日志

༄༅།།སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར་མ ...

已有 32 次阅读2020-7-31 08:07


༄༅།།སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར་མདོར་བསྡུས།


                     

     ༄༅།།སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ་ལ་སློབ་དཔོན་རིན་པོ་ཆེ་དང་། ཨོ་རྒྱན་རིན་པོ་ཆེ། གུ་རུ་རིན་པོ་ཆེ་སོགས་མཚན་གྱི་རྣམ་གྲངས་མང་པོ་ཡོད་མོད། དད་ལྡན་འགྲོ་བའི་ངག་རྒྱུན་དུ་སློབ་དཔོན་པདྨ་འབྱུང་གནས་ཞེས་སུ་འབོད། ཁོང་ནི་དུས་རབས་བརྒྱད་པའི་དུས་མཇུག་ཙམ་ལ་རྒྱ་གར་ནུབ་ཕྱོགས་ཨོ་ཌི་ཡཱ་ན་སྟེ། བོད་སྐད་དུ་ཨོ་རྒྱན་མཁའ་འགྲོའི་གླིང་ངམ་དེང་སྐབས་ཕ་ཁི་སི་ཐན་གྱི་ཁོངས་སུ་དྷ་ན་ཀོ་ཤ་ཟེར་བའི་མཚོ་ནང་དུ་མེ་ཏོག་པདྨའི་ནང་བརྫུས་ཏེ་སྐུ་འཁྲུངས་པར་གྲགས་ཤིང་། ཇོ་ནང་ཏཱ་ར་ནཱ་ཐ་དང་དེང་གི་མཁས་པ་མི་ཉུང་པ་ཞིག་གི་འདོད་པ་ལྟར་ན། རྒྱ་གར་ཡུལ་དབུས་མ་ག་དྷར་རྒྱལ་པོ་དེ་ཝ་པཱ་ལས་རྒྱལ་སྲིད་སྐྱོང་པའི༧༣༠༧༧༧ཚེ། ཨོ་རྒྱན་ཡུལ་དུ་རྒྱལ་པོ་ཧ་ཡ་ལི་ལ་ཡིས་སྲིད་བཟུང་ཞིང་དེའི་ཚེ་རྒྱལ་རིགས་རིག་པ་སྨྲ་བ་ས་ཏྭའམ་སྲིག་དྷར་སྟེ་མེ་ཏོག་ཕྲེང་བ་འཛིན་པ་ཟེར་བ་ཞིག་ཡོད་པ་དེར་ཁྱེའུ་ངོ་མཚར་ཅན་ཞིག་འཁྲུངས་པས། མཚན་ལྟས་ལ་མཁས་པ་གསང་སྔགས་ཀྱི་རྣལ་འབྱོར་པ་ཞིག་གིས་སྲས་འདིས་རྒྱལ་སྲིད་སྐྱོང་མི་སྲིད་པ་དང་། གསང་སྔགས་ཀྱི་ལམ་ལ་བརྟེན་ནས་གྲུབ་པ་ཐོབ་པའི་རྣལ་འབྱོར་བ་ཆེན་པོ་ཞིག་ཏུ་འགྱུར་བར་ལུང་བསྟན་ཞིང་། མཚན་ལ་པདྨ་ཨ་ཝ་བྷ་སི་སྟེ་མཚམས་སྦྱར་བས་པདྨ་ཝ་བྷ་སི་ཞེས་སུ་གསོལ་པར་གྲགས།།

    ཁོང་གིས་སྐུ་ན་ཕྲ་དུས་ནས་རིག་པའི་གནས་ཆེ་ཆུང་དང་བརྟག་པ་བརྒྱད་སོགས་ཚེགས་མེད་དུ་མཁྱེན། གསང་སྔགས་ཀྱི་སློབ་དཔོན་ཤནྟི་རུ་པ་དང་། གྲུབ་ཆེན་སུ་ཁ་དེ་ཝ། མཁའ་འགྲོ་མ་སུ་ཁ་དྷ་རི་སོགས་ཀྱི་མདུན་ནས་གསང་སྔགས་ཀྱི་ཆོས་གཞུང་མང་དུ་བསླབས། བསྒོམ་སྒྲུབ་ཡུན་རིང་མཛད་སྐབས་རྒྱལ་པོ་ཧ་ཡ་ལི་ལ་མྱ་ངན་ལས་འདས། དེའི་བུ་ཨཀྴལི་ལ་ཡིས་སྲིད་དབང་སྐྱོང་སྐབས་བློན་པོ་ངན་པས་དབྱེན་སྦྱོར་བྱས་པ་སོགས་ལ་བརྟེན་ནས་རྒྱལ་བོས་སློབ་དཔོན་རིན་པོ་ཆེ་བཟུང་སྟེ་མཚོན་གྱིས་བསྣུན་པ་དང་། ཆུ་དང་གཡང་ལ་བསྐྱུར་བ། གསོན་པོར་ས་སྦས་སོགས་བྱས་ཀྱང་མ་བཀྲོངས་པས་གནས་དབྱུང་བྱས། དེ་ནས་བཟུང་སློབ་དཔོན་རིན་པོ་ཆེ་ཁོང་གིས་རི་བྲག་དང་དུར་ཁྲོད་སོགས་སུ་ཡོ་ག་སྒོམ་ཞིང་། དྷ་བུ་ཀྲི་ཏ་སོགས་གྲུབ་པ་ཐོབ་པའི་སློབ་དཔོན་བརྒྱད་ལས། རལ་གྲི་དང་། རིལ་བུ། མིག་སྨན། རྐང་མགྱོགས། སྨན། བཅུད་ལེན། གཏེར་གྱི་བུམ་པ། གསེར་འགྱུར་གྱི་རྩི་སོགས་ཐུན་མོང་གི་དངོས་གྲུབ་བརྒྱད་ཐོབ། དེ་ནས་རྒྱལ་བོ་དྷརྨཔཱ་ལ་ཡིས་སྲིད་དབང་བཟུང་པའི་སྐབས་སུ༧༩༠༨༥༣རྒྱ་གར་ཡུལ་དབུས་མ་གྷ་དྷར་བྱོན། གྲུབ་པ་ཐོབ་པའི་སློབ་དཔོན་སངས་རྒྱས་ཡེ་ཤེས་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཤིང་། རྒྱུད་སྡེ་བཞིའི་དབང་དང་མན་ངག་མང་པོ་གསན། སློབ་དཔོན་གྱི་བཀའ་ལྟར་རྒྱ་གར་བྷང་གྷ་ལའི་ཡུལ་གྱི་གྲོང་ཁྱེར་པ་ཎ་ཌ་པའི་བྱང་ཕྱོགས་ཀྱི་ནགས་ཚལ་པར་ཤཱྀ་ཞེས་བྱ་བར་བཞུགས་ནས་གསང་སྔགས་ཀྱི་སྤྱོད་པ་མཛད་དེ་མཆོག་གི་དངོས་གྲུབ་བརྙེས། འཇམ་དཔལ་རྡོ་རྗེའི་ཡིད་མཚོ་ལས་རྡོལ་བའིགསོལ་འདེབས་དངོས་གྲུབ་ཀུན་འབྱུངལས། སྤྲུལ་པའི་གུ་རུ་མཚན་བརྒྱད་དང༌།། གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད།། བྱང་སེམས་ཉེ་བའི་སྲས་བརྒྱད་དང༌།། སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་ལ།། གསོལ་བ་འདེབས་སོ་བྱིན་གྱིས་རློབས།། ཕྱི་ནང་གསང་བའི་བར་ཆད་སོལ།། བསམ་པ་ཡིད་བཞིན་འགྲུབ་པ་དང༌།། མཆོག་དང་ཐུན་མོང་དངོས་གྲུབ་སྩོལ།། ཞེས་གསུངས། སྲིད་ན་འགྲན་ཟླ་དཀོན་པའི་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར། དེ་ནས་རྒྱ་གར་བྱང་ཕྱོགས་ཀྱི་ཡུལ་ཏི་ར་ཧུ་ཏི་དང་བལ་ཡུལ། ཤར་ཕྱོགས་ཀཱ་མརུ། ལྷོ་ཕྱོགས་ཏྲི་མ་ལ་སོགས་སུ་ཕྱིན་ནས་མུ་སྟེགས་པ་མང་པོ་རྫུ་འཕྲུལ་སྟོབས་ཀྱིས་བཏུལ་ཞིང་ལྷ་འདྲེ་མང་པོ་དམ་ལ་བཏགས་ཏེ་གངས་ཅན་བོད་དུ་བྱོན་ཏེ། བོད་བརྒྱུད་ནང་བསྟན་གསང་སྔགས་སྔ་འགྱུར་བའི་སྲོལ་གཏོད་མཁན་དུ་གྱུར་བ་མ་ཟད། སློབ་དཔོན་པདྨ་འབྱུང་གནས་དང་། མཁན་ཆེན་ཞི་བ་ཚོ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་རྣམས་ལ་མཁན་སློབ་ཆོས་གསུམ་ཞེས་སུ་གྲགས་ཤིང་། ལྷ་སའི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུ་ལག་ཁང་བཞེངས་ནས་ཆོས་འཁོར་བསྐོར་བ་སོགས་བོད་ལ་བཀའ་དྲིན་བླ་ན་མ་མཆིས་སོ།།

    དེ་ཡང་གསོལ་འདེབསབསམ་པ་ལྷུན་འགྲུབ་མལས། ཨེ་མ་ཧོཿ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྣང་བ་མཐའ་ཡས་ཐུགས་རྗེའི་བྱིན་རླབས་གཡོས༔ སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་རླབས་ཏེ༔ འཛམ་བུའི་གླིང་དུ་འགྲོ་བའི་དོན་ལ་བྱོན༔ འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས༔ ཆོས་རྒྱལ་གདུང་བརྒྱུད་མཐའ་ལ་མ་སྟོང་བར༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ བོད་ཀྱི་ཆོས་སྐྱོང་རྒྱལ་པོའི་གཉེན་གཅིག་པོ༔ རྒྱལ་པོ་ཆོས་སྤྱོད་སྐྱོང་བའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས༔ སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད༔ ཐུགས་རྗེས་བོད་ཀྱི་སེམས་ཅན་ཡོངས་ལ་གཟིགས༔ མ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལ༔ ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་གདུལ༔ བརྩེ་གདུང་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས༔ དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ༔ ནངས་རེ་དགོངས་རེ་བོད་ཀྱི་དོན་ལ་བྱོན༔ ཉི་ཟེར་འཆར་སྡུད་མདངས་ལ་ཆིབས་ཏེ་བྱོན༔ ཡར་ངོའི་ཚེས་བཅུའི་དུས་སུ་དངོས་སུ་བྱོན༔ འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས༔ ལྔ་བརྒྱ་ཐ་མ་རྩོད་དུས་སྙིགས་མ་ལ༔ སེམས་ཅན་ཐམས་ཅད་ཉོན་མོངས་དུག་ལྔ་རགས༔ ཉོན་མོངས་དུག་ལྔ་རང་རྒྱུད་སྤྱོད་པའི་ཚེ༔ དེ་འདྲའི་དུས་ན་བདག་འདྲའི་ཐུགས་རྗེས་སྐྱོབ༔ དད་ལྡན་མཐོ་རིས་འདྲེན་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས༔ ཧོར་སོག་འཇིགས་པའི་དམག་གིས་མཐའ་བསྐོར་ནས༔ ཆོས་འཁོར་གཉེན་པོ་འཇིག་ལ་ཐུག་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས༔ ཧོར་སོག་དམག་དཔུང་བཟློག་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས༔ སེམས་ཅན་སྒྱུ་ལུས་འཇིག་པའི་ནད་བྱུང་ཚེ༔ མི་བཟོད་སྡུག་བསྔལ་ནད་ཀྱིས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་སྨན་གྱི་བླ་དང་དབྱེར་མེད་པས༔ ཚེ་ཟད་མ་ཡིན་བར་ཆད་ངེས་པར་སེལ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས༔ འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ༔ སེམས་ཅན་མུ་གེའི་ནད་ཀྱིས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅས༔ དབུལ་ཕོངས་བཀྲེས་སྐོམ་སེལ་བར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས༔ ལས་ཅན་འགྲོ་བའི་དོན་དུ་གཏེར་འདོན་ན༔ དམ་ཚིག་ཟོལ་ཟོག་མེད་པའི་དཔའ་གདེང་གིས༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ཡི་དམ་ལྷ་དང་དབྱེར་མེད་པའི༔ ཕ་ནོར་བུ་ཡིས་ལོན་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས༔ སྦས་ཡུལ་ནགས་ཁྲོད་དབེན་ས་སྙོག་པའི་ཚེ༔ ཁ་ཆར་བུ་ཡུག་འཚུབས་ཤིང་ལམ་འགགས་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་གཞི་བདག་གཉེན་པོའི་འཁོར་དང་བཅས༔ ཆོས་མཛད་ལམ་སྣ་འདྲེན་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས༔ སྟག་གཟིག་དོམ་དྲེད་དུག་སྦྲུལ་མཆེ་བ་ཅན༔ འབྲོག་ཆེན་འཇིགས་པའི་འཕྲང་ལ་འགྲིམས་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་དཔའ་བོ་གིང་དང་སྲུང་མར་བཅས༔ གདུག་པའི་སེམས་ཅན་སྐྲོད་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས༔ ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔ སྒྱུ་ལུས་གཡར་པོ་འཇིག་ལ་ཐུག་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་འབྱུང་བ་བཞི་ཡི་ལྷ་མོར་བཅས༔ འབྱུང་བ་རང་སར་ཞི་བར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས༔ ལམ་སྲང་འཇིགས་པའི་འཕྲང་ལ་འགྲིམས་པའི་ཚེ༔ གསད་ཁྱེར་ཇག་པ་ཆོམ་པོས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ཕྱག་རྒྱ་བཞི་ཡི་དགོངས་པར་ལྡན༔ ཙོ་ར་མི་རྒོད་རྔམ་སེམས་བརླག་པར་བྱེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས༔ གང་ཞིག་གཤེད་མའི་དམག་གིས་མཐའ་བསྐོར་ནས༔ མཚོན་ཆ་རྣོན་པོས་འདེབས་ཤིང་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་རྡོ་རྗེའི་གུར་དང་ལྡན་པ་ཡིས༔ གཤེད་མ་བྲེད་ཅིང་མཚོན་ཆ་འཐོར་བར་འགྱུར༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས༔ ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུང་ཚེ༔ གནད་གཅོད་སྡུག་བསྔལ་འདུ་འཕྲོད་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་སྣང་བ་མཐའ་ཡས་སྤྲུལ་པ་སྟེ༔ བདེ་བ་ཅན་གྱི་ཞིང་དུ་ངེས་པར་སྐྱེ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས༔ སྒྱུ་ལུས་གཡར་པོ་ཞིག་པའི་བར་དོ་རུ༔ འཁྲུལ་སྣང་ཉིང་འཁྲུལ་སྡུག་བསྔལ་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་དུས་གསུམ་མཁྱེན་པའི་ཐུགས་རྗེ་ཡིས༔ འཁྲུལ་སྣང་རང་སར་གྲོལ་བར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས༔ གཞན་ཡང་ལས་དང་རྐྱེན་གྱི་དབང་གྱུར་ཏེ༔ འཁྲུལ་སྣང་དངོས་པོར་ཞེན་ཅིང་སྡུག་བསྔལ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་བདེ་ཆེན་རྒྱལ་པོའི་ངོ་བོ་སྟེ༔ སྡུག་བསྔལ་འཁྲུལ་པ་རྩད་ནས་གཞིག་པར་བྱེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས༔ འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་དང༔ ཁྱད་པར་བོད་ཀྱི་རྗེ་འབངས་སྡུག་བསྔལ་ན༔ དད་གུས་མོས་པའི་གདུང་ཤུགས་དྲག་པོ་ཡིས༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ཐུགས་རྗེས་འཕོ་འགྱུར་མེད་པར་གཟིགས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས༔ ཞེས་མཆོག་དང་དངོས་གྲུབ་བྱིན་རླབས་སོགས་ཀྱི་ཚན་ཁ་མ་མཉམ་པར་རྒྱས་པར་གསུངས་ཤིང་། སློབ་དཔོན་རིན་པོ་ཆེ་ཁོང་གི་མཛད་རྣམ་རྒྱས་པར་འདོད་ན་ཨོ་རྒྱན་གླིང་བས་གཏེར་ཡིག་ལས་བཏོན་པའིཔདྨ་བཀའ་ཐངསོགས་ལས་གསལ་བོར་བཞུགས་སོ།། 

      སྐྱབས་གནས་བསླུ་མེད་དཀོན་མཆོག་རིན་པོ་ཆེ།

      ཐུགས་རྗེ་མངའ་བའི་ཨོ་རྒྱན་པད་འབྱུང་ལ།

      བདག་གིས་ཇི་ལྟར་གསོལ་བ་བཏབ་པའི་མཐུས།

      མྱུར་དུ་འགྲུབ་པར་བྱིན་གྱིས་བརླབ་དུ་གསོལ།

   ཞེས་རོང་ཆེན་དེ་ཝ་ར་ཛཱ་ཤྲཱི་འཇམ་དབྱངས་བློ་བཟང་འཕྲིན་ལས་སམ་རོང་ཆེན་ལྷ་རྒྱལ་དཔལ་གྱིས་བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ལུག་ལོའི་གཟའ་སྐར་ཚེས་བཟང་ལ་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་ཆབ་ཆ་གསེར་གཞོང་རིང་མོའི་གྲོང་རྡལ་གསེར་མཁར་བདེ་ལེགས་དགའ་ཚལ་གྱི་རང་ཤག་བཀྲ་ཤིས་བདེ་སྟོང་རྣམ་རྒྱལ་ཕོ་བྲང་ནས་སྦྱར་བ་སརྦ་ཛ་ཡནྟུ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-8-10 07:08 , Processed in 0.055755 second(s), 19 queries .

返回顶部