日志

ལྕགས་རིའི་གམ་ནས་ཤོར་བའི་མིག་ཆུ། ...

已有 350 次阅读2014-3-28 09:25 |系统分类:见闻


ལྕགས་རིའི་གམ་ནས་ཤོར་བའི་མིག་ཆུ།


                                                 བོད་བཙན་པོ།


ལྕགས་རིའི་མཐོངས་སུ་སྐྱོ་བས་འགྲེང་ཏེ་རྔུལ་ཁྲག་ཕུང་པོའི་མྱ་ངན་མྱངས།།

རི་ཚོགས་བརྒལ་ལ་སྦྲུལ་བཞིན་འཁྱུག་པའི་ལོ་རྒྱུས་ཞབས་ཀྱིས་བཅག་དུས་སུ།།

མཛེས་མ་ཞིག་གི་མཆི་མས་སྦངས་པའི་གཞོན་ཆུང་ཞིག་གི་སྙིང་ཆུང་མཐོང་།།

གློ་རྡེག་གདུང་བས་འཁྱོར་འགྲོས་ཞིག་གི་བརྩིགས་རྡོའི་ངོས་སུ་ཁེན་པའི་ཚེ།།

ཕ་མ་མང་པོའི་སེམས་ངལ་དང་ནི་རེ་ལྟོས་མིག་ཟུང་ཁྲི་ཕྲག་མཐོང་།།

བཀྲེས་ལྟོགས་ཡུལ་གྱི་མུག་དྲི་བཙན་པོའི་ལྕགས་ཀྱི་རི་བོ་སྨུག་བཞིན་བཏུམས།།

དྲན་གདུང་སྙིང་གི་རེ་འབོད་དྲོན་མོ་ཝ་མོའི་སྐད་བཞིན་གང་སར་རྒྱུ།།

བདེ་སྐྱིད་མེད་པའི་འོམདོད་རིང་མོས་ས་ཆེན་བརྒལ་བ་ལྗིད་ཀྱིས་མནན།།

གནའ་བོའི་བཙན་རྫོང་དང་པོར་མཇལ་དུས་ཡིད་ལ་སྨྲེང་སྐྱོའི་ཚོར་བའི་དཀྲུགས།།

མ་བཅོས་གནའ་ཅོང་སང་སིང་སྒྲ་ཡིས་ང་རང་ལོ་རྒྱུས་ཡུལ་ལ་དྲངས།།

ང་ཉིད་དྲག་པའི་དཔོན་ཞིག་ཡིན་ལྕགས་ཀྱི་རི་བོར་རྒོལ་སྤོབས་ཡོད།།

འོན་ཏེ་གནམ་ལྕགས་སྒྱོགས་རྡོ་བཙན་པས་ཐལ་བར་གཏོར་བའི་ལས་སུ་མེད།།

བརྩིགས་རྡོ་མཐོན་པོའི་བང་རིམ་བར་ན་ཚེ་སྲོག་བྱེ་བས་རིན་ཐང་དང་།།

ཕ་བུ་བཟའ་ཚོའི་ཞེ་འདང་བཀྲམ་པའི་བརྩེ་བ་དྲོན་མོའི་དམ་ཚིག་ཡོད།།

འདི་ནི་གློ་བུར་ཞེ་སྡང་གཅིག་གིས་བརླགས་པར་ནུས་པའི་དཔའ་སྤོབས་མེད།།

འདི་ནི་རེ་རྒྱལ་ཀི་སྒྲ་གཅིག་གིས་ཆག་ཉིལ་བྱེད་པར་ག་ལ་རིགས།།

འདི་ནི་ཕ་མའི་བུ་ཡི་སྲོག་ཡིན་ཆུང་མའི་རྟེན་གྱི་ཁྱོ་ཡི་རྔུལ།།

འདི་ནི་འབངས་མིའི་སྡུག་གི་གཟུགས་ཡིན་བཙན་པོའི་ལྕགས་ཀྱི་སྒྲོག་ཡིན།།

ཚོད་མེད་གཡུལ་ལས་ཕམ་པར་ངེས་ཡང་མགོ་སྐེ་གཞན་ལ་གཏོད་པར་འདོད།།

ལྕགས་རིའི་མཐོང་ནས་ཉི་མ་མཐོང་ཡང་སྡུག་གི་ངོ་གདོང་སྐྱ་བོ་ཡིན།།

ལྕགས་རིའི་སྟེང་ནས་ཟླ་བ་མཇལ་ཡང་འོད་ཀྱི་དཀྱིལ་འཁོར་རལ་ཏེ་འདུག།

རླུང་གི་རེག་བྱ་ཤིན་ཏུ་རྩུབ་པས་སྙིང་ཁྲག་རྒྱུན་དར་ལ་འབྱར།།

ཕྱོགས་ཀྱི་ཁོར་ཡུག་ཉམ་ཆུང་ངང་ན་གཞན་ཀྱི་མཆེ་བས་རྩེ་རུ་གཡོ།།

རྒྱང་བཞུད་གནས་མཇལ་མི་ཚོགས་རྔམ་གྱིས྄་འདུར་ཞིང་རྒྱུགས་ན་ཡང་།།

ཐོག་མའི་རེ་བའི་གོང་བུ་ཟླུམ་པོ་སྐྱོ་བས་བཙུར་ཏེ་གཞུང་ན་ཡན།།

མིག་ཀོང་ཡོད་ཚད་མཆི་མས་བཀང་ཏེ་རེ་ཐག་ཆད་པའི་སྐྱོ་ཉམས་ཀྱིས།།

ཤིན་ཏུ་ལྕི་བས་རྡོག་མགོ་མཁྲེགས་པོ་ངལ་བས་འཁྱོམ་ཀྱིན་སྤོ་བཞིན་འདུག།

རྒྱབ་གཟུགས་ནག་པོའི་གྲིབ་མ་རིང་པོ་འདར་ཀྱིན་འདར་ཀྱིན་ཟད།།

ཀེར་རེར་ལངས་བའི་སྡོང་ཤིངདག་ནི་ཀེང་རུས་གཟུགས་ཀྱི་གདོན་འདྲེ་བཞིན།།

རི་ཐང་མེད་པར་རྒྱ་ལ་ཡན་པའི་ཤིང་ལོ་དག་ནི་ཡུག་མོའི་སྐྲ་ལྷག་བཞིན།།

ཁ་མིག་དག་ན་ཚོད་མེད་འཚང་བའི་འབུ་སྲིན་མུ་གེའི་འབངས་མི་བཞིན།།

སྲོག་གིས་རྒོལ་ཏེ་ལྟོ་ལ་འབད་པས་སྙིང་འདི་བླངས་ཏེ་འབུལ་བར་འདོད།།

སྐྱོ་བའི་ཐོག་ལ་མཆི་མ་བརྩེགས་པའི་སེམས་ངལ་གླེང་ན་དེ་ཙམ་གདའ།།

    


                      ༢༠༡༣ ༩ ༧  ཕྱི་དྲོར་ལྕགས་རི་རིང་བོའི་སོ་ཁང་ཞིག་གི་ནང་དུ།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-8-9 14:17 , Processed in 0.057220 second(s), 20 queries .

返回顶部