博客西藏在最高处过一种生活

日志

སངས་རྒྱས་ཆོས་ལུགས་པས་ཤ་ཆང་སྤྱོད་རུང་མི་ར ...

热度 1已有 3314 次阅读2014-2-25 12:34 |个人分类:藏文文章|系统分类:信仰

 
སངས་རྒྱས་ཆོས་ལུགས་པས་ཤ་ཆང་སྤྱོད་རུང་མི་རུང་དང་། གྲྭ་རྟགས་འཛིན་པའི་

འདོད་ཆེན་ཡི་དྭགས་ཀྱི་རིགས་ཀྱི་བཟོ་ལྟ་བཤད་པ།

 

        དང་པོ། སངས་རྒྱས་ཆོས་ལུགས་པས་ཤ་བཟའ་རུང་མི་རུང་གི་དོན་བཤད་པ། བཟའ་བཏུང་ནི་མི་རྣམས་ཀྱི་སྲོག་འཚོ་བའི་ཆ་རྐྱེན་དང་བོ་ཡིན་ལ། ཆོས་ལུགས་དད་མོས་ནི་མི་རྣམས་ཀྱི་ཉེར་མཁོ་རིམ་པ་གསུམ་པར་ཐེ་ཡོད། མི་རྣམས་སྲོག་འཚོ་བའི་གཞི་རྩའི་སྟེང་ནས་ཆོས་ལུགས་ལ་དད་པ་བྱེད་དགོས་པས། བཟའ་བཏུང་ནི་མི་རྣམས་ཀྱི་ཉེར་མཁོ་ཨང་དང་པོ་ཡིན། དེ་ཡང་བཟའ་བཏུང་ནི་མི་རྣམས་ཀྱི་ཐོན་བསྐྱེད་དང་འཚོ་བའི་ཆ་རྐྱེན་གནས་པའི་འཁོར་ཡུག་གི་ཆ་རྐྱེན་རྟེན་འབྲེལ་ལས་བྱུང་བ་ཡིན་པས། ནགས་ཚལ་དུ་གནས་པའི་གདོད་མའི་མི་རྣམས་རྔོན་པའི་ལས་བྱེད་ཅིང་། ཟས་སུ་རི་དྭགས་ཀྱི་ཤ་དང་ཤིང་ཐོག་ཟ་བ་དང་། གོས་སུ་པགས་རིགས་དང་ཤིང་ལོ་སོགས་གྱོན་པ་ཡིན་ལ། ཆུ་བོ་དང་མཚོ་འགྲམ་དུ་གནས་པའི་མི་རྣམས་ཉ་བ་བྱེད་ཅིང་ཉ་ཤ་ཟ་བ་ཡིན། རྔོན་པས་འཚོ་བའི་གདོད་མའི་མི་རྒྱུད་དེ་དག་ལས་མཆེད་པའི་མི་རྣམས་ཐོན་བསྐྱེད་དང་འཚོ་གནས་ཀྱི་ཆ་རྐྱེན་ལ་བརྟེན་ནས་རྩྭ་ཐང་དུ་གནས་པའི་འབྲོག་པ་དང་། ནགས་སུ་གནས་པའི་རྔོན་པའི་རིགས་བྱུང་ཞིང་། ཆུ་བོའི་འགྲམ་དུ་གནས་པ་རྣམས་ཞིང་འདེབས་ས་ཡོད་པ་རྣམས་ཞིང་ལས་བྱེད་པ་དང་། ཞིང་ས་མེད་པ་རྣམས་ཉ་བ་བྱེད་ཅིང་། ཞིང་པ་རྣམས་འབྲུ་རིགས་དང་སྔོ་ཚོད་ཟ་བ་དང་། ཉ་བས་ཉ་ཤ་ཟ་བ། འབྲོག་པས་ནོར་ལུག་གི་ཤ་ཟ་དང་། རྔོན་པས་རི་དྭགས་ཀྱི་ཤ་ཟ་བ་ནི་ཐོན་བསྐྱེད་ཀྱི་ཆ་རྐྱེན་ལ་བརྟེན་ནས་བྱུང་བ་ཡིན་པས། འོས་མི་འོས་དང་སྔོན་ཐོན་ཡིན་མིན་སོགས་ཀྱི་དབྱེ་བ་འོས་པ་ཞིག་མིན།

 

        སངས་རྒྱས་ཆོས་ལུགས་ནི་ཐབས་མཁས་ཐུགས་རྗེ་ལ་བརྟེན་ནས་ཆོས་གསུངས་ཤིང་།  ཐབས་མཁས་ཐུགས་རྗེས་འགྲོ་དོན་བྱེད་པ་ཡིན་ལ། ཐབས་མཁས་ཐུགས་རྗེ་རྒྱ་ཆེན་པོ་ཟེར་བ་རེད། དེ་ནི་མི་རིགས་སོ་སོ་དང་། རིག་གནས་སོ་སོའི་སྤྱི་ཚོགས་སུ་གནས་པའི་མི་རྣམས་ཀྱི་ཁམས་དང་མོས་པ་བསམ་པ་དང་མཐུན་ཞིང་། ཚང་མས་ཁས་ལེན་ཐུབ་ཅིང་། དང་ལེན་བྱེད་བདེ་བའི་ངོས་ནས་འདུལ་འདྲེན་བྱེད་པ་ཞིག་ཡིན།  དཔེར་ན། འདུལ་བའི་ཀུན་སྤྱོད་ཕྱོགས་ནས་ཀྱང་ཡུལ་མི་འདྲ་བའི་དབང་གིས་སྡོམ་ཁྲིམས་མི་འདྲ་བ་བཅས་པ་རེད། དགེ་སློང་དང་དགེ་ཚུལ་མི་འདྲ། ཁྱིམ་པ་དང་རབ་བྱུང་མི་འདྲ། ཕོ་མོ་མི་འདྲ། ལྷོ་རྒྱུད་ཐེག་དམན་དང་བྱང་རྒྱུད་ཐེག་ཆེན་གཉིས་མི་འདྲ། མདོ་སྔགས་གཉིས་མི་འདྲ། སྔགས་ཀྱི་ནང་གསེས་རྒྱུད་སྡེ་འོག་མ་དང་གོང་མ་གཉིས་མི་འདྲ།  རྩ་བཞི་ཆང་བཅས་དགེ་བསྙེན་གྱི་སྲུང་སྡོམ་ལྔ་ལས་སྣ་གཅིག་སྲུང་བ་དང་། ཆ་ཚང་ལེན་པ་དང་།  གཏན་ཁྲིམས་ལེན་པ་དང་། དུས་ཆོས་བྱེད་པ་སོགས་ཅི་རིགས་ཡོད། སྡོམ་ཁྲིམས་ཀྱི་ཁྱད་པར་དག་ལས་ཀྱང་། གང་ལ་གང་འདུལ་གྱི་རྒྱལ་བའི་ཐབས་མཁས་ཀྱི་མཛད་པ་དེ་བསྟན། རྒྱུད་སྡེ་འོག་མ་ལ་ལར་ཤ་དང་སྒོག་བཙོང་ཟ་བ་སོགས་མངོན་གསལ་དུ་བཀག་པ་མ་གཏོགས། སྡོམ་པ་བསྟན་པའི་རྒྱལ་བའི་གསུང་རབ་གང་གི་ནང་དུ་ཡང་ཤ་བཟའ་མི་ཆོག་པའི་ཚིག་མེད། དེ་ཡང་ཁྲིམས་བཅས་པའི་ཚེ་རྗེས་འཇུག་རྣམས་ཀྱི་འཚོ་བའི་ཆ་རྐྱེན་དང་རབ་བྱུང་རྣམས་སློང་མོའི་ཟས་ལ་བརྟེན་པར་དགོངས་པ་རེད་སྙམ། གལ་ཏེ་ཟས་སུ་ཤ་ཁྲག་ཟ་བ་དང་། གོས་སུ་ཀོ་པགས་གྱོན་པའི་རྩ་ཐང་གི་འབྲོག་པ་དང་། གླིང་ཕྲན་དང་ཀླུང་འགྲམ་གྱི་ཉ་བ་དང་། རྔོན་པའི་ཟས་ཀྱིས་འཚོ་བའི་རི་བ་རྣམས་ལ། སངས་རྒྱས་ཆོས་ལུགས་པས་ཤ་ཟ་མི་ཆོག་པགས་རིགས་གོན་མི་ཆོག་སོགས་སུ་ཆོས་སྒྲོགས་བྱས་ན་མི་དེ་རྣམས་ཆོས་ལ་འཇུག་ཁ་དཀའ་བར་སྙམ་མོ། དེའི་རྒྱུ་མཚན་ཡང་མི་དེ་རྣམས་ཀྱི་འཚོ་བའི་ཆ་རྐྱེན་ཀྱི་འབྱུང་ཁུངས་ཐོན་བསྐྱེད་ལས་རིགས་བསྒྱུར་དགོས་པ་དང་། སྲོག་འཚོ་བའི་ཆ་རྐྱེན་བཀག་རྐྱེན་བྱུང་བ་རེད། དེ་ལྟར་བྱས་ན་ཟོག་འཚོས་པ་ལས་ཞིང་འདེབས་པའི་ཆ་རྐྱེན་མེད་པ་རྣམས་སྲོག་ཇི་ལྟར་འཚོ། མཐོ་སྒང་གྲངས་ངར་ཆེ་སར་གནས་པའི་མི་རྣམས་པགས་རིགས་མ་གོན་ན་ཇི་ཞིག་གོན། འདུལ་བར་གྲངས་ངར་སྐྱོབ་པར་དགོངས་ནས་ཀོ་པགས་ཀྱི་གཞི་གསུང་ལ། གཏན་ནས་ཟོག་བཤའ་མ་ཆོག་ན་གོས་སུ་གནང་བའི་ཀོ་པགས་དེ་དག་ག་ནས་འབྱུང་། ཉ་བ་དང་རྔོན་པ་རྣམས་ཀྱང་འདྲ། དེ་དག་གིས་ཞིང་བཏབ་ན་ཞིང་ས་མེད་ལ། ཚོང་བྱེད་ན་ཚོང་བྱེད་ས་ཡང་མེད་པས། མི་དེ་དག་ལ་སངས་རྒྱ་རུང་གི་རྒྱུ་གཏན་ནས་མེད་པས་ཆོས་བསླབ་མི་ཆོག་པ་ཡིན་ནམ། མཐོ་སྒང་འཁྱག་སར་གནས་པའི་མི་རྣམས་ཀྱི་ལུས་གནས་པ་ལ་ཟས་དྲོད་བཅུད་ཆེ་བ་ལ་ངེས་པར་བརྟེན་དགོས་པས། དེ་དག་གིས་དྲོད་བཅུད་ཆེ་བའི་ཟས་གང་ལ་བརྟེན།

 

        མི་ལ་རས་པའི་རྣམ་ཐར་ནང་དུ། མི་ལ་སྒོམ་སྒྲུབ་ལ་ཕེབས་ཁར། བླ་མ་མར་བས་དམ་སྦྱར་བྱས་པའི་གདམས་ངག་ཡི་གེ་གསུམ་གནང་ནས་དཀའ་འཁག་ཐུག་དུས་རིམ་པར་ཡིག་ཁ་ཕྱེ་ནས་ལྟོས་གསུང་ཞིང་། མི་ལས་ཟྭ་ཚོད་ཟོས་པས་ལུས་སྟོབས་ཇེ་ངན་དུ་སོང་ནས་ལུས་ཤ་སྐམ་ཞིང་ཤ་མདོག་ཀྱང་སྔོན་པོར་གྱུར་ནས། ཉམས་ལེན་ལ་བོགས་ཐོན་མ་བྱུང་བས། ཡིག་ཐུམ་དང་བོ་དེ་ཁ་ཕྱེ་ནས་བལྟས་ཚེ། ཉམས་ལེན་བོགས་ཐོན་མ་བྱུང་ན། ཤ་ཆང་བསྟེན་ནས་ལུས་སྟོབས་གསོ་དགོས། ཞེས་གསུང་བ་ལྟར་བེ་ཏ་མགོན་སྐྱིད་ཀྱིས་ཤ་ཆང་བསྐྱལ་འོངས་པ་བཞེས་པས་བོགས་བསྐྱེད་ཆེན་པོ་བྱུང་ཞེས་འབྱུང་། དེ་ཡང་རྩ་རླུང་སོགས་སྦྱངས་ན་ལུས་སྟོབས་རྒྱས་པའི་ཟས་བཅུད་ཅན་བསྟེན་དགོས་པས།  སྔགས་བླ་མེད་ལ་ཤ་ཆང་མ་བཀག་པའི་སྟེང་ཤ་ལྔ་བདུད་རྩི་ལྔ་དང་ཆང་སོགས་དམ་ཚིག་གི་རྫས་སུ་བཞག རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་ནང་གི་ལི་ཨུ་བ་ཉའི་རྒྱུ་མ་ཟ་པ་དང་། དཔལ་ལྡན་ཤ་པ་རི་རྔོན་པ་ཞིག་ཡིན་པ་ལྟ་བུ་རེད།  དགེ་སློང་ཞེས་པ་ཡང་སློང་མོའི་ཟས་ལ་བརྟེན་པའི་དགེ་སྦྱོང་གི་དོན་རེད། ལྷུང་བཟེད་བཏེགས་ནས་ཟས་སློང་བ་ཡིན་པས། སྦྱིན་བདག་གིས་ཟས་གང་བྱིན་ན་དེ་ཟ་བ་ལས། ཟས་འདི་ཟ་དང་འདི་དགོས་ཞེས་འདེམས་པའི་དབང་ཆ་ཡོད་པ་མ་རེད། དེའི་གནད་ཀྱིས་ཆོས་འདུལ་བ་ལས་། ཟས་གོས་གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་དང་། ཅི་རྙེད་པའི་ཟས་ལ་བསྟེན་པ་དང་། རྣམ་གསུམ་དག་པའི་ཤ་བཟའ་བར་གནང་། ཤ་ཟ་མི་ཆོག་འོ་མ་འཐུང་མི་ཆོག་ཅེས་དེ་སྟོན་པ་བཅོམ་ལྡན་འདས་ལ་ངོ་ཡ་བྱེད་པའི་ལྷས་སྦྱིན་གྱིས་ཁྲིམས་ལོག་བྱས་པ་རེད།

 

       རྒྱ་རྒྱུད་ནང་བསྟན་དུ་ཤ་བཀག་པའི་ཁྲིམས་དེ་འདུལ་ཁྲིམས་མ་རེད། རྒྱ་རྒྱལ་ལྱིང་བུ་ཏིས་བཟོས་པའི་རྒྱལ་ཁྲིམས་ཤིག་རེད། རྒྱ་ནག་རྒྱལ་ཁབ་འདི་ནི་ཆོས་ཁྲིམས་ལས་རྒྱལ་ཁྲིམས་བཙན་པ་ཞིག་རེད། ལྱིང་བུ་ཏིས་ཞེས་པ་དེ་གཙུག་ལག་ཁང་བཞེངས་ཤིང་། རབ་བྱུང་མང་བོར་བསོད་སྙོམས་དྲངས་པ་དང་། རང་ཡང་རྒྱལ་སྲིད་སྤངས་ཏེ་རབ་བྱུང་ལན་གསུམ་བསྒྲུབ་ཅིང་། ཁོ་བོས་དགེ་བ་མང་དུ་བྱས་པ་འདི་དགེ་བར་སོང་ངམ་ཞེས་རྒྱ་གར་གྱི་སློབ་དཔོན་དྷརྨ་ཞེས་པར་དྲིས་པས། འདི་དོན་དམ་པའི་དགེ་བ་མིན་ཞེས་གསུངས། ཁོ་བོས་བལྟས་ན་ཡང་དྷརྨའི་གསུངས་དེ་དོན་ལ་ཁེལ།  རྒྱ་རྒྱལ་དེས་དགེ་བ་བྱས་པ་དེ་བདེན་འཛིན་གྱི་དབང་དུ་སོང་ཞིང་དམིགས་མེད་ཀྱིས་ཤེས་རབ་ཀྱིས་མ་ཟིན་པའི་སྐྱོན་འདུག  ཁ་ཅིག་ན་རེ། ཤ་ཟ་བ་ནི་སྙིང་རྗེ་མེད་པའི་རྟགས་རེད། ཤ་ཟོས་ན་བྱང་ཆུབ་ཀྱི་སེམས་མི་སྐྱེ་སོགས་ཟེར་རོ།  སངས་རྒྱས་ཆོས་ལུགས་འདི། ཟས་སུ་ཤ་ཟ་ཞིང་། གོས་སུ་པགས་རིགས་གྱོན་པའི་བོད་ཁམས་མཐོ་སྒང་དུ་གནས་པའི་བོད་མི་རིགས་འདི་ལ་དར་ནས་མི་ལོ་སྟོང་དང་བཞི་བརྒྱ་ལྷག་སོང་ཞིང་། ལྷོ་རྒྱུད།  རྒྱ་རྒྱུད། བོད་རྒྱུད་ཅེས་འཛམ་གླིང་གི་ནང་བསྟན་རྒྱུད་པ་ཆེན་པོ་གསུམ་གྱི་ནང་གི་ཡ་གྱལ་ཞིག་ཏུ་གྱུར། སྔོན་དང་ད་ལྟར་གྱི་མཁས་པ་ཆེན་པོ་དང་། གྲུབ་བརྙེས་ཀྱི་སྐྱེས་བུ། དད་པའི་གང་ཟག་གྲངས་ཀྱིས་མི་ཟིན་པ་ས་སྟེང་ཁྱབ་ནས་ཡོད། ཟས་སུ་ཤ་དང་གོས་སུ་པགས་རིགས་གྱོན་པའི་མཁས་གྲུབ་ཀྱི་སྐྱེས་ཆེན་དམ་པ་དེ་དག་ཚང་མ་ལ་སྙིང་རྗེ་དང་བྱམས་སེམས་མེད་པར་སྨྲར་ནུས་སམ།  རང་རེས་ཤ་ཆང་གི་ནང་མཆོད་འབུལ་ཡུལ་གྱི་ཡི་དམ། མཁའ་འགྲོ། ཆོས་སྐྱོང་དེ་དག་ཐམས་ཅད་སྙིང་རྗེ་མེད་པའི་ཕྱི་རོལ་པའི་ལྷ་ཡིན་ཞེས་སྨྲ་རྒྱུ་ཡིན་ནམ། ང་རང་དཀར་ཟས་བསྟེན་པ་ལ་ངོ་རྒོལ་བྱེད་པ་མིན། མི་ཐམས་ཅད་ལ་ཟས་གང་བསྟེན་ཐད་ལ་རང་དབང་ཡོད། ངས་བསམ་ན་ཐོན་བསྐྱེད་ཀྱི་ཁྱད་ཆོས་དང་། འཚོ་བའི་འཁོར་ཡུག་གི་ཆ་རྐྱེན། ལུས་ཕུང་གི་ཁྱད་པར་སོགས་ལ་མ་བསྟུན་པར་མཐའ་གཅིག་ཏུ་དམར་ཟས་བཀག་པ་དང་། ལྷག་པར་དུ་འབྲོག་རིགས་མི་དམངས་ཀྱི་ཐོན་བསྐྱེད་དང་། འཚོ་བའི་གནས་བབས། དཔལ་འབྱོར་གྱི་འབྱུང་ཁུངས་སོགས་ལ་གནོད་པ་བྱུང་ན། སངས་རྒྱས་ཆོས་ལུགས་ཀྱི་ཐབས་མཁས་སྤྱོད་པ་དང་ཤེས་རབ་ཟབ་མོའི་ལྟ་བ་དང་འགལ་ལམ་སྙམ་མོ།

 

       གཉིས་པ། སངས་རྒྱས་ཆོས་ལུགས་པས་ཆང་འཐུང་ཆོག་མི་ཆོག་བཤད་པ། སྲོག་གཅོད། མ་བྱིན་ལེན། མི་ཚངས་སྤྱོད། རྫུན་བཅས་ལ་རྩ་བ་བཞི་ཟེར་ཞིང་། དེ་ལ་ཆང་བཞག་པས་རྩ་བཞི་ཆང་དང་ལྔ་ཟེར་རོ། དེའི་ནང་གི་སྔ་མ་བཞི་ནི་ཉེས་པ་ཤིན་ཏུ་ལྗི་ཞིང་མ་བསྲུང་ན་དམྱལ་བར་ལྟུང་བས་རྩ་ལྟུང་བཞི་ཟེར་ཞིང་། ཆང་འཐུང་ན་དྲན་པ་འཐོར་བས་སྤང་ལྟུང་འབྱུང་ཉེན་ཆེ་བས་བཀག འདུལ་བར་སྨན་གྱི་རུ་རྟར་འཐུང་རུང་བར་བཤད། འོན་ཀྱང་སྔགས་བླ་མེད་ལ་ཤ་ཆང་སྤྱོད་ཆོག ཐེག་དམན་གྱི་སྡོམས་ཁྲིམས་རྣམས་བྱང་སེམས་ཀྱི་སྡོམ་པར་འགྲོ་དོན་དུ་གྱུར་ན་སྤྱོད་ཆོག་པའི་གནང་བ་ཡོད། དཔེར་ན་འདབ་ཆགས་ཕལ་བ་བཙན་དུག་ཟོས་ན་འཆི་ཡང་། རྨ་བྱས་བཙན་དུག་ཟོས་ན་ལུས་སྟོབས་རྒྱས་པ་ལྟ་བུ་རེད། ཆང་འཐུང་རུང་མི་རུང་གང་ཟག་གི་ཁྱད་པར་ལ་ལྟོས་དགོས་པ་རེད། རབ་བྱུང་རྣམས་ཆང་མི་འཐུང་བ་འདུལ་ཁྲིམས་རེད། ཁྱིམ་པ་རྣམས་དྲན་པ་མི་ཉམས་པའི་ཚོད་ཟིན་ན་འཐུང་མི་ཆོག་པ་ག་ལ་ཡིན། ལྷ་བླ་མ་ཡིད་དམ་ཆོས་སྐྱོང་ལ་འབུལ་ཆོག  གྲུབ་རིག་རྣམས་ཀྱིས་སྤྱད་ཆོག་ན། ཆོས་དད་ཁྱིམ་པ་ཕོ་མོ་ཕལ་བ་རྣམས་ལ་འཐུང་མི་ཆོག་པའི་རྒྱུ་མཚན་ཤོད་དཀའ་ཞིང་དགོས་གལ་ཆེན་པོ་ཡང་མེད་སྙམ།

 

        གསུམ་པ། ཆོས་ལ་དད་པའི་མི་རྣམས་དུ་བ་འཐེན་ཆོག་མི་ཆོག་བཤད་པ།  དུ་བ་འཐེན་ཆོག་མི་ཆོག་སོ་ཐར་གྱི་མདོ་དང་། སྔགས་དང་བྱང་སེམས་ཀྱི་སྡོམ་པར་གནང་བཀག་བྱེད་པའི་ཚིག་གཅིག་ཀྱང་བཤད་མེད་ལ། དེའི་གནད་ཀྱིས་ལྷོ་རྒྱུད་ནང་བསྟན་གྱི་དགེ་སློང་རྣམས་ཤོག་དུ་འཐེན་པ་ཉེས་སྤྱོད་དུ་མི་བརྩི་བར་འདུག བོད་སོག་གི་གྲྭ་བ་རྣམས་སྣ་དུད་འཐེན་པའི་སྲོལ་དར་ཞིང་། འདུལ་བར་དུ་བ་བཀག་མེད་པས། དུ་བ་གཅོད་པའི་རྒྱལ་བའི་གསུང་རབ་ཀྱི་ལུང་འདྲེན་རྒྱུ་མེད་པས་ཆོས་ཕྱོགས་ནས་བཀག་དཀའ་བར་འདུག  འཁོར་ཡུག་སྦགས་རྒྱབ་པ་དང་ལུས་ལ་གནོད་པའི་ཆ་ནས་བཤད་ན། ཁ་དུད་དང་སྣ་དུད་གང་ཡང་མི་འཐེན་པ་དང་ཉུང་འཐེན་བྱས་ན་བཟང་།  དཔེར་ན། རྒྱལ་ཁབ་ཕྱི་ནང་གང་དུའང་མི་མང་འཚོགས་སར་ཁ་དུད་བཀག་པ་ལྟར། རང་རེ་བོད་རྒྱུད་ནང་བསྟན་དུ་ཡང་། ལྷ་ཁང་། འདུ་མཆོད་ཁང་དང་། ཆོས་ཚོགས་བྱེད་སར་སྔོན་ནས་ཁ་དུད་འཐེན་མི་ཆོག་ལ། དེ་ཡང་ཁ་དུད་ཀྱིས་འཁོར་ཡུག་སྦགས་རྒྱབ་པ་དང་། གློ་སྙིང་ལ་གནོད་པའི་ཚན་རིག་ལྟར་དྲིལ་སྒྲོགས་བྱས་ན་འགྲིག  ལ་ལས་ཐ་མ་ཁ་འཐེན་ན་དམྱལ་བར་ལྟུང་ཞེས་བཤད་པ་ལ་བཀའ་སྡེ་སྣོད་ཀྱི་ཁུངས་མེད་ཅིང་། ཐ་མ་ཁ་ནི་བདུད་མོ་ཞིག་གི་ཟླ་མཚན་ཁྲག་ཐིག་ས་ལ་ལྷུང་ནས་སྐྱེས་པ་རེད་ཅེས་བཤད་པ་ནི་ཚན་རིག་གི་ཁུངས་མེད་པའི་བཤད་ཚུལ་དུ་སྣང་ངོ། ཚན་རིག་དར་རྒྱས་ཆེ་བའི་དུས་རབས་འདིར། ཆོས་བཤད་ན་ཡང་ཚན་རིག་དང་མཐུན་པར་བཤད་པ་ལས།  ཟབ་ཁུལ་གྱིས་འོལ་ཚོད་མུན་སྤྲུལ་བྱེད་མི་རུང་ངོ།

 

       བཞི་བ། ཚེ་ཐར་གཏོང་བ་སོགས་ཀྱི་གནད་དོན་བཤད་པ། ཚེ་ཐར་བཏང་ན་ཀུན་སློང་། དམིགས་ཡུལ། སྦྱོར་བ། མཐའ་འབྲས་བཅས་ལ་བསམ་བློ་བཏང་བ་སྔོན་འགྲོའི་སྦྱོར་ཆོས་སུ་དགོས་ཏེ། དུད་འགྲོ་གང་ཡང་འཚོ་གནས་ཀྱི་འཁོར་ཡུག་ལ་བརྟེན་པ་ཡིན་ལ། དཔེར་ན། ཉ་ལ་ཡང་དྲོ་སའི་ཉ་དང་འཁྱག་སའི་ཉ། ཆུ་ལན་ཚ་ཅན་དུ་འཚོ་བའི་ཉ་དང་ཆུ་མངར་མོའི་ཉ། རྒྱ་མཚོའི་གཏིང་གི་ཉ་དང་ཆུ་ཁར་གཡེང་བའི་ཉ་སོགས་རིགས་ཀྱི་དབྱེ་བ་མང་ཞིང་། ཉའི་རིགས་ཀྱི་འཚོ་གསོན་ཆུའི་དྲོ་འཁྱག་དང་། ཉོག་དྭངས། ཚྭ་ཡོད་མེད་སོགས་འཚམས་མི་འཚམས་ཅི་རིགས་ཡོད་པས། ཚེ་ཐར་བཏང་ན་ཀུན་སློང་དགེ་སེམས་ཡོད་པ་ཙམ་གྱིས་མི་ཆོག དེའི་ཕྱོགས་ཀྱི་ཤེས་བྱ་དུ་མ་འཛོམས་དགོས་ཏེ། ཚེ་ཐར་བཏང་བའི་སེམས་ཅན་རྣམས་ཀྱི་འཚོ་གསོན་གྱི་ཆ་རྐྱེན། སྤྱི་ཚོགས་ཀྱི་ཁེ་ཕན། འཁོར་ཡུག་གི་ཕན་གནོད་བཅས་ལ་འདང་རྒྱག་ཡག་བྱེད་དགོས། དཔེར་ན། ས་དྲོ་སའི་ཉ་རྣམས་ཆུ་འཁྱག་ཏུ་བཏང་བ་དང་། ཚྭ་ཆུའི་ཉ་རྣམས་ཚྭ་མེད་པའི་ཆུར་བཏང་ནས། ཆུ་མ་འཕྲོད་པས་ཤི་ན། ཚེ་ཐར་བཏང་བ་ཡིན་ནམ་སྲོག་བཅད་ཡིན། དེ་ནི་ཀུན་སློང་དགེ་བས་སྦྱོར་བ་དང་འབྲས་བུ་མི་དགེ་བ་བྱེད་པར་འགྲོ། གལ་ཏེ་འཁོར་ཡུག་ཆ་རྐྱེན་འཚམས་མི་འཚམས་དང་མཐའ་འབྲས་སོགས་ལ་བསམ་བློ་མ་བཏང་བར་ཉ་སོགས་ཚེ་ཐར་བཏང་ན། ཆུ་མ་འཕྲོད་པས་ཉ་མང་བོ་ཤི་བ་དང་། ཉ་རོ་རུལ་བས་འཐུང་ཆུ་སོགས་སྦགས་པར་བྱས་བས་འཁོར་ཡུག་ལ་གནོད་པར་སོང་ན་དགེ་བ་བྱས་པར་འགྲོ་འམ་ཅི།

 

       གནས་ཚུལ་གཞན་ཞིག་ཀྱང་སྲིད་དེ། ཉ་ཚོང་རྒྱག་མཁན་རྣམས་ཉ་ཚེ་ཐར་གཏོང་མཁན་ལ་ཚོང་ལོག་རྒྱག་པའི་ཆེད་དུ་ཉ་འབོར་ཆེན་འཛིན་པ་དང་། དུས་བཟང་སོགས་སུ་ཚེ་ཐར་གཏོང་བར་ཤེས་ནས་སྒུག་བསྡད་ནས་ཉ་རྒྱ་ཆེན་པོ་འགྲེམ་པ་དང་། དགོན་པའི་ཉེ་འདབས་སུ་ཚེ་ཐར་ལ་ཚོང་ལོག་རྒྱག་པའི་ཆེད་དུ་རི་བོང་དང་ཕུག་རོག་འདབ་ཆགས་སོགས་མང་དུ་བཟུང་ནས་གསོས་ཤིང་། བཙོང་ནས་ཚེ་ཐར་བཏང་བའི་རྗེས་སུ་སླར་བསྡུས་ནས་ཡང་བཙོང་འོར་བཙོང་བྱེད་པའི་སྤྱོད་ངན་སོགས་བརྟག་པ་མཐའ་བཟུང་མིན་ལ་མངོན་སུམ་དུ་ཡོད་པས། ཚེ་ཐར་བཏང་བ་གཡོ་སྒྱུའི་ཚོང་ལོག་སྤེལ་བའི་མཐུན་རྐྱེན་དུ་སོང་ན་ཚེ་ཐར་གཏོང་བའི་དགེ་སེམས་དང་མཐུན་ནམ། གལ་ཏེ་སྤྱང་ཁུ་ཚེ་ཐར་བཏང་སྟེ། ནོར་ལུག་མང་དུ་བསད་པ་དང་། གདུག་སྦྲུལ་མང་དུ་བཏང་བས་མི་ཟོག་གི་གནོད་འཚེ་རུ་གྱུར་བ་དང་། ཙིག་གུ་མང་དུ་བཏང་བས་ཞིང་བའི་ལོ་ཏོག་ལ་གནོད་པར་སོང་ན་མང་མང་གིས་ཆོས་དགེ་བ་བྱེད་པ་ལ་ལོག་ལྟ་སྐྱེ་བ་དང་མི་དགའ་བའི་རྒྱུ་རུ་མི་འགྱུར་རམ། མ་བརྟག་ཉམས་དགས་ཚེ་ཐར་བཏང་བ་སོགས་ཆོས་ཀྱི་སྤྱོད་པར་སྤྱི་ཚོགས་སྟེང་ན་མི་འདོད་གཏམ་ངན་མང་དུ་བྱུང་འདུག་པས། ཚེ་ཐར་གཏོང་བར་རྩ་འཛུགས་བྱེད་མཁན་དང་རྗེས་འབྲང་ཐམས་ཅད་ལ་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་དང་། ཚན་རིག་གི་ཤེས་བྱ་དང་། སྤྱི་ཚོགས་ཀྱི་ཁེ་ཕན་ལ་འགན་འཁུར་བའི་ལྷག་བསམ་བཅས་ཉུང་དྲག་པས་དེ་དག་གི་རྗེས་སུ་འབྲང་བར་མི་བྱའོ། བོད་ཀྱི་ས་ཆ་ན་ཡང་འཁོར་ཡུག་ལ་སྦགས་རྒྱག་པའི་མང་ཁྲོད་ཀྱི་གོམས་སྲོལ་མང་དུ་འདུག་སྟེ། དཔེ་ན་བླ་མཚོ་དག་ལ་སྨ་སྣ་དང་འབྲུ་དྲུག་བསྲེ་བའི་གཏེར་བུམ་དང་ཁ་དག་འབོར་ཆེན་དྲངས་པ་དང་།  ཤོག་གུར་དཔར་བའི་རླུང་རྟ་ས་ཁྱབ་རྡོ་ཁྱབ་ཏུ་གཏོར་བ་སོགས་ཀྱིས་བླ་མཚོ་འབག་རྩོག་ཏུ་བཏང་བ་དང་། གནས་ཁམས་ཆེན་རྣམས་ཤོག་ལུད་ཀྱིས་འབག་རྩོག་ཏུ་བཏང་བ་སོགས་ཆོས་ལུགས་ཀྱི་གོམས་སྲོལ་ཡིན་ཀྱང་ཉེས་སྐྱོན་མང་བས་སྤང་བྱ་ཡིན་ནོ། སངས་རྒྱས་ཆོས་ལུགས་ནི་རྣམ་དཔྱོད་དཔལ་གྱིས་བརྒྱན་པའི་ཆོས་ལུགས་ཡིན་པས། བྱ་བ་གང་ལ་ཡང་རྣམ་དཔྱོད་མིག་གིས་དགེ་སྡིག་ལེགས་ཉེས་ཕྱེ་སྟེ་བླང་དོར་བྱེད་དགོས་སོ།

ལྔ་བ། སངས་ཆོས་ལུགས་པས་ཆོས་ཀྱི་རྩ་དོན་ཤེས་ནས་བླང་བྱ་དང་དོར་བྱ་མ་ནོར་བ་ཞིག་དགོས།

       སངས་རྒྱས་ཆོས་ཀྱི་དོན་རྩ་སེམས་ཀྱི་དྲི་མ་དག་གཙང་བྱེད་པ་དེ་ཡིན་པས། ཚན་རིག་མཁས་པ་རྣམས་ཀྱིས་སངས་རྒྱས་ཆོས་ལུགས་ནི་སེམས་ཀྱི་ཚན་རིག་ཡིན་ཞེས་གསུངས། སེམས་ཀྱི་དྲི་མ་དག་བྱེད་ཀྱི་འཁྲུད་སྨན་མཆོག་ཏུ་གྱུར་བ་ནི་ཆོས་ཉིད་རྟོགས་པའི་ཤེས་རབ་བམ། རྟེན་འབྱུང་སྟོང་བར་ཤེས་པའི་ཤེས་རབ་ཡིན་ལ། ཤེས་རབ་དེ་རྩ་བ་ནི། སྟོང་དང་མི་སྟོང་གང་ཡང་བདེན་པར་མི་འཛིན། དགེ་མི་དགེ་གང་ཡང་བདེན་པར་མི་འཛིན་པའི་དབུས་ལ་གནས་པ་ཡིན་ལ། དབུ་མ་ནི་མཐའ་གཉིས་སེལ་བའི་དོན་ཡིན་ལ། དེ་ཡང་བདེན་ཡོད་ཀྱི་ཡོད་མཐའ་དང་། གཏན་མེད་ཀྱི་མེད་མཐའ་སེལ་བ་དང་། ཡོད་པ་ནི་སྒྱུ་མ་ལྟ་བུའི་ཡོད་པ་དང་། སྟོང་བ་ནི་རང་བཞིན་གྱིས་སྟོང་བའམ་རང་བཞིན་མེད་པ་ཞེས་པ་ཡིན།  དངོས་གཤིས་ལྟོས་བཅས་སུ་སྨྲ་བའི་ཚན་རིག་གི་གཟུགས་དང་གཟུགས་མེད་ཀྱི་ནུས་པ་ཕན་ཚུན་འགྱུར་བའི་རྣམ་བཞག་དང་།  ཁོན་ཐིན་ལུགས་ཀྱི་རྡུལ་ཕྲན་དང་རྡུལ་མེད་འོད་རླབས་མ་ངེས་པའི་རྣམ་བཞག  དངོས་པོའི་རྣམ་འགྱུར་པི་ཝང་གི་རྒྱུད་གདངས་དང་མཚུངས་པར་སྨྲ་བ་སོགས་ཚན་རིག་གི་དཔྱད་འབྲས་སོ་མ་མང་བོ་ཞིག་གིས་དངོས་བོ་ཀུན་ལ་རང་བཞིན་མེད་པར་བསྟན་པ་དེ། རྟེན་འབྱུང་སྟོང་བའི་ཤེས་བྱེད་གལ་ཆེན་དུ་འགྲོའོ། 

 

        སྙིང་རྗེ་དང་ཤེས་རབ་ཟུང་འཇུག་ཡིན་པས། དགེ་བ་བྱེད་ནའང་ཤེས་རབ་མེད་མི་རུང་བས།  སྦྱིན་པ་བཏང་ན་ཡང་ཤེས་རབ་གྲོགས་སུ་མེད་ན་སྦྱིན་པའི་ཕར་ཕྱིན་དུ་མི་འགྲོ། སྦྱིན་ཚུལ་བཟོད་བརྩོན་བསམ་གཏན་ཤེས་རབ་དྲུག་ལས་ཤེས་རབ་གཙོ་བོ་དང་གཞན་རྣམས་འཁོར་གཡོག་ཡིན་ལ། དེའི་ཕྱིར་སྦྱིན་པ་བཏང་ན་ཡང་འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱིས་རྒྱས་འདེབས་བྱེད་དགོས།  འཁོར་གསུམ་ནི་སྦྱིན་པའི་བྱ་བ། སྦྱིན་མཁན། སྦྱིན་པ་ལེན་མཁན་གྱི་འཁོར་གསུམ་ཡིན། འཁོར་གསུམ་གྱིས་སྟོང་བ་ནི། འཁོར་གསུམ་ལ་བདེན་པར་མི་འཛིན་པའི་དོན་ཡིན། བདེན་འཛིན་ནི་རང་གིས་སྦྱིན་པ་བཏང་བ་བདེན་ཞེན་གྱིས་བཟུང་ནས་དགའ་བ་སྐྱེས་པ་དང་། སྦྱིན་པའི་འབྲས་བུར་རེ་བ་དང་། སྦྱིན་པ་བཏང་བ་མིང་སྙན་གྲགས་ཐོབ་པར་རེ་བའི་བདེན་ཞེན་མི་གཏོང་བ་སོགས་སོ། དགེ་སྡིག་ནི་ལྟོས་བཞག་ཡིན་པས། རང་བཞིན་གྱིས་གྲུབ་པའི་དགེ་བ་དང་སྡིག་པ་མེད། དགེ་སྡིག་གི་ལས་ནི་ཀུན་སློང་དང་དམིགས་ཡུལ་ལ་ལྟོས་པ་ལས་གཞན་འབྲས་བུའི་ངོ་བོ་ལ་ཡང་ལྟ་དགོས། དགེ་བ་ལ་ཡང་ཀུན་སློང་དགེ་བ་དང་ངོ་བོ་མི་དགེ་བ། སྦྱོར་བ་མི་དགེ་བ་དང་ངོ་བོ་དགེ་བ། ཀུན་སློང་འབྲས་བུ་གཉིས་ཀ་དགེ་བ། ཟོལ་གྱིས་དགེ་བ་དང་དོན་གྱི་ སྡིག་པ་ཡིན་པ་སོགས་དབྱེ་བ་མང་ངོ།

 

       དེ་ཡང་འཇིག་རྟེན་དགེ་བའི་ལས་ཕར་ཆེར་ཞིག་ལ་ཆགས་སྲེད་ཀྱི་ཀུན་སློང་དང་མ་འདྲེས་པ་མེད་ལ། དཔེར་ན། དབང་ཆ་ཐོབ་ཕྱིར་དང་རྒྱུ་ནོར་ཐོབ་པའི་དོན་དུ་ལྷ་ལ་ཕྱག་འཚལ་བ་དང་སྤོས་སྒྲོན་པ་ལྟ་བུ། དེའི་སྤོས་ཐུར་ཇི་ལྟར་སྦོམ་ཞིང་རིང་བ་སྒྲོན་པ་དེ་ལྟར་འདོད་ཧམ་ཆེ་བར་བསྟན། རྒྱ་ལོའི་ཚེས་གཅིག་ལ་སྤོས་ཐུར་ཨང་དང་བོ་སྒྲོན་ཕྱིར་ཤོག་སྒོར་ཁྲི་ཚོ་བརྒྱ་ལ་ཉེ་བ་གཏོང་ཕོད་པའི་ཕྱུག་པོ་རྣམས་ཀྱི་འདོད་ཧམ་ཆེ་བ་ཚོད་མེད་ཅིང་། དེ་དག་གིས་གྲྭ་རྟགས་འཛིན་པའི་འདོད་ཆེན་ཡི་དྭགས་རྣམས་ཀྱི་འདོད་ཧམ་ཆེར་བསྐྱེད་བྱེད་ཅིང་དམྱལ་བའི་གཏིང་རྡོ་བསྒྲུབ་པ་ལས་དགེ་བའི་ཕྱོགས་སུ་ཇི་ལྟར་འགྲོ། མི་ལ་ལས་བྱ་དགའ་ཐོབ་པའི་ཆེད་དུ་སྡུག་སྐྱོབ་ཀྱི་ཐེབས་དངུལ་འཇོག་པ་དང་། ལ་ལས་རྒྱལ་ཁབ་ཀྱི་དཔྱ་ཁྲལ་བཤོལ་བའི་ཆེད་དུ་སྙིང་རྗེའི་ཐེབས་རྩ་འཇོག་པ་སོགས་དོན་གྱི་དགེ་བར་འགྲོའམ། ཆོས་ཁྲིད་བཀའ་ཆོས་གནང་བ་ནི་དགེ་བ་ཡིན་མོད། ཆོས་ཁྲིད་དང་དབང་སྐུར་བྱེད་པའི་མིང་བཟུང་སྟེ། དོན་གྱིས་རྒྱུ་ནོར་སྡུད་པའི་ཆོས་ཚོང་རྒྱག་མཁན་དེ་དག་གི་བྱ་སྤྱོད་ཆོས་སྦྱིན་དུ་འགྲོའམ། བཤད་པའི་ཆོས་ལྷད་མེད་ཡིན་ཀྱང་འདོད་ཆགས་དུག་གིས་རྒྱུད་བསླད་པས་ཆོས་མི་གཙང་བར་བྱས།

 

       དགོན་སྡེ་ནི་དམངས་མང་ལ་དགེ་བའི་སློབ་གསོ་གཏོང་ས་དང་སྡིག་བཤགས་བྱེད་ས་ཡིན་ལ། གྲྭ་བ་རྣམས་ནི་སངས་རྒྱས་ཀྱི་ཆོས་རྒྱུན་སྡོམ་རྒྱུན་འཛིན་ཅིང་དགེ་སྦྱོར་བྱེད་མཁན་ཡིན། དེང་སང་གི་དགོན་པ་མང་བོ་ཞིག་ནི། དངུལ་སྡུད་ས་ཚིགས་དང་། ཚོང་ལོག་རྒྱག་པའི་ཚོང་ཁང་ནག་པོར་གྱུར་ཅིང་། གྲྭ་རྟགས་འཛིན་པའི་འདོད་ཆེན་ཡི་དྭགས་རིགས་ཀྱི་དངུལ་སྡུད་ལག་ཆ་ཞིག་ཏུ་གྱུར། དཔེར་ན་སྒོར་འཇུག་པའི་སྒོ་ཡིག་ཉོ་དགོས་པར་མ་ཟད། ལྷ་ཁང་སོ་སོ་དང་། ལྷ་སྐུ་སོ་སོའི་རྟེན་མཇལ་གྱི་རིན་གོང་བཅད་དེ་མཇལ་རྟེན་ལེན་པ་དང་། གསོན་པོའི་སྐུ་རིམ་དང་། ཤི་བོའི་དགེ་རྩའི་ཆོས་འདོན་ཆོས་ཀློག་གི་རིན་ཐང་བཅད་ནས་འབུལ་དངུལ་མཐོན་པོ་ལེན་པ་དང་། སྤོས་ཐུར་དང་མཆོད་མེ་གོང་ལོག་ལེན་པ་དང་། མཐའ་ན་སྤོས་སྒྲོན་པ་དང་ཅོང་བརྡུང་བ་ལའང་སྔ་ཕྱིའི་ཨང་གུ་བསྒྲིགས་ཏེ་ཨང་གྲངས་ལྟར་གོང་ལོག་ལེན་པ་སོགས་ཚོད་མེད་བྱེད་ཅིང་། དགོན་པར་མཆོད་མཇལ་བྱས་བས་ཉོན་མོངས་སྡིག་སྒྲིབ་མ་དག་ཀྱང་། རྟེན་མཇལ་བྱེད་མཁན་གྱི་དངུལ་ཁུག་འཕྲོག་བཅོམ་བྱས་ཏེ་སྟོང་བར་བཏང་བ་ཁོ་ཐག་རེད། དེ་འདྲའི་དགོན་པར་བདུད་ཡོད་ལ་ལྷ་མེད། དངུལ་ཡོད་ལ་ཆོས་མེད། འདྲེ་ཡོད་ལ་གྲྭ་བ་མེད། རྒྱུ་ནོར་སྡུད་ཐབས་སུ་ལྷ་ཁང་བཞེངས་པ་ལྟ་བུ་དགེ་བའི་ལས་སུ་འགྲོའམ་ཅི། དེ་འདྲའི་ལྷ་ཁང་རྣམས་ནི་ཕྱིའི་རྣམ་པ་ལྷ་ཁང་ཡིན་ཀྱང་། དོན་གྱིས་མི་གསོད་པའི་བདུད་ཀྱི་བཤས་རྭ་ཡིན་ལ། ཕྱིའི་རྣམ་པ་ལྷ་སྐུ་ཡིན་ཀྱང་དོན་གྱིས་གྲྭ་རྟགས་འཛིན་པའི་ཁ་ལ་མེ་འབར་རིགས་ཀྱི་དངུལ་སྡུད་ལག་ཆར་གྱུར་འདུག  འདོད་ཆགས་དང་བྲལ་བ་ཆོས་དཀོན་མཆོག་གི་དོན་ཡིན་པས། དགོན་པ་འདིའི་རིགས་ཆོས་སྤེལ་ས་དང་། གྲྭ་བ་འདིའི་རིགས་ཤཀྱའི་དགེ་སློང་ཡིན་ནམ། གནས་ཚུལ་འདིའི་རིགས་ནི། ཅོང་སྒྲ་དང་སྤོས་དུད་འཐིབ་པའི་ཡོལ་བས་བསྒྲིབ་པའི་འོག་གི་སྤྱོད་ངན་བདུད་ལས་ཡིན་པས། མི་རྣམས་རིག་པ་སྒྲིམ་པོ་བྱེད་དགོས་ཤིང་། རྒྱུ་ནོར་ཕུད་ནས་གླེན་པའི་ཐོབ་ཐང་ཉོ་མི་རིགས་སོ།

 

      གཞན་ཡང་སྲོག་གཅོད་པ་ཡང་སྡིག་པ་ཡིན་མིན་བསམ་པའི་ཀུན་སློང་དང་ངོ་བོ་འབྲས་བུ་བཅས་ཀྱི་སྟེང་ནས་འབྱེད་དགོས་ཏེ། དཔེར་ན་གསུང་རབ་ནང་གི་དེད་དཔོན་སྙིང་རྗེ་ཅན་གྱིས་ཚོང་བ་མང་བོའི་ཚེ་སྲོག་དང་རྒྱུ་ནོར་བསྲུང་བའི་དོན་དུ་མཚོ་ཇག་མི་ནག་མདུང་ཐུང་ཅན་བསད་པའི་ལོ་རྒྱུས་ལྟ་བུ། རྗེས་སུ་དེད་དཔོན་སྙིང་རྗེ་ཅན་སྟོན་པའི་དྲུང་དུ་སྡིག་བཤགས་བྱེད་པར་སོང་བའི་ཚེ། བཅོམ་ལྡན་འདས་ཀྱིས་ཁྱོད་ཀྱི་སྤྱོད་པ་འདི་དགེ་བ་ཡིན་སྡིག་པ་མིན་གསུངས་སོ། བྱང་སེམས་ཀྱི་སྡོམ་པར་འགྲོ་བའི་ཕན་དོན་འགྱུར་ན་རྫུན་དང་སྲོག་གཅོད་སོགས་བྱེད་ཆོག་པའི་དམིགས་བསལ་གནང་ཡོད། གསང་སྔགས་ཀྱི་ནང་དུ་ཞི་རྒྱས་དབང་དྲག་གི་ལས་བཞི་ཡོད། རྭ་ལོས། དམ་ཉམས་བསྒྲལ་བ་སྔགས་ཀྱི་དམ་ཚིག་ཅེས་གསུངས་པས། འགྲོ་བའི་ཕན་བདེ་ལ་དམིགས་ནས་ཞིང་བཅུ་ཚང་པའི་དམ་ཉམས་བསྒྲལ་བ་ལྟ་བུ་སྦྱོར་སེམས་མི་དགེ་ཡང་། ཀུན་སློང་དང་ངོ་བོ་དགེ་བ་ཡིན། སེམས་ཅན་གསོད་པ་ཡང་ཀུན་སློང་དང་དམིགས་ཡུལ་སྟེང་ནས་དགེ་སྡིག་འབྱེད་དགོས་ལ། གཏན་ནས་སྲོག་བཅད་མི་ཆོག་པ་མིན། དཔེར་ན་མི་སྐྱ་རྣམས་སེམས་ཅན་གསོད་པ་འགོག་པའི་ཚེ། དེ་དག་འཚོ་བའི་ཆ་རྐྱེན་གནང་སྦྱིན་སྦྱོར་སྒྲུབ་མ་བྱས་པར། འབྲོག་པ་དང་ཉ་བ་རྣམས་ཀྱི་ཐོན་བསྐྱེད་འབྱོར་བ་དང་། འཚོ་བར་གནོད་རྐྱེན་དུ་གྱུར་ན། མི་དམངས་ཀྱི་ཕན་བདེ་གཙོ་བོར་འཛིན་པའི་ཐབས་ཤེས་ཀྱི་སྤྱོད་སྟངས་མིན་ནོ།  དེ་ཡང་སངས་རྒྱས་ཀྱི་ཆོས་ལུགས་ཇི་ལྟར་རྒྱ་ཆེ་ཡང་དོན་རྩ་དང་། རྩ་བ་དང་ཡན་ལག་གི་དབྱེ་བ་མེད་པ་ཞིག་མིན་ལ། ཆོས་ཀྱི་རྩ་བ་ནི་སེམས་ཀྱི་དྲི་མ་དག་པར་བྱེད་པ་དང་། གཙོ་བོ་ནི་སེམས་ཀྱི་ནང་དུ་ཤེས་རབ་ཀྱི་སྒྲོན་མེ་སྦར་ནས་མ་རིག་མུན་པ་བསལ་བ་དེའོ། ཟས་གང་ཟ་དང་མི་ཟ། དུ་བ་འཐེན་དང་མི་འཐེན་སོགས་འཇིག་རྟེན་གོམས་གཤིས་སུ་གཏོགས་པའི་རིགས་རྣམས་སྙིང་བོའི་དོན་འགྲུབ་པ་ལ་འབྲེལ་བ་དེ་ཙམ་མི་ཆེ་བར་བསམས་སོ། དེང་སང་ཆོས་ཀྱི་རྗེས་འཇུག་མང་བོ་ཞིག་གིས་ཆོས་ཀྱི་རྩ་བ་བོར་ནས། ཕྱི་ཡི་རྣམ་འགྱུར་དང་བཟོ་ལྟ་སྟེང་ནས་རྒྱས་སྤྲོས་བྱེད་པ་དང་། དོན་ཕྲན་བུར་སྤར་འཛིན་བྱེད་པ་སོགས་ནི། ཚོང་བ་གཡོ་སྒྱུ་ཅན་རྣམས་ཚོང་རྫས་ཀྱི་ཕྱི་ཐུམ་ལ་གང་མཛེས་བཟོས་ཤིང་ནང་གི་དངོས་རྫས་ཀྱི་རྒྱུ་སྤུས་ལ་མཉམ་འཇོག་མི་བྱེད་པ་བཞིན་ནོ།

   ཞེས་དོར་ཞི་གདོང་དྲུག་སྙེམས་བློས་མང་མང་གིས་དྲིས་ལན་དུ་བྲིས།

欲看本文汉文版请点击标题:  贪僧饿鬼以及佛教徒吃肉喝酒放生问题

发表评论 评论 (1 个评论)

回复 文殊信徒 2014-6-20 11:30
这是吃鱼肠开悟的那个大师?

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2017-8-23 02:32 , Processed in 0.271338 second(s), 23 queries .

返回顶部