日志

玛尼卡的老人们

已有 1677 次阅读2012-12-25 09:50 |个人分类:阿迈|系统分类:文学

མ་ཎི་ཁའི་རྒད་པོ།

མ་ཎི་ཁ་ཞེས་པ་ནི་མ་ཎི་ཁང་གི་མང་དེ་ལས་བྱུང་། མ་ཎི་ཁང་གི་མཐའ་བསྐོར་ལ་མ་ཎི་ཁ་དང་མ་ཎི་ཁ་སོ་ཞེས་འབོད། ཁ་སོ་ཞེས་པ་མ་ཎི་ཁང་གི་མཐའ་ཅུང་གཡང་གཟར་གྱི་བྲག་ངོས་བསྐོར་ཡོད་པས་ན་དེ་ལྟར་ཐོགས། ད་ལྟ་མ་ཎི་ཁང་ཞེས་འབོད་མཁན་མེད་དེ་དེ་ལ་ཚང་མའི་མ་ཎི་ཁ་དང་མ་ཎི་ཁ་སོ་ཞེས་འབོད་པ་རྒྱུན་ལྡན་དུ་གྱུར་འདུག

ཉིན་རྒྱུན་རྒད་པོ་འགའ་འདིར་འཚོགས་ནས་ཨ་རག་འཐུང་བ་དང་ལབ་གླེང་སྣ་ཚོགས་བྱེད། དེ་ནི་ཁོ་ཚོའི་འགན་དུ་བབས་པའི་ལས་ཀ་བཞིན་ཉི་མ་དྲོད་ལ་བབས་དུས་གཅིག་རྗེས་གཉིས་མཐུད་དུ་འདིར་འདུས་ལ་དེ་དུས་ཅི་བཤད་མི་ཕོད་པའི་བྱ་བ་མེད། མཚམས་རེར་ལབ་གླེང་གི་ལྟ་བ་མ་མཐུན་པར་ཚིག་རྩོད་ཀྱང་བྱུང་ངེས། ལོ་ཡུན་མང་པོ་འདི་ལྟར་འདས་བས་ཁོ་ཚོ་ཡང་མ་མཐུན་པའི་ལྟ་བར་དོ་སྣང་མི་བྱེད་པར་ཉིན་རེའི་རང་ཉིད་ཀྱི་གོ་བའམ་རྟོགས་ཟིན་པའི་བྱ་བ་ག་གེ་མོ་རྣམས་དུས་ལྟར་བཤད་སྲིད། གནད་དོན་གང་ཞིག་ཡིན་པ་མི་ཤེས་ལ་སྡེ་བའི་ནང་དུ་བྱུང་ཟིན་པའི་བྱ་བ་ཚང་མ་ཐོག་མར་ཁོ་ཚོས་ཤེས་འདུག། དེ་བས་དུས་སྐབས་ཤིག་ལ་སྡེ་མི་ཚང་མའི་ལྐོག་ནས་ཁོ་ཚོ་ལ་བརྙན་འཕྲིན་ཁང་ཞེས་པའི་མཚང་མིང་ཞིག་ཀྱང་བཏགས་འདུག

དབྱར་གཞུང་གི་དུས་ཚིགས་འདིར་ནམ་མཁའ་གཡའ་དག་ཅིང་འོད་ཀྱི་ཐིག་ལེའི་མིག་དབང་འབྱེད་མི་ཐུབ་པར་སྣང་ཞིང་ལྗང་མདོག་གི་ས་གཞིར་ཅུང་གསེར་མདངས་ཤིག་དབྱེར་མེད་དུ་རགས་ཙམ་མཆེད། དེ་རིང་ཡང་རྒད་པོ་ཚོ་འདིར་འཛོམས་ནས་ཁ་བརྡའི་འགོ་བརྩམས།

རྒད་པོ་མགོ་དཀར་ལ་སྔགས་ལྭ་གྱོན་པ་དེས་མ་ཎི་ཁའི་འོག་གི་གཞུང་ལམ་སྟེང་འཕྲུལ་རྟ་ལ་ཞོན་ནས་འོངས་བཞིན་པས་གསར་བུ་ཚོ་ལ་བལྟ་ཙམ་བྱས་ནས“ད་དེང་སང་གི་གསར་བུ་འདི་ཚོ་སྒང་རེ་ཡོད་པ་ལ་བསང་རེ་ཕུལ་དུ་བུད་འགྲོ དུས་ནམ་ཞིག་ལ་འཕྲུལ་རྟ་ལམ་འོག་དུ་འཆོར་ནས་མི་རོ་འབྱུང་རྒྱུ་རེད”སྙམ་ནས་ཅི་འདྲའི་དགོད་བྲོ་བ་ཞེས་བདེན་ཆོག་ཆོག་གིས་སེམས་ཁུར་གྱི་ཚུལ་དུ་བཤད། ཁོའི་སེམས་ལ་གསར་བུ་རྣམས་ཀྱི་འཕྲུལ་རྟར་ཞོན་པའི་ཉམས་དེ་ནི་འཇིགས་སུ་རུང་བར་རྒྱུན་ལྡན་གྱི་འགྲོ་འོང་ལས་ཚད་བརྒལ་ཏེ་ཕར་གཡོ་ཚུར་གཡོ་བྱེད། གསར་བུ་ཚོའི་དེ་ནི་ཉམས་རྩལ་བཟང་ངན་གྱི་དབྱེ་བ་འབྱེད་བྱེད་ཡིན་ལ་རང་ཉིད་ཀྱི་ཁྱད་ཆོས་ཕྱིར་མངོན་བྱེད་ཅིག་དུ་བརྩི་བཞིན་ཡོད་མོད། འོན་ཀྱང་རྒད་པོ་ལོ་ལོན་དག་ལ་མཚོན་ན་སྙིང་རྩ་འདར་བའི་རྒྱུ་དང་ཙག་ཤད་སྐྱེ་པའི་སེམས་ཀྱི་ན་ཟུག་ཅིག་དུ་གྱུར་འདུག ཉིན་རྒྱུན་འཕྲུལ་རྟར་ཞོན་པའི་གསར་བུ་ཚོ་མཐོང་ཐེངས་རེར་ཁོ་ཚོས་དེ་དག་ལ་རྒྱབ་བཤད་འགའ་མི་བཤད་པ་མེད་པས་དེ་རིང་ཡང་དེ་སྐད་དུ་བཤད་སོང་།

རལ་བ་དཀར་ནག་འདྲེས་ཤིང་སྐྲ་འཇིལ་ལིར་འཁྱིལ་པས་རྒད་པོ་ཚེ་བརྟན་གྱིས་སྔུན་གྱི་ཆང་དམ་ཚུར་ལེན་ཞོར་མི་འཐད་པའི་ཉམས་ཀྱིས“བཀྲ་ཤིས་ཁྱེད་ཀྱི་བཀྲ་མི་ཤིས་པའི་སྐད་ཆ་དེ་འདྲ་མ་བཤད། བསང་ཕུལ་དུ་སོང་ན་ཡུལ་ལྷ་གཞི་བདག་གི་མགོན་སྐྱབས་ལེ་བྱེད། སྤྱིར་རྒྱལ་ཁབ་ཚང་ལ་ན་གེ་ནོག་གེའི་ཅ་ལག་ལས་རྒྱུ་མང་འདུག ཁ་སངས་ཞིང་འདེབས་ཆས་ཤིག་ཐོན་ཡོང་ལ་དེ་རིང་ཡང་ལོག་རྒྱག་བྱེད་ཅིག་བཟོས། ད་ལོ་མང་པོ་འགོར་ན་མི་ཚང་མ་རུལ་ནས་འགུལ་ཡང་ཐུབ་རྒྱུ་མ་རེད”ཅེས་བཀྲ་ཤིས་ཀྱིས་བཞེད་པར་དགག་པ་དང་མི་འཐད་པའི་ཉམས་ཀྱིས་བཤད་རྗེས་ཆང་ཉུང་ཙམ་འཐུང་།

རྩིབ་ཀྱི་རྒད་པོ་ཤ་རིད་དེས་སྐད་ཅུང་དམའ་མོའི་ངང“འོ་ལེ། ད་དེང་སང་གི་ཅ་ལག་འདི་ཚང་མ་བཀོལ་ན་གཅིག་ཀྱང་མི་ཉན། ངེད་ཚང་གི་ན་ནིང་གཅིག་ལོག་རྒྱག་དུས་ལྕགས་ཀྱི་ཁལ་ཅ་ཅིག་ཉོས་ཡོང་། ཚང་མས་བཤད་པར་དེས་གཅིག་ལོག་བརྒྱབ་ན་ཉིས་ལོག་རྒྱག་མི་དགོས་ཟེར། ད་དུང་ཐོང་གི་གཏིང་ཚད་ཀྱང་ཁལ་མའི་ལོག་ལས་ཟབ་ཅེས་བཤད་མོད། འོན་ཀྱང་ད་ལོ་སྔུན་དང་བསྡུར་ན་སྐྱེ་ཚད་ཇེ་སྡུག་དུ་གྱུར་སོང”ཅེས་སྔམ་པ་འཐེན་ཞོར་ཚི་ལེན་གྱི་བྲང་ཁུག་ལས་སྣ་ཐ་ཕྱིར་བླངས་ནས་མཐེབ་མོའི་སེན་ཐོག་ཏུ་ཉུང་ཙམ་བླུགས།

རྒད་པོ་རྡོ་ཤེལ་ཅན་དེས་གདོང་ཁུག་གི་རྡོ་ཤེལ་ཡར་འདེད་ཙམ་བྱས་ནས་སྔམ་པ་རིང་པོ་ཞིག་དང་ལྷན་དུ་ཡིད་སྐྱོ་བའི་ངང་དལ་དལ་ལྷོད་ལྷོད་ཀྱིས“ད་ཚང་མའི་ཕྱུགས་ཟོག་བཙོང་ནས་འཕྲུལ་ཆས་ཉོས་འདུག གལ་ཏེ་ཕྱུགས་ཟོག་མེད་ན་ཞིང་ནང་དུ་ལུད་རྫས་ཀྱང་ཆད་འགྲོ་བས་ད་ཡག་པོར་ཞིག་ཡོངས་ཐུབ་ནས། ན་ནང་དོ་ཚིགས་ཆར་འབབ་ཚད་ཡང་ཇེ་ཉུང་དུ་བུད་སོང་། ཚང་མས་གྲོས་ཞིག་བྱས་ནས་ཆོས་ཞིག་བཅའ་རན་སྙམ། རང་གི་དྲིན་པོ་ཆེ་མ་ཎི་ཁའི་ལྷ་ཆོས་སྐྱོང་སྲུང་མ་འདིར་བཞུགས་ཡོད་ཡོད་ལ་གནམ་ལ་ཆར་སློང་ཀྱི་ཆོ་ག་ཤིག་རེམ་མ་སྒྲུབ་ན་ཧྲ་གི་དགོ”

ཚང་མའི་མགོ་ལྕོག་ལྡེམ་ལྡེམ་བྱེད་པ་ལས་ཐད་ཀར་ལན་བུ་མ་ལོན། རྒད་པོ་རྡོ་རྗེས་འདང་ཙམ་རྒྱབ་རྗེས་ལྡབ་ལྡིབ་ངང་འོ“ལེ་འོ་ལེ་དེ་འདྲ་བྱེད་དགོས་མོད། འོན་ཀྱང་དེ་རིང་ནང་ཀ་ཆོས་འདོན་མཁན་ཡང་མེད་ལ་ཚང་མ་སྒོར་བཙལ་དུ་ཕྱིར་མྱུག་སོང་། ལུས་ཡོད་པ་འུ་ཚོ་དང་གསར་བུ་ལྟས་ངན་གན་ཚོ་རེད། ད་དངོས་ནས་ཐན་པ་ཆེན་པོ་ཡོང་རྒྱུ་རེད”ཅེས་འཁྱོངས་མི་འཁྱོངས་ཀྱི་ངང་བཤད་པར་ཁ་ནང་གི་སོ་མེད་པའང་ཤེས་ཐུབ། རྒད་པོ་ཚོའི་མགོ་བོ་སྨད་ནས་རྡོ་རྗེའི་སྐད་ཆ་ལ་ཉན་ནས་དལ་ཅག་གེར་འདུག་ལ་བཀུར་སྟིའི་རྣམས་པ་ཞིག་ཀྱང་མངོན་འདུག། རེ་གཉིས་ཀྱི་ཡིད་སེམས་ཕམ་པ་དང་གདོང་ལ་སྡུག་ཉམས་ཁེབས་ནས་རང་རང་སར་བལྟ་བཞིན་འདའ། སྔོན་ཆད་གྲམ་པའི་ཞིང་ནང་དུ་ཡུར་མ་ཡུར་མཁན་དང་ཞིང་ལ་ཆུ་གཏོང་མཁན་སོགས་མི་མང་པོ་འདུས་ནས་འུར་ཟིང་ཁྲོད་དབྱར་གཞུང་གི་དུས་འདི་ཇི་ལྟར་འདས་སོང་བའང་མི་ཤེས། འོན་ཀྱང་དེ་རིང་ནངས་ཀ་ལྷིང་འཇགས་ཀྱི་ཁོར་ཡུག་དེར་གསར་བུ་ཚོའི་འཕྲུལ་རྟར་ཞོན་པས་སྦག་སྒྲ་ལས་ཅི་ཡང་ཐོས་རྒྱུ་མེད། སངས་རྒྱས་ཀྱིས་ཀྱག་ཀྱོག་གི་སྡེ་ལམ་དུ་གསར་བུ་ཚོས་ཁ་གྱེས་ཏེ་སྔ་རྗེས་སུ་རང་ཁྱིམ་གྱི་ལམ་བུར་ཞུགས་པའི་སྣང་ཚུལ་ལ་ལྟོས་ནས“ད་ཐན་ལྟས་པྲ་ཚག་གན་ཚོ། ཕ་མའི་དྲིན་ལ་ལྟོགས་སྐོམ་རིག་མ་དགོས་ན་རྐྱལ་སྟོང་གི་ལམ་ལ་ཞུགས་ནས་ཆོས་མི་སྦྱོང་པ་ཕར་ཞོག། ཐ་ན་སློབ་གྲྭར་ཡང་མི་འགྲོ། དངོས་ནས་ཚར་གོ་ཁུ”ཞེས་བཤད།

གདོང་ནག་ཅིང་དམར་ལ་ཚོ་ཤ་རྒྱས་པའི་རྒད་པོ་དེས་ངོ་ལ་བཅོས་མས་འཛུམས་ཞིག་བསྟན་ཏེ། ལག་གཡས་གཡོན་དུ་དེམ་བེ་དང་ཁ་དོ་བཟུང་ནས་ཁ་དོ་ནང་དུ་ཆང་བླུགས་ནས་རིམ་བཞིན་བཤད་མཚམས་ནས་བཀག་སྟེ“ཡ་་་་་ཆང་བཞེས་ཙམ་བྱོས། ཅུང་ཙམ་བཞེས་ཡ།བྱིས་པ་གན་ཚོའི་ཅི་ཡང་ཤེས་ནི་མ་རེད།ད་འུ་ཅག་ཚང་མའི་ཀླད་པ་འགུལ་ནས་ཐབས་བཀོད་ཅིག་འཐེན་དགོས”ཟེར་ཞོར་ཁ་དོའི་ནང་གི་ཆང་དེ་རྒད་པོ་རྡོ་རྗེ་ལ་ཕུལ།

ཡུན་ཙམ་འགོར་རྗེས་ཁོ་ཚོའི་གཅིག་འཕྲོར་གཅིག་གི་རང་ཉིད་ཀྱི་འདོད་ཕྱོགས་དང་སེམས་གཏམ་བརྗོད། ལ་ལས་འཕྲུལ་ཆས་ཀྱི་བསྐོར་ལ་དགག་པ་རྒྱག། ལ་ལས་གསར་བུ་པྲ་ཚག་རྣམས་ལ་སྡིགས་མོ་བྱེད། ཡང་རེ་གཉིས་ཀྱིས་རྒྱལ་ཁབ་ལ་སྐྱོན་བརྗོད་དང་གནམ་རྒན་མར་ལེ་བདའ་བྱེད། ཁོ་ཚོའི་ཡིད་ལ་གང་འཆར་ཚང་མ་བཤད་སྲིད། འདི་ནི་ཁོ་ཚོའི་ཆེས་མཐའ་འཇུག་གི་མི་ཚེ་གཏོང་བྱེད་ཡིན་ལ་དུས་དེ་རིང་གི་ཉི་མ་འཁྱོལ་བྱེད་ཀྱང་རེད།

ཡང་བར་མཚམས་ཤིག་ནས་རྒད་པོ་ཚེ་བརྟན་གྱིས“འོ་ལེ་འོ་ལེ།ད་ཁ་སངས་དེ་རིང་གི་བྱ་བ་འདི་དག་བཤད་ཀྱང་མི་ཤེས”ཟེར་བཞིན་ཡར་ལངས་ཏེ་ཕ་གིའི་སློབ་གྲྭའི་ཉེ་འདབས་སུ་ཆབ་གསང་དུ་སོང་། སློབ་གྲྭ་ནི་མ་ཎི་ཁང་དང་བཤར་དུ་སྐྲུན་འདུག། མ་ཎི་ཁང་འདིར་བཞེངས་པ་ནས་བཟུང་སྡེ་མི་ཚོའི་ངེས་ཤེས་སུ་ལྷ་ཆོས་རྟེན་བཞེངས་ཡོད་པའི་མཆོག་གྱུར་གྱི་གནས་འདིར་མི་གཙང་བའི་བྱ་བ་ལས་མི་ཉན། ཐ་ན་གཅིན་གཏོང་དུས་སུ་ཡང་བར་ཐག་ཅུང་རིང་སར་བུད་འགྲོ། དེ་བས་སློབ་གྲྭའི་ཁ་སོ་དང་རྒྱབ་ཕྱོགས་སོགས་ནི་ཁོ་ཚོའི་ཆབ་གསང་བྱེད་ཡུལ་དུ་གྱུར། སློབ་གྲྭའི་ཁ་སོ་ནས་འོག་གི་གཞུང་ལམ་བར་གོམ་པ་བཅུ་ལྷག་ལས་མེད། ཚེ་བརྟན་མགྱོགས་མྱུར་ངང་སོང་ནས་གཅིན་བཏང་རྗེས་དལ་ལྷོད་ཀྱིས་ཁ་སོ་ནས་ཡར་ལྟ་མར་ལྟ་བྱེད་ཞོར་ཕྱིར་ཡོངས་བཞིན་མཆིས། ཁོའི་མིག་ལམ་དུ་རྒད་པོ་དོན་གྲུབ་དང་ཡུལ་ཚོའི་སྨན་ཁང་གི་སྨན་པ་འབྲུག་འབུམ་གཉིས་གཞུང་ལམ་སྟེང་བྲེལ་རྟབ་ཀྱིས་འགྲོ་བ་མཐོང་། ཁོས་ཁ་གྲགས་བསམ་མོད། འོན་ཀྱང་དེ་གཉིས་འཚབ་འཚུབ་ངང་འགྲོ་བར་བལྟས་ན་ཁོམ་པ་མེད་པར་བསམ་ནས་དལ་མོར་ལབ་གླེང་བྱེད་སར་ཡོངས་།

རྒད་པོ་ཚེ་བརྟན་ལྷོད་ལ་བབས་ནས་ཙོག་ཙོག་བྱེད་བཞིན“དོན་གྲུབ་ཀྱིས་སྨན་པ་ཁྲིད་ནས་འགྲོ་བར་འདུག། གན་ཚང་ལ་ནད་པ་འདྲ་མེད་པཱ”ཅེས་བཤད་ཞོར་ཕར་ལྟ་ཚུར་ལྟ་ཞིག་བྱས། བཀྲ་ཤིས་ཀྱིས་ཅུང་བསམ་རྗེས་གློ་བུར་དུ“གན་ཚང་གི་མནའ་མར་མངལ་ཆགས་ནས་བཙའ་ལ་ཉེ་བས་ཕལ་ཆེར་དེ་ཡིན་པར་སྙམ”ཞེས་བཤད། ཁོའི་ཡང་སྐྱར“འོ་ལེ། དེ་འདྲ་ཞིག་ཡིན་པར་བསམ། དེ་རིང་ཁོའི་གོམ་སྟབས་མྱུར་མོར་འདུག”ཟེར་ནས་ཤེལ་ཕུང་ཁ་དོའི་ནང་གི་ཆང་དེ་ཧུབ་ཐེངས་གཅིག་གིས་འཐུང་ཚར། ངོ་ལ་རྫིག་ཉམས་དང་མཉམ་དུ་ཁ་ནས་ཁག་སྒྲ་ཞིག་ཀྱང་བྱུང་། ཁོའི་མུ་མཐུད་དུ་བཤད་རྒྱུར།

“དུས་དེང་སང་གི་མནའ་མ་འདི་ཚོས་ཕ་མར་གཅེས་དགོས་པ་མི་ཤེས་ལ་ཕ་མ་ལ་ཁ་ལོག་རྒྱག་པར་དོ་སྣང་ཙམ་ཡང་མི་བྱེད། ད་ཁྱོད་ཚང་མའི་ལྟོས་དང་། རང་ཉིད་ཤི་གསོན་གྱི་སྡུག་ལ་ཐུག་དུས་ཕ་རྒན་ཡར་རྒྱུག་མར་རྒྱུག་བྱེད་དགོས་པ་གན་རེད། བྱུང་གི་མནའ་མ་འདི་ཚང་མ་གཅེས་ལངས་སུ་བཏང་ནས་ལྟས་ངན་ཞིག་ཏུ་གྱུར་འདུག། ལས་ཀར་མི་དགའ་མཛེས་ཉམས་བཏོད་པར་དགའ། ཕ་མར་གཅེས་མི་དགོས་པའི་མནའ་མ་བྱེད་པར་འདོད། ད་ཅི་ཞིག་གི་དུས་རབས་ལ་ཐོན་ཡོད་གི”ཞེས་ཚིག་རྩིབ་པོས་སྒོ་ནས་བཤད།

སངས་རྒྱས་ཀྱི་ཡིད་སེམས་ཕམ་པས་ངང་སྐད་ངག་དམའ་ལ་མགྲིན་པ་བརྣངས་བའི་ཚུལ་གྱིས“ད་བར་མནའ་མ་བསུ་དགོས་ཀྱང་ལས་སླ་མོ་ཞིག་མ་རེད། འོ་སྐོལ་ཚང་མའི་ལན་ཆགས་འདི།ད་འདི་ལྟར་བརྒྱུད་ནས་མི་འགྲོ་ཀ་མེད་རེད། ཚང་མས་མཐོང་ཟིན་པར་འདུག། ད་ལོར་བག་མར་བསུ་བའི་བག་རིན་ལ་ཆེས་ཉུང་ན་ར་སྒོར་ཁྲི་གཅིག་དགོས། དེ་ནི་ད་དུང་གྲོགས་ངོ་ཅན་བརྒྱུད་པའི་བག་རིན་རེད། ཁྱོད་ཚོས་ཨེ་གོ་ཁ་སངས་བསྟན་འཛིན་གྱི་བུ་མོ་མནའ་མར་སློང་དུ་ཡོང་དུས་སྒོར་ཁྲི་ལྔ་ཁྱེར་ཤོག་ཟེར་འདུག། ད་དེ་དངོས་ནས་མི་ཚོང་རེད་ཡ་།དེ་ལྟར་བཤད་སྲོལ་ཞིག་ཡོད་ནས”ཞེས་མགོ་བོ་གཡུག་གཡུག་བྱོས།

གདོང་ནག་ཅིང་དམར་ལ་ཚོ་ཤ་རྒྱག་པའི་རྒད་པོ་དེས“ཧེ། དེ་སྐྱོན་ཡོད་ནི་མ་རེད་བུ་མོ་གཞན་སྡེ་བར་འགྲོ་དགོས་ན་དེ་འདྲ་ལོས་ལེན།”

ཤ་རིད་པའི་རྒད་པོ་དེའི་བྲེལ་འཚུབ་ངང“དེས་ན་ད་ལོ་རང་སྡེ་བའི་ནང་ནས་ཁྲི་གཉིས་ནས་གསུམ་ལ་འཐོན་འདུག། གནའ་མིའི་ཁ་དཔེ་ལ་རང་མི་རང་ལ་མི་བཟང་ཟེར་བ་ཅི་མ་བདེན”ཞེས་སྐད་ཇེ་དམའ་རུ་གྱུར།

རྒད་པོ་རྡོ་ཤེལ་ཅན་དེས་གཡང་ཤམ་དུ་གྱོན་པའི་སྟོད་གཡོགས་ཀྱི་ལྭ་འདབས་པང་ལ་འཐེན་ཞོར“ད་བར་མྱི་ཚང་མ་རྒྱུ་ནོར་ལ་ཆགས་ནས་མགོ་འཐོམ་འདུག། ངའི་ཚ་མོ་བྱིའུ་ཏི་འདྲ་མོ་དེས་ཀྱང་ཁོའི་ཨ་ཕ་ལ་བཤད་རྒྱུར་ཁོ་གནས་ལ་འགྲོ་དུས་རྒྱུ་རིན་མང་པོ་བླངས་སྟེ་ལྭ་བ་བསྒྲིགས་དགོས་ཟེར། ང་ཧ་ལས་སོང་།དངོས་ནས་སྐྲག་རྒྱུ་ཡོངས་ནི་ཞིག་རེད། ལོ་བཅུ་གསུམ་ཅན་གྱི་བྱིས་པ་དེས་ཀྱང་སེམས་ལ་དེ་ལྟར་དྲན་གྱིན་འདུག”ཞེས་རྡོ་ཤེལ་ཡར་ཅུང་ཙམ་དེད།

སངས་རྒྱས་ཀྱིས་ཁྱོས་ཚ་མོ་ཡང་རྒྱུ་དགའ་ཞིག་རེད་ལ་ཞེས་ཚང་མ་གད་མོ་དགོད་དུ་བཅུག། ཡུན་ཙམ་འགོར་རྗེས་ཁོའི་ཡང་བསྐྱར་དོན་གྲུབ་སེམས་ལ་དྲན་ནས་ཡིད་སྐྱོ་བའི་ངང“ད་དོན་གྲུབ་ངོ་མ་སྙིང་མ་རྗེ། དེ་འདྲའི་མནའ་མ་ནག་མོ་དེས་ཉིན་རྒྱུན་ཐུབ་ཚོད་རྐྱང་རྐྱང་བྱེད་མོད། དོན་གྲུབ་ཀྱིས་ད་དུང་བུ་ཞིག་སྐྱེས་པར་རེ་བ་ཆེན་པོ་བཅང་ནས་ཡོད། ད་མྱི་རྒས་ན་ཁྱི་ཞེས་པ་ཅི་མ་བདེན། འུ་ཚོར་དེ་འདྲ་ནག་མོ་ཞིག་མ་ཁེལ་བ་བསོད་ནམས་རེད”ཟེར་ནས་མིག་ཙུམ་ནས་དཀོན་ཆོག་གསུམ་ལ་སྐྱབས་འཇུག་གི་ཚུལ་དུ་ལུས་ལ་བར་ཆད་མེད་པ་དང་སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་སྐྱེ་པས་གསོལ་བ་བཏབ།

གདོང་ནག་ཅིང་དམར་ལ་ཚོ་ཤ་རྒྱག་པའི་རྒད་པོ་དེས་ཡིད་ཕངས་བའི་ངང་ནས“སྐྱེ་བ་སྔོན་གྱི་བཀོད་བསྒྲིགས་རེད་ཡ། ད་མ་ཎི་ཁར་བསང་རེ་ཕུལ་དུ་ཡོད་ན་འགྲིག་མོད། འོན་ཀྱང་ཁོ་ད་དུང་ཡུལ་ལས་ཙག་ཙིག་དེར་མགོ་འཁོར་འདུག། ལོ་ལོན་རྒན་པར་དབང་མེད་ན་ཆོས་བྱེད་པའང་དཀའ་བོར་གྱུར་འདུག་ཡ”་ཞེས་ཆང་དམ་ཚུར་བླངས་ནས་ཅུང་ཙམ་ལས་མེད་པའི་ཆང་འཕྲོ་ཧུབ་ཐེངས་གཅིག་གི་སྟོང་བར་བཏང་།

ཆང་འཐུང་ཚར་ལ་ཉི་མའི་ཚ་དྲོད་ཀྱང་ཡལ་སོང་། བཤད་མི་ཚར་པའི་ལབ་གླེང་དེ་ད་དུང་བཤད་བཞིན་མཆིས་བར་སུས་ཀྱང་ཉིས་ཤད་འཇོག་མི་འདོད་མོད། ཉི་མའི་འགྲོས་དང་བསྟུན་ནས་ཁོ་ཚོ་ཡང་བཟའ་མི་ཚོ་དང་ལྷན་དུ་ནུབ་འཚལ་འཐུང་དུ་འགྲོ་རན་སོངས།

ས་སྲོས་ཀྱི་དུས་ནི་བྱིས་པ་རྣ་ལུག་ཚོར་དབང་པའི་རྩེ་ར་ཡིན་ལ་ཉིན་གཅིག་གི་ནང་ནས་ཆེས་ཡིད་དུ་འོངས་བའི་ཡུལ་ལྗོངས་ཤིག་ཀྱང་རེད། ཧ་ཧ་ཧོ་ཧོས་དགོད་སྒྲའི་ངང་རྩྭ་ཕོན་སོགས་མེ་སྒྲོན་ནས་ཕར་འདེད་ཚུར་འདེད་ཀྱི་རྩེད་འཇོ་སྣ་ག་སྣེ་མོ་རོལ་བ་ནི་སྨིན་པའི་ཁྲོད་མ་ཎི་ཁར་མཆོད་མེ་ཕུལ་བ་ཨ་ན་མ་ནར་སྣང་ངོ།།

                            ཞེས་འགྱུར་མེད་ནས་བྲིས།

ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་བའི་ཚེས་ཉི་ཤུ་ཉིན།

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-8-12 14:16 , Processed in 0.058294 second(s), 21 queries .

返回顶部