེད་ཤོར། དེ་དངོས་སུ་ཁ་གྱེས། ལག་གཡུག་དང་བཅས་ཁོ་མོ་མི་ཚོགས་ཁྲོད་མཐོང་རྒྱུ་མེད་པ་ཆགས། སྤྱི་ཁྱབ་དངོས་གྲུབ་དང་གཡང་ལགས་གཉིས་ཀ་ཅུང་ཟད་སྐྱོ་བས་ངང་དུ་ཕྱིར་ལོག་ཏུ་འཁོར། 

༢༠༡༧ལོའི་ཟླ་བ་༡༠ཚེས་༡༡ཉིན་ནན་ཅིང་ནས་རྫོགས་པར་བྱས།

 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2017-12-11 21:16 , Processed in 0.293370 second(s), 22 queries .

返回顶部