日志

༄༅།།མདོ་སྨད་མཚོ་ཁྲི་ཤོར་རྒྱལ་མོའི་མཐའ་འཁ ...

已有 13 次阅读2020-2-14 09:59 |系统分类:文化


                 ༄༅།།མདོ་སྨད་མཚོ་ཁྲི་ཤོར་རྒྱལ་མོའི་མཐའ་འཁོར་གྱི་བོད་སོག་གི་འབྱུང་ཁུངས་དང་འབྲེལ་བའི་སྐོར་རོབ་ཙམ་གླེང་བ།
                                       ཡོང་ཁུངས། ཀྲུང་གོའི་བོད་རིག རྩོམ་པ་པོ། རིན་ཆེན་ནོར་བུ།

                            

      ད་ཡོད་བོད་ཀྱི་ལོ་རྒྱུས་རྣམས་སུ་ཡུལ་མདོ་སྨད་ཀྱི་ལོ་རྒྱུས་ཞིབ་ཏུ་བཀོད་པ་ཧ་ཅང་ཉུང་སྟབས། དེང་གི་གཞོན་ནུ་གསར་སྐྱེས་རྣམས་ལ་མཚོན་ན་དེའི་ཐད་ཀྱི་ཤེས་བྱས་དབེན་པར་གྱུར་ཏེ། རང་རིགས་འཚོ་གནས་སྐྱེས་འཕེལ་བྱུང་བའི་ཕ་ས་འདིའི་བོད་རིགས་ཀྱི་མེས་པོའི་འབྱུང་ཁུངས་དང་། གྲུབ་ཚུལ། དུས་སྐབས་མི་འདྲ་བ་སོ་སོར་བདག་འཛིན་དབང་སྒྱུར་གྱི་གཙོ་ཁོངས་གང་གཏོགས་ལ་ཆ་རྒྱུས་མི་མངའ་བ་མ་ཟད། ད་ལྟ་ཡུལ་འདིར་བོད་རིགས་དང་མཉམ་འདྲེས་སུ་འཚོ་བཞིན་པའི་སོག་རིགས་ཚོ་སྡེ་རྣམས་ཀྱི་འབྱུང་ཁུངས་དང་གནས་སྤོར་དར་རྒུད་ཀྱི་རྒྱུད་རིམ། ཡུན་རིང་འཚོ་བའི་ཁྲོད་བྱུང་བའི་འབྲེལ་བ་དང་ཕན་ཚུན་ལ་བཞག་པའི་བག་ཆགས་སོགས་ཀྱང་རྟ་མོག་མོག་གི་སྤུ་ལྟར་ག་ཡིན་འདི་མིན་གྱི་ཁུངས་ཞིབ་ལ་རྨོངས་འདུག དེའི་ཕྱིར། མདོ་སྨད་བོད་རིགས་དང་ལྷག་པར་དུ་མཚོ་ཁྲི་ཤོར་རྒྱལ་མོའི་མཐའ་འཁོར་གྱི་བོད་རིགས་ཚོའི་མེས་པོ་ནི་ཤར་དང་བྱང་ནས་མཆེད་པའི་ཆང་(羌)རིགས་དང་ཞན་པི་རིགས་ཡིན་མིན་གསལ་པོ་བྱ་རྒྱུ་དང་། བོད་སོག་གཉིས་ལ་དུས་སྐབས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་ཁྲོད་བྱུང་བའི་དགའ་སྐྱོ་གཉིས་ལྡན་གྱི་འདུམ་རྩོད་ལོ་རྒྱུས་ཡོད་པ་ཤེས་རྟོགས་བྱ་རྒྱུ་དང་། ལྷག་པར་དུ་ཆོས་སྲིད་ཟུང་གི་གཞུང་འཕྲེད་དྲ་རྒྱའི་འབྲེལ་ཐག་ནང་ལྷན་དུ་ཀྱག་ཀྱོག་གི་འཚོ་བ་བསྐྱལ་སྟབས། ཕན་ཚུན་ལ་རོགས་རམ་དང་མཉམ་འབྲེལ་བྱས་ཏེ། མདུན་དུ་བསྐྱོད་ཅིང་འབྲལ་ཐབས་མེད་པའི་འབྲེལ་བ་ཟབ་མོ་ཆགས་པའི་དངོས་ཡོད་ལོ་རྒྱུས་སོགས་གསལ་རྟོགས་འབྱུང་རྒྱུ་དང་། མ་འོངས་པའི་མདུན་ལམ་སྟེང་མཛའ་བ་མི་ཉམས་གོང་འཕེལ་བཏང་སྟེ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གྱི་ནུས་པ་ཐོན་ཆེད་གཤམ་དུ་གོང་གསལ་མི་རིགས་འདི་གཉིས་ཀྱི་འབྱུང་ཁུངས་དང་འབྲེལ་བའི་སྐོར་བརྗོད་པ་ལ། 
      གཅིག  མཚོ་ཁྲི་ཤོར་རྒྱལ་མོའི་མཐའ་འཁོར་དུ་གནས་པའི་བོད་རིགས་ཀྱི་འབྱུང་ཁུངས།  
      མདོ་སྨད་ནོར་འཛིན་སྒེག་མོའི་རྒྱན་དུ་གྱུར་པའི་མཚོ་ཁྲི་ཤོར་རྒྱལ་མོ་ནི། གནའ་སྔ་མོ་ནས་གནས་མཆོག་འདིའི་བཅུད་ལྟ་བུར་འཁྱིལ་ཡོད་ཅིང་། དེ་ཡང་། ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཀྱི་ཡུལ་ལྗོངས་དེ་ཁྱད་ཆོས་དུ་མ་དང་ལྡན་པར་བསྔགས་པའི་གསུང་ལས།“ཙ་རི་ཙ་གོང་བདེ་མཆོག་རང་བྱུང་དང་།། རྡོ་ཆུ་རིན་པོ་ཆེ་ཡང་དེ་ན་ཡོད།། ཏི་སེའི་གངས་ལ་དགྲ་བཅོམ་ལྔ་བརྒྱ་བཞུགས།། བདུད་རྩིའི་ཆུ་ཡང་རི་བོ་དེ་ན་ཡོད།། གྱེ་རེའི་བྲག་ལ་ཡིག་འབྲུ་རང་བྱུང་དང་།། མཁའ་འགྲོའི་ཕྱག་རྒྱ་རི་བོ་དེ་ན་ཡོད།། མ་པང་མཚོ་ལ་ཀླུ་རྒྱལ་བྱང་ཆུབ་སེམས།། ཆུ་བོ་ཡོན་ཏན་ཅན་ཡང་དེ་ན་ཡོད།། ཁྲི་བཤོར་མཚོ་ལ་ཀླུ་བློན་བྱང་ཆུབ་སེམས།། ཆུ་བོ་ཆེན་པོ་ཀུན་ལ་ཕན་པར་མཛད།།”ཅེས་པའི་ཁྲི་བཤོར་མཚོའམ་མཚོ་སྔོན་པོ་ནི་གནའ་དུས་ནས་བོད་ཀྱི་གནས་ཁྱད་པར་ཅན་པ་ཞིག་ཏུ་བརྩིས་ཡོད་ཅིང་། རྩྭ་ཆུ་འཛོམས་ཤིང་གནམ་གཤིས་དྲོ་གྲང་སྙོམས་པའི་ཡུལ་གྲུ་འདིར་གནས་པའི་བོད་རིགས་ཀྱི་འབྱུང་ཁུངས་ཇི་འདྲ་ཡིན་ནམ་སྙམ་ན།  དེ་ཡང་ཉེ་བའི་ལོ་འགའི་ནང་གི་གནའ་རྫས་རྟོག་དཔྱོད་པའི་དཔྱད་འབྲས་དང་ལོ་རྒྱུས་ཡིག་ཚང་ལྟར་ན། ད་ནས་ཡར་ལ་བརྩིས་པའི་ལོ་ངོ་ཉིས་ཁྲི་ནས་སུམ་ཁྲི་ཡས་མས་སུ་མཚོ་བོད་མཐོ་སྒང་དུ་མིའི་རིགས་འཚོ་གནས་སྐྱེ་འཕེལ་བྱུང་བའི་ཤུལ་རྗེས་ཡོད་པར་གསུངས་ཏེ།《མཚོ་སྔོན་ལོ་རྒྱུས་ཀྱི་ཟིན་བྲིས་གནད་བསྡུས》ཞེས་པའི་ནང་དུ“ས་འོག་ནས་ཐོན་པའི་རྡོ་ཆས་སྤྱོད་པའི་དུས་རབས་རྙིང་པའི་གནའ་རྫས་ལ་དཔྱད་ཚེ། མཚོ་བོད་མཐོ་སྒང་དུ་ལོ་ངོ་ཉིས་ཁྲི་སུམ་སྟོང་གི་སྔོན་ནས་བཟུང་། མིའི་རིགས་འཚོ་གནས་སྐྱེ་འཕེལ་བྱུང་ཡོད་པ་གསལ་པོར་ཤེས་ཐུབ”ཅེས་བཀོད་ཡོད་པ་དང་། དེ་ལས་ད་དུང་མཚོ་སྔོན་པོའི་ཉེ་འདབས་ཏུའུ་ལན་རྫོང་རུ་སྔོན་ཞང་ངམ་ཆུ་ཁོལ་ཞང་(热水乡)དང་ནུའོ་མུའུ་ཧུང་(诺木洪)ཞང་སོགས་ཀྱི་ས་འོག་ནས་ཐོན་པའི་མིའི་ཁང་ཤུལ་དང་ཕྱུགས་ཟོག་གི་ར་བ། རུས་པ། རྡོ་ཆས། རྫས་ཆས་སོགས་མང་པོ་ཐོན་པའི་དཔྱད་འབྲས་ལས་“རྡོ་ཆས་སྤྱོད་པ་དུས་རབས་གསར་མའི་སྐབས་སུ་གནའ་མི་རྣམས་དེར་འཚོ་བཞེས་གནང་བ་གསལ་པོར་ཤེས་ཐུབ”ཅེས་བཀོད་འདུག་པ་དང་། ལྷག་པར་དུ་སྦྱི་ལོ་1987ལོར་ཚན་རིག་གི་བྱ་བ་སྒྲུབ་མཁན་ཚོས་མཚོ་ཁྲི་ཤོར་རྒྱལ་མོའི་འགྲམ་ངོགས་རྟ་ནག་མ་(黑马河)རུ་ས་འོག་ནས་རྡོ་ཆས་རྙིང་མ་བཅུ་ལྷག་དང་། སོལ་བ། མནོ་(玛瑙)སོགས་ཐོན་རྙེད་བྱུང་བར་ཚན་རིག་གི་དཔྱད་འབྲས་ལྟར་ན། ད་ནས་ཡར་ལ་བརྩིས་ན་ལོ་ངོ་ཆིག་ཁྲི་ལྷག་གི་ལོ་རྒྱུས་ཡོད་ཅེས་《ཨ་མདོའི་བོད་རིགས་ཀྱི་ལོ་རྒྱུས་མདོར་བསྡུས》ཞེས་པར་བྱུང་ཞིང་། གཞན་ཚྭ་འདམ་གཞོང་ཐ་ལའི་ཐ་ཧར་ཐོན་རྙེད་བྱུང་བའི་གནའ་རྫས་ལ་ད་ནས་ཡར་ལ་བརྩིས་ན་ལོ་ངོ་སུམ་ཁྲི་ལྷག་གི་ལོ་རྒྱུས་ཡོད་ཅེས་(《新华文摘》1985ལོའི་དེབ་གསུམ་པའི་ཤོག་ངོས་76སྟེང་གསལ)གསལ་པོར་བཀོདའདུག གཞན་ཡང་རབ་འོག་(拉乙亥)དང་། མདའ་བཞི། ཁྲི་ཀ ཙོང་ཁའི་ཁ་འོག་(卡约)སོགས་སུའང་སྔ་གཞུག་ཏུ་གནའ་ཤུལ་མང་པོར་རྫ་ཆས་དང་འབྲུ་རིགས་སོགས་ཐོན་རྙེད་བྱུང་བ་རེད། ཚན་རིག་པའི་དཔྱད་ཞིབ་ལྟར་ན་གོང་གསལ་མཚོ་ཁྲི་ཤོར་རྒྱལ་མོའི་མཐའ་འཁོར་འདུས་པའི་མཚོ་བོད་མཐོ་སྒང་སྤྱི་དང་། རྨ་ཙོང་སྟོད་རྒྱུད་ཀྱི་གནའ་ཤུལ་དང་གནའ་རྫས་དེ་དག་ལ་འབྱུང་ཁུངས་ཀྱི་ཐད་འབྲེལ་བ་དམ་པོ་ཡོད་ཅེས་གསུངས། དེའི་ཕྱིར་གནའ་རྫས་དེ་རིགས་ཀྱི་དཔྱད་འབྲས་དང་འབྲེལ་བས་གཤམ་གྱི་གནད་དོན་གཉིས་གསལ་བཤད་ཐུབ་སྟེ། གཅིག་ནས་ལོ་ངོ་ཁྲི་ཕྲག་དུ་མའི་སྔ་རོལ་དུ་མཚོ་ཁྲི་ཤོར་རྒྱལ་མོའི་མཐའ་འཁོར་དུ་འགྲོ་བ་མིའི་འགུལ་སྐྱོད་བྱུང་བ་བདེན་དཔང་བྱས་ཞིང་། དེ་དག་ནི་མདོ་སྨད་བོད་རིགས་སྤྱི་དང་བྱེ་བྲག་ཏུ་མཚོ་ཁྲི་ཤོར་རྒྱལ་མོའི་མཐའ་འཁོར་བོད་རིགས་ཀྱི་མེས་པོ་ཡིན་པ་དང་། དེ་ཚོ་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་ཤིག་ཡིན་པ་གསལ་བཤད་བྱས(ཞེས་《ཨ་མདོའི་བོད་རིགས་ཀྱི་ལོ་རྒྱུས་མདོར་བསྡུས》ལས་གསུངས)  གཉིས་ནས་ཤར་ཕྱོགས་ཆང་(羌)རིགས་བུ་གཡོག་ཡབ་རྒྱལ(无弋爱剑)དང་།  ཞན་པི་རིགས་(鲜卑族)སོགས་འདིར་མ་སྤོར་གོང་གི་ལོ་ངོ་སྟོང་ཕྲག་དུ་མའི་དུས་སུ་གནས་འདིའི་མིར་ཞིང་ཕྱུགས་ཀྱི་ལས་བགོས་དབྱེ་བ་བྱུང་ཡོད་ལ། ཐོན་སྐྱེད་ཆུ་ཚད་ཀྱང་ཅུང་མཐོན་པོར་སླེབས་ཏེ་རྫ་ཆས་སོགས་ཡོ་བྱད་བཟོ་བའི་ལག་ཤེས་བཟོ་ལས་ཀྱང་དར་ཡོད་པ་གསལ་པོར་བསྟན།
           དེ་བཞིན་བོད་ཀྱི་ལོ་རྒྱུས་《བཀའ་ཆེམས་ཀ་ཁོལ་མ》དང་།《དེབ་ཐེར་མཁས་པའི་དགའ་སྟོན།》《ལྡེའུ་ཆོས་འབྱུང་》《རུས་མཛོད་མེ་ཏོག་སྐྱེད་ཚལ》སོགས་ལས་བོད་རིགས་ཀྱི་མེས་པོའི་ཐོག་མ་སྤྲེའུ་དང་བྲག་སྲིན་མོ་(སྤྲ་མོ)གཉིས་འདུས་པ་ལས་བྱུང་བར་འདོད་ཅིང་། དེ་གཉིས་ལས་བྱུང་བའི་སྤྲེའུ་རྣམས་ངལ་རྩོལ་གྱི་བགྱི་བ་སྣ་ཚོགས་བརྒྱུད་དེ་རིམ་གྱིས་མིར་གྱུར་ནས་རུས་ཚན་བཞིའམ་དྲུག་ཏུ་གྱེས་ཏེ། བསེ། དམུ། ལྡོང་། སྟོང་བཞི་དང་། དབས་དང་ཟླ་གཉིས་བསྣན་པས་དྲུག་ཏུ་ངོས་འཛིན། དེ་ཡང་བསེ་ཡི་ནང་གི་བཟང་པོ་དང་གཙོ་བོ་རྣམས་ལ་བསེ་ཁྱུང་སྦྲ་དང་།  དེ་བཞིན་དམུ་ཡི་ནང་གི་བཟང་པོ་དང་གཙོ་བོ་རྣམས་ལ་དམུ་ཚ་སྒ། ལྡོང་གི་ནང་གི་བཟང་པོ་དང་གཙོ་བོ་རྣམས་ལ་ཨ་སྤོ་ལྡོང་། སྟོང་གི་ནང་གི་བཟང་པོ་དང་གཙོ་བོ་རྣམས་ལ་ཨ་ཐང་(ལྕགས)འབྲི་ཞེས་བརྗོད་པས་བོད་ཀྱི་རུས་ཆེན་བཞི་བསྡུས་ནས་སྒ་འབྲི་སྦྲ་ལྡོང་ཞེས་ཀྱང་བརྗོད་དོ།། རུས་ཆེན་དེ་དག་རིམ་གྱིས་སོ་སོར་གྱེས་ནས་ད་ལྟའི་བོད་ཀྱི་ཡུལ་གྲུ་ཆེན་པོར་ཁྱབ་ཚུལ་ཡང་མང་དུ་སྣང་།《རུས་མཛོད་མེ་ཏོག་སྐྱེད་ཚལ》དུ“ཡུལ་མི་ཉག་ནས་ལྡོང་རིགས་དང་། དེ་བཞིན་སུམ་ལྷ་ནས་འབྲི་རིགས། ཞང་ཞུང་ནས་སྦྲ་རིགས།  འ་ཞ་ནས་སྒ་རིགས།”ཞེས་དང་། “སུམ་བྷ་འབྲི་ཡི་རྒྱལ་པོ་ཡང་། རྒྱལ་ཕྲན་བཅུ་གཉིས་རྒྱུད་དུ་གྲོལ། ལྡོང་ལ་རུས་ཆེན་བཅོ་བརྒྱད་གྲོལ། སེང་རྒྱལ་འ་ཞ་བུ་དགུ་གྲོལ།”ཞེས་ཡུལ་མདོ་སྨད་དུ་སྔ་མོ་ནས་གཞི་ཆགས་པའི་ལྡོང་སྤྱང་(党项)མི་ཉག་གི་རིགས་དང་། འ་ཞ་(吐谷浑)སྒ་ཡི་རིགས། སུམ་བྷ(苏毗)འབྲི་ཡི་རིགས་སོགས་མདོ་སྨད་བོད་རིགས་ཀྱི་རྨང་གཞིར་གྱུར་པའི་ཚོ་ཆེན་དེ་དག་ཚང་མ་བོད་ཀྱི་རུས་ཆེན་བཞི་ལས་མཆེད་པར་མངོན་ཞིང་། གནའ་སྒྲུང་ལས་འགག་དོག་མོ་གསུམ་ནི་སྦྲ་ལ་ཐོབ། སྦྲ་དཔའ་རྩལ་ཆེ་བ་དེ་ནས་བྱུང་། ཞེས་པ་ལྟར་མདོ་ཁམས་འདི་ནི་རོང་ཆེན་བཞིའི་བྱེ་བྲག་ཤར་རྒྱལ་མོ་རོང་སོགས་འགག་དོག་མོར་གནས་པའི་ཁུལ་ཡིན་ཞིང་། དེར་གནས་སྦྲ་ལའང་དཀར་ནག་ཁྲ་གསུམ་སོགས་མང་དུ་གྱེས་ཤིང་། ཤར་མདོ་སྨད་དུ་སྦྲ་ལས་གྱེས་པའི་རུས་མང་པོ་ཡོད་ལ། རྗེ་ཙོང་ཁ་པ་ཆེན་པོའི་ཡབ་ཀླུ་འབུམ་དགེ་ཡང་མལ་སྟེ་སྦྲ་རིགས་ཀྱི་གདུང་རྒྱུད་ཡིན་པར་གསུངས། དེ་བཞིན་ཨ་ལྕགས་འབྲི་ཡི་རུས་ལའང་འབྲི་རྗེ་རྭ་ཅོ་ཅན་བཅོ་བརྒྱད་ཀྱི་གདུང་རིགས་དང་། འབྲི་མི་འགྱུར་ཐར་བའི་གནས་བརྒྱད་སོགས་མང་དུ་མཆིས་ཤིང་། མདོ་སྨད་མགོ་ལོག་དང་རེབ་གོང་། མཛོད་དགེ་སོགས་སུ་རུས་འདི་ལས་གྱེས་པ་མང་བར་བཞེད། ལྡོང་གི་རུས་རྒྱུད་མདོ་སྨད་མཚོ་ཁྲི་ཤོར་རྒྱལ་མོའི་མཐའ་འཁོར་གཙོ་བྱས་པའི་མཚོ་སྔོན་ས་ཁུལ་དང་། ཟི་ཁྲོན། ཀན་སུའུ་སོགས་སུ་ཁྱབ་ཡོད་ཅིང་། ལྡོང་ལ་དཀར་ནག་ཁྲ་གསུམ་དང་ལྡོང་སྨུག་པོ་སོགས་ཡོད་ལ། དེའི་ནང་དུའང་ལྡོང་རུས་ཆེན་བཅོ་བརྒྱད། ཚ་ཆེན་བཅོ་བརྒྱད། ཤུལ་ཆེན་བཅོ་བརྒྱད་སོགས་མང་པོ་ཡོད་ཅིང་ད་ལྟ་མཚོ་ཁྲི་ཤོར་རྒྱལ་མོའི་མཐའ་འཁོར་ན་ཡོད་པའི་རྐང་ཚ་དང་། བདུད་ཤུལ་སོགས་ཀྱང་དེ་ལས་གྱེས་པ་རེད། སྒའི་རུས་རྒྱུད་འདི་ལ་གནའ་སྒྲུང་ལས། ཐང་ཡངས་མོ་གསུམ་ནི་སྒ་ལ་ཐོབ། སྒ་བེའུ་མང་བ་དེ་ཡི་དོན། ཞེས་པའི་ཐང་ཡངས་མོ་གསུམ་ནི་མདོ་ཁམས་གཡར་མོ་ཐང་དང་། བྱང་དཀར་མོ་ཐང་། མདོ་སྨད་ཙོང་ཁ་ལ་གྱི་ཐང་དང་གསུམ་དུ་ངོས་འཛིན་ཞིང་ཕྱུགས་རིགས་འཕེལ་ཁ་དར་བའི་གནས་ཡིན་པར་མངོན། སྒ་ལའང་དམུ་ཚ་སྒ་དང་། ཐང་ལེ་སྒ་གཉིས་དང་། དམུ་ཚ་སྒ་ལའང་སྒ་བུ་དགུའི་གདུང་རྒྱུད། སྒ་ཨ་གྲོ་དང་། སྒ་ཨ་རིག སྒ་ཨ་འབྲུག སྒ་ཨ་ཁྲོམ། སྒ་ཨ་ཤིང་སོགས་ཡོད་ཅིང་། རྗེ་ཙོང་ཁ་པ་ཆེན་པོའི་ཡུམ་ཤིང་བཟའ་ཨ་ཆོས་ཀྱི་གདུང་རིགས་ཀྱང་རྗེས་མ་འདིར་གཏོགས་པར་གསུངས། གོང་གསལ་ལས་ཡུལ་མདོ་སྨད་བོད་རིགས་ཀྱི་མེས་པོ་རྣམས་གཙོ་བོ་གནའ་བོའི་བོད་ཀྱི་རུས་ཆེན་བཞི་ལས་རིམ་གྱིས་གྱེས་པ་ཤ་སྟག་ཡིན་པ་གསལ་ཞིང་། དེ་ལས་སུམ་པ་(བྷ)དང་འ་ཞ། ལྡོང་སྤྱང་སོགས་ཀྱིས་སྔ་ཕྱིས་སུ་མཚོ་སྔོན་པོའི་མཐའ་འཁོར་དུ་འཚོ་བ་རོལ་ཞིང་དེ་བདག་བཟུང་བྱས་པའི་གཏམ་དང་ཡིག་ཚངས་ད་ལྟའི་བར་རྒྱ་བོད་གཉིས་ལ་ཡོད་པ་མ་ཟད།  འ་ཞ་རྒྱལ་པོའི་མཁར་ཤུལ་ཡང་ད་ལྟ་མཚོ་ཁྲི་ཤོར་རྒྱལ་མོའི་འགྲམ་ངོགས་ན་དངོས་སུ་མཐོང་རྒྱུ་ཡོད་པ་ལགས། དེ་བས། ཁོང་ཚོར་གནས་འདིར་རང་བྱུང་ཁམས་ལ་འཐབ་རྩོད་དང་སྒྱུར་བཀོད་བྱས་པའི་ཡུན་རིང་གི་ལོ་རྒྱུས་ཡོད་ཅིང་།  སྤྱི་ཚོགས་འཕེལ་བའི་ཆོས་ཉིད་དང་བསྟུན་ནས་ཁ་ཐོར་གྱི་རྒྱལ་ཕྲན་ནམ་ཚོ་ཆེན་དེ་དག་དུས་སྐབས་རིང་ཙམ་ཞིག་གི་ནང་བོད་བཙན་པོའི་དབང་འོག་ཏུ་འདུས་པའི་ལོ་རྒྱུས་ཀྱང་ཡོད་པ་རེད། ཡང་རྒྱའི་ལོ་རྒྱུས་རྣམས་སུ་“འ་ཞ”ལ་ཐུའུ་ཡུས་ཧོང་ཟེར་ཞིང་དེ་རང་རྒྱལ་བྱང་ཤར་གྱི་ལོ་ཧ་ཆུ་བོའི་(老哈河)རྒྱུད་ནས་སྤྱི་ལོ་280ཡས་མས་སུ་ནུབ་ཕྱོགས་ཏེ་ནང་སོག་གི་ཏ་ཆིན་རི་བོར་(内蒙大青山)གནས་སྤོར་པའི་ཞན་པི་རིགས་ཡིན་པར་འདོད་ཅིང་། དེ་སྤྱི་ལོ་390ལོའི་ཡས་མས་སུ་ཀན་སུའུ་དང་མཚོ་སྔོན་ལ་སྤར། དེ་དར་རྒྱས་བྱུང་བའི་སྐབས་ཁོང་ཚོའི་ཡབ་མེས་ཀྱི་མིང་ཚོ་ཆེན་ནམ་རྒྱལ་ཕྲན་ལ་བཏགས་ཏེ་ཐུའུ་ཡུས་ཧོང་(吐谷浑)ཞེས་བྱུང་། ཁོང་ཚོ་གནས་སྤར་ཏེ་མཚོ་སྔོན་པོའི་མཐར་སྔ་མོ་ནས་གཞི་ཆགས་པའི་འ་ཞ་ཚོ་ཆེན་དང་འདྲེས་པར་མངོན། དུས་རབས་བདུན་པའི་ནང་བོད་བཙན་པོས་དབང་དུ་བསྡུས་རྗེས་མ་འགྱངས་པར་བཙན་པོར་རྒྱབ་གཏད་པས་མགར་གྱིས་དམག་གིས་བཅོམ་སྐབས་སྐོར་ཞིག་ལན་ཀྲའུ་ཕྱོགས་སུ་བྲོས་ཏེ་ཐང་རྒྱལ་རབས་ལ་མགོ་བཏགས། སྔར་ཡོད་བོད་ཀྱི་རུས་རྒྱུད་རྣམས་བཙན་པོའི་འབངས་རྣལ་མར་གྱུར་པར་འདོད། རྒྱུ་མཚན་ནི་བོད་ཀྱི་ལོ་རྒྱུས་《ལྡེའུ་ཆོས་འབྱུང་》ལས་“དེའི་ཤུལ་དུ་སྲས་དམུས་ལོང་དེ་འ་ཞའི་སྨན་པས་ཕྱིང་བ་སྟག་རྩེར་མིག་ཕྱེ་བས། དོན་མཁར་གྱི་རྩེ་ལ་གཉན་འགྲོ་བ་མཐོང་བས་སྟག་གུ་གཉན་གཟིགས་སུ་བཏགས།”  ཞེས་འ་ཞ་སྔ་མོ་ནས་ཡར་ལུང་སྤུ་རྒྱལ་གདུང་རབས་དང་འབྲེལ་བ་བྱུང་ཡོད་ལ། བོད་ལ་སྔ་མོ་ནས་འ་ཞ་ཞེས་འབོད་སྲོལ་འདི་ཡོད་ཅིང་རྒྱ་སྐད་དུ་ཐུའུ་ཡུས་ཧོང་ཞེས་འབོད་སྲོལ་འདི་རྗེས་སུ་བྱུང་ཞིང་དེས་མི་རིགས་གཉིས་ལ་ཁྱད་མ་ཕྱེ་བར་མངོན།  
      དུས་རབས་བདུན་པའི་སྐབས་སུ་མདོ་སྨད་བོད་ཀྱི་རུས་རྒྱུད་ཚོ་ཆེན་ནམ་རྒྱལ་ཕྲན་འ་ཞ་དང་། སུམ་པ། ལྡོང་སྤྱང་སོགས་མཚོ་ཁྲི་ཤོར་རྒྱལ་མོའི་མཐའ་འཁོར་དང་། རྨ་འབྲིའི་སྟོད་རྒྱུད། ཙོང་ཆུའི་འབབ་རྒྱུད་བཅས་སུ་གཞི་ཆགས་ཤིང་གཅིག་འོག་གཅིག་ཏུ་མ་འདུས་པར་ཡངས་པའི་ཡུལ་གྲུ་འདིའི་སྟེང་ཕྱུགས་གཉེར་གཙོ་བོ་དང་། ཞིང་ལས་དང་ལག་ཤེས་བཟོ་ལས་ཆུང་བར་བརྟེན་ནས་འཚོ་བ་རོལ་གྱི་ཡོད་པ་རེད། སྐབས་དེར་བོད་རྒྱལ་སྲོང་བཙན་སྒམ་པོས་རང་གི་དཔའ་མཛངས་ལ་བརྟེན་ནས་མདོ་དབུས་མཐོ་སྒང་གི་རུས་རྒྱུད་ཚོ་ཁག་རྣམས་གཅིག་གྱུར་བྱེད་སྐབས་མདོ་སྨད་བོད་ཀྱི་རུས་རྒྱུད་ཚོ་ཆེན་དེ་དག་ཀྱང་དབང་དུ་བསྡུས་པ་རེད།《དེབ་ཐེར་དཀར་པོ》ལས།  “དེའི་འོག་ཏུ་མྱང་པོ་རྗེ་ཞང་སྣང་གིས། སུམ་པ་མཐའ་དག་དམག་བྱེད་མ་དགོས་པར་སྒྱུའི་སྒོ་ནས། ཁྱིམ་གྲངས་མ་ཤོར་བར་འབངས་རྣལ་མར་བགུག་གོ”ཞེས་དང་།“དེའི་འོག་ཏུ་བཙན་པོ་ཞབས་ཀྱིས་བཙུགས་ཏེ། དམག་མ་བྱུང་མ་དྲངས་པར།    རྒྱ་དང་ཨ་ཞ(འ་ཞ)དཔྱའ་བཅད་དོ། ཐོག་མ་དེ་ནས་བཟུང་ཨ་ཞ(འ་ཞ)འབངས་སུ་མངའ་འོ”ཞེས་དང་།  “དེའི་རྗེས་སུ་དང་མྱང(党项)དང་། བ་ཡི་ལང་(འབུམ་གླིང་白兰)དང་། འཇང་(羌)རིགས་རྣམས་ཀྱང་བོད་ཀྱི་ཆབ་འོག་ཏུ་ཤོར། དེ་ནས་བོད་ཀྱི་བཙན་པོས་དམག་འབུམ་ཕྲག་གཉིས་འཁྲིད་དེ་རྒྱ་ནག་ཏུ་སླེབས”ཞེས་པ་ལྟར་མདོ་སྨད་བོད་ཀྱི་རུས་རྒྱུད་ཚོ་ཆེན་རྣམས་བཙན་པོའི་ཆབ་འོག་ཏུ་རིམ་གྱིས་འདུས་ཤིང་། དེར་སྲིད་འཛིན་གྱི་སྒྲིག་གཞི་དང་། དམག་དཔུང་གི་སྒྲིག་འཛུགས། ཡུལ་གྱི་དབང་རིས་བཅས་གཏན་ལ་ཕབ་སྟེ་དབང་བསྒྱུར། ད་དུང་སྐབས་དེར་ཐང་བོད་བར་གྱི་དམག་འཁྲུག་ཞི་རྗེས་བོད་བཙན་པོའི་དམག་དེ་དག་སླར་དབུས་སུ་ལོག་པར་ཞུས་ཀྱང་རྒྱལ་པོས་ངའི་བཀའ་མ་ཕབ་བར་དུ་ཕྱིར་ལོག་མི་ཆོག་ཅེས་བཀའ་མ་གནང་བས་མདོ་སྨད་དུ་འདུག་དགོས་བྱུང་ཞིང་རྗེས་སུ་དེ་རྣམས་ལ“བཀའ་མ་ལོག”ཅེས་“་གྲགས། དེ་ལྟར་མདོ་སྨད་དུ་སྔ་མོར་ཆགས་པའི་བོད་རུས་རྒྱུད་ཚོ་བའི་ཁར་བཀའ་མ་ལོག་གི་དམག་བསྣན་སྟབས་སྟོབས་འབྱོར་ལྡན་པའི་མདོ་སྨད་ཀྱི་བོད་རིགས་འདི་ཡོངས་སུ་གྲུབ་པ་རེད། ད་ལྟའི་མཚོ་ཁྲི་ཤོར་རྒྱལ་མོའི་མཐའ་འཁོར་གྱི་སྦྲ་ནག་ཚོ་ཁག་རྣམས་ཀྱང་བཀའ་མ་ལོག་དང་འདྲེས་གྲུབ་བྱུང་བའི་བོད་རིགས་ཤ་སྟག་ཡིན་པ་ངག་རྒྱུན་དང་ལོ་རྒྱུས་ཡོངས་སུ་གྲགས། གོང་གསལ་ལས་ཤེས་ཐུབ་པ་ནི་མཚོ་ཁྲི་ཤོར་རྒྱལ་མོའི་མཐའའཁོར་དུ་གཞི་ཆགས་པའི་བོད་རིགས་རྣམས་ཀྱི་མེས་པོ་ནི་གཙོ་བོ་ལོ་ངོ་ཁྲི་ཕྲག་གམ་སྟོང་ཕྲག་དུ་མའི་སྔ་རོལ་དུ་བོད་ཀྱི་རུས་ཆེན་བཞི་ལས་རིམ་གྱིས་གྱེས་ཏེ་ཡུལ་འདིར་ཁྱབ་པ་དང་། རྗེས་སུ་བཀའ་མ་ལོག་གི་དཔུང་དང་རུས་རྒྱུད་ཚོ་ཁག་གཞན་དང་འདྲེས་ནས་ད་ལྟའི་བོད་རིགས་འདི་གྲུབ་པ་རྒྱ་བོད་ཀྱི་ལོ་རྒྱུས་སུ་གསལ་བ་མ་ཟད། ད་ལྟ་གནས་འདིར་ཐོན་རྙེད་བྱུང་བཞིན་པའི་གནའ་རྫས་དེ་དག་གིས་ཁོང་ཚོར་གནས་འདིར་རང་བྱུང་ཁམས་ལ་འཐབ་རྩོད་དང་བཅོས་སྒྱུར་བྱས་ཏེ། འཕེལ་འགྱུར་བྱུང་བའི་ཀྱག་ཀྱོག་གི་ལོ་རྒྱུས་རིང་པོ་ཡོད་པ་བདེན་དཔང་བྱས་ཡོད་དོ།། 
      གཉིས། རང་རྒྱལ་བྱང་ཤར་ནས་གནས་སྤར་འོངས་པའི་སོག་པོ་བོད་དང་འབྲེལ་བ་ཐོག་མར་བྱུང་ཞིང་དབང་ཐང་དར་རྒྱས་སུ་བྱུང་བ།  
      ཡུལ་མདོ་སྨད་མཚོ་ཁྲི་ཤོར་རྒྱལ་མོའི་མཐའ་འཁོར་གྱི་བོད་རིགས་རྣམས་ཀྱིས་བཙན་པོས་སྤྱི་ལོ་638ལོར་ཆབ་འོག་ཏུ་བསྡུས་པ་ནས། སྤྱི་ལོ་1510ལོར་རང་རྒྱལ་བྱང་ཤར་གྱི་སོག་པོ་གནས་སྤར་ཡོང་བའི་བར་གྱི་ལོ་ངོ་བརྒྱད་བརྒྱ་བདུན་ཅུ་ལྷག་གི་རིང་གནས་འདིར་བདག་བཟུང་བྱས། ཡིན་ན་ཡང་། བོད་བཙན་པོའི་རྒྱལ་རབས་ཉམས་རྒུད་དུ་སོང་བ་དང་། ཡུལ་ལུང་སོ་སོར་ས་གནས་བཅད་བཟུང་གི་སྤྱི་ཚོགས་རྣམ་པ་ཆགས་པ་དང་བསྟུན། ཚོ་སྡེ་ཡུལ་ལུང་མང་པོར་ནང་འགལ་སྣ“ཚོགས་བྱུང་བར་བརྟེན། རང་སྲུང་བཙན་རྒོལ་གྱི་ནུས་པ་ཉམས་པར་གྱུར། སྐབས་གླགས་དེ་དང་བསྟུན་ནས་སོག་པོ་ཚོ་སྡེ་མང་པོ་སྔ་ཕྱིས་མཚོ་ཁྲི་ཤོར་རྒྱལ་མོའི་མཐའ་འཁོར་ལ་སྤར་འོངས་ཏེ་བོད་ཀྱི་ཚོ་སྡེ་རྣམས་དང་འབྲེལ་བ་བྱུང་ཞིང་འཐབ་འཁྲུག་དང་འདུམ་འགྲིག་གི་ལོ་རྒྱུས་ཁྲོད་ཕན་ཚུན་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་པ་དང་ཡར་རྒྱས་ཆེན་པོ་བྱུང་།   
      དེ་ན་ད་ལྟ་ཡུལ་མདོ་སྨད་ཀྱི་གནས་འདིར་བོད་རིགས་དང་འདྲེས་པའི་སོག་རིགས་རྣམས་ཀྱི་མེས་པོའི་འབྱུང་ཁུངས་གང་ལགས་ཤེ་ན། འདིའི་མེས་པོའི་ཐོག་མ་ནི། གནའ་སྔ་མོར་ཨེར་གོའུ་ན་ཆུ་བོའི་(额尔古纳河流域)འབབ་རྒྱུད་དུ་བྱུང་བའི་ཚོ་བ་ཞིག་ཡིན་ཞིང་།《ཐང་ཡིག་རྙིང་མའི》ནང་དེར་མོང་བོའུ་ཧྲི་བེ་(菪兀室韦)ཞེས་འབོད་ཀྱི་ཡོད། ཡིན་ན་ཡང་། སྤྱི་ལོ་840ལོར་ཧོས་ཧོ་ཧན་རྒྱལ་ཁབ་(回鹊汗国)ཉམས་རྒུད་དུ་སོང་བ་དང་མཉམ་དུ་ཚོ་བ་དེ་ནུབ་ཕྱོགས་སུ་གནས་སྤར་ནས་མོང་གོལ་མཐོ་སྒང་སྟེང་གི་གྲུ་གུ་རིགས་(突厥族)ལ་འདྲེས་ཤིང་དཔལ་འབྱོར་འཚོ་བའི་ཁྲོད་གྲུ་གུའི་བག་ཆགས་ཐེབས་ཡོད་པ་རེད། རིམ་གྱིས་དེའི་རིགས་རྒྱུད་མང་དུ་འཕེལ་ཞིང་ཕྱུགས་ལས་གཙོ་བོར་གཉེར་པའི་ཚོ་སྡེ་སྐོར་ཞིག་དང་།  ནགས་ལས་གཙོ་བོ་གཉེར་པའི་ཚོ་སྡེ་སྐོར་ཞིག་བཅས་གཉིས་སུ་གྱེས་ཤིང་། རང་རྒྱལ་བྱང་ཕྱོགས་ཀྱི་ཡུལ་གྲུ་རྒྱ་ཆེན་པོ་བདག་འཛིན་བྱས་པའི་ལོ་རྒྱུས་རིང་པོ་ཡོད། སྤྱི་ལོ་1206ལོར་ཧོར་ཇིང་གིར་རྒྱལ་པོས་(成吉思汗)ཁ་ཐོར་གྱི་ཚོ་སྡེ་དེ་དག་གཅིག་གྱུར་བྱས་ཏེ། སོག་པོ་མི་རིགས་འདི་ཡོངས་སུ་གྲུབ་པ་རེད། འདིའི་ནང་བོད་དང་འབྲེལ་དམ་པོ་ཡོད་པའི་ཧོ་ཧྲི་ཐུ་ཚོ་བ་ནི་སྔོན་ཇིང་གིར་རྒྱལ་པོས་སོག་པོ་གཅིག་གྱུར་བྱེད་སྐབས་ཝོ་དབྱི་ལ་(斡亦刺)ཞེས་ཟེར་ཞིང་ཨུ་རུ་སུའི(俄罗斯)ས་ཆའི་ཡེ་ཉི་སའི་ཆུ་བོའི་(叶尼塞河)འགྲམ་རྒྱུད་དུ་གནས་ཡོད་ཅིང་།  རྗེས་སུ་ཇིང་གིར་རྒྱལ་པོའི་ཆབ་འོག་ཏུ་འདུས་ཤིང་དར་རྒྱས་ཆེན་པོ་བྱུང་། མིང་རྒྱལ་རབས་ཀྱི་སྐབས་སུ་ཁོ་ཚོའི་སྤྱི་མིང་ལ་སོག་པོ་ཨོ་རོལ་(厄鲁蒙古)ཟེར་ཞིང་། ནང་གསེས་སུ་ཧོ་ཧྲི་ཐི(和硕特)དང་། ཇུན་གར(准噶尔) ཐོར་གོད(土尔扈特) ཐུ་མེད(杜尔伯特)བཅས་ཚོ་བ་བཞི་ཡོད་ཅིང་། བོད་མི་རྣམས་ཀྱིས་སྟོད་སོག་ཀྱང་ཟེར།   
      ལོ་རྒྱུས་ཀྱི་འཕེལ་འགྱུར་ཁྲོད་སོག་རིགས་རྣམས་རྒྱུ་རྐྱེན་དུ་མའི་དབང་གིས་མཚོ་སྔོན་པོའི་མཐའ་འཁོར་ལ་གནས་ཐེངས་བཞིར་སྤར་ཏེ་བོད་ཀྱི་ཚོ་སྡེ་མང་པོ་རྨ་ལྷོར་བསྐྲད།  དེ་ཡང《མཚོ་སྔོན་ལོ་རྒྱུས་ཀྱི་ཟིན་བྲིས་གནད་བསྡུས》དང་།《ཨ་མདོའི་བོད་རིགས་ཀྱི་ལོ་རྒྱུས་མདོར་བསྡུས《བོང་སྟག་གི་ལོ་རྒྱུས་བགྲེས་པོའི་ངག་སྒྲོས་རང་གྲོལ》སོགས་གཞི་བྱས་ནས་བརྗོད་ན་འདི་ལྟ་སྟེ། ཐེངས་དང་པོར་སྤྱི་ལོ་1227ལོར་སོག་པོ་ཇིང་གིར་རྒྱལ་པོའི་དམག་དཔུང་ལིན་ཐའོ(བ་ཙེ临洮)དང་ཧོ་ཀྲིག(ཀ་ཇུ河州)  ཟི་ལིང་སོགས་སུ་སླེབས་ཏེ།  མཚོ་སྔོན་གྱི་ཤར་ཕྱོགས་ས་ཁུལ་དབང་འོག་ཏུ་བསྡུས་ཤིང་། སོག་པོ་ཀྲང་ཅི་(章吉)ཞེས་པས་ས་སྲུང་། སྤྱི་ལོ་1229-1241ལོའི་བར་ཧོར་ཨོ་གོ་ཐེ་ཉིད་(窝阔台)ཁྲིར་བཞུགས་སྐབས། ཁོང་གི་སྲས་འབྲིང་བ་ཨེ་ཆེན་གོ་དན་(阔端)གྱིས་མཚོ་སྔོན་དང་ཀན་སུའུ་ཕྱོགས་ཀྱི་བོད་ཡུལ་ཡོངས་སུ་མངའ་དབང་དུ་བསྡུས། ཡིན་ཡང་སྐབས་དེར་སོག་པོས་མཚོ་ཁྲི་ཤོར་རྒྱལ་མོའི་བོད་འབངས་ཀྱི་བདེ་སྡུག་ལ་ཐེ་གཏོགས་ཆེན་པོ་མ་བརྒྱབ། ཐེངས་གཉིས་པ་སྤྱི་ལོ་1510ལོར་ཤར་སོག་ཡུམ་ལ་(东蒙古亦卜刺)ཡིས་ཡུལ་དེའི་རྒྱལ་པོ་ཏ་ཡན་ཧན་(达延汗)ལ་ངོ་ལོག་འཐབ་རྩོད་བྱས་ཏེ་རང་ཉིད་ཕམ་རྗེས། ཁོས་ཕམ་དམག་རྣམས་ཁྲིད་དེ་མཚོ་ཁྲི་ཤོར་རྒྱལ་མོའི་མཐའ་འཁོར་ལ་སྤར། དེ་ནས་བཟུང་བོད་རིགས་དང་འཐབ་རྩོད་ཐེངས་མང་བྱས་མཐར་བོད་རིགས་ཚོ་སྡེ་མི་ཉུང་བ་ཞིག་འདུག་ཐབས་བྲལ་ནས་རྨ་ལྷོར་སྤོར་དགོས་བྱུང་ཞིང་རང་གི་ཕ་ས་སོག་པོས་བདག་བཟུང་བྱས། སྤྱི་ལོ་1559ལོར་སོག་པོ་ཐུ་མེད་ཀྱི་འགོ་དཔོན་ཇིང་གིར་རྒྱལ་པོའི་མི་རབས་བཅུ་བདུན་པ་ཨལ་ཐན་ཧན་གསེར་གྱི་རྒྱལ་པོ་(阿勒坦汗)སྟེ་མིང་རྒྱལ་རབས་ཀྱི་སྐབས་ཁོང་ལ་ཨལ་ཏ་ཧན་(俺答汗)ཟེར་བ་དེས་ཐེངས་གསུམ་པར་ནང་སོག་ས་ཆའི་མཁར་སྔོན་པོ་(呼和浩特)ཕྱོགས་ནས་འཁོར་དམག་ཁྲི་ཕྲག་དུ་མ་འཁྲིད་དེ། མཚོ་ཁྲི་ཤོར་རྒྱལ་མོའི་མཐའ་འཁོར་ལ་འོངས་ཏེ། གནས་དེར་ལོ་ངོ་བཞི་བཅུ་ལྷག་ལ་བསྡད་པའི་སོག་པོ་པུའུ་ཨེར་ཧའི(卜儿孩部)སྔོན་ཡུམ་ཚེའི་རྗེས་སུ་འོངས་ཤིང་དེའི་དབང་འོག་ཏུ་ཡོད)ཚོ་སྡེ་ལ་དབང་བསྒྱུར་ཞིང་ཁོང་གི་བུ་པིན་ཐུའུ་(丙兔)ཡིས་ས་སྲུང་། སྤྱི་ལོ་1570ལོར་ཨལ་ཐན་གྱིས་མིང་རྒྱལ་རབས་ལ་མགོ་བཏགས།  ཁོང་གནས་འདིར་སྤོར་རྗེས་མདོ་སྨད་ཀྱི་ཡུལ་གང་སར་སངས་རྒྱས་ཀྱི་བསྟན་པ་དར་ཡོད་པ་དང་ལྷག་པར་ཆོས་ལུགས་པའི་གོ་གནས་མཐོ་ལ་དད་མོས་བྱེད་མཁན་མང་བ་མཐོང་སྟབས་རང་གི་བསམ་བློར་ཡང་འགྱུར་ལྡོག་གསར་པ་བྱུང་སྟེ་སངས་རྒྱས་ཆོས་ལུགས་དང་ལེན་བེད་སྤྱོད་བྱེད་འགོ་བརྩམས། ཁོང་གིས་སྤྱི་ལོ་1576ལོར་མིང་གོང་མར་མཚོ་སྔོན་ཆབ་ཆའི་ཡར་ལ་(察卡齐雅勒)སྟེ་དེང་སང་གུང་ཧོ་རྫོང་ཆབ་ཆའི་ཉེ་འདབས་སུ་དགོན་པ་ཞིག་འདེབས་པའི་རེ་བ་ཞུས་པ་དང་། དེའི་མཚུངས་དབུས་སུ་ཕོ་ཉ་མངགས་ཏེ་འབྲས་སྤུངས་དགོན་པའི་ཁྲི་པ་བསོད་ནམས་རྒྱ་མཚོ་མཆོག་གདན་དྲངས། སྤྱི་ལོ་1578ལོར་ཁོང་མདོ་སྨད་དུ་ཕེབས་ཤིང་ཨལ་ཐན་ལ་སྲོག་གཅོད་ཀྱི་ལས་སྤངས་ཏེ། དམ་པའི་ཆོས་བྱ་དགོས་པ་སོགས་བཀའ་ཆོས་མང་དུ་གནང་ཞིང་། སོག་པོའི་དམར་མཆོད་སྲོག་གཅོད་ཀྱི་ཆོ་ག་མང་པོ་དང་རྟེན་མང་པོ་བསྒྱུར་ཏེ་ནང་པར་བཀུག ཨལ་ཐན་རྒྱལ་པོས་ཀྱང་རང་གི་དམིགས་ཡུལ་ཡོངས་སུ་འགྲུབ་པའི་ཆེད་དུ་བསུ་བཀུར་ཆེན་པོ་བྱས་ཤིང་དབུ་བླར་བཀུར་ཏེ། རྒྱལ་དབང་མཆོག་ལ་ཁྱབ་བདག་རྡོ་རྗེ་འཆང་ཏཱ་ལའི་བླ་མ་ཞེས་པའི་མཚན་བསྟོད་ཕུལ། སྐབས་དེར་ཆབ་ཆའི་ཡར་ལ་ནས་བཞེངས་པའི་ཐེག་ཆེན་ཆོས་འཁོར་གླིང་ལ་རྒྱལ་དབང་གིས་རབ་གནས་མཛད་ཅིང་ཨལ་ཐན་གྱིས་དེ་ལྟེ་གནས་བྱས་ཏེ་སངས་རྒྱས་བསྟན་པ་རྒྱ་ཆེར་སྤེལ།  (སྤྱི་ལོ1591ལོར་མིང་རྒྱལ་རབས་ཀྱི་དམག་དཔོན་ཀྲེན་ལུའོ་郑洛ཞེས་པའི་དམག་མཚོའི་མཐའ་འཁོར་དུ་ཡོང་བའི་སྐབས་སུ་དགོན་པ་དེ་མེར་བསྲེགས)  ཨལ་ཐན་གྱིས་ཕྱོགས་གཅིག་ནས་གནས་དེའི་བོད་སོག་ལ་དྲག་ཆས་སྤྱད་དེ་དབང་འོག་ཏུ་བསྡུ་ཅི་ཐུབ་བྱེད་ཀྱི་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་སངས་རྒྱས་ཆོས་ལུགས་བེད་སྤྱད་དེ་ཞི་བའི་སྒོ་ནས་ཡུལ་དེའི་མངའ་འབངས་བདེ་ལ་འགོད་ཅི་ཐུབ་དང་།  བོད་སོག་འབྲེལ་བ་ཇེ་དམ་དུ་གཏོང་གང་ཐུབ་བྱས། ཐེངས་བཞི་པ་ནི། སྤྱི་ལོ་1639ལོར་དེང་སང་ཞིན་ཅང་གི་དབྱི་ལི་(伊犁)ཞེས་པའི་ས་ཆར་ཡོད་པའི་སོག་པོ་ཧོ་ཧྲི་ཐི་ཚོ་བ་(和硕特部)གུ་ཤི་ཧན་(固始汗)བསྟན་འཛིན་ཆོས་རྒྱལ་གྱིས་ཁྲིད་དེ་འོངས་ཤིང་མཚོ་སྔོན་དང་ཁམས་བེ་རི་རྒྱལ་པོའི་མངའ་ཁོངས་དབང་དུ་བསྡུས་པ་མ་ཟད། སྡེ་སྲིད་བསོད་ནམས་ཆོས་འཕེལ་སོགས་ཀྱི་འདུན་མོས་ལྟར་དམག་དཔུང་སྟོང་ཕྲག་དུ་མ་གུ་ཤྲི་བསྟན་འཛིན་ཁོང་དངོས་ཀྱིས་སྤྱི་ལོ་1642ལོར་དབུས་སུ་དྲངས་ཏེ། གཙང་པ་རྒྱལ་པོ་བཅོམ་པས་ཆོས་སྲིད་གཉིས་ཀྱི་བདག་དབང་རྒྱལ་དབང་ལྔ་པ་མཆོག་ལ་ཐོབ་པ་དང་ཁོང་ལའང་གུ་ཤི་བསྟན་འཛིན་ཆོས་རྒྱལ་ཞེས་མཚན་གསོལ་བ་དང་ཆོས་ལ་བཀུག་སྟེ། དབུས་ལྷ་ལྡན་དུ་ཁོང་འཁོར་དང་བཅས་འདུག་སྡོད་བྱས་ཤིང་། ཁོང་སངས་རྒྱས་ཆོས་ལུགས་པའི་ཕྱོགས་དང་ལྷག་པར་དུ་དགེ་ལུགས་པའི་གྲུབ་མཐའི་ཕྱོགས་སུ་ལངས་ཏེ་དེའི་གཙོ་བདག་དང་དད་མོས་པའི་བདེ་སྡུག་ལ་ཐད་ཀར་ཐེ་གཏོགས་བྱས། བོད་སོག་གཉིས་ཀྱི་གཙོ་བདག་ལ་ཆོས་གསུང་བའི་བླ་མ་དང་དད་ལྡན་ཡོན་བདག་གི་འབྲེལ་བ་བྱུང་བ་དང་བསྟུན་ནས་བོད་སོག་གཉིས་ཀྱི་འབྲེལ་བ་ཕྱོགས་གང་ཐད་དུ་འཕེལ་རྒྱས་སུ་སོང་། སྤྱི་ལོ་1655ལོར་རྒྱལ་དབང་ལྔ་པས་འབྲས་སྤུངས་མཁན་པོ་ངག་དབང་འཕྲིན་ལས་ལྷུན་འགྲུབ་མཚོ་སྔོན་དུ་མངགས་ཏེ། ཐའེ་ཇེ་(台吉)སོ་སོའི་ཚོགས་འདུ་བསྡུས་ཏེ་མཚོ་སྔོན་པོ་གཡས་རུ་དང་གཡོན་རུ་གཉིས་སུ་ཕྱེས་ཤིང་། གཡས་རུའི་མངའ་ཁོངས་སུ་མཚོ་ལྷོ་དང་། ཡུལ་ཤུལ། མགོ་ལོག ཚྭ་འདམ་གཞོང་གི་ཤར་ལྷོ་བཅས་འདུས་ཤིང་། གཡོན་རུའི་ཁོངས་སུ་མཚོ་བྱང་དང་ཚྭ་འདམ་གཞོང་གི་ནུབ་བྱང་། ཀན་སུའུ་ནུབ་ཕྱོགས་བཅས་འདུས་ཡོད། དེ་ནས་བཟུང་གུ་ཤི་བསྟན་འཛིན་ཕ་བུས་བོད་ས་གནས་ཀྱི་སྲིད་བཟུང་བ་དང་། མདོ་སྨད་དུ་ཁོང་ཚོའི་མངའ་ཐང་ཆེས་ཆེར་དར་བས་ཡུལ་ལུང་མང་པོར་ད་ལྟའི་བར་སོག་མིང་ཆགས་ཡོད་པ་མ་ཉམས་པར་ཡོད། སྐབས་དེར་བོད་ཁུལ་དུ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་བྱུང་ཡོད་པ་དང་སོག་པོའི་སྲིད་འཛིན་པའི་ཁྲོད་ཆོས་ལ་མི་དད་པ་དང་ཡོན་བདག་ཏུ་མ་གྱུར་བ་མེད་སྟབས་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བའི་རྣམ་པ་ལས་སྲིད་དབང་གི་ཐད་འདི་མཐོ་འདི་དམའ་དང་། འདི་གཙོ་འདི་ཕལ་གྱི་དབྱེ་བ་འབྱེད་དཀའ་བར་འདུག དེ་ནས་བཟུང་མདོ་སྨད་ཀྱི་ཡུལ་གྲུ་ཆེན་པོ་འདིའི་སྟེང་བོད་སོག་གཉིས་ལ་འབྲེལ་འདྲིས་བྱུང་ཞིང་དབང་སྒྱུར་བ་གཅིག་གི་མངའ་འབངས་སུ་གྱུར། སོག་པོའི་དབང་འཛིན་པ་རྣམས་ཀྱིས་རང་གི་སྲིད་དབང་སྲ་བརྟན་དུ་གཏོང་ཆེད་ཕྱོགས་གཅིག་ནས་མང་ཚོགས་ལ་དྲག་གནོན་བྱས་པ་དང་། ཕྱོགས་གཞན་ཞིག་ནས་སངས་རྒྱས་ཆོས་ལུགས་དང་ལེན་བྱས་ཏེ་མངའ་འབངས་བོད་རིགས་རྣམས་ཀྱི་བློ་ཁར་འཚམ་དུ་བཅུག་པ་དང་། ཆོས་ལུགས་ཀྱི་བསམ་བློ་སྤྱད་དེ་བོད་སོག་གཉིས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་བཏང་། གསར་དུ་བཟོས་པའི་འབྲེལ་ལམ་ཁྲོད། བོད་ལ་ཡོད་པའི་ཐུན་མོང་མིན་པའི་ཆོས་ལུགས་རིག་གནས་དང་། ཡུལ་སྲོལ་གོམས་གཤིས། བསམ་སྤྱོད་བཅས་ཀྱིས་ཁོང་ཚོར་བག་ཆགས་ཟབ་མོ་བཞག་ཅིང་མ་འོངས་པའི་མཉམ་གནས་མཐུན་ལམ་ལ་རྨང་གཞི་བཟང་པོ་བཏང་ངོ་།།
      གསུམ།  རྨ་ལྷོའི་བོད་སྡེ་སྐོར་ཞིག་སླར་མཚོ་མཐར་སྤར་ཏེ་ཆིང་གོང་མའི་གཟིགས་སྐྱོང་འོག་བོད་སོག་གཉིས་ཀྱི་འབྲེལ་བ་ཇེ་དམ་དུ་སོང་བ། 
      སོག་པོས་སྔ་ཕྱིས་སུ་བཙན་བསྐྲད་བྱས་པའི་བོད་འབངས་རྣམས་རྨ་ཆུའི་ལྷོ་ཕྱོགས་ཀྱི་ཀོས་ཏེ་ཐིན་(贵德厅)དང་ཞུན་ཧྭ་ཐིན་(循化厅)གཉིས་ཀྱི་མངའ་ཁོངས་སུ་སྤར་ཞིང་། ཐིན་དེ་གཉིས་ནི་དེང་སང་གི་ཁྲི་ཀ་རྫོང་དང་། ཀོས་ནན་རྫོང་། ཐུན་ཏེ་རྫོང་། ཞུན་ཧྭ་རྫོང་བཅས་ཀྱི་ས་ཡིན་ལ། སྐབས་དེར་ཀོས་ཏེ་ཐིན་གྱི་ཁོངས་སུ་རོང་བའི་ཚོ་བ་ང་བཞི་དང་། འབྲོག་པའི་ཚོ་བ་བརྒྱད།  རོང་མ་འབྲོག་གི་ཚོ་བ་བཅུ་དགུ་ཡོད་པ་དང་། ཞུན་ཧྭ་ཐིན་གྱི་མངའ་ཁོངས་སུ་རོང་བའི་ཚོ་བ་བཅོ་བརྒྱད་དང་། རོང་མ་འབྲོག་གི་ཚོ་བ་ང་གཉིས་ཡོད་པར་བཤད།  དེ་དག་ཚང་མར་ཆིང་གོང་མས་ས་ཞིང་དག་སྒྲིག་དང་། ཕྱུགས་རིགས་གྲངས་རྩིས། དུད་ཁྱིམ་ཐོ་འགོད་བྱས་ཏེ་དཔྱ་ཁྲལ་འབུལ་ལུགས་ཀྱང་ཐག་གཅོད་བྱས་ཡོད་པ་རེད། ཀོས་ཏེ་ཐིན་གྱི་ཁོངས་སུ་རྐང་ཚ། བདུད་ཤུལ། བན་ཤུལ། ཐར་ཤུལ། རུ་སྔོན་གོང་ཞོལ། གདའ་ཚང་། ཨ་ཚོགས། གཅན་ཚ། ཀ་ཀྱཱ། ཀླུ་ཚང་། རྒྱ་བཟའ་སོགས་སྦྲ་ནག་སྐོར་མང་པོ་ཡོད་པར་བལྟས་ན་མཚོ་སྔོན་པོའི་མཐའ་ནས་གནས་སྤར་བའི་ཚོ་སྡེ་མང་པོ་ཞིག་ཀྱང་དེའི་ཁོངས་སུ་ཡོད་པར་མངོན། ཡིན་ན་ཡང་། སོག་པོ་ཨལ་ཐན་ཧན་གྱིས་རང་གི་ཚ་བོ་ཀྲིན་ཞང་མང་ར་གཞུང་དུ་མངགས་ཏེ་(དེང་སང་གི་ཀོས་ནན་མང་ར་ལུང་བ)ཡུལ་དེར་བདག་སྐྱོང་བྱེད་དུ་བཅུག་པ་དང་། ཚ་བོ་ཧོ་ལོ་ཁྲི་ཉེ་གུང་གཞུང་(དེང་སང་གི་ཞུན་ཧྭ་ས་ཁུལ)དུ་ལྟ་སྐྱོང་དུ་མངགས་ཡོད་སྟབས། དེར་སྤར་བའི་བོད་འབངས་རྣམས་ཀྱིས་མུ་མཐུད་དུ་ས་དེའི་མངའ་བདག་དང་སོག་པོའི་དབང་སྒྱུར་གྲལ་རིམ་གྱི་གཉའ་གནོན་དང་། མནར་སྤྱོད། བརྙས་བཅོས། བཤུ་གཞོག་བཅས་མྱོང་གི་ཡོད་པ་རེད། རྨ་ལྷོའི་ས་ཁུལ་ས་རྒྱ་ཆུང་ཞིང་རྩྭ་ཆུ་མི་བཟང་བས་ཕྱུགས་ལས་ཐོན་སྐྱེད་གོང་འཕེལ་ལ་ཚད་བཀག་བཟོ་བཞིན་ཡོད་པ་སོགས་ཀྱི་དབང་གིས། ཚོ་སྡེ་མང་བོ་ཞིག་གནས་དེར་འདུག་འདོད་གཏན་ནས་མེད་པར་རྩྭ་ཆུ་བཟང་བའི་རྨ་བྱང་དུ་འབུད་སེམས་སྐྱེ་བཞིན་ཡོད་པ་རེད། མ་འགྱངས་པར་སོག་པོ་ཧོ་ཧྲི་ཐུ་ཚོ་བའི་གུ་ཤྲི་བསྟན་འཛིན་གྱི་ཚ་བོ་བློ་བཟང་བསྟན་འཛིན་གྱིས་ཁང་ཞི་བདེ་སྐྱིད་རྒྱལ་པོའི་ཁྲི་ལོ་ང་ལྔ་སྟེ། སྤྱི་ལོ་1716ལོར་ཡབ་མེས་ཀྱི་མངའ་ཁོངས་ལ་དབང་བསྒྱུར་ཏེ་མཚོ་ཁྲི་ཤོར་རྒྱལ་མོའི་ཕྱོགས་ཀྱི་སོག་པོའི་གཙོ་བདག་ཏུ་གྱུར། སྐབས་དེར་ཆིང་གོང་མས་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་དང་མཉམ་འབྲེལ་བྱས་ཏེ། བོད་ལ་དབང་སྒྱུར་བཞིན་པའི་སོག་པོ་ཇུན་གར་བ་དང་། དེའི་རྗེས་འབྲངས་སྟག་རྩེ་ལྷ་རྒྱལ་རབ་བརྟན་སོགས་བོད་ནས་བདའ་འདེད་ཚར་གཅོད་བྱས་པའི་ཕམ་ཁ་དེ། ཁོས་“བཟོད་བསྲན་མ་ཐུབ་པར་ཇུན་གར་བ་ཚེ་དབང་རབ་བརྟན་དང་ངན་འབྲེལ་བྱས་ཏེ་ཆིང་དམག་ལྷ་ས་དང་མཚོ་སྔོན་མཐའ་མཚམས་ན་ཕྱིར་འཐེན་བྱེད་བཞིན་པའི་གོ་སྐབས་དང་བསྟུན་ཏེ། སྤྱི་ལོ་1723ལོར་ཆིང་གོང་མར་ངོ་རྒོལ་ཟིང་འཁྲུག་བསླངས། ཆིང་གོང་མས་དམག་སྟོང་ཕྲག་མང་པོ་མངགས་ཏེ་བདེ་གཟར་ཞི་འཇགས་སུ་གཏོང་བཞིན་མཚོ་སྔོན་པོའི་བོད་སོག་གི་ལྟ་སྐྱོང་ཐད་སྲིད་ཇུས་གསར་པ་མང་པོ་ཐག་གཅོད་གནང་སྟེ། མཚོ་སྔོན་གྱི་སོག་པོ་ཚོ་སྡེ་རྣམས་མདའ་ཚན་ཉེར་དགུར་བགོས་ཏེ་དབང་བསྒྱུར་བྱས་སྟབས། སྔོན་གྱི་གཅིག་སྒྲིལ་གྱི་སྟོབས་ཤུགས་ཉམས་ཤིང་ངོ་རྒོལ་གྱི་ནུས་པ་མེད་པར་གྱུར། དེ་བཞིན་ཆིང་གོང་མས་མཚོ་སྔོན་གྱི་བོད་སོག་ལ་ཕྱུགས་ས་གསར་དུ་བགོས་ཤིང་། ཕྱུགས་ལས་ཀྱི་ཚོ་སྡེ་རྣམས་ལ་བོད་རྒོད་དང་། ཞིང་ལས་བསྒྲུབས་ནས་འབྲུ་ཁྲལ་འབུལ་བའི་ཚོ་སྡེ་རྣམས་ལ་བོད་གཡུང་ཞེས་མིང་བཏགས་ཡོད།  སུ་ཡིན་རུང་“་བཀའ་མ་བརྩིས་པར་ས་མཚམས་ལས་བརྒལ་ནས་ཕྱུགས་འཚོ་བ་དང་གནས་སྤར་ནས་ཆིང་གོང་མའི་བཀའ་ཆད་ནན་པོ་ཕོག་སྟབས།  རང་རང་གི་མངའ་ཁོངས་ཁོར་ཡུག་ནང་ཞི་བདེ་ལྷོད་འཇགས་ཀྱིས་འཚོ་བ་མི་སྐྱེལ་ཐབས་མེད་བྱུང་། དེ་ནས་བཟུང་མཚོ་སྔོན་གྱི་སོག་པོའི་ངོ་རྒོལ་སྟོབས་ཤུགས་ལ་རྡུང་རྡེག་ཚ་ནན་ཕོག་ཅིང་སྔོན་གྱི་ཆིང་གོང་མའི་གོ་མིང་ལ་བརྟེན་ནས་བོད་ལ་སྒྱུར་བའི་སྲིད་དབང་སྒེར་སྤྱོད་ཀྱི་རྣམ་པ་ཉམས་པར་གྱུར་པས། ཆིང་གོང་མའི་གཅིག་གྱུར་འགོ་ཁྲིད་དང་གཏན་འཁེལ་པའི་འོག་ཏུ་གཉོམ་ཆུང་ཁ་ཐོར་གྱི་འཚོ་བ་མི་རོལ་ཐབས་མེད་བྱུང་ཞིང་།  ཁོ་ཚོས་བོད་འབངས་ལ་གཉའ་གནོན་དང་དབང་སྒྱུར་བྱེད་པའི་གོ་སྐབས་མ་བྱུང་བའི་ཁར་མི་གྲངས་ཉུང་ཞིང་ས་རྒྱ་ཆེ་སྟབས་མཚོ་སྔོན་པོའི་མཐའ་འཁོར་ལ་བདག་སྲུང་བྱེད་པའི་ནུས་པ་བྲལ། གོང་གསལ་གནས་ཚུལ་དེ་རིགས་ལ་བརྟེན། རྨ་ལྷོའི་བོད་རིགས་ཚོ་སྡེ་མང་པོ་ཐེངས་གཉིས་ལ་རྨ་བྱང་དུ་སྤོར་རྩིས་བྱས། ཐེངས་དང་པོ་སྤྱི་ལོ་1736-1822བར་ཡིན་ཞིང་། དེ་ཡང་སྤྱི་ལོ་1736ལོ་ནས་བཟུང་རྨ་བྱང་གི་ཁུ་ཁུ་ཝུའུ་སུའུ་(柯柯乌苏)ཕྱི་ནང་དང་། ཧང་ངེ། (大河坝)ཆུ་སྔོན་སོགས་ཀྱི་སོག་པོ་མི་གྲངས་ཉུང་ལ་ས་ཆེ་བ་དང་། ཆིང་གོང་མའི་དཔྱ་ཁྲལ་འཇལ་མ་ནུས་པར་རིམ་གྱིས་བྱང་རྒྱུད་དུ་སྤོར་ཞིང་རྨ་ལྷོའི་བོད་འབངས་སྐོར་ཞིག་སྐབས་བསྟུན་གནས་སྤོར་བྱས་ཏེ། ཕྱུགས་འཚོས་ཤིང་གཞི་ཆགས། སྤྱི་ལོ་1795ལོར་བོད་ཀྱི་ཚོ་སྡེ་ནང་གི་རྐང་ཚ་གོང་འོག་(上下刚咱身族)དང་། བོང་སྟག་(汪什代海族)ཚོ་བ། གཡོན་རུ་(蕴依族)།  ཨ་ཚོགས་(阿错合族)སོགས་སྔ་གཞུག་ཏུ་གོང་མས་ཐག་གཅོད་བྱས་པའི་ས་ཁོངས་མཐའ་མཚམས་ལ་བརྩི་སྲུང་མ་བྱས་པར་རྨ་བྱང་དུ་སྤར། སྤྱི་ལོ་1822ལོར་ཧྲན་ཀན་ཙུང་ཏུའུ་(陕甘总督)ཁྲང་ལིན་(长龄)གྱིས་ཆིང་དམག་ཉིས་སྟོང་ལྷག་རྨ་བྱང་དུ་སྤར་བའི་བོད་མིའི་ཐོག་དྲངས་ཤིང་། རྐང་ཚའི་དཔོན་པོ་ཡི་དམ་(乙旦木)སོགས་མི་ཉིས་བརྒྱ་ལྷག་བསད་ཅིང་། སྐལ་ཀོ་(噶布古)སོགས་མི་བཅུ་དྲུག་གསོན་བཟུང་བྱས། དུས་དེར་ཚོ་སྡེ་ལ་ལ་ཕྱིར་རྨ་ལྷོར་བསྐྲད་པ་དང་། ལ་ལ་མཚོ་སྔོན་པོའི་ལྷོ་རྒྱུད་རི་ལུང་དུ་བྲོས་ཏེ་བསྡད། ཧྲན་ཀན་ཙུང་ཏུའུ་ན་ཡན་ཁྲིན་(那颜成)གྱིས་ཐོག་མར་རྨ་ལྷོར་བཅོས་སྐྱོང་དང་རྗེས་སུ་རྨ་བྱང་ལ་བཅོས་སྐྱོང་བྱེད་པའི་སྲིད་ཇུས་བསྟར་ཏེ།  རུ་སྔོན་ཞོལ་མ་དང་། རྐང་ཚ་གོང་ཞོལ། བན་ཤུལ། བདུད་ཤུལ། ཐར་ཤུལ་སོགས་ཀྱི་ཚོ་སྡེ་རྣམས་མར་ཟི་ལིང་གི་ཕྱོགས་སུ་བསྒྲིགས་པ་དང་། ས་དེར་ཡོད་པའི་ཚོ་སྡེ་གཞན་རྣམས་ཁག་ལྔར་བཅད་དེ་བསྒྲིགས། དེ་ལྟར་གཅིག་གྱུར་སྟོབས་ཤུགས་ལ་རྡུང་རྡེག་ཆེན་པོ་ཐེབས་ཏེ། གནས་སྤོར་བའི་བསམ་དོན་ཡོངས་འགྲུབ་མ་བྱུང་། ཐེངས་གཉིས་པ་སྤྱི་ལོ་1832-1858བར་གྱི་ལོ་26རིང་རྨ་བྱང་དུ་སྤོ་བར་འཐབ་རྩོད་གང་མང་བྱས། རྨ་ལྷོའི་ས་རྒྱ་ཆུང་ཞིང་འཚོ་བ་དབུལ་ཕོངས་སུ་གྱུར་སྟབས་ཀོས་ཏེ་ཐིན་གྱི་གཡོན་རུ་(杨热)གཙོ་བྱས་པའི་ཚོ་སྡེ་མང་པོ་སྤྱི་ལོ་1832ལོར་ས་མཚམས་ཀྱི་ཆིང་དམག་ལ་ཕར་རྒོལ་བྱས་ཏེ་རྨ་བྱང་ལ་སྤོར་རྩིས་བྱས། སྤྱི་ལོ་1842ལོར་རྨ་ལྷོའི་བོད་མི་ཚོས་རྨ་དར་ཆགས་པའི་གོ་སྐབས་དང་བསྟུན་ནས་རྨ་བྱང་ལ་སྤོར་ཏེ་ཕྱུགས་འཚོས་པས། ཕྱི་ལོ་ཀན་སུའུ་ཐི་ཏུའུ་ཀྲོའུ་ཡུའེ་ཧྲིན་(甘肃提督周悦胜)དང་། ཟི་ལིང་དམག་སྤྱི་ཞུས་ཧྭ་ཆིན་(徐华清)སོགས་ཀྱིས་དམག་ཁྲིད་དེ་བཀག་འགོག་བྱས། ཡིན་ནའང་། བོད་འབངས་རྣམས་ཞེད་སྣང་སྤུ་ཙམ་མེད་པར་མུ་མཐུད་དུ་རྨ་བྱང་དང་། ལྷག་པར་དུ། མཚོ་སྔོན་པོའི་མཐའ་འཁོར་ལ་སྤོར་སྟབས། སྤྱི་ལོ་1858ལོར། ཧྲན་ཀན་ཙུང་ཏུའུ་ཡུའེ་པེན་(乐斌)དང་ཟི་ལིང་དོན་སྒྲུབ་བློན་ཆེན་ཧྥུ་ཅི་(西宁办事大臣福济)གཉིས་ཐབས་ཟད་དེ་ཆིང་གོང་མར་ཡར་ཞུ་བྱས་ཏེ་རྨ་ལྷོའི་རྐང་ཚ་སོགས་བོད་སྡེ་བརྒྱད་དེ་རྐང་ཚ་(ཚོ་བ་10ཡོད)བོང་སྟག་(ཚོ་བ་12ཡོད) འཁྱམས་རུ་(ཚོ་བ10ཡོད)བདུད་ཤུལ་(ཚོ་བ་2ཡོད) གོང་བ་ཐར་སྡེ། བན་ཤུལ། ཆུ་ཀྱཱ། རུ་སྔོན་བཅས་ལ་ཆིང་གོང་མས་རྨ་བྱང་དུ་སྤོར་བའི་བདེ་བཀོད་བཀའ་ཡིག་གནང་སྟེ།  མཚོ་སྔོན་པོའི་ཕྱོགས་སུ་འདུག་ཏུ་བཅུག  རྐང་ཚ་གཙོ་བྱས་པའི་ཚོ་སྡེའི་དུད་གྲངས་གཏན་ཕབ་དང་སྒྲིག་ལུགས་ལེགས་བཅོས་བྱས།  སྐབས་དེར་རྐང་ཚ་གཙོ་བྱས་པའི་ཚོ་སྡེ་རྣམས་ལ་དུད་ཁྱིམ་ཆིག་སྟོང་བདུན་བརྒྱ་ལྷག་ཡོད་ཅིང་། མི་གྲངས་ཆིག་ཁྲི་བརྒྱད་སྟོང་བཞི་བརྒྱ་ལྷག་ཡོད་པ་《མཚོ་སྔོན་ལོ་རྒྱུས་ཀྱི་ཟིན་བྲིས་གནད་བསྡུས།》(རྒྱ་ཡིག)སོགས་ལས་གསལ། སྐབས་དེའི་ཚོ་སྡེ་བརྒྱད་པོར་སྤྱི་དཔོན་(总督)གཉིས་ཡོད་དེ། གཅིག་ནི་རྐང་ཚའི་བླ་མ་རབ་བརྟན་ཡིན་པ་དང་། གཞན་གཅིག་ནི་བོང་སྟག་དཔོན་པོ་བན་ཐོ་ཡིན། མངའ་འོག་ཏུ་ཆིང་ཧུ(千户)ལྔ་དང་། པེ་ཧུ་(百户)བརྒྱ་དང་བཅུ་དྲུག པེ་ཙུང་(百总)སུམ་བརྒྱ་ལྔ་བཅུ། ཧྲི་ཀྲང་(什长)བརྒྱ་དང་དྲུག་བཅས་ཡོད་པ་རེད།  
      དེ་ལྟར། ཆིང་སྲིད་གཞུང་གིས་སོག་པོ་བློ་བཟང་བསྟན་འཛིན་གྱི་ངོ་ལོག་ཟིང་འཁྲུག་ལ་དྲག་གནོན་བྱས་པ་ནས་བཟུང་། སོག་པོའི་གཅིག་སྒྲིལ་སྟོབས་ཤུགས་ཁ་ཐོར་དུ་སོང་བས་མཚོ་སྔོན་པོའི་མཐའ་འཁོར་བདག་བཟུང་བྱེད་པའི་ནུས་པ་བྲལ་ཞིང་། ཆིང་གོང་མར་དཔྱ་ཁྲལ་འཇལ་མ་ཐུབ་པའི་ཁར་རྨ་ལྷོའི་བོད་རིགས་རྣམས་སླར་འོངས་ཏེ་བདའ་འདེད་ཐེངས་མང་བྱས་རྗེས་རིམ་གྱིས་ཐོར་ཞིང་བོད་ཀྱི་ཚོ་སྡེ་རྣམས་དང་འདྲེས་པར་གྱུར། བོད་སོག་གི་ཚོ་སྡེ་དེ་དག་ཡུན་རིང་གི་འཚོ་གནས་ཁྲོད། འབྲེལ་འདྲེས་སྣ་ཚོགས་བྱུང་བ་བརྒྱུད་དེ། ཕན་ཚུན་བར་གྱི་འབྲེལ་བ་ཇེ་དམ་དང་བརྩེ་དུང་ཇེ་ཟབ་ཏུ་གྱུར་ཏེ་སྤུན་ཟླ་ལྟ་བུའི་འབྲེལ་བ་ཆགས། ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ལྷན་འདྲེས་ཀྱི་འཚོ་བ་བསྐྱལ་སྟབས་ཆོས་ལུགས་དང་། རིག་གནས། དཔལ་འབྱོར། ཡུལ་གོམས་གཤིས་ལུགས། བསམ་བློའི་ཁྱེར་སོ་བཅས་ཀྱི་ཐད་ཕན་ཚུན་བརྗེ་རེས་ཀྱི་སྒོ་འཕར་ཡངས་པོ་ཕྱེས་ཡོད་པ་མ་ཟད་བག་ཆགས་ཀྱང་ཟབ་མོ་བཞག་ཡོད་པ་རེད། རང་རེའི་མཚོ་སྔོན་ཞིང་ཆེན་གྱི་མཚོ་ནུབ་དང་མཚོ་ལྷོ། མཚོ་བྱང་། གཞན་རྨ་ལྷོ་ནས་བོད་རིགས་ས་ཁུལ་སྐོར་ཞིག་ཏུ་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་ལ། བོད་སོག་མི་རིགས་གཉིས་འདྲེས་སྡོད་བྱས་ཡོད་པར་བརྟེན།“ནས་སྒྱུ་རྩལ། ཟས་རིགས་གྱོན་ཆས། ཡུལ་གོམས་གཤིས་ལུགས་བཅས་ཀྱི་ཐད་འབྲེལ་འདྲིས་དམ་པོ་ཆགས་པ་སྟེ། ད་ལྟའི་མཚོ་ནུབ་ཁུལ་ཚྭ་ཁ་དང་པཎ་ཆེན་ཤིང་སྡེ། མཚོ་ལྷོའི་རིག་སྨོན་ས་ཁུལ། མཚོ་བྱང་ས་ཁུལ་བཅས་ཀྱི་བོད་དང་འདྲེས་སྡོད་བྱས་ཡོད་པའི་སོག་པོར་མཚོན་ན། སོག་པོས་བོད་སྐད་དང་བོད་ཡིག བོད་ཀྱི་གོམས་སྲོལ་དག་བྱང་པར་ཤེས་པ་མ་ཟད། བོད་གླུ་ལེན་པ་དང་། བོད་སྒྲུང་བཤད་པ། བོད་ཀྱི་ཡུལ་ལྷ་གཞི་བདག་ལ་བསང་མཆོད་བྱེད་པ་ཚང་མ་བོད་རིགས་དང་ཁྱད་པར་མ་མཆིས། ཐ་ན་ད་ལྟའི་སོག་པོ་མང་ཆེ་བས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་བཞིན་ཡོད་པ་མ་ཟད། མིའི་མིང་མང་ཆེ་ཤོས་ཀྱང་བོད་མིང་ཡིན་པ་ཤེས་གསལ་ལྟར་རེད། མདོ་སྨད་ཀྱི་བོད་སོག་གཉིས་ཀྱི་འབྲེལ་བ་དེས་མི་རིགས་གཉིས་ཡར་རྒྱས་སུ་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་ཐེབས་ཡོད་པ་མ་ཟད། བོད་ཀྱི་རིག་གནས་སྒྱུ་རྩལ་དང་ཆོས་ལུགས་བཅས་ཀྱིས་སོག་པོ་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་སྟེ། རིག་གནས་ཀྱི་ཐད་ནས་བཤད་ན། ཕྱི་སོག་གི་མཁས་པ་ཆེན་པོ་ཚེ་ཐ་མཱི་ཏིན་སོ་རིན་ཞེས་པས་1950ལོར་བྲིས་པའི་《གེ་སར་སྒྲུང་གི་ལོ་རྒྱུས་འབྱུང་ཁུངས》ཞེས་པའི་དཔྱད་རྩོམ་ནང་གསལ་བོར་བཤད་དོན།   “སོག་པོའི་《གེ་སར་སྒྲུང》ཞེས་པ་དེ་ནི་1885ལོར་ཨུ་རུ་སིའི་སོག་པོའི་མཁས་པ་པོ་ཐ་ཉིས་ཟེར་བས་བོད་ལྗོངས་ཨ་མདོའི་ས་ཁུལ་དུ་འཚོལ་སྡུད་བྱས་པའི་བོད་ཡིག་ལས་བྲིས་པའི་གེ་སར་སྒྲུང་ལག་བྲིས་མ་གཞིར་བཟུང་ནས་བསྒྱུར་བ་ཡིན།”ཞེས་གསུངས། ཡང་སོག་པོའི་མཁས་དབང་པོ་ཡུན་ཏི་ལོ་ཀུན་ཟེར་བས་《སོག་ཡིག་གེ་སར་སྒྲུང་གི་གཏམ་རྒྱུད་ལ་དཔྱད་པ།》ཞེས་པ་ལས་བསྟན་དོན། ལོ་འཁོར་བརྒྱ་ཕྲག་དུ་མའི་སྔོན་ལ་བོད་ལྗོངས་ཨ་མདོ་ས་ཁུལ་དུ་བསྡུས་པའི་བོད་ཀྱི་གེ་སར་སྒྲུང་གི་གཏམ་རྒྱུད་དེ་སོག་ཡུལ་བརྒྱུད་དེ་དར་ཁྱབ་ཏུ་སོང་བ་དང་ཆབས་ཅིག་སོག་པོའི་གེ་སར་སྒྲུང་གྲུབ་པ་ཡིན་ཟེར། ལྷག་པར་དུ། དུས་རབས་བཅུ་དྲུག་པ་ནས་བཟུང་། བོད་ཀྱི་མདོ་དབུས་ཁམས་གསུམ་ནས་ཆོས་ལུགས་མཁས་དབང་མང་པོ་གདན་དྲངས་ཤིང་། དེ་དག་གིས་ཁོང་ཚོར་བག་ཆགས་གཏིང་ཟབ་བཞག་པ་མ་ཟད། བོད་ཡིག་ལ་བྱང་ཆུབ་པའི་སོག་པོའི་མཁས་པ་ཉིས་བརྒྱ་ལྷག་གིས་བོད་ཀྱི་ཚད་མ་དང་། སྙན་ངག སྨན་རྩིས། རྩོམ་རིག་སྒྱུ་རྩལ་བཅས་པ་ཡིག་བསྒྱུར་དང་ཞིབ་འཇུག་གནང་སྟེ། བོད་སོག་རིག་གནས་བརྗེ་རེས་དང་གོང་འཕེལ་ཐད་ལ་བྱས་རྗེས་བླ་ན་མེད་པ་བཞག་ཡོད་ཅེས《བོད་སོག་གེ་སར་སྒྲུང་གི་འབྲེལ་བ་བརྗོད་པ》ལས་བྲིས་འདུག གཞན། ང་ཚོས་མཐོང་ཐོས་སུ་ཡོད་པའི་1716ལོར་པེ་ཅིན་ཤིང་དཔར་གྱི་《གེ་སར་ཁེ་ཧིན་གྱི་སྒྲུང་》ཟེར་བ་དེ་ཡང་སྤྱི་ལོ་1630ལོར་མཚོ་སྔོན་གྱི་ཨུ་ཐི་སོག་པོ་ལྔས་མཚོ་སྔོན་བོད་རིགས་ཀྱི་སྒྲུང་པས་བཤད་པ་ལྟར་ཟིན་བྲིས་སུ་བཀོད་ཅིང་ལེགས་སྒྲིག་བྱས་པ་ལས་གྲུབ་པ་ལགས་ཞེས་བཀོད་འདུག   
      གང་ལྟར་ཀྱང་བོད་སོག་གཉིས་ལ་འབྲེལ་བ་བྱུང་བ་ནས་བཟུང་། དུས་སྐབས་མི་འདྲ་བའི་ནང་ཚད་མི་འདྲ་བའི་བདེ་གཟར་བྱུང་ཡང་། དེས་དེ་གཉིས་ཀྱི་འབྲེལ་བར་གནོད་སྐྱོན་ཆེན་པོ་མ་ཕོག་པར་འབྲེལ་བ་མུ་མཐུད་དུ་ཇེ་དམ་ལ་སོང་ཞིང་། ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཕན་ཚུན་རོགས་རམ་དང་ཕན་ཚུན་མཉམ་འབྲེལ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་ནང་དཔུང་པ་མཉམ་གཤིབ་ཀྱིས་མདུན་དུ་བསྐྱོད་པའི་ཡུན་རིང་གི་མཛའ་བརྩེ་འབྲེལ་བ་དེར་ང་ཚོས་བསྔགས་བརྗོད་བྱེད་འོས་པ་ཞིག་རེད།།
      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-2-18 08:13 , Processed in 0.038129 second(s), 20 queries .

返回顶部