日志

༄༅།།ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་གི ...

已有 111 次阅读2020-3-1 10:15 |系统分类:文化


༄༅།།ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་གི་ལོ་རྒྱུས་མདོར་བསྡུས་

ཆུ་འཛིན་དཀར་པོའི་ཕོ་ཉ་ཞེས་བྱ་བ་བཞུགས་སོ།།


                                      

      ༄༅།།ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་ནི་མཚོ་སྔོན་ཞིང་ཆེན་བྲག་དཀར་རྫོང་དཔལ་ཁ་གྲོང་བརྡལ་ལྷོ་ཕྱོགས་སུ་སྤྱི་ལེ་སུམ་ཅུའི་མཚམས་སུ་མཛེས་སྡུག་ལྡན་པའི་རྨ་ཀླུང་ཕྱུག་མོའི་བཞུརརྒྱུད་དཀར་མོ་གཡང་འཁྱིལ་ཞེས་པའི་གནས་མཆོག རང་བྱུང་ངོ་མཚར་ལྡན་པའི་མཛེས་ལྗོངས་སུ་ལྷིང་ངེར་བཞེངས་ནས་བཞུགས་ཤིང་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་འདུག་པ་དང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གི་མངའ་ཁུངས་སུ་གཞི་ཁྱོན་ཅུང་ཙམ་ཆེ་བའི་བོད་བརྒྱུད་ནང་བསྟན་རི་བོ་དགེ་ལུགས་པའི་ཆོས་སྡེ་ཁག་ཅིག་ཡིན། དགོན་པ་འདི་ནི་རབ་བྱུང་བཅོ་ལྔ་བའི་ས་ཕོ་འབྲུག་སྤྱི་ལོ༡༨༦༨ལོ་སྟེ། ཆིན་རྒྱལ་རབས་ཀྱི་གོང་མ་ཀུན་སྐྱོང་རྒྱལ་པོ་ཁྲི་ལོ་དྲུག་པར་ཨ་ཚོགས་བླ་མ་སྐུ་ཕྲེང་གསུམ་པ་དཀོན་མཆོག་ཆོས་དར་དཔལ་བཟང་པོས་ཕྱག་བཞེངས་མཛད་པ་དང་། ད་ལྟའི་བར་ལ་ལོ་འཁོར་༡༥༠ལྷག་གི་ལོ་རྒྱུས་རིང་མོ་འདུག་ཅིང་། ཡང་ན་ལོ་ངོ༡༣༠༠རིང་གི་ལོ་རྒྱུས་གྱི་ཆུ་རྒྱུན་རིང་མོར་ཁུངས་གཏུགས་བྱས་ཀྱང་ཆོག དཀར་མོ་གཡང་འཁྱིལ་ཞེས་པའི་ས་ལ་དགེ་བཅུ་ཚང་བའི་གནས་མཆོག རང་བྱུང་ཁམས་ཀྱི་མཛེས་ལྗོངས་ཁྱད་འཕགས་ཅན། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་དོན་སྙིང་ལྡན་ཞིང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ས་དཔྱད་ནང་དོན་ཁྱད་པར་དུ་འཕགས་པའི་གནས་མཆོག་འདི་རུ་ལྷིང་ངེར་བཞེངས་པའི་དགོན་པ་འདི་ད་ལྟའི་བར་དུ་ལོ་ངོ་ཆིག་བརྒྱ་ལྔ་བཅུ་ལྷག་གི་གཟི་འོད་འབར་བའི་ལོ་རྒྱུས་ལྡན་པ་དང་། ལོ་རྒྱུས་གྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ༼མདོ་སྨད་ཆོས་འབྱུང༽སོགས་ལས་ར་སྤྲོད་བྱུང་བ་ལྟར་ན་དེ་ལས་ལྷག་པའི་ལོ་རྒྱུས་རིང་མོ་ཡོད་ཅིང་། ཧ་ལམ་ལོ་ངོ་ཆིག་སྟོང་སུམ་བརྒྱའི་རིང་གི་འོད་སྟོང་འབར་བའི་ལོ་རྒྱུས་ཡོངས་སུ་གྲགས་འདུག དུས་སྔ་མོར་ཡོན་རྒྱལ་རབས་ཀྱི་དུས་ནས་བཟུང་སྟེ། རིམ་བཞིན་དཔལ་ལྡན་ས་སྐྱ་གོང་མ༧འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་དང་།  རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་གསུམ་པ༧བསོད་ནམས་རྒྱ་མཚོ་དཔལ་བཟང་པོ།  ཨ་རིག་དགེ་བཤེས་ཆེན་མོ༧རྗེ་བཙུན་བྱམས་པ་དགེ་ལེགས་རྒྱལ་མཚན། སྐུ་ཕྱོགས་ཤིང་བཟའ་ཚང་། ཤར་ཀྭ་རིང་དཀའ་བཅུ་སོགས་སྐྱེ་ཆེན་དམ་པ་རྣམ་པས་སྔན་གཞུག་ཏུ་ཨ་ཚོགས་དགོན་པའི་གནས་མཆོག་འདི་རུ་བྱོན་ཏེ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ནས་དུས་ཡུན་རིང་བཞུགས་པ་དང་སྒྲུབ་པ་ཉམས་ལེན་མཛད་པ་སོགས་ཡུལ་ཕྱོགས་འདི་རུ་སྒོམ་གྲྭ་དང་། དགོན་པ། སྒྲུབ་ཕུག  མཆོད་རྟེན་སོགས་ཀྱི་གནའ་ཤུལ་གང་མང་མཆིས་པ་སྟེ། གཅིག་ནི་དཀར་མོ་གཡང་འཁྱིལ་ཞེས་བྱ་བ་འདི་རྒྱ་ནག་ཐང་རྒྱལ་རབས་ཀྱི་སྐབས་དང་བོད་བཙན་པོའི་དུས་སུ་རྒྱ་བོད་སོག་གསུམ་གྱི་ཚོང་བ་རྣམས་རྨ་ཆུའི་འགྲམ་རྒྱུད་འདུ་འཛོམས་བྱེད་སའི་གནས་མཆོག་དང་ཇ་རྟའི་ཚོང་ལམ་ཞེས་སུ་གྲགས་པའི་གནའ་ཤུལ་གལ་ཆེན་ཞིག་ཀྱང་ཡིན་པར་སེམས་པ་མ་ཟད། དུས་རབས་དེ་ཙམ་ལ་གནས་མཆོག་འདི་རུ་རྒྱ་ནག་ཧ་ཤིང་རིང་ལུགས་འཛིན་པའི་སྒོམ་གྲྭ་ཆེན་པོ་ཞིག་ཡོད་པའང་གནའ་ཤུལ་དང་དམངས་ཁྲོད་ངག་རྒྱུན་དུ་ཡོངས་སུ་གྲགས་སོ། གཉིས་ནི་སུན་རྒྱལ་རབས་ཀྱི་དུས་སུ་བོད་སིལ་བུར་འཐོར་བའི་སྔན་གཞུག་ཏུ་གནས་མཆོག་འདིར་བཀའ་གདམས་བསྟན་པའི་རིང་ལུགས་འཛིན་པའི་རྟགས་སུ་ད་ལྟ་ཡང་དགོན་པའི་མཐའ་འཁོར་དུ་བཀའ་གདམས་མཆོད་རྟེན་དང་གནའ་རྫས་རི་མོ་སྣ་ཚོགས་ང་ཚོའི་འདྲེན་བྱེད་དབང་པོའི་ལམ་དུ་མཆིས་སོ། གསུམ་ནི་ཡོན་རྒྱལ་རབས་ཀྱི་དུས་སུ་གནས་མཆོག་འདིར་ཨ་རིག་གི་ཆོས་སྡེ་གལ་ཆེན་ཞིག་ཡོད་པར་གྲགས་ཤིང་། དུས་སྐབས་དེ་ཙམ་ལ་ས་སྐྱ་གོང་མ༧འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའང་གནས་མཆོག་འདིར་ཕྱག་ཕེབས་ཤིང་ཡུན་རིང་བཞུགས་ནས་ཀྱེེ་རྡོར་དང་ཕུར་བ་སྒྲུབ་པས་ཡི་དམ་ལྷས་དངོས་སུ་ཞལ་གཟིགས་གནང་པའི་གནས་རི་ལ་ད་ལྟའི་བར་དུ་ཡང་ཀྱེེ་ཕུར་ཞེས་ས་མིང་དུ་ཐོག་པ་མ་ཟད་སྒྲུབ་ཕུག་དང་བཞུགས་ཁྲིའི་ཤུལ་སོགས་ཀྱང་མ་ཉམས་ད་ལྟའི་བར་དུ་གཏན་ཏུ་གནས་སོ། བཞི་ནི་སོག་རྒྱལ་ཨལ་ཐས་ཧན་གྱི་དུས་སུ་རྒྱལ་དབང་སྐུ་ཕྲེང་གསུམ་པ༧བསོད་ནམས་རྒྱ་མཚོ་དཔལ་བཟང་པོ་གནས་མཆོག་འདིར་ཕེབས་པའི་ཕྱག་ཙྪ་དང་བཞུགས་ཁྲིའི་ཤུལ་སོགས་ད་ལྟ་ཡང་མཐོང་ཐུབ་ངེས། དུས་སྐབས་དེ་ཙམ་ལ་ཧ་ལམ་ཆུ་ཡོས་ལོའི་སོག་འཁྲུག་རྗེས་སུ་ཨ་རིག་དགོན་པ་འདི་ད་དུང་གནས་ཡོད་པའི་རྟགས་སུ་ཨ་རིག་དགེ་བཤེས་ཆེན་མོ༧རྗེ་བཙུན་བྱམས་པ་དགེ་ལེགས་རྒྱལ་མཚན་ཚང་ཐོག་མར་གནས་མཆོག་འདིར་ཕྱག་ཕེབས་པ་ལས་གསལ་བོར་མཚོན་ཞིང་སྐུ་ཕྱོགས་ཤིང་བཟའ་ཚང་གིས་ཨ་རིག་དགོན་པ་འདི་ཨ་ཚོགས་བླ་མ༧དཀོན་མཆོག་ཆོས་དར་ཚང་ལ་བསྐུལ་བ་ལས། རབ་བྱུང་བཅོ་ལྔ་བའི་ས་ཕོ་འབྲུག་སྤྱི་ལོ༡༨༦༨ལོ་སྟེ་ཆིན་རྒྱལ་རབས་ཀྱི་གོང་མ་ཀུན་སྐྱོང་རྒྱལ་པོ་ཁྲི་ལོ་དྲུག་པ་ནས་བཟུང་སྟེ་ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་གིས་ཆོས་སྡེ་འདིར་དངོས་སུ་བདག་སྐྱོང་བྱས་པའི་དབུ་ཚུགས་པ་མ་ཟད་དགོན་པ་གསར་བཞེངས་བྱས་པའི་དུས་རབས་ཀྱི་དཀྱོགས་མཚམས་གལ་ཆེན་ཞིག་ཏུ་གྱུར་འདུག ལྔ་ནི་ཨ་ཚོགས་བླ་མ༧དཀོན་མཆོག་ཆོས་དར་ཚང་ཐོག་མར་གནས་མཆོག་འདིར་ཕྱག་ཕེབས་དུས་སུ་ཨ་རིག་དགོན་པ་སྔོན་མའི་རྒྱུན་ཡོད་ལ་ཤར་ཀྭ་རིང་དཀའ་བཅུ་ཚང་སྐུ་གོང་མ་ཡང་སྐུ་དངོས་སུ་དགོན་པ་དེར་བཞུགས་ཡོད་པར་གྲགས། དྲུག་ནི་དགོན་པའི་ནུབ་ཕྱོགས་སུ་ལོ་རྒྱུས་རིང་མོ་ལྡན་པའི་རྒྱ་ནག་ཐང་རྒྱལ་རབས་ཀྱི་སྐབས་དང་བོད་བཙན་པོའི་དུས་རབས་སུ་རིག་དངོས་གནའ་ཤུལ་མཆོད་རྟེན་སོགས་ཡོད་པར་དུས་ཡུན་རིང་པོ་ཞིག་ལ་རྒྱལ་ཁབ་ཀྱིས་གནའ་རྫས་ཞིབ་བཤེར་རྔོག་འདོན་མ་བྱས་ཀྱང་རིག་དངོས་གནའ་རྫས་སོགས་ས་འོག་ནས་བསྟུད་མར་འབུད་བཞིན་འདུག་པར་རྒྱལ་ཁབ་རིག་དངོས་སྡེ་ཁག་གིས་རིག་དངོས་ཞིབ་འཇུག་བྱེད་པར་རིན་ཐང་གལ་ཆེན་ལྡན་པས། ད་ལྟ་རྔོག་འདོན་བྱས་ཟིན་པའི་ཐུན་ཏེ་རྫོང་རི་རིག་གནས་ཤུལ་བཞག་ལས་ཀྱང་དམན་ཞིང་རིན་ཐང་མེད་པ་མ་ཡིན་ནོ། བདུན་ནི་དགོན་པའི་ནུབ་ཕྱོགས་མཚམས་སུ་ཀྱེེ་ཕུར་ནགས་ཚལ་གཤམ་གྱི་རྨ་ཆུའི་འགྲམ་རྒྱུད་དུ་ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གིས་ཞིབ་འཇུག་བྱས་པའི་ཀྱལ་རྟ་ནགས་ཚལ་དེས་འཛམ་བུ་གླིང་གི་ཟིན་ཐོ་བསྐྲུན་ཡོད་པ་དང་། མཚོ་ངོས་ལས་སྨིས༢༧༠༠དང་། ཀྱལ་རྟ་དམར་པོའི་སྡོང་རྒན་མཐའ་འཁོར་རིང་ཚད་ལ་སྨིས༣.༦༧ཡོད་ཅིང་མཐོ་ཚད་ལ་སྨིས༡༦ཡོད་པ་མ་ཟད། ཀྱལ་རྟ་དམར་པོའི་སྡོང་རྒན་ཆེས་ཆེན་པོ་ནི་ལོ་ངོ༣༠༠ལས་འདས་ཡོད་པས། དེ་ནི་འཛམ་བུ་གླིང་ན་ཧ་ཅང་དཀོན་པའི་ཀྱལ་རྟ་དམར་པོའི་ནགས་ཚལ་གྱི་རིགས་ཤིག་ཡིན་ཞིང་། འཇིག་རྟེན་ཁམས་ན་འགྲན་ཟླ་བྲལ་བའི་རང་བྱུང་སྐྱེ་དངོས་ཤུལ་བཞག་གལ་ཆེན་ཡིན་པ་དང་བཅས་སོ།།

      ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་ཕྱག་འདེབས་མཛད་པ་པོའི་སྐུ་ཕྲེང་རིམ་བྱོན་སྐོར་ལ་ཨ་ཚོགས་བླ་མ་སྐུ་ཕྲེང་དང་པོ༧ཚོ་འདུ་བློ་བཟང་འཕྲིན་ལས་རིན་པོ་ཆེ་ནི་རབ་བྱུང་བཅོ་ལྔ་བའི་ཆུ་ཕོ་སྤྲེལ་སྤྱི་ལོ༡༦༧༢ལོར་མདོ་སྨད་རེབ་གོང་ཚོ་འདུ་སྡེ་བ་ནས་སྐུ་འཁྲུངས་ཤིང་།  སྐུ་ན་ཕྲ་བའི་དུས་ནས་རབ་ཏུ་བྱུང་བ་དང་། དབུས་ཕྱོགས་སུ་ཕེབས་ནས་ཆོས་གྲྭ་འགྲིམ་པར་མཛད། ཕྱིར་ཨ་མདོ་ཕྱག་ཡུལ་དུ་ཕེབས་རྗེས་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་གི་གསེར་ཁྲིར་མངའ་གསོལ་ཞིང་། ཤར་སྐྱབས་མགོན་སྐུ་ཕྲེང་གསུམ་པ༧དགེ་འདུན་འཕྲིན་ལས་རབ་རྒྱས་མཆོག་གི་ཡོངས་འཛིན་བཞེས་སོ།  ཨ་ཚོགས་བླ་མ་སྐུ་ཕྲེང་གཉིས་པ༧དར་གྲོང་གྲུབ་ཆེན་བདུད་འདུལ་འོད་ཟེར་མཆོག་ནི་རབ་བྱུང་བཅུ་གསུམ་པའི་མེ་མོ་གླང་སྤྱི་ལོ༡༧༥༧ལོར་སྐུ་འཁྲུང་ཤིང་། དགུང་གྲངས་བཅུ་གཅིག་སྟེང་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་ཆོས་གྲྭར་འགྲིམ་པ་དང་། ཕྱིར་མཚོ་སྔོན་པོའི་ཕྱོགས་སུ་ཕེབས་ནས་གྲུབ་རྟགས་མང་པོ་མཛད་པས། མཚན་ལ་དར་གྲོང་གྲུབ་ཆེན་ཞེས་སུ་གྲགས། ཨ་ཚོགས་བླ་མ་སྐུ་ཕྲེང་གསུམ་པ༧དཀོན་མཆོག་ཆོས་དར་རིན་པོ་ཆེ་ནི་རབ་བྱུང་བཅུ་བཞི་བའི་ཆུ་ཕོ་སྦྲུལ་སྤྱི་ལོ༡༨༣༣ལོར་མཚོ་སྔོན་ཨ་ཚོགས་སུ་སྐུ་འཁྲུངས་ཤིང་། བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་བསྟན་པའི་མངའ་བདག་ཆེན་མོ༧རྗེ་གསེར་ཁང་བའི་ཞབས་པད་སྤྱི་བོའི་གཙུག་ཏུ་བཀུར་ནས་རྩ་བའི་བླ་མར་བསྟེན་ཞིང་། སྐུ་འབུམ་དགེ་བཤེས་སྐུ་ཕྲེང་གཉིས་པ་སོགས་སློབ་བུ་དམ་པ་གང་མང་བྱོན།  དགུང་གྲངས་སུམ་ཅུ་སོ་ལྔའི་སྟེང་ནས་ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་འདི་བདག་སྐྱོང་མཧད་པའི་དབུ་ཚུགས་ནས་དགོན་པ་གསར་བཞེངས་མཛད། ཨ་ཚོགས་བླ་མ་སྐུ་ཕྲེང་བཞི་པ༧བློ་བཟང་ལུང་རྟོགས་རྒྱ་མཚོ་དཔལ་བཟང་པོ་ནི་རབ་བྱུང་བཅོ་ལྔ་བའི་ལྕགས་ཕོ་སྤྲེལ་སྤྱི་ལོ༡༩༢༠ལོར་མཚོ་སྔོན་ཨ་ཚོགས་ནས་སྐུ་འཁྲུངས་ཤིང་། དགུང་གྲངས་བཅུ་གསུམ་ནས་བཟུང་སྟེ་ངྔྷིཿཚ་བཀྲ་ཤིས་ཆོས་སྡིངས་སུ་ཕེབས་ནས་ཆོས་གྲྭ་འགྲིམ་ཞིང་། ༧རྗེ་ཞྭ་དམར་པཎྟི་ཏ་རིན་པོ་ཆེ་རྩ་བའི་བླ་མར་བཀུར་ཏེ། ཁོང་གིས་སྐུ་ཚེ་གང་པོར་སངས་རྒྱས་བསྟན་པའི་འཕྲིན་ལས་ཡོངས་སུ་མཛད་དོ། ཨ་ཚོགས་བླ་མ་སྐུ་ཕྲེང་ལྔ་བ༧ཐུབ་བསྟན་ཡེ་ཤེས་དབང་པོ་མཆོག་ནི་རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་སྤྲེལ་༡༩༨༠ལོར་ཨ་ཚོགས་ཁོ་ནག་ནས་སྐུ་འཁྲུངས་ཤིང་སྐུ་ན་ཕྲ་བའི་དུས་ནས་ཨ་ཚོགས་དགོན་པའི་ཆོས་སྒོར་ཞུགས་པ་མ་ཟད་དགོན་པ་བདག་སྐྱོང་མཛད།༢༠༡༦ལོའི་ཟླ༧པའི་ཚེས༡༣ཉིན་ལ་དགུང་གྲངས་སུམ་ཅུ་སོ་དྲུག་བཞེས་པ་ཙམ་སྐུ་ན་གཞོན་པའི་དུས་སུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བྱོན་པའི་ཚུལ་བསྟན་པ་དང་བཅས་སོ།།

      ཨ་ཚོགས་དགོན་པའི་སྐྱེས་ཆེན་དམ་པའི་སྐོར་ལ་ཡང་སྐུ་འབུམ་དགེ་བཤེས་སྐུ་ཕྲེང་རིམ་བྱོན་ལས། སྐུ་འབུམ་དགེ་བཤེས་སྐུ་ཕྲེང་དང་པོ་ནི་སོག་ཕྱོགས་སུ་སྐུ་འཁྲུངས་ཤིང་། སྐུ་འབུམ་བྱམས་པ་གླིང་ནས་ཆོས་གྲྭ་འགྲིམ་ཞིང་དགེ་བཤེས་ཀྱི་ཐོབ་ཐང་བླངས་པས། མཚན་ལའང་སྐུ་འབུམ་དགེ་བཤེས་ཞེས་སུ་གསོལ།  སྐུ་འབུམ་དགེ་བཤེས་སྐུ་ཕྲེང་གཉིས་པ༧བློ་བཟང་བསྟན་པ་རབ་རྒྱས་ནི་རབ་བྱུང་བཅོ་ལྔ་བའི་ཤིང་མོ་བྱ་སྤྱི་ལོ ༡༨༥༨ ལོར་ཨ་ཚོགས་དམེ་རྐ་ཚོ་བ་ནས་སྐུ་འཁྲུངས་ཤིང་། སྐུ་ན་ཕྲ་བའི་དུས་ནས་བཟུང་སྟེ་ཨ་ཚོགས་བླ་མ་སྐུ་ཕྲེང་གསུམ་པ༧དཀོན་མཆོག་ཆོས་དར་རིན་པོ་ཆེས་ཐུགས་རྗེ་སྤྱན་གྱིས་གཟིགས་ཏེ་གཟིགས་སྐྱོང་མཛད་ནས་འཚར་ལོངས་བྱུང་བ་དང་ཆོས་ཀྱི་གཞུང་ལ་མཁས་པར་གྱུར་པས་ཨ་ཚོགས་དགོན་པའི་སྐྱེས་ཆེན་དམ་པའི་ཡ་གྱལ་དུ་གྱུར་བ་ཡིན། དགུང་གྲངས་བཅུ་དགུའི་སྟེང་སྐུ་ཕྱོགས་རྙེ་ཚང་རིན་པོ་ཆེས་གདན་འདྲེན་གནང་བ་བཞིན་ཀོས་ནན་ཀླུ་ཚང་དགོན་བཤད་སྒྲུབ་དགེ་འཕེལ་གླིང་དུ་ཕེབས་ནས་བཞུགས་ཤིང་ཕྱིས་སུ་ཨ་ཚོགས་བླ་མ་སྐུ་ཕྲེང་གསུམ་པ༧དཀོན་མཆོག་ཆོས་དར་རིན་པོ་ཆེས་ཐུགས་བཀོད་ལྟར་ཕྱིར་ཨ་ཚོགས་དགོན་པར་ཕེབས་ནས་དགོན་པ་བདག་སྐྱོང་མཛད། སྐུ་འབུམ་དགེ་བཤེས་སྐུ་ཕྲེང་གསུམ་པ༧འཇམ་དབྱངས་བསྟན་པ་རབ་རྒྱས་མཆོག་ནི་བོད་རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་སྤྲེལ་སྤྱི་ལོ༡༩༣༢ལོར་ཨ་ཚོགས་དྲུང་ཡིག་ཚོ་བ་ནས་སྐུ་འཁྲུངས་ཤིང་སྐུ་ན་ཕྲ་བའི་དུས་ནས་སྐུ་འབུམ་དགེ་བཤེས་སྐུ་ཕྲེང་གཉིས་པའི་སྤྲུལ་སྐུར་ངོས་འཛིན་གནང་ཞིང་ཁོང་གི་སྐུ་ཚེ་གང་པོར་སངས་རྒྱས་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་འཕྲིན་ལས་མཛད་ཅིང་། མཚོ་སྔོན་ཞིང་ཆེན་ཞིན་ཧེ་རྫོང་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྒྱུན་ལས་ཨུ་ཡོན། རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་སོགས་ཕྱག་འགན་ལྷུར་བཞེས་གནང་མྱོང་བ་དང་། ཁྱད་པར་དུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་ལ་རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་ཁྱི་སྤྱི་ལོ༡༩༨༢ལོར་རིག་གནས་གསར་བརྗེ་དུས་སྐབས་སུ་ཆོས་སྒོ་གཏད་ཟིན་པའི་ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་གི་ཆོས་སྒོ་གསར་དུ་ཕྱེས་པ་དང་ཁྱོན་ཡོངས་སུ་དགོན་པ་བདག་སྐྱོང་མཛད་ཅིང་། དགོན་པའི་སློབ་གྲྭ་བཙུགས་པ།  དགོན་པའི་རང་ཁ་རང་གསོའི་ཐབས་ལམ་བཙལ་བ་སོགས་ལ་ཁྱད་པར་དུ་འཕགས་པའི་ཕྱག་རྗེས་ཆེན་པོ་མཛད་ཡོད། སྐུ་འབུམ་དགེ་བཤེས་སྐུ་ཕྲེང་བཞི་བ༧བློ་བཟང་བསྟན་འཛིན་རབ་རྒྱས་ཚང་ནི་རབ་བྱུང་བཅུ་བདུན་པའི་མེ་མོ་གླང་སྤྱི་ལོ༡༩༩༧ལོར་ཤ་བྲང་རྔ་ཀྱཱ་སྡེ་བ་ནས་སྐུ་མཆོག་ཉི་མ་གནོན་ནུའི་འཛུམ་བརྒྱ་གྲོལ་ཞིང་། སྐུ་ན་ཕྲ་བའི་དུས་ནས་དགོན་པའི་ཆོས་སྒོར་ཞུགས་པ་དང་། སྐུ་འབུམ་དགེ་བཤེས་སྐུ་ཕྲེང་གསུམ་པ༧འཇམ་དབྱངས་བསྟན་པ་རབ་རྒྱས་མཆོག་གི་ཡང་སྤྲུལ་དམ་པ་འཁྲུལ་མེད་དུ་ཐུགས་ཐག་བཅད་པ་མ་ཟད། མི་འཇིགས་གདོང་ལྔའི་བཏེགས་པའི་ཁྲི་འཕང་མཐོན་པོར་མངའ་གསོལ་པ་དང་། དགོན་པ་བདག་སྐྱོང་ལེགས་པོ་མཛད་བཞིན་བཞུགས་ཤིང་། དུས་མཚུངས་སུ་ཀོས་ནན་ཀླུ་ཚང་དགོན་བཤད་སྒྲུབ་དགེ་འཕེལ་གླིང་གི་ཆོས་གྲྭར་ཞུགས་ནས། ཆོས་གཞུང་ཐམས་ཅད་ཟབ་སྦྱོང་མཛད་པ་དང་ཀླུ་ཚང་དགོན་བཤད་སྒྲུབ་དགེ་འཕེལ་གླིང་གི་སྐྱེས་ཆེན་དམ་པ་རྣམ་པའི་ཡ་གྱལ་དུ་མངའ་གསོལ་ཞིང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་དཔལ་དུ་བཞུགས་སོ།།

      ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་དུ་རབ་བྱུང་བཅུ་དྲུག་པའི་ས་ཕོ་ཁྱི་སྤྱི་ལོ༡༩༦༨ལོའི་ཡར་སྔོན་གྱི་རྟེན་བཞེངས་འཛུགས་སྐྲུན་སྣ་ཚོགས་ལས་ཚོགས་ཆེན་འདུ་ཁང་གཅིག་དང་། ལྷ་ཁང་གཉིས། ནང་ཆེན་བཞི། བཅུ་ཆ་ཁང། སྤྱི་ཁང་། དཔར་ཁང་། གྲྭ་ཤག་བདུན་ཅུ་དོན་ལྔ་སོགས་བཞུགས་ཤིང་། ཨ་ཚོགས་བླ་མ་དང་སྐུ་འབུམ་དགེ་བཤེས་དམ་པ་རྣམ་གཉིས་གཙོས་དགེ་འདུན་པ་ཉིས་བརྒྱ་ལྔ་བཅུ་ལྷག་བཞུགས་སོ། དགོན་པའི་སྐུ་གསུང་ཐུགས་རྟེན་གྱི་སྐོར་ལ་རྒྱ་གར་བསིལ་བ་ཚལ་གྱི་དུར་ཁྲོད་ནས་འཕུར་ཡོང་བའི་ཨ་ཙ་རའི་རྐང་དུང་བྱིན་ཅན་དང་། རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར།  རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་གསུང་རབ་གླེག་བམ་གྲངས་ལས་འདས་པ། རྗེ་བཙུན་མ་གཙོ་བྱས་པའི་གྱན་ཐང་བཅུ་ཕྲག ཤམྦྷ་ལའི་ཞིང་བཀོད་དང་། རྒྱལ་ཆེན་སྡེ་བཞི། སྲིད་པའི་འཁོར་ལོ་སོགས་རིག་དངོས་ཐང་ག་ཆེ་ཆུང་བརྒྱ་ཕྲག རྒྱལ་བ་མི་ཕམ་མགོན་པོ་དང་། སངས་རྒྱས་ཤཱཀྱ་ཐུབ་པ། རྒྱལ་བ་འོད་དཔག་མེད་གཙོས་ལྷ་སྐུ་ཞི་དྲག་སྣ་ཚོགས།  མ་ཎི་དུང་འཁོར་དང་བཅས་པ་བཞུགས་སོ། དགོན་པའི་ཆོས་སྤྱོད་ཕྱག་ལེན་དང་བསླབ་བྱ་སོགས་ནི་རྭ་རྒྱ་བཀྲ་ཤིས་འབྱུང་གནས་དང་། སྐུ་འབུམ་བྱམས་པ་གླིང་། ངྔྷིཿཚ་བཀྲ་ཤིས་ཆོས་སྡིངས། རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་སོགས་ཀྱི་ཕྱག་ལེན་དང་གཅིག་མཚུངས་ཡིན། ཁྱད་པར་དུ་རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་ཁྱི་སྤྱི་ལོ༡༩༨༢ལོར་དགོན་པའི་ཆོས་སྒོ་གསར་དུ་ཕྱེས་པའི་ཚུན་ལ་དགོན་པའི་རྒྱ་ཁྱོན་ལྷག་ཏུ་ཇེ་ཆེ་དང་འཕེལ་རྒྱས་མྱུར་ཚད་ལྷག་ཏུ་ཇེ་མགྱོགས་སུ་སོང་པས་རབ་བྱུང་བཅུ་དྲུག་པའི་མེ་ཕོ་སྟག་སྤྱི་ལོ༡༩༨༦ལོར་ཚོགས་ཆེན་འདུ་ཁང་ཆེན་མོ་ལྷུན་གྱིས་གྲུབ་པ་དང་། སྔ་གཞུག་ཏུ་བྱམས་ཁང་དང་། མགོན་ཁང་། བཅུ་ཆ་ཁང་།  སྐུ་ཕྱོགས་ཤིང་བཟའ་རིན་པོ་ཆེའི་ནང་ཆེན། ཨ་ཚོགས་བླ་མའི་ནང་ཆེན། སྐུ་འབུམ་དགེ་བཤེས་ནང་ཆེན་སོགས་འཛུགས་སྐྲུན་ཆེ་ཁག་སོགས་ལེགས་འགྲུབ་བྱུང་ཞིང་གྲྭ་ཤག་ཆིག་བརྒྱ་བཅུ་དྲུག་ཙམ་ཡོངས་སུ་གྲུབ་པ་མ་ཟད་དགོན་པའི་སློབ་གྲྭ་སོགས་བདེ་བླག་ངང་ནས་འཛུགས་སྐྲུན་བྱས་ཤིང་། དགོན་པའི་སྐུ་གསུང་ཐུགས་རྟེན་སྐོར་ལ་ཡང་སྔར་བཞིན་རྒྱ་གར་བསིལ་བ་ཚལ་གྱི་དུར་ཁྲོད་ནས་འཕུར་ཡོང་བའི་ཨ་ཙ་རའི་རྐང་དུང་བྱིན་ཅན་དང་། རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་གསུང་རབ་གླེག་བམ་གྲངས་ལས་འདས་པ། སྟོན་པ་ཤཱཀྱ་ཐུབ་པ། རྒྱལ་བ་བྱམས་པ་མགོན་པོ། རྗེ་གཟིགས་པ་ལྔ་ལྡན་སོགས་གཙོ་སྐུ་མི་ཚད་ཁྲི་དྲུག་འགྱོགས་ཅན། མགོན་པོ་ཕྱག་དྲུག་པ། དཔལ་ཆེན་རྡོ་རྗེ་འཇིགས་བྱེད། འཇིགས་བྱེད་ལྷ་བཅུ་གསུམ་སོགས་ཀྱི་སྨན་སྐུ་ཆེ་ཁག་གང་བཞུགས་ཤིང་། སྨན་སྐུ་ལས་གྲུབ་པའི་སངས་རྒྱས་སྟོང་སྐུ། གོས་སྐུ་ཆེན་མོ། མཁའ་སྤྱོད་མའི་ཞིང་བཀོད་སོགས་གྱན་ཐང་དང་ཐང་ག་སྣ་ཚོགས། མ་ཎི་དུང་འཁོར་སོགས་འཁོར་ཁང་དང་བཅས་པ་ལྷུན་གྱིས་གྲུབ་ནས་བཞུགས་སོ། ལྷག་པར་སྔར་ཡོད་ཀྱི་ཆོས་སྤྱོད་ཕྱག་ལེན་ཐམས་ཅད་སྔར་བཞིན་སླར་གསོ་བྱས་ཡོད་པ་མ་ཟད། ད་ལྟ་སྐུ་འབུམ་དགེ་བཤེས་སྐུ་ཕྲེང་བཞི་བ༧བློ་བཟང་བསྟན་འཛིན་རབ་རྒྱས་དཔལ་བཟང་པོ་སོགས་དགོན་པའི་གྲྭ་ཚང་ཆིག་བརྒྱ་དང་བདུན་ཅུ་ཙམ་བཞུགས་ནས།  ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་། ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་སོགས་ཆོས་སྤྱོད་ཕྱག་ལེན་ཐམས་ཅད་རྒྱུན་སྲོལ་བཞིན་དུ་ཚུགས་ཤིང་། ལོ་རེར་བཞིན་བོད་ཟླ་དང་པོའི་ཚེས་བཅུ་ནས་བཅོ་ལྔ་བར་ལ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཉིན་དྲུག་དང་། ཚེས་ཉི་ཤུ་ནས་ཉེར་ལྔ་བར་ལ་སྐུ་འབུམ་དགེ་བཤེས་རིན་པོ་ཆེའི་ཞབས་བརྟན་དང་གདུང་མཆོད་ཆེན་མོཉིན་དྲུག གསུམ་པ་ཚེས་བཅུ་ནས་བཅོ་ལྔ་བར་ལ་སྒྲུབ་མཆོད་ཆེན་མོ་དང་མི་འཁྲུགས་པའི་རྡུལ་མཚོན་དང་བཅསཔ་ཉིན་དྲུག བཞི་བའི་ཚེས་དྲུག་ནས་བཅོ་ལྔ་བར་ལ་སྨྱུང་གནས་དང་མཁའ་སྤྱོད་མའི་ཚོགས་སོགས་ཉིན་བཅུ་ཐམ་པ། དྲུག་པའི་ཚེས་བཅོ་ལྔ་ནས་བརྒྱད་པའི་ཚེས་གཅིག་བར་ལ་དྲུག་པའི་དབྱར་གནས། བརྒྱད་པའི་ནང་ལ་མ་ཎི་ཆོས་ཐོག་ཉིན་བདུན། དགུ་བའི་ཉེར་གཉིས་ཉིན་ལ་ལྷ་བབས་དུས་ཆེན། བཅུ་བའི་ཚེས་ཉེར་བཞི་ནས་བཅུ་གཅིག་པའི་ཚེས་གཅིག་བར་ལ་བཅུ་བའི་ལྔ་མཆོད་ཆེན་མོ་ཉིན་བརྒྱད། བཅུ་གཅིག་པའི་ཉེ་ཤུ་བཞི་ནས་ཉེར་དགུ་བར་ལ་སེ་ར་ཆོས་ཀྱི་རྒྱལ་མཚན་རིན་པོ་ཆེའི་གདུང་མཆོད་ཆེན་མོ་ཉིན་ལྔ། བོད་ཟླ་བཅུ་གཉིས་བའི་ཚེས་བཅུ་གསུམ་ནས་བཅོ་ལྔ་བར་ལ་སྒྲོལ་འདོན་རིང་མོ་སྟེ་སྒྲོལ་མ་དང་མདོ་འདོན་ཉིན་གསུམ། ཚེས་ཉེར་ལྔ་ནས་ཉེར་དགུ་བར་ལ་མགོན་པོ་གཏོ་སྒྲུབ་ཆེན་མོ་ཟློག་པ་དང་བཅས་སོ།།

      མདོར་ན་ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་ནི་དད་ལྡན་འགྲོ་བའི་མིག་རྒྱན་དང་འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་ས་ཆེན་པོར་གྱུར་ཏེ། ཧུར་ཐག་གིས་ཏང་གི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་འོད་སྟོང་འབར་བ་ལག་ལེན་མཐར་བྱིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆའི་གཟི་བྱིན་འོག་ཏུ་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འོས་མཐུན་ཡིན་དགོས་པའི་བོད་བརྒྱུད་ནང་བསྟན་དགོན་པའི་རྣམ་དཀར་ཁྱད་ཆོས་ཡོངས་སུ་གྲུབ་ཡོད་པ་དང་། གནའ་ནས་ད་ལྟའི་བར་དུ་དགོན་པའི་ལྷ་སྡེ་ཚོ་བརྒྱད་དུ་གྲགས་པའི་དཔལ་ཁ་གྲོང་རྡལ་མངའ་ཁུངས་སུ་གསེར་གཞུང་དང་། བདེ་སྐྱིད། རི་ཕྱོར། ཨ་ཚོགས་གོང་མ། དཀར་མོ་གཡང་འཁྱིལ། རྒྱ་ར་མཆོད་རྟེན། དཔལ་ཁ་ལུག་རྒྱུད་ར་བ་སོགས་དང་ཐང་ནག་ཞིང་གི་མངའ་ཁུངས་སུ་ས་སྣ་དང་། ཀླུ་མཆོད། མི་རིགས་སོགས། རྩི་གོར་ཐང་གྲོང་རྡལ་མངའ་ཁུངས་སུ་བྱ་ཐང་སྡེ་བ། ཐར་ཤུལ་ཞིང་གི་མངའ་ཁུངས་སུ་རྟ་མང་དང་རྫ་རྒན། མང་ར་གྲོང་རྡལ་མངའ་ཁུངས་སུ་ཁུ་བྱུག་སོགས་སྡེ་བ༡༤དང་། ཁྱིམ་གྲངས༤༩༠༠ལྷག་ཙམ། མི་གྲངས༢༠༠༠༠ལྷག་ཙམ་སོགས་ཆོས་དད་མང་ཚོགས་ཀྱིས་ཆོས་སྡེ་ཆེན་པོ་འདིར་སྔར་སྲོལ་བཞིན་དུ་སྲི་ཞུ་ཡག་པོ་སྒྲུབ་བཞིན་རྒྱལ་བསྟན་རིན་པོ་ཆེ་དར་ཞིང་རྒྱས་པའི་སྐལ་བ་བཟང་པོ་རྫོགས་ལྡན་གྱི་དཔལ་ལ་བསྙེགས་པའི་དེང་འདིར་བཀྲ་ཤིས་དགེ་མཚན་འབུམ་ཕྲག་ལྡན་གྱུར་ནས་ཕུན་ཚོགས་དཔལ་གྱིས་རབ་ཏུ་མཛེས་པར་ཤོག

     ཞེས་བོད་རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་བྱི་བ་སྤྱི་ལོ༢༠༢༠ལོའི་ཧོར་ཟླ༢པའི་ཚེས༨ཉིན་ལ་འཛམ་གླིང་ས་འཛིན་དབང་མོའི་ཁྱོན་ཡོངས་སུ་གངས་རི་ར་བའི་བསྐོར་བའི་ཞིང་ཁམས་སུ་གངས་ལྗོངས་བླ་མཚོ་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་ཆབ་ཆ་གསེར་གཞོང་རིང་མོའི་གྲོང་རྡལ་གསེར་མཁར་བདེ་ལེགས་དགའ་ཚལ་ཞེས་བྱ་བའི་རང་ཤག་བཀྲ་ཤིས་བདེ་སྟོང་རྣམ་པར་རྒྱལ་བའི་ཕོ་བྲང་ནས་སོར་བཅུའི་མེ་ཏོག་སྤྱི་བོར་བཀོད་ནས་གང་དགར་སྦྱར་བ་དགེའོ།།  སརྦ་ཛ་ཡནྟུ།། །།

 


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-4-7 16:22 , Processed in 0.051921 second(s), 20 queries .

返回顶部