日志

༄༅།།སངས་རྒྱས་ཀྱི་བསྟན་པའི་སྙིང་བོ་སྔགས་ཡ ...

已有 20 次阅读2020-2-12 11:18 |系统分类:文化


                                     ༄༅།།སངས་རྒྱས་ཀྱི་བསྟན་པའི་སྙིང་བོ་སྔགས་ཡིན་པར་བསྟན་པ།
                  ཡོང་ཁུངས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། རྩོམ་པ་པོ། དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན། རྩོམ་སྒྲིག་པ། ལྷ་སྐྱིད།

                                                   

  དོར་ཞི་བློ་བཟང་ཐུབ་བསྟན་ཆོས་འཕེལ་ལམ་མཚན་གཞན་དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་ཞུ་བ་ལགས་ནི། ཕྱི་ལོ་༡༩༣༦ལོར་ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་དུ་སྐུ་འཁྲུངས། དཔའ་རིས་དོར་ཞི་དགོན་པའི་དགོན་བདག་དང་། དེང་རབས་བོད་ཁུལ་གྱི་སྙན་གྲགས་ཆེ་བའི་རྒྱ་བོད་སྐད་གཉིས་ཀྱི་མཁས་པ། ནང་བསྟན་སློབ་དཔོན། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གྲོན་དངུལ་ཐོབ་པའི་ཆེད་མཁས་པ་བཅས་ཡིན།

  ༡ བསྐལ་བཟང་གི་སངས་རྒྱས་སྟོང་གི་ནང་ན་སྔགས་ཀྱི་བསྟན་པ་ཡོད་པ་བཞི་བ་ཤཱཀ་ཐུབ་དང་། བཅུ་གཅིག་པ་སྤྱན་ལེགས། སྟོང་གི་ཐ་མ་སངས་རྒྱས་མོས་པ་གསུམ་ལས་མེད་པ་དང་།

  ༢ རྗེ་བླ་མའི་གསུང་རྩོམ་པོད་བཅོ་བརྒྱད་ཀྱི་ནང་ན་མདོ་བརྒྱད་དང་སྔགས་བཅུ་གཉིས། ཆོས་ཚན་༢༣༤། དེའི་གསེབ་ཏུ་མདོ་༨༡། སྔགས་༡༥༣། གསུང་རྩོམ་གྱི་བརྒྱ་ཆ་༦༥སྔགས་དང་། བརྒྱ་ཆའི་༣༥མདོ་ཕྱོགས་ཡིན།

  མདོ་ཡི་བསྟན་པའི་བཀའ་བབས་རྒྱལ་ཚབ་རྗེའི་གསུང་འབུམ་པོད་བརྒྱད་ལས་སྔགས་པོད་གཅིག མདོ་པོད་བདུན་ཡོད། ཆོས་ཚན་༣༣། སྔགས་༨། མདོ་ཕྱོགས་༢༥། བརྒྱ་ཆར་ཕྱེ་ན་སྔགས་བརྒྱ་ཆའི་༢༤། མདོ་བརྒྱ་ཆའི་༧༦ཡོད།

  སྔགས་དང་ལྟ་བའི་བཀའ་བབས་ནང་ཐུགས་ཀྱི་སྲས་གཅིག་མཁས་གྲུབ་སྨྲ་བའི་ཉི་མའི་གསུང་འབུམ་བོད་༡༢་ཀྱི་ནང་ན། མདོ་པོད་༤། སྔགས་པོད་༨ཡོད། ཆོས་ཚན་༦༧ནང་ནས་སྔགས་༥༤། མདོ་ཕྱོགས་༡༣།དེ་བརྒྱ་ཆར་ཕྱེ་ན་སྔགས་བརྒྱ་ཆའི་༨༠། མདོ་བརྒྱ་ཆའི་༡༩ལྷག་ལོངས་ཡོད།

  ༣ བཀའ་བསྟན། བཀའ་འགྱུར་ནང་གི་སྔགས་ཕྱོགས་བརྒྱ་ཆའི་༥༡། བསྟན་འགྱུར་ཀྱི་སྔགས་ཕྱོགས་བརྒྱ་ཆའི་༧༥ཡན་ལོངས།

  སྔགས་རིམ་ལས། གཞུང་ལུགས་གདམས་པར་མ་ཤར་ཕྱོགས་རེས་ཚིམ།། ལུང་དོན་དྲི་མེད་རིགས་པས་དཔྱོད་མི་ནུས།། མང་དུ་ཐོས་ཀྱང་སྒྲུབ་ལ་མི་བརྩོན་པ།། དེ་ཡིས་རྒྱལ་བ་དགྱེས་པར་མི་ནུས་པར།། གཟིགས་ནས་ཞེས་དང་། སེམས་ཅན་ཐམས་ཅད་ཀྱི་སྐྱབས་གཅིག་པུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་མྱུར་དུ་སྟེར་བའི་ཉེ་ལམ་ཟབ་མོ་རྡོ་རྗེ་ཐེག་པར་འཇུག་པར་བྱའོ།། ཞེས་དང་། འཕགས་པ་གསང་བ་ལུང་བསྟན་པའི་མདོ་ལས། རྒྱུ་ལ་སྦྱོར་བ་རྒྱུ་ཡི་ཆོས།། འཁོར་ལོ་རབ་ཏུ་བསྐོར་བྱས་ནས།། འབྲས་བུའི་ཐེག་པ་ཉེ་ལམ་ཞིག། ཅེས་དང་། སྙིམ་པའི་མེ་ཏོག་ལས།ཐེག་པ་ཆེན་པོ་མ་ལུས་པ་བསྡུས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡིན་ལ། དེ་རྣམས་བསྡུས་པ་ནི་ཐབས་དང་ཤེས་རབ་ཡིན་ཞིང་དེ་དག་བསྡུས་པ་རོ་གཅིག་པ་དེ་ནི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། དེ་ཡང་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཡིན་ལ་དེ་ཉིད་ནི་རྡོ་རྗེ་ཡིན་ལ། རྡོ་རྗེ་ཡང་དེ་ཡིན་ལ་ཐེག་པ་ཡང་རྡོ་རྗེ་ཐེག་པ་ཡང་ཡིན་པས་ན་རྡོ་རྗེ་ཐེག་པ་སྟེ་སྔགས་ཀྱི་ཐེག་པ་ཞེས་བྱ་བའི་དོན་ནོ།། ཞེས་གསུངས་སོ།། ཕ་རོལ་ཕྱིན་པ་བ་རྣམས་ལ་ནི། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་སྤྲོས་པ་དང་བྲལ་བ་སྒོམ་པས་ཆོས་ཀྱི་སྐུ་དང་རྣམ་པ་རྗེས་སུ་མཐུན་པའི་ལམ་སྒོམ་པ་ཡོད་ཀྱང་། གཟུགས་ཀྱི་སྐུ་མཚན་དཔེས་སྤྲས་པ་དང་རྣམ་པ་འདྲ་བར་སྒོམ་པའི་ལམ་ནི་དེར་མེད་ལ་སྔགས་ལ་ནི་ཡོད་དོ།། དེས་ན་གཞན་དོན་གཟུགས་ཀྱི་སྐུ་ཐབས་ལམ་གྱི་ལུས་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་པས་ཐེག་པ་གཉིས་སུ་མཛད་པ་ཡིན་ཏེ། ཞེས་དང་།

  སྔགས་རིམ་ལས། ཐེག་ཆེན་པ་གཉིས་ཀའི་ཡང་མངོན་པར་འདོད་པའི་དོན་གྱི་གཙོ་བོ་ནི་གཞན་དོན་ཡིན་གྱི་རང་གི་ཐོབ་བྱའི་དོན་བྱང་ཆུབ་མིན་ཏེ། སངས་རྒྱས་ཀྱང་གཞན་དོན་སྒྲུབ་པའི་ཐབས་སུ་མཐོང་ནས་དེའི་ཡན་ལག་ཏུ་དོན་དུ་གཉེར་བའི་ཕྱིར་ཏེ།མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།། ཡང་དག་རྫོགས་པའི་བྱང་ཆུབ་འདོད།། ཅེས་གསུངས་པའི་ཕྱིར་དང་སེམས་བསྐྱེད་འདྲ་བའི་ཕྱིར་རོ།། གདུལ་བྱ་ལ་དངོས་སུ་སྣང་ནས་དེ་དག་གི་དོན་སྒྲུབ་སངས་རྒྱས་ནི་ཆོས་སྐུ་མིན་གྱི། གཟུགས་ཀྱི་སྐུ་རྣམ་པ་གཉིས་ཡིན་ནོ།།

  གཟུགས་སྐུའི་སྒྲུབ་བྱེད་ཐབས་ནི་དེ་དང་རྣམ་པ་འདྲ་བར་སྒོམ་པའི་ལྷའི་རྣལ་འབྱོར་ཉིད་ཐེག་པ་གཞན་གྱི་ཐབས་ལས་མཆོག་ཡིན་པའི་ཕྱིར་རོ།། ཞེས་དང་། རྡོ་རྗེ་གུར་ལས། གལ་ཏེ་སྟོང་བ་ཐབས་ཡིན་ན།། དེ་ཚེ་སངས་རྒྱས་ཉིད་མི་འགྱུར།། རྒྱུ་ལས་འབྲས་བུ་གཞན་མེད་ཕྱིར།། ཐབས་ནི་སྟོང་བ་ཉིད་མ་ཡིན།། ལྟ་བ་རྣམས་ལས་ལོག་རྣམས་དང་།། བདག་ཏུ་ལྟ་བ་འཚོལ་རྣམས་ཀྱི།། བདག་ཏུ་འཛིན་པ་བཟློག་པའི་ཕྱིར།། རྒྱལ་བ་རྣམས་ཀྱིས་སྟོང་བར་བསྟན།། དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས།། བདེ་བའི་ཐབས་ཀྱིས་སྡོམ་པ་སྟེ།། སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས།།སངས་རྒྱས་ཉིད་ཡུན་རིང་མི་འགྱུར།། ཞེས་དང་། ཐམས་ཅད་གསང་བ་ལས་ཀྱང་། སངས་རྒྱས་ཉིད་ཀྱང་མདོར་བསྡུ་ན།། ཏིང་འཛིན་ཡེ་ཤེས་ལས་ངེས་འབྱུང་།། སངས་རྒྱས་རྣལ་འབྱོར་མ་གཏོགས་པར།། སངས་རྒྱས་རྣལ་འབྱོར་པས་མི་འཐོབ།། ཞེས་དང་། རྣལ་འབྱོར་རྒྱུད་དེ་ཉིད་བསྡུས་པ་ལས། ལུས་དང་ངག་སེམས་རྡོ་རྗེ་ཡི།། རང་གི་རྡུལ་ནི་ཕྲ་མོ་རྣམས།། སངས་རྒྱས་ཀྱི་ནི་སྐུར་བསྒོམས་ན།། རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར།། ཞེས་དང་། ཁ་སྦྱོར་གྱི་བརྟག་པ་དང་པོའི་རབ་བྱེད་བཞི་བ་ལས། མདོར་བསྡུས་བས་ནི་སངས་རྒྱས་ཉིད།། བསྐལ་བ་བྱེ་བ་གྲངས་མེད་པས།། ཇི་སྲིད་སངས་རྒྱས་གང་ཐོབ་པ།། གང་གིས་དམ་པའི་བདེ་བས་ཁྱོད།། སྐྱེ་བ་འདིར་ནི་ཐོབ་པར་གྱུར།། ཞེས་དང་། སྔགས་ཀྱི་ལམ་ལ་ལྷའི་རྣལ་འབྱོར་སྒོམ་པ་མེད་ན་སྟོང་བ་ཉིད་ལ་སོགས་པ་ཇི་ཙམ་གོམས་པས་ཀྱང་འབྲས་བུའི་སྐབས་སུ་ཞི་བའི་མཐར་ལྟུང་བ་འགོག་མི་ནུས་པ་ནི་རྒྱུད་སྡེའི་དགོངས་པ་དམ་པའོ། ཞེས་གསུངས་སོ།།

  ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་།། ཐབས་མང་དཀའ་བ་མེད་པ་དང་།། དབང་བོ་རྣོན་པོའི་དབང་བྱས་པས།། སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས།། ཞེས་དང་།

  རྟོགས་བརྗོད་འདུན་ལེགས་མ་ལས། འདི་ན་རྫོགས་སངས་རྒྱས་སུ་བགྲོད་པ་ལ།། ཟབ་མོ་རྡོ་རྗེ་ཐེག་དང་ཕར་ཕྱིན་ཐེག། རྣམ་པ་གཉིས་ཡོད་གསང་སྔགས་ཕར་ཕྱིན་ལས།། ཤིན་ཏུ་ཁྱད་པར་འཕགས་པ་ཡིན་ནོ་ཞེས།། ཉི་མ་ཟླ་བ་ལྟ་བུར་ཀུན་ཏུ་གྲགས།། ཚིག་དེ་བདེན་པའི་ཚིག་ཏུ་འདོད་བཞིན་དུ།། ཟབ་མོའི་ཐེག་དེ་ཇི་ལྟ་བུ་ཞིག་ཅེས།། འཚོལ་བར་མི་བྱེད་མཁས་པའི་ཁུར་འཛིན་པ།། དེ་འདྲ་དེ་ཡང་ཤེས་རབ་ཅན་ཡིན་ན།། དེ་ལས་གཞན་པའི་དབང་བོ་རྟུལ་བོ་གང་།། ཤིན་ཏུ་ཕྲད་དཀའ་གོང་ན་མེད་པའི་ལམ།། འདི་འདྲ་ཡལ་བར་འདོར་བ་ཀྱེ་མའོ་མཚར།།  དེ་ཉིད་ཕྱིར་ན་རྒྱལ་བའི་ཐེག་པ་མཆོག། སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག། དངོས་གྲུབ་གཉིས་ཀྱི་གཏེར་གྱུར་ཟབ་མོ་དེར།། ཞུགས་ནས་འབད་པ་མང་བོས་རིང་དུ་སྦྱངས།། ཞེས་དང་། ལམ་རིམ་བསྡུས་དོན་ལས། བསྒོམས་ནས་ཐབས་ཤེས་ཟུང་དུ་འབྲེལ་བ་ཡིས།། རྒྱལ་སྲས་སྤྱོད་པའི་ཕ་རོལ་འགྲོ་བ་བསྔགས།། དེ་ལྟར་རྟོགས་ནས་ཕྱོགས་རེའི་ལམ་གྱིས་ནི།།ཚིམ་པ་མེད་པར་སྐལ་བཟང་རྣམས་གྱི་ལུགས།། ཞེས་དང་། དེ་ལྟར་རྒྱུ་དང་འབྲས་བུའི་ཐེག་ཆེན་གྱི།། ལམ་མཆོག་གཉིས་ཀར་དགོས་པའི་ཐུན་མོང་ལམ།། ཇི་བཞིན་བསྐྱེད་ནས་མཁས་པའི་དེད་དཔོན་གྱི།། མགོན་ལ་བརྟེན་ནས་རྒྱུད་སྡེའི་རྒྱ་མཚོ་ཆེར།། ཞུགས་ནས་ཡོངས་རྫོགས་མན་ངག་བརྟེན་པ་དེས།། དལ་འབྱོར་ཐོབ་པ་དོན་དང་ལྡན་པར་བྱས།། ཞེས་དང་།ཡོན་ཏན་གཞིར་གྱུར་མ་ལས། ཐུན་མོང་ལམ་སྦྱངས་སྣོད་དུ་གྱུར་བ་ན།། ཐེག་པ་ཀུན་གྱི་མཆོག་གྱུར་རྡོ་རྗེ་ཐེག། སྐལ་བཟང་སྐྱེ་བོའི་འཇུག་ངོགས་དམ་པ་དེར།། བདེ་བླག་ཉིད་དུ་འཇུག་པར་བྱིན་གྱིས་རློབས།།  ཞེས་དང་།

  ལམ་རིམ་གྱི་མཇུག་གི་ལམ་སྤྱིའི་དོན་བསྡུ་བ་ལས། དེ་ལྟར་མདོ་སྔགས་གཉིས་ཀའི་ལམ་ཐུན་མོང་བ་རྣམས་ལ་སྦྱངས་པའི་འོག་ཏུ་ནི་གདོན་མི་ཟ་བར་གསང་སྔགས་ལ་འཇུག་པར་བྱ་སྟེ།ལམ་དེ་ནི་ཆོས་གཞན་རྣམས་ལས་ཆེས་ཤིན་ཏུ་དཀོན་པ་དང་མྱུར་དུ་ཚོགས་གཉིས་རྫོགས་པར་བྱེད་པའི་ཕྱིར་རོ།། ཞེས་གསུངས་སོ།།

  གསལ་སྒྲོན་ལས་ཀྱང་། སངས་རྒྱས་ཀྱི་བསྟན་པའི་སྙིང་བོ་གནས་མི་གནས་ཀྱང་འདི་ཡོད་མེད་ཀྱི་རྗེས་སུ་བྱེད་པར་གསུངས་པས། ཞེས་དང་།

  དབལ་མང་དཀོན་མཆོག་རྒྱལ་མཚན་གྱི་སྔགས་ཀྱི་འཇུག་སྒོ་ལས། མཚན་ཉིད་ཀྱི་ཐེག་པ་ལས་སྔགས་ཀྱི་ཐེག་པ་ཁྱད་པར་དུ་འཕགས་པ་ཡིན་ཏེ། སྔགས་ལ་བརྟེན་ནས་ཚེ་གཅིག་དང་།ཁྱད་པར་བླ་མེད་ལ་བརྟེན་ནས་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་འཚང་རྒྱ་བར་ནུས་པ་གང་ཞིག དེ་མཚན་ཉིད་ཀྱི་ལམ་ལ་མེད་པའི་ཕྱིར། ཞེས་དང་། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་།། ཐབས་མང་དཀའ་བ་མེད་པ་དང་དང་།། དབང་བོ་རྣོན་པོའི་དབང་བྱས་ནས།། སྔགས་ཀྱི་ཐེག་པ་ཁྱད་པར་འཕགས།། དེའི་དོན་ཡུལ་ཅན་མཆོག་གི་སྒོ་ནས་མ་རྨོངས་པ་དང་། གཟུགས་སྐུ་སྒྲུབ་པའི་ཐབས་ཕར་ཕྱིན་ལས་མང་བ་དང་། རླུང་སེམས་ལ་གནད་དུ་བསྣུན་པས་དཀའ་བ་མེད་པ་དང་། དེས་ན་ཚེ་གཅིག་ལ་སངས་རྒྱས་སུ་འགྲུབ་བོ།། ཡང་སྔགས་ནི་ཁྱད་པར་གསུམ་དང་བདུན་གྱིས་ཁྱད་པར་འཕགས་པ་ཡིན་ཏེ། སྐུ་གཉིས་དང་རྣམ་མཐུན་གྱི་རྣམ་པར་དག་པའི་ལྷའི་བདག་ཉིད་དུ་དམིགས་པས་དམིགས་པ་རྒྱ་ཆེ་བ་དང་། རྒྱལ་བ་རྣམས་ཀྱི་དམ་ཚིག་བཟུང་བའི་སྟོབས་ཀྱིས་བྱིན་རླབས་སྐྱེ་བའི་གྲོགས་རྒྱ་ཆེ་བ་དང་། རྒྱལ་བ་སྲས་བཅས་ཀྱིས་འགྲོ་བའི་དོན་བྱེད་ཅིང་ཞིང་དག་པར་མཛད་པ་ལྟར་བྱེད་པས་རྗེས་སུ་སྤྱོད་པའི་རྒྱ་ཆེ་བའི་ཁྱད་པར་གསུམ་དང་། ཡང་རྒྱལ་བ་སྲས་བཅས་ཀྱིས་རྒྱུད་བྱིན་གྱིས་རློབས་པ་དང་། ལྷག་པའི་ལྷས་རྗེས་འཛིན་པ་དང་། ཚེ་རབས་ཐམས་ཅད་དུ་སངས་རྒྱས་རྗེས་སུ་དྲན་པ་དང་། ཕྱག་དང་མཆོད་བསྟོད་སོགས་ཀྱིས་ཚོགས་གཉིས་རྫོགས་པ་དང་། བསྲུང་འཁོར་སྒོམ་པས་བགེགས་བཟློག་པ་དང་། ཐུན་མོང་གི་དངོས་གྲུབ་ཚེ་འདིར་འགྲུབ་པ་དང་། ལུས་ཀྱི་གཡོ་བ་དང་། ངག་གི་བརྗོད་པ་ལ་བརྟེན་ནས་ཚོགས་རླབས་པོ་ཆེ་རྫོགས་པའི་ཁྱད་པར་བདུན་དང་ལྡན་པའི་ཕྱིར། འོ་ན་སྔགས་ཁྱད་པར་འཕགས་པ་གདུལ་བྱ་ཐམས་ཅད་ལ་ཡིན་ནམ་ཞེ་ན་མ་ཡིན་ཏེ། ཆོས་ཐེག་པ་ཆེན་པོའི་ཆོས་ཡིན་པས་མི་ཆོག་གང་ཟག་ཐེག་པ་ཆེན་པོར་འགྲོ་དགོས་གསུངས་པ་ལྟར་སྣོད་རུང་གི་གདུལ་བྱ་ལ་ལྟོས་ནས་ཡིན་ཏེ། རེད་མདའ་བའི་དྲིས་ལན་ལས། སྔགས་ཀྱི་མྱུར་བར་བཤད་པ་ནི་ཞི་གནས་མྱུར་བ་དང་། ཞི་གནས་སྟོབས་ལྡན་སྒྲུབ་ལུགས་མཚན་ཉིད་ལ་མེད་པ་རྣམས་ཡོད་པས། ཞི་གནས་ཅི་ཙམ་སྟོབས་ཆེ་བ་བཞིན་ལྟ་བ་ལ་མྱོང་བ་སྟོབས་ལྡན་འགྲུབ་པ་ཡོད་པས་མྱུར་བ་ཡིན་ནོ།། ཞེས་དང་།

  འཇམ་དབྱངས་བཞད་པའི་གྲུབ་མཐའ་རྩ་བ་ལས། མདོ་སྔགས་གཉིས་ཀས་ཉོན་སྒྲིབ་ཀུན་ཟད་ནུས།། རྒྱུད་སྡེ་འོག་མ་གསུམ་དུ་ཡུལ་མཆོག་སྟོང་ཉིད་བསྟན་ཀྱང་ཡུལ་ཅན་མཆོག་བདེ་ཆེན་སྦས་བཞིན།། ཕར་ཕྱིན་ཐེག་པ་ལས་དྲི་གཙོ་ཤེས་སྒྲིབ་སྐོར་དགུ་བསྟན་ཀྱང་གཉེན་པོ་མཆོག་བདེ་ཆེན་ཡེ་ཤེས་སྦས་ཕྱིར།། ཤེས་སྒྲིབ་ཕྲ་བ་སྔགས་ལས་མདོ་མི་ནུས།།

  ཐབས་ཟབ་མང་ཕྱིར་ལམ་ལའང་མྱུར་བུལ་ཆེ།། ལུས་ངག་ཡིད་གསུམ་རགས་ཕྲ་ཤིན་ཏུ་ཕྲ། སྦྱངས་ཕྱིར་ཐེག་དང་མདོ་རྒྱུད་གོང་།། རྒྱུད་སྡེ་འོག་མར་གཞན་གཉིས་ལུས་ངག་ཡིད་གསུམ་རགས་ཕྲ་གཉིས་བཤད་ཀྱང་གསུམ་པ་ཤིན་ཏུ་ཕྲ་བ་ནི། དགོངས་གཞིར་རུང་ཡང་མདོ་རྒྱུད་འོག་མར་མིན།། བླ་མེད་སྤྱི་དང་རྒྱུད་རྒྱལ་དག་ན་གསལ།། སྐལ་ལྡན་གྲུབ་དབང་བྱེ་བས་རྩེར་གཤེགས་ཤུལ།།དུས་གསུམ་རྒྱལ་བའི་གསང་ལམ་མཆོག་ཏུ་གྲུབ།། ཞེས་དང་། དེའི་རང་འགྲེལ་ལས། འབྲས་བུ་རྡོ་རྗེ་ཐེག་པའི་དོགས་གཅོད་ལ། མདོ་སྔགས་ཀྱིས་སྒྲིབ་གཉིས་སྤོང་ཚུལ་འཁྲུལ་སྤོང་དང་བཅས་པ་དང་། ལམ་མྱུར་བུལ་གྱི་ཁྱད་པར་དང་། ལུས་ངག་ཡིད་གསུམ་ཤིན་ཏུ་ཕྲ་བ་བླ་མེད་ལས་གཞན་དུ་སྦས་ཚུལ་དང་། དེའི་དོན་གྱིས་བླ་མེད་སྤྱི་དང་ཁྱད་པར་དུ་གསང་གསུམ་སྟོན་པའི་རྒྱུད་རྒྱལ་མཆོག་ཏུ་གྲུབ་པ་སྟེ་བཞི་ལས། མདོ་སྔགས་གཉིས་ཀ་ཉོན་སྒྲིབ་ཀུན་ཟད་ནུས།། ཡུལ་མཆོག་བསྟན་ཀྱང་ཡུལ་ཅན་མཆོག་སྦས་བཞིན།། དྲི་གཙོ་བསྟན་ཀྱང་གཉེན་པོ་མཆོག་སྦས་ཕྱིར།། ཤིས་སྒྲུབ་ཕྲ་བ་སྔགས་ལས་མདོས་མི་ནུས།། དེ་ཕྱིར་སྤང་གཉེན་སྦས་པ་མགོ་མཚུངས་འཁྲུལ།། ཞེས་དང་། དེས་ན་ཡུལ་མཆོག་བདེན་མེད་ཕར་ཕྱིན་ཐེག་པར་བསྟན་ཀྱང་། ཤེས་རབ་གཅིག་པུས་ཤེས་སྒྲིབ་ཀྱི་འཆིང་བ་ལས་མི་གྲོལ་བས། དྲི་མ་མེད་པར་ཞུས་པ་ལས། ཐབས་དང་བྲལ་བའི་ཤེས་རབ་ནི་འཆིང་བ་སོགས་དང་།ས་ར་ཧས།སྙིང་རྗེ་དང་བྲལ་སྟོང་བ་ཉིད་ཞུགས་པ།། དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ།། ཞེས་སོགས་བཤད་ལ།དེས་ན་ཡུལ་སྟོང་བ་མཆོག་བསྟན་ཀྱང་ཡུལ་ཅན་བླ་མེད་ཀྱི་བདེ་ཆེན་ནི་སྔགས་ཀྱི་རྒྱུད་སྡེ་འོག་མ་གསུམ་དུ་ཡང་མ་བསྟན་ན། དེའི་རྣམ་བཞག་དེ་མན་ཆད་དུ་ཅིའི་ཕྱིར་སྟོན་པས་སྦས་ལ། དེ་བཞིན་དུ་སྤང་བྱ་དུག་གསུམ་གྱི་དྲི་མའི་གཙོ་བོ་ཤེས་སྒྲིབ་སྐོར་དགུ་བསྟན་ཞིང་། དེའི་གཉེན་པོ་བར་ཆད་མེད་ལམ་གསུམ་སོགས་བསྟན་ཀྱང་་སྔ་མ་རྣམས་ལ་རྣམ་རྟོག་དང་ལས་རླུང་གཏན་ལོག་མི་དགོས་པར་སྤང་རུང་ལ། ཤེས་སྒྲིབ་ཆུང་ངུའི་ཆུང་ངུ་སྤོང་བ་ལ་དེ་གཉིས་གཏན་ལོག་དགོས་ཤིང་། དེ་ལྡོག་བྱེད་ཀྱི་གཉེན་པོ་བླ་མེད་ཀྱི་བདེ་ཆེན་མ་བསྟན་པའི་ཕྱིར།ཤེས་སྒྲིབ་ཆུང་ཤོས་ཕྲ་ཤོས་སྔགས་ལས་མདོ་རྐྱང་བས་མི་ནུས་སོ།། ཞེས་དང་། གཉིས་པ། ཐབས་ཟབ་མང་ཕྱིར་ལམ་ལའང་མྱུར་བུལ་ཆེ།། ཞེས་སོགས་ལྟར་ཐབས་ཟབ་མོ་དམ་ཚིག་དང་སྡོམ་པའི་ཁྱད་པར་དང་སངས་རྒྱས་རྗེས་སུ་དྲན་ཚུལ་དང་མཆོད་སོགས་ཀྱི་བསམ་པ་ཁྱད་པར་ཅན་མང་ཞིང་བླ་མེད་ལ་ཤིན་ཏུ་ནས་ཀྱང་སྐུ་གསུམ་ལ་དམར་འཇུས་སུ་སྒྲུབ་ལུགས་གཅིག་ཡོད་པས་སྙིགས་དུས་ཀྱི་མི་ལོ་ཉུང་ཤོས་ལ་རྫོགས་པའི་སངས་རྒྱས་འགྲུབ་པ་སོགས་ཡིན་པའི་ཕྱིར་ཏེ། ཁ་སྦྱོར་རྒྱུད་ལས། དེའི་ཕྱིར་དེ་རྒྱས་ཅི་ཞིག་བྱ།། མདོར་བསྡུས་པས་ནི་སངས་རྒྱས་སུ།། བསྐལ་བ་བྱེ་བ་གྲངས་མེད་པས།། ཇི་སྲིད་སངས་རྒྱས་གང་ཐོབ་པ།། གང་གི་དམ་པའི་བདེ་བས་ཁྱོད།། སྐྱེ་བ་འདིར་ནི་ཐོབ་པར་འགྱུར།། ཞེས་དང་། གསུམ་པ་ནི། ལུས་ངག་ཡིད་གསུམ་རགས་ཕྲ་ཤིན་ཏུ་ཕྲ།། སྦྱངས་ཕྱིར་ཐེག་དང་མདོ་རྒྱུད་གོང་ནས་གོང།། འོག་མར་གཞན་གཉིས་བཤད་ཀྱང་གསུམ་པ་ནི།། དགོངས་གཞིར་རུང་ཡང་མདོ་རྒྱུད་འོག་མར་མིན།། ཞེས་སྨོས་ཏེ། གྲུབ་པའི་དབང་ཕྱུག་དཔལ་ནཱ་རོ་ཞབས་ཀྱིས།ལུས་དང་སེམས་ཀྱི་གནས་ཐབས་ལས།། རགས་དང་ཕྲ་དང་ཤིན་ཏུ་ཕྲ། ཞེས་གསུངས་པ་འདིས་ལུས་སེམས་གཉིས་ལ་རགས་པ་དང་ཕྲ་བ་དང་ཤིན་ཏུ་ཕྲ་བ་གསུམ་བཤད་ཅིང་ལུས་ཀྱི་དེས་ངག་ལ་ཡང་གསུམ་ཡོད་པར་ཤེས་དགོས་ཤིང་། དེ་དག་སྦྱངས་པའི་ཕྱིར་ཉན་རང་དང་ཕར་ཕྱིན་ཐེག་པ་དང་རྒྱུད་སྡེ་འོག་མ་གསུམ་གྱིས་རགས་པ་དང་ཕྲ་བ་སྦྱོང་ལ། ཤིན་ཏུ་ཕྲ་བ་ནི་གཞི་དུས་ལ་དེ་འདྲ་ཡོད་པ། རྣལ་འབྱོར་རྒྱུད་མན་ཆད་ཀྱི་དགོངས་གཞིར་རུང་ཡང་དངོས་སུ་མ་གསུངས་ལ། དེ་ཡང་བླ་མེད་དུ་གསལ་བ་ཙམ་གང་ནའང་མེད་པའི་ཕྱིར་ཏེ། ཞེས་དང་།བཞི་བ་ནི། བླ་མེད་སྤྱི་དང་རྒྱུད་རྒྱལ་དག་ན་གསལ།། སྐལ་ལྡན་གྲུབ་དབང་བྱེ་བས་རྩེར་གཤེགས་ཤུལ།། དུས་གསུམ་རྒྱལ་བའི་གསང་ལམ་མཆོག་ཏུ་གྲུབ།། ཅེས་སྨྲས་ཏེ། དེ་འདྲའི་གསང་གསུམ་ཁྱད་པར་ཟབ་མོ་གཞི་ལམ་འབྲས་བུ་གསུམ་གྱི་སྐབས་སུ་རྒྱུད་ཆགས་པར་ཡོད་པར་གསང་སྔགས་བླ་མེད་སྤྱི་ན་ཕྱོགས་མཚོན་རེ་མང་མོད་རྒྱུད་ཐམས་ཅད་ཀྱི་རྒྱལ་བོ་དཔལ་སངས་རྒྱས་ཐམས་ཅད་འདུས་པའི་རྒྱུད་ན་མཆོག་ཏུ་གསལ་བས་སྟོན་མཁན་ལ་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་འདི་ནི་བདག་ཅག་གི་ཕའོ།། ཞེས་སོགས་བསྔགས་ཤིང་མདོ་སྡེ་ཐམས་ཅད་ཀྱི་སྣོད་དང་། རྒྱུད་སྡེ་ཐམས་ཅད་ཀྱི་ཡང་རྩེ་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་གཤེགས་ཤིང་གཤེགས་ལ་གཤེགས་པ་འགྱུར་བའི་ལམ་ཆེན་ཡིན་པར་འགྲུབ་སྟེ། རྒྱུད་རྡོ་རྗེ་ཕྲེང་བ་ལས། དེ་ཉིད་མཆོག་ཏུ་གསང་བ་ནི།། གང་དེའང་ང་ཡིས་མ་བཤད་པ།། སྐལ་བ་མེད་པའི་བསམ་པའི་རྒྱུས།། རྒྱུད་རྣམས་ཀུན་ཏུ་སྦས་བྱས་པ།། དེ་ནི་ང་ཡིས་བཤད་ཀྱིས་ཉོན།། ཞེས་དང་། སྒྲོན་གསལ་ལས།ཐུབ་པ་ཆེན་པོས་ཆོས་ཕུང་བོ།། བརྒྱད་ཁྲི་བཞི་སྟོང་གསུངས་དེ་དག། དཔལ་ལྡན་འདུས་འདི་སྣོད་ཡིན་ཏེ།།དེ་བས་དེ་ནི་རྒྱུད་ཀྱི་རྩེ།། མཇུག་ཏུ།མཆོག་ཏུ་རྨད་བྱུང་གསང་ལས་ཆེས་གསང་ཐེག། ཉོན་མོངས་ལམ་བྱེད་མྱུར་དུ་ཀུན་འོད་སར།། འཇུག་བྱེད་གསང་སྔགས་སྤྱི་དང་བླ་མེད་ལ།། རྣམ་དག་ཡིད་ཆེས་དེ་ཡང་རྒྱལ་ཀུན་ཡབ།། ཅེས་སོ།། བསམ་གཟུགས་ཆེན་མོ་ལས། ལམ་རིམ་ཆུང་ངུ་ལས། ཞི་ལྷག་རིམ་ཅན་དུ་སྐྱེད་ཚུལ་ཐེག་པ་ཆེ་ཆུང་མདོ་སྔགས་གང་གི་དབང་དུ་བྱས་པ་ཡིན་ཞེས་ན། འདི་ནི་ཉན་རང་དང་ཕ་རོལ་ཕྱིན་པའི་ཐེག་ཆེན་གཉིས་ཀ་དང་དེ་ཡང་གྲུབ་མཐའ་བཞི་ཀའི་ཐུན་མོང་བ་ཡིན་ལ། སྔགས་ཀྱི་རྒྱུད་སྡེ་གསུམ་ཀ་ལའང་འདྲ་བར་རྒྱུད་སོ་སོ་དང་། དེ་དག་གི་འགྲེལ་མཛད་ཆེན་པོའི་བཞེད་པར་སྔགས་ཀྱི་ལམ་གྱི་རིམ་པར་བཤད་ཟིན་ཏོ།། ཞེས་གསུངས་པའི་ཕྱིར་དང་། འདིར་བླ་མེད་དམིགས་ཀྱིས་བསལ་བས་དེ་ལ་དཔྱད་སྒོམ་མ་བྱས་པར་ལྷག་མཐོང་སྐྱེད་པ་ཡོད་པ་ཞི་ལྷག་གི་གོ་རིམ་ཡང་མཐའ་གཅིག་ཏུ་ངེས་ཅན་མི་དགོས་པར་ཅིག་ཅར་སྐྱེ་སྲིད་དོ།། ཞེས་དང་། གསང་སྔགས་ཀྱི་ལམ་བསྒོམ་ན་ལྷའི་རྣལ་འབྱོར་ལ་ཤིན་ཏུ་ཁྱད་ཆེ་བ་ལ་སོགས་པའི་དགོས་པ་མང་བོ་སྣང་སྟེ། ཞེས་དང་།

  ལྷུན་གྲུབ་པཎྜི་ཏའི་རིག་འཛིན་དགའ་སྟོན་ལས། གཟུགས་སྐུ་ཐུན་མོང་མ་ཡིན་པའི་རྒྱུ་རྒྱ་ཆེ་བའི་ཐབས་ཡོད་པ་ནི་འབྲས་བུ་རྡོ་རྗེ་ཐེག་པ་དང་། དེ་མེད་ཅིང་སེམས་བསྐྱེད་ཕྱིན་དྲུག་སོགས་ཐབས་ཙམ་ཡོད་པ་ནི་རྒྱུ་ཕར་ཕྱིན་ཐེག་པའོ།། རྡོ་རྗེ་ཐེག་པའི་ཁྱད་ཆོས་གཟུགས་སྐུའི་ཐུན་མོང་མ་ཡིན་རྒྱ་ཆེ་བའི་ཐབས་དེ་གང་ཞེ་ན། གཟུགས་སྐུ་གཉིས་ཀྱི་ཕོ་བྲང་དང་ལུས་དང་ལོངས་སྤྱོད་དང་མཛད་པ་བཞི་དང་རྣམ་པ་འདྲ་བའི་ཟབ་གསལ་གཉིས་མེད་ཀྱི་ལྷའི་རྣལ་འབྱོར་ད་ལྟ་ནས་སྒོམ་པའི་ཐབས་བླ་ན་མེད་པ་ནི་ཕར་ཕྱིན་ཐེག་པ་ལ་མེད་པའི་རྒྱ་ཆེ་བའི་ཐབས་ཡིན་ཏེ། གུར་ལས། སྟོན་པ་སུམ་ཅུ་རྩ་གཉིས་མཚན།། མངའ་བདག་དཔེ་བྱད་བརྒྱད་ཅུར་ལྡན།། དེ་ཕྱིར་ཐབས་དེས་སྒྲུབ་བྱ་སྟེ།། ཐབས་ནི་སྟོན་པའི་གཟུགས་ཅན་ནོ།། ཞེས་དང་། འདུལ་བའི་བྱིན་གྱིས་ཀྱང་། ཆོས་སྐུ་རྒྱལ་བའི་བསམ་གཏན་གྱིས་འཐོབ་ན།། གཟུགས་ཀྱི་སྐུ་ལ་ཅི་སྟེ་སྒོམ་མི་བྱེད།། གཟུགས་སྐུ་བསོད་ནམས་ཚོགས་ཀྱིས་འཐོབ་ན་ཡང་།། དེ་ནི་ཡུན་རིང་དུས་གཞན་དམན་པ་སྟེ།། ཞེས་དང་།

  མཁས་གྲུབ་རྒྱུད་སྡེ་སྤྱི་རྣམ་ལས། སྤྱིར་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ཕ་རོལ་དུ་ཕྱིན་པའི་ཐེག་པ་དང་། སྔགས་ཀྱི་ཐེག་པ་གཉིས་ཀའི་ལམ་གྱི་གཞུང་ཤིང་ལྟ་བུ་ཡིན་ལ།དེ་ལ་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ཞི་གནས་སྔོན་དུ་བསྒྲུབས་ནས། མཚན་ཉིད་ཚང་བ་གྲུབ་པ་ན་དེ་ལ་བརྟེན་ནས་ལྷག་མཐོང་བསྒྲུབ་སྟེ། དེ་མཚན་ཉིད་ཚང་བ་གྲུབ་པ་ན་ཞི་ལྷག་ཟུང་འབྲེལ་དུ་འགྲོ་བ་ཡིན་ལ། སྔགས་ཀྱི་རྒྱུད་སྡེ་བཞི་བོ་གང་ལས་ཀྱང་ཞི་གནས་ལོགས་སུ་སྒྲུབ་ཚུལ་བཤད་ཀྱང་མ་བཤད། དགོས་ཀྱང་མི་དགོས་ཏེ། ལྷའི་རྣལ་འབྱོར་བསྒོམས་པ་ཉིད་ཀྱིས་ཞི་གནས་མཚན་ཉིད་ཚང་བ་འགྲུབ་པ་ཡིན་ལ། རྒྱུད་སྡེ་གོང་མ་གཉིས་སུ་རགས་པ་དང་། ཕྲ་བའི་ལྷའི་རྣལ་འབྱོར་གཉིས་མཐར་ཕྱིན་པ་ན་ཞི་གནས་མཚན་ཉིད་ཚང་བ་འགྲུབ་ཅིང་། བྱ་སྤྱོད་གཉིས་སུ་དེའི་དོད་ལྷ་དྲུག་བསྒོམས་པ་དང་། མེ་གནས་དང་སྒྲ་གནས་ཀྱི་བསམ་གཏན་མཐར་ཕྱིན་པ་ན་འགྲུབ་སྟེ། སྒྲ་གནས་ཀྱི་བསམ་གཏན་བསྒོམས་པའི་རང་སྟོབས་ཀྱིས་ལུས་སེམས་ཤིན་ཏུ་སྦྱངས་པ་དངོས་སུ་འདྲེན་ཐུབ་ན་ཞི་གནས་མཚན་ཉིད་ཚང་བ་གྲུབ་པ་ཡིན་ནོ། ཞེས་དང་། སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདིས་ཕ་རོལ་ཕྱིན་པའི་ཐེག་པ་ལ་བརྟེན་ནས། བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས་པའི་མཐར། ས་བཅུ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་བར་གྱུར་བའི་ཚེ་འོག་མིན་དུ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།།དེའི་ཚེ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་འདུས་ནས། སེ་གོལ་གྱི་སྒྲས་ཏིང་ངེ་འཛིན་དེ་ལས་བསླངས་ཏེ། ཁྱོད་ཉིད་ཏིང་ངེ་འཛིན་དེ་ཙམ་གྱིས་མངོན་པར་རྫོགས་པར་འཚང་རྒྱ་མི་ནུས་སོ།། ཞེས་གསུངས་པ་ལ། འོ་ན་ཇི་ལྟར་བགྱི་ཞེས་གསོལ་བས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་ལྷའི་བུ་མོ་ཐིག་ལེ་མཆོག་མ་བཀུག་ནས།དབང་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དངོས་དབང་དུ་བསྐུར་ཏེ། དེའི་རྗེས་ལ་མངོན་པར་བྱང་ཆུབ་པའི་རིམ་པ་རྣམས་བསྟན་ནས་སྒོམ་དུ་བཅུག་པས། མཚན་ཕྱེད་ན་སྟོང་བ་གསུམ་རིམ་གྱིས་ཐིམ་ནས། ཐམས་ཅད་སྟོང་བ་འོད་གསལ་མངོན་དུ་གྱུར་ཏེ། དེ་ལས་དག་པའི་སྒྱུ་མའི་སྐུ་ལངས་པ་ལ། སངས་རྒྱས་ཐམས་ཅད་ཀྱིས་དབང་བཞི་བ་བསྐུར་ཏེ་སྤྱོད་པ་བྱེད་དུ་བཅུག་པས་སྐྱ་རེངས་དང་བོ་འཆར་བ་ཙམ་ན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཤེས་བྱའི་སྒྲིབ་པ་ཕྲ་ཞིང་ཕྲ་བ་ཡང་སྤངས་ནས་མི་སློབ་པའི་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་བརྙེས་ཏེ། མངོན་པར་སངས་རྒྱས་སོ།། ཞེས་དང་། ཕ་རོལ་ཏུ་ཕྱིན་པའི་ལམ་གྱིས་ས་བཅུ་པའི་བར་དུ་བགྲོད་ནུས་ཀྱང་། མཐར་འཚང་རྒྱ་བ་སྔགས་བླ་མེད་ཀྱི་ལམ་དུ་ཞུགས་པ་ལ་ངེས་པར་ལྟོས་དགོས་ཀྱི། དེར་མ་ཞུགས་པར་འཚང་རྒྱ་བ་མི་སྲིད་དོ།། ཞེས་ཤེས་པར་བྱ་བའི་ཕྱིར་རོ།།  ཞེས་དང་།

  ཨ་ཁུ་ཤེས་རབ་རྒྱ་མཚོའི་གསང་འདུས་བསྐྱེད་རིམ་ལས། སྟོན་པས་ཆོས་ཇི་སྙེད་ཅིག་བཀའ་སྩལ་བ་ཐམས་ཅད་བསྡུ་ན་མདོ་སྔགས་གཉིས་སུ་འདུ། དེ་ཡང་དམན་པ་ལ་མོས་པ་ལ་ཆགས་བྲལ་གྱི་སྤྱོད་པ། རྒྱ་ཆེན་པོ་ལ་མོས་པ་ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ། ཟབ་མོ་ལ་ལྷག་པར་མོས་པ་ལ་ཆགས་བཅས་ཀྱི་སྤྱོད་པ་གསུམ་དུ་བསྟན་པས་དང་བོ་ཉན་རང་གི་ཐེག་པ་དང་།གཉིས་པ་ཕར་ཕྱིན་གྱི་ཐེག་ཆེན་དང་། གསུམ་པ་གསང་སྔགས་ཀྱི་ཐེག་པ་ལ་བྱེད། ཞེས་དང་།

  གསང་སྔགས་ཀྱི་ལམ་ཐམས་ཅད་དེར་འདུས་པས་ན་རྒྱུད་སྡེ་ཐམས་ཅད་ཀྱི་རྩ་བ། མདོ་སྡེ་ཐམས་ཅད་ཀྱི་ཚིག་དང་དོན་གྱི་གནད་འདིར་གཞོལ་ཞིང་མདོ་སྡེ་ཀུན་གྱི་ཟ་མ་ཏོག་སྟེ།གསང་འདུས་ཤེས་ན་མདོ་སྔགས་ཐམས་ཅད་ཤེས་པར་འགྱུར་ཞེས་སྲད་རྒྱུད་རྡོ་རྗེ་འཆང་གིས་ཀུན་མཁྱེན་འཇམ་དབྱངས་བཞད་པར་གསུངས། ཁྱད་པར་བསྟན་པའི་སྙིང་བོ་གནས་མི་གནས་དཔལ་གསང་བ་འདུས་པའི་བཤད་སྒྲུབ་ཀྱི་རྒྱུན་གནས་མི་གནས་རག་ལས་པས། འཇམ་དཔལ་ཞལ་ལུང་ལས།འདི་དོན་རྣ་བར་འཕོ་བྱེད་པ།། གང་གི་དུས་སུ་གནས་པ་དེར།། སངས་རྒྱས་བསྟན་པ་རིན་ཆེན་ཀྱང་།། གནས་པར་རབ་ཏུ་བཤད་པ་ཡིན།། ཞེས་སོགས་གསུངས་པས་སྤྱིར་གསང་སྔགས་ཀྱི་ཐེག་པ་དང་། དེའི་ནང་ནས་དཔལ་གསང་བ་འདུས་པའི་བསྟན་པ་དང་མཇལ་བའི་འབད་དགོས། རང་རེ་རྒྱལ་བ་གཉིས་པ་ཙོང་ཁ་པ་ཆེན་པོའི་མདོ་སྔགས་ཀྱི་བསྟན་པ་དང་མཇལ་བའི་ཁུལ་ཡིན་པས་བདེ་གསང་གི་སྔགས་ཀྱི་བསྟན་པ་དང་འདི་དང་མ་མཇལ་ན་ཙོང་ཁ་པ་ཆེན་པོའི་ཡོངས་རྫོགས་དང་མཇལ་བའི་གོ་མི་ཆོད་ཅེས་དམ་པ་རྣམས་ཀྱིས་གསུངས། བཀའ་པོད་ལྔ་ལ་སྦྱངས་པ་བྱས་པའི་འབབ་ས་སྔགས་འདི་ཡིན་པས། ཁྱོད་ཀྱིས་ཇི་སྙེད་བཀའ་སྩལ་བ།། ཞེས་སོགས་ལ་བདེན་བཞི་སོགས་སངས་རྒྱས་ཀྱིས་ཆོས་གང་གསུངས་དེ་བཞིན་ཉིད་ལ་གཞོལ་ཞིང་འབབ་པར་གསུངས་པའང་དེ་བཞིན་ཉིད་གོ་ཐབས་དང་ཤེས་ཐབས་ཙམ་མ་ཡིན་པར་། ལམ་མཐར་ཕྱིན་པར་བྱེད་པའི་ཐབས་སུ་གོ་དགོས་པས་སྟོང་ཉིད་དང་གཉུག་སེམས་དབྱེར་མེད་རོ་གཅིག་ཏུ་ཞུགས་ཏེ་ཡང་དག་མཐའ་དཔྱིས་ཕྱིན་པར་རྟོགས་དགོས་ལ། དེས་ན་མདོ་སྡེ་སྟོང་ཉིད་ལ་གཞོལ་གསུངས་འདིའི་ཉིང་དགོས་མཐར་ཐུག་ཏུ་གཞོལ་བ་ལ་གོ་དགོས། ཞེས་གསུངས་སོ།། དེ་ཉིད་ཀྱི་བདེ་མཆོག་བསྐྱེད་རིམ་ལས།མདོ་སྨིན་བྱེད་དང་། སྔགས་སྨིན་བྱ། སྔགས་ཀྱང་རྒྱུད་སྡེ་འོག་མ་གསུམ་དང་། རིམ་པ་དང་བོ་སྔགས་ལམ་མཐར་ཐུག་གི་སྨིན་བྱེད་དང་། བདག་ཏུ་ཞེན་པ་རྣམས་ཁ་དྲངས་པའི་ཕྱིར་གང་ཟག་གི་བདག་ཡོད་པར་སྟོན་པ་ལྟ་བའི་སྨིན་བྱེད་དུ་འགྱུར་བ་ནི། ཁྱོད་ཀྱིས་ཇི་སྙེད་བཀའ་སྩལ་བ། ཞེས་སོགས་ལྟར་ཡིན།


                      
  མདོའི་ལམ་གྱིས་ཉོན་སྒྲིབ་ཟད་པར་སྤངས་ནས་ས་བཅུ་སྲིད་པ་ཐ་མའི་བར་འགྲོ་ཡང་ཕྲ་བའི་རླུང་མི་ཤིགས་པ་ལ་ལྷག་མེད་དུ་ཐིམ་པ་སྔགས་ཀྱི་ཟབ་ལམ་ལ་ལྟོས་པས་སྟོན་པ་འདིའང་འོག་མིན་ཏུ་འཚང་རྒྱ་བ་མངོན་དུ་ཕྱོགས་པའི་ཚེ་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་ཐིག་ལེ་མཆོག་མ་བཀུག་ནས་དབང་གསུམ་པའི་རླུང་བཏུལ་ནས་སངས་རྒྱས་པ་ཡིན།
(འདི་འདུས་པའི་སྐོར་ནས་གསུངས)ཞེས་དང་།

  སྔགས་ལས་རང་གིས་སངས་རྒྱས་ཀྱི་གོ་འཕང་ཐོབ་ནས་གཞན་དེ་ལ་འགོད་ཅེས་དམ་བཅས་པ་ལྟར་སྐུ་དང་། གནས་དང་། ལོངས་སྤྱོད་དང་། མཛད་པ་ཡོངས་དག་བཞི་ད་ལྟ་ནས་ལག་ལེན་ཏུ་བཏབ་སྟེ་ཡིད་ལ་བྱས་པ་དེའི་ནང་ཕྱིན་དྲུག་གི་ཉམས་ལེན་རྫོགས་པས་ལམ་གཅིག་ལ་ཐམས་ཅད་འདུ་བའི་ཉམས་ལེན་བྱས་ན་ཆོད་ཆེ་བར་རྗེ་བདག་ཉིད་ཆེན་པོས་ཡང་ཡང་གསུངས་པས་ཚིག་ཙམ་དུ་མ་སོང་བར་སེམས་སྟེང་ནས་ངོ་འཕྲོད་པ་དགོས།ཞེས་དང་། ཡང་དག་མཐའ་དཔྱིས་ཕྱིན་པར་ཤེས་པ་སྔགས་ལ་རག་ལས་པར་གསུངས་པས་ཆོས་ཉིད་ལ་མཉམ་པར་བཞག་བཞིན་གཞན་དོན་འབད་མེད་ལྷུན་གྲུབ་ཏུ་བྱེད་པ་ལ་ཀུན་སློང་གི་རྟོག་པ་འགག་དགོས། དེ་ལ་ཀུན་རྟོག་གཡོ་བྱེད་ཀྱི་རླུང་ཕྲ་རགས་མཐའ་དག་དབུ་མར་ཐིམ་དགོས། དེའི་ཚུལ་སྔགས་མ་གཏོགས་ཕར་ཕྱིན་ཐེག་པར་མ་གསུངས་པས།ཞེས་དང་། ཞི་ལྷག་ཟུང་དུ་འབྲེལ་བའི་རྣལ་འབྱོར་གྱིས། ཞེས་དང་། མདོ་རྐྱང་བས་ཚེ་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་མི་ནུས།བོད་སྔ་མས་ཚེ་སྟོད་མདོ་ལ་སྤྱོད་ཚེ་སྔགས་ཅ་འབྱིད། ཚེ་སྨད་སྔགས་ལ་སྤྱོད་ཚེ་འདུལ་བ་ཅ་འབྱིད་ཅེས་གྲུབ་མཐའ་ཆེན་མོ་དང་བཀའ་གདམས་གོང་མས་གསུངས། མདོ་སྔགས་འགལ་མེད་གདན་ཐོག་གཅིག་ཏུ་སྤྱོད་པ་རྗེ་རིན་པོ་ཆེའི་ཁྱད་ཆོས་ཡིན། ཞེས་དང་།

  བསྐལ་བ་འདི་ལ་སངས་རྒྱས་སྟོང་བྱོན་པའི་ནང་ནས་རྣམ་འདྲེན་བཞི་བ་ཤཱཀྱ་ཐུབ་པ་ལས་བཅུ་གཅིག་པ་སྤྱན་ལེགས་དང་། ཐ་མ་མོས་པས་རང་གི་སྔར་བྱོན་པའི་སངས་རྒྱས་ཀྱི་མཛད་པ་སྟོན་པར་སྨོན་ལམ་བཏབ་པས་དེ་གཉིས་ཀྱི་བསྟན་པ་ལ་སྔགས་ཡོད་པར་རིགས་པས་སྒྲུབ་པ་མ་གཏོགས་གཞན་ལ་མཐུན་སྣང་དུ་སྔགས་འབྱུང་བར་མདོ་རྒྱུད་ལས་བཤད་པ་མེད།  སྟོན་པས་ཞིང་ཁམས་རབ་འབྱམས་སུ་ཆོས་བསྟན་ཀྱང་སྔགས་ཀྱི་ཆོས་གསུང་ཡུལ་ས་དུམ་བུ་བཅུ་གཉིས་ལས་འཛམ་གླིང་ཁོ་ན་དང་། དེ་ལས་སྐྱེ་གནས་གཞན་གསུམ་དུ་ཚེ་གཅིག་ལ་འཚང་རྒྱ་བའི་སྐལ་བ་མེད་པས། ང་རང་ཚོ་མངལ་སྐྱེས་ཁམས་དྲུག་ལྡན་སྙིགས་དུས་ཀྱི་ཚེ་གཅིག་ལ་སངས་རྒྱ་ནུས་པའི་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་ཐོབ་ནས་སངས་རྒྱས་ཀྱི་བསྟན་པ་དང་། ཁྱད་པར་སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག་པ། དེའི་ནང་ནས་མདོ་སྔགས་ཐོས་བསམ་སྒོམ་པ་ཐམས་ཅད་གདན་གཅིག་ལ་སྤྱོད་པ་རྗེ་རིན་པོ་ཆེའི་བསྟན་པ་དང་ལན་གཅིག་མཇལ་བའི་སྐབས་འདིར་སོ་མེད་ཀྱང་རྙིལ་གྱིས་འདྲད་ཟེར་བའི་དཔེ་ལྟར་འབད་དགོས། ཞེས་དང་། བཀའ་པོད་ལྔ་ལ་ཐོས་བསམ་གྱི་དཔྱད་པ་གཞིར་བཟུང་། སྔགས་ཀྱི་སྣོན་པ་བཏབ་སྟེ་མདོ་སྔགས་ཡོངས་རྫོགས་དམིགས་འོག་ཏུ་རུག་གེ་ཚུད་པ་བྱས་ནས་སོ་སྐྱེ་ནས་སངས་རྒྱས་ཀྱི་སའི་བར་གྱི་ལམ་ཡོངས་རྫོགས་ལ་གོ་བ་དང་བག་ཆགས་ཅི་ཐེབས་བྱས་ན་ས་ཆོད་དང་སྟོབས་ཆེ་བ་སྐྱེས་བུ་དམ་པའི་གསུང་རྒྱུན་ཡིན། ཞེས་དང་། སྤྲོ་བསྡུ་དཔྱད་འཇོག་གི་ཉམས་ལེན་ཚང་བའི་གནད་ཀྱིས་སྔགས་ལུགས་ཞི་ལྷག་ཅིག་ཅར་ཐོབ་པ་ཡོད་པར་བསམ་གཟུགས་ཆེན་མོར་(འཇམ་དབྱངས་བཞད་པའི་གསུང)གསུངས། དེ་ལྟར་ཡོད་པའི་ཤེས་བྱེད་སྔགས་རིམ་སོགས་སུ་གསལ་ལོ།། ཞེས་དང་།

  པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་བསྟན་པ་སྤྱི་དང་རྒྱུད་སྡེ་བཞིའི་རྣམ་བཞག་ལས།ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རྫོགས་པར་སློབ་པ་ཙམ་ཞིག་ནི། ཐེག་པ་ཆེན་པོ་སྤྱིའི་ལམ་གྱི་གཞུང་ཤིང་ཡིན་ཏེ། རྡོ་རྗེ་ཐེག་པ་ལ་སློབ་པ་རྣམས་ཀྱིས་ཀྱང་དེ་ལ་འཇུག་དགོས་པར་རྒྱུད་སྡེ་རྣམས་ལས་ལན་མང་དུ་གསུངས་པའི་ཕྱིར། ཅེས་དང་། སངས་རྒྱས་བསྟན་པའི་སྙིང་བོ་རྡོ་རྗེ་ཐེག་པ། ཞེས་གསུངས་སོ།། གཞུང་དེར། སློབ་དཔོན་ཛྙཱ་ན་ཤྲཱིས་ཕར་ཕྱིན་ཐེག་པ་ལས་སྔགས་ཀྱི་ཐེག་པ་ཐབས་མཁས་པ་བཅུ་གཅིག་གམ། བསྡུ་ན་བཞིའི་སྒོ་ནས་ཁྱད་པར་འཕགས་པར་བཞེད་པ་དང་། ཇོ་བོ་ཆེན་པོས་དམ་ཚིག་བསྡུས་པར། སློབ་དཔོན་ཨིནྟྲཱ་བྷཱི་ཏིས་ཕར་ཕྱིན་ཐེག་པ་ལས་སྔགས་ཀྱི་ཐེག་པ་ཁྱད་པར་བདུན་གྱི་སྒོ་ནས་ཁྱད་པར་འཕགས་པ་དང་། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ཕར་ཕྱིན་ཐེག་པ་ལས་སྔགས་ཀྱི་ཐེག་པ་ཁྱད་པར་གསུམ་དང་། དྲིལ་བུ་བས་ཁྱད་པར་བཞིས་ཁྱད་པར་འཕགས་པ་དང་། གྲུབ་ཆེན་ཌོཾ་བྷི་ཧེ་རུ་ཀས། འདིར་ནི་སྣོད་ཀྱི་ཁྱད་པར་དང་།། སྣོད་དུ་བྱེད་པའི་ཆོས་དང་ནི།། གཞུང་དང་ལམ་གྱི་ཁྱད་པར་དང་།། འབྲས་བུ་དག་གི་ཁྱད་པར་ལས།། སྔགས་ཀྱི་ཐེག་པ་བླ་ན་མེད།། ཅེས་གསུངས་པ་དང་། རང་ལུགས་ནི། ཐེག་པ་ཆེན་པོ་གང་ཞིག་སངས་རྒྱས་ཀྱི་གཟུགས་སྐུ་རྣམ་པ་མཐུན་པའི་ལམ་བསྒོམ་དུ་ཡོད་པས་རབ་ཏུ་ཕྱེ་བའི་རིགས་སུ་གནས་པ་དེ་རྡོ་རྗེ་ཐེག་པའི་འཇོག་བྱེད་དུ་བྱེད་པ་ཡིན་ཏེ། ཞེས་དང་།

  སམ་བྷུ་ཊ་ལས། རྒོད་པ་ལྟ་དང་ལག་བཅངས་དང་།། གཉིས་གཉིས་འཁྱུད་དང་རྣམ་པ་བཞི།། སྲིན་བུའི་ཚུལ་དུ་རྒྱུད་བཞིར་གནས།། ཞེས་གསུངས་པའི་འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་ཚུལ་གྱི་སྙིང་བོ་མཐར་ཐུག་པ་བསྟན་པ་ཡིན་ཏེ།ཞེས་དང་།

  རྡོ་རྗེ་སྙིང་བོ་རྒྱན་གྱི་རྒྱུད་ལས། འདི་ནི་གཉིས་པོ་སྦྱོར་བ་ཡི།། རྒྱུད་ཀྱི་དབྱེ་བ་བསྟན་པ་ཡིན།། དེ་བཞིན་དུ་ནི་ལག་བཅངས་དང་།། བལྟས་དང་རྒོད་པས་ཤེས་པར་བྱ།། ཞེས་དང་། རིམ་ལྔ་གསལ་སྒྲོན་གྱི་སྙིང་བོ་བསྡུས་པ་ལས།ཕར་ཕྱིན་ཐེག་པའི་རང་ལམ་རྣམས་ཀྱིས་དོན་གྱི་འོད་གསལ་ནས་སྔགས་ལམ་ལ་འཇུག་དགོས་ཏེ། དེ་ལ་མ་ཞུགས་པར་འཚང་རྒྱ་མི་ནུས་པའི་ཕྱིར།ཞེས་དང་། དོན་གྱི་འོད་གསལ་གྱིས་སྦྱངས་པའི་རླུང་སེམས་ཙམ་ལས་སྒྱུ་མའི་སྐུ་མ་བསྒྲུབས་བར་དུ། མི་སློབ་པའི་ཟུང་འཇུག་གི་སྐུ་མི་ཐོབ་པར་བསྟན་པས། བདེ་སྟོང་སྦྱོར་བ་དང་སྒྱུ་མའི་སྐུ་སྒྲུབ་པ་ནི་བླ་ན་མེད་པའི་ཐེག་པའི་སྙིང་བོ་མཐར་ཐུག་པ་དང་། སྐུ་གཉིས་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་གཉིས་དེ་གཉིས་ཡིན་པར་བསྟན་ཏོ་ཞེས་གསུངས་པའི་ཕྱིར། དེས་ན་ཕར་ཕྱིར་ཐེག་པའི་སྲིད་པ་ཐ་མ་པ་འོག་མིན་གྱི་རྟེན་ཅན་སྔགས་ལམ་ལ་འཇུག་ཚུལ་ཡང། རྒྱལ་བུ་དོན་གྲུབ་ལ་ཚུལ་བསྟན་པའི་སྒོ་ནས་བཤད་པ་དང་འདྲ་བས། ལྷའི་བུ་མོ་ཐིག་ལེ་མཆོག་མ་བཀུག་ནས་དབང་གསུམ་པ་བསྐུར་བར་གསུངས་པ་ལྟར། དབང་བཞི་པ་ཡང་བསྐུར་ཏེ་འོད་ཟུང་གཉིས་བརྒྱུད་ནས་མཚན་གཅིག་ལ་འཚང་རྒྱ་བ་ཡིན་ནོ།། ཞེས་དང་། ཇི་སྐད་དུ་རྒྱ་ཆེར་རོལ་པ་ལས་ཀྱང་། ཤཱཀྱ་ཐུབ་པ་དེ་བཞིན་གཤེགས།། མངོན་པར་བྱང་ཆུབ་འདི་བཞེངས་ནས།། སྟོང་པ་ཆེན་པོས་སངས་རྒྱས་ཉིད།། ཐོབ་པར་བྱ་ཞེས་མངོན་པར་དགོངས།། ནེ་རཉྫ་ནའི་ཆུ་འགྲམ་དུ།། མི་གཡོ་ཏིང་འཛིན་ལ་ཞུགས་ལ།། དེ་ཚེ་རྒྱལ་བ་མཁའ་རྡོ་རྗེ།། ཏིལ་གྱི་གང་བུ་གང་བཞིན་བཞུགས།། རྒྱལ་བའི་སྲས་ལ་སེ་གོལ་དང་།། དེ་ལ་དབྱངས་གཅིག་གིས་གསུངས་པ།། བསམ་གཏན་འདི་ནི་རྣམ་དག་མིན།། འདིས་ནི་མཐར་ཐུག་མི་ཐོབ་སྟེ།། ནམ་མཁའི་ངོས་ལྟར་མཆོག་གྱུར་པ།། འོད་གསལ་བ་ནི་དེ་དམིགས་ཤིག། འོད་གསལ་བ་ཡི་གནས་ཐོབ་ནས།། རབ་དགའི་གཟུགས་སུ་སྐྱེ་བར་འགྱུར།། དེ་ཚེ་རབ་དགའ་རྡོ་རྗེའི་སྐུ།། ཀུན་གྱི་དབང་ཕྱུག་ཐོབ་པར་འགྱུར། ཞེས་དང་།

  བསོད་ནམས་གྲགས་པའི་རྒྱུད་སྡེ་སྤྱི་རྣམ་ལས། ཕར་ཕྱིན་ཐེག་པའི་ལམ་གྱིས་ས་བཅུའི་བར་དུ་བགྲོད་ནུས་ཀྱང་། འཚང་རྒྱ་བ་སྔགས་བླ་མེད་ཀྱི་ལམ་ལ་ངེས་པར་ལྟོས་དགོས་སོ་ཞེས་ཤེས་པའི་ཕྱིར་དུ་ཡིན་ནོ།།

  ཐེག་ཆེན་གྱི་དོན་དུ་གཉེར་བྱ་ནི་གཞན་དོན་དང་བྱང་ཆུབ་གཉིས་ལས་གཞན་དོན་ནི་གཙོ་བོ་ཡིན་གྱི་བྱང་ཆུབ་ནི་མ་ཡིན་ཏེ། བྱང་ཆུབ་ནི་གཞན་དོན་གྱི་ཡན་ལག་ཏུ་དོན་དུ་གཉེར་བ་ཙམ་ཡིན་པའི་ཕྱིར། དེ་ལྟ་བུའི་བྱང་ཆུབ་དེ་ལ་ཡང་ཆོས་གཟུགས་གཉིས་ཡོད་པ་ལས གཟུགས་སྐུ་དོན་དུ་གཉེར་བྱ་གཙོ་བོ་ཡིན་གྱི། ཆོས་ཀྱི་སྐུ་ནི་མ་ཡིན་ཏེ། གཟུགས་སྐུས་གདུལ་བྱ་ལ་དངོས་སུ་སྣང་ནས་དོན་བྱེད་ལ། ཆོས་སྐུས་དེ་ལྟར་མི་བྱེད་པའི་ཕྱིར། དེ་ལྟ་བུའི་གཟུགས་སྐུ་དང་རྣམ་པ་མཐུན་པར་བསྒོམ་པའི་ལམ་གྱི་ལུས་ཁྱད་པར་པ་ཞིག་ཡོད་པ་དེ་ཕར་ཕྱིན་ཐེག་པར་མེད་ལ།སྔགས་ཀྱི་ཐེག་པར་ཡོད་པས། ཐེག་པ་དེ་གཉིས་ཀྱི་ཁྱད་པར་འདིས་ཕྱེ་བ་ཡིན་ནོ།། ཞེས་དང་། དེའི་གསང་འདུས་རྫོགས་རིམ་ལས། ཀྱེ་རྡོ་རྗེ་ལས། རྡོ་རྗེ་སྙིང་བོའི་དབང་སྦྱིན་ཕྱིར།། ཐིག་ལེ་མཆོག་ཉིད། ཅེས་གསུངས་པས་ས་བཅུ་བའི་བྱང་སེམས་ལ་དངོས་ཀྱི་རིག་མ་ལ་བརྟེན་ནས་དབང་བསྐུར་བར་བསྟན་ནོ།། ཞེས་དང་། རང་ལུགས་ནི། རང་ཅག་གི་སྟོན་པ་འདི་ཕར་ཕྱིན་ཐེག་པའི་ལམ་ལ་བརྟེན་ནས་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས་པའི་མཐར་ས་བཅུའི་སྲིད་པ་ཐ་མ་བར་གྱུར་བ་ན་དེས་འོག་མིན་དུ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ལ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་སེ་གོལ་གྱི་སྒྲས་བསྐུལ་ཏེ། ཁྱོད་ཀྱིས་ཏིང་ངེ་འཛིན་འདི་ཙམ་གྱིས་མངོན་པར་རྫོགས་པར་འཚང་རྒྱ་མི་ནུས་སོ།། ཞེས་གསུངས། འོ་ན་ཇི་ལྟར་བགྱི་ཞེས་པའི་ལན་དུ་ལྷའི་བུ་མོ་མཆོག་མ་བཀུག་སྟེ་མཚན་ཕྱེད་དབང་གསུམ་པ་དངོས་དབང་དུ་བསྐུར། ཞེས་དང་། མི་སློབ་པའི་ཟུང་འཇུག་གི་སྐུར་མངོན་པར་རྫོགས་པར་སངས་རྒྱས་པ་ལ། དབང་གོང་མ་གཉིས་མ་བསྐུར་བར་ཕྱི་མ་གཉིས་ནས་བསྐུར་བ་དང་། སྒྱུ་ལུས་མན་ཆད་སྔོན་དུ་མ་སོང་བར་རིམ་པ་ཕྱི་མ་གཉིས་ཞུགས་ཆོག་པ་ནི་གང་ཟག་འདི་ཁོ་ན་དམིགས་བསལ་དུ་གསུངས་སོ།། ཞེས་དང་།

  ཏཱ་ར་ནཱ་ཐའི་རྡོ་རྗེ་ཐེག་པའི་གནས་ལུགས་གསལ་བྱེད་ལས། ཡང་དག་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ལས་བྱུང་བའི་སྔགས་དང་། དེའི་ཆོ་ག་ལམ་གྱིས་གསལ་བར་བྱེད་པ་ལ།ལྷ་དང་། སྔགས་དང་། ལུས་ལ་གནད་དུ་བསྣུན་པ་སོགས། ཐེག་པ་གཞན་པའི་མེད་པ་མང་བ་སྟེ། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། ཞེས་སོགས་དྲངས་པའི་ཕྱིར།

  ཕུར་ལྕོག་བྱམས་པ་རིན་པོ་ཆེའི་རྟོགས་བརྗོད་འདུན་ལེགས་མའི་འགྲེལ་བ་ལས། གངས་ཅན་འདི་ན་རྫོགས་པའི་སར་བགྲོད་པར་ཐེག་པ་ལ། གཏིང་དཔག་པར་དཀའ་བའི་ཟབ་མོ་རྡོ་རྗེ་ཐེག་པ་དང་། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་གཉིས་ཡོད་ལ། དེ་གཉིས་ཀྱི་ནང་ནས་ཀྱང་གསང་སྔགས་ཀྱི་ཐེག་པ་ནི། བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས་ལ་བལྟོས་མི་དགོས་པར་མྱུར་དུ་འཚང་རྒྱ་བའི་ཉེ་ལམ་དང་། དེའི་ནང་ནས་ཀྱང་ཕ་རྒྱུད་དང་མ་རྒྱུད་གཉིས་ནི་ཤིན་ཏུ་ཁྱད་པར་འཕགས་པ་ཡིན་ནོ་ཞེས་པའི་སྒྲ་ཉི་མ་དང་ཟླ་བ་ལྟར་མཁས་བླུན་ཀུན་ལ་གྲགས་ཤིང་། ཞེས་དང་། བདུད་བཞིའི་གཡུལ་ལས་རྒྱལ་བས་གསུངས་པའི་ཐེག་པ་ཀུན་གྱི་མཆོག། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས།། འབྱུང་འགྱུར་ཡང་ན་མི་འབྱུང་སྲིད།། ཨུ་དུམ་ཝ་རའི་མེ་ཏོག་བཞིན།། བརྒྱ་ལམ་ན་ནི་རེས་འགའ་ཞིག། གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ།། དེ་བས་ཀྱང་ནི་ཤིན་ཏུ་དཀོན།། ཞེས་གསུངས་པ་ལྟར་སངས་རྒྱས་ལས་ཀྱང་ཆེས་ཆེར་དཀོན་པའི་རྡོ་རྗེ་ཐེག་པ། ཞེས་དང་།

  ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྡོ་རྗེ་ཐེག་པའི་ལམ་གྱི་གནད་གསལ་བར་སྟོན་པའི་མན་ངག་ལས།ཕར་ཕྱིན་ཐེག་པ་ལས་སྔགས་ལམ་མྱུར་ཞིང་ཟབ་པའི་ཚུལ་ནི། སྔགས་ལམ་ལ་ནི་ཕར་ཕྱིན་ཐེག་པ་ལ་མེད་པའི་ཁྱད་ཆོས་འབྲས་བུ་ལམ་བྱེད་ཀྱི་མན་ངག་ཁྱད་པར་ཅན་ཞིག་ཡོད་ལ། སྔགས་ཀྱི་ནང་ནས་ཀྱང་བླ་མེད་ལ་ནི་སྟོང་ཉིད་སྒོམ་པའི་ཚེ་བློ་གཅིག་གིས་སྐུ་གཉིས་བསྒྲུབ་ནུས་པ་དང་། ཁྱད་པར་གཉིས་སྣང་འཁྲུལ་བ་འཇོམས་པ་ལ་མཐུ་ཕུལ་དུ་བྱུང་བའི་ཡུལ་ཅན་ཡེ་ཤེས་ཁྱད་པར་ཅན་ཞིག་བསྐྱེད་དུ་ཡོད་པས་མྱུར་བ་ཡིན་ནོ།། ཞེས་དང་།

  ཏྲེ་ཧོར་ཁང་གསར་བློ་བཟང་ཚུལ་ཁྲིམས་ཀྱི་འཇིགས་བྱེད་བསྐྱེད་རིལ་ལས། བླ་མེད་ཀྱི་རྒྱུད་ནི། བསྟན་པ་ཐམས་ཅད་ཀྱི་རབ་དང་། ཕུལ་དང་། གཙོ་བོར་གྱུར་བ་ཡིན་ལ།

  ནོ་མོ་ཧན་བློ་བཟང་མཁས་གྲུབ་ཀྱི་རྒྱུད་སྡེའི་བཞིའི་དོན་བསྡུས་ལས། ཐེག་ཆེན་དེར་རྒྱུ་ཕར་ཕྱིན་ཐེག་པ་དང་།། འབྲས་བུ་རྡོ་རྗེའི་ཐེག་པ་གཉིས་སུ་ཡོད།། བགྲོད་བྱེད་དོན་གྱིས་ཐེག་སྟེ་ཕར་ཕྱིན་ཐེག། འབྲས་བུ་ཡོངས་དག་བཞི་དང་རྣམ་མཐུན་གྱི།། ལམ་བསྒོམ་མེད་པར་དེ་རྒྱུ་སེམས་བསྐྱེད་དང་།། ཕར་ཕྱིན་དྲུག་གིས་ཕྱེ་བས་རྒྱུའི་ཐེག་པ།། གསང་བས་འགྲུབ་ལ་ཡིད་སྐྱོབ་གསང་སྔགས་ཐེག། འབྲས་བུ་རྣམ་མཐུན་བསྒོམ་པས་འབྲས་བུའི་ཐེག། ཐབས་ཤེས་དབྱེར་མེད་རྣལ་འབྱོར་རྡོ་རྗེ་དང་།། དེ་ལ་བརྟེན་ནས་བགྲོད་པས་རྡོ་རྗེའི་ཐེག། ཞེས་དང་། ཐེག་པ་ཆེ་ཆུང་ཐབས་ཀྱིས་འབྱེད་པ་ལྟར།། མདོ་སྔགས་ཁྱད་པར་གཟུགས་སྐུར་རྣམ་མཐུན་ཐབས།། རྣལ་འབྱོར་སྒོམ་པ་ཡོད་མེད་སྒོ་ནས་འཇོག། མདོ་ལས་སྔགས་འཕགས་དེར་བརྟེན་ཚེ་གཅིག་དང་།། བླ་མེད་ལ་བརྟེན་སྙིགས་དུས་ཚེ་གཅིག་ལ།། འཚང་རྒྱ་ནུས་ཏེ་མདོ་ལ་དེ་མེད་ཕྱིར།། ཞེས་དང་།

  ཕ་བོང་ཁ་པའི་སྔགས་རིམ་ཟིན་བྲིས་ལས། རྗེ་རིན་པོ་ཆེ་སྔགས་ལ་ཐུགས་ཞེན་ཆེ་བ་སྐུ་ལས་ཞིག་ཡིན། སྔོན་རྒྱལ་བ་དབང་བོའི་ཏོག་གི་ཐུགས་བསྐྱེད་པའི་འཕྲུལ་ཡིན། ཞེས་དང་།ཐབས་ཟབ་མང་ཕྱིརལམ་ལའང་མྱུར་བུལ་ཆེ།། ཞེས་པའི་རྒྱུད་སྡེ་བཞི་ཀའི་ཐབས་ཟབ་སྣང་ཕྱོགས་ལྷའི་འཁོར་ལོ་ཡིན། ཞེས་དང་། རྗེའི་བསྟན་པ་འདི་ལ་མདོ་སྔགས་ཕྱོགས་སུ་མ་ལྷུང་བ། བཤད་སྒྲུབ། ལྟ་སྒོམ་ཡིན། ཞེས་དང་། མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ལས་ལ་བརྟེན་པའི་ཡིད་ལུས་དེ་ཤེས་སྒྲིབ་ཡིན་པས་དེ་གཟུགས་སྐུར་མི་འགྱུར་བས་དེ་ལས་ལོགས་སུ་ཕར་ཐེག་ལ་སློབ་པའི་ལུས་གཟུགས་སྐུར་འགྱུར་རྒྱུ་ཇི་ལྟར་ཡོད། མཚན་དཔེ་ལོངས་སྐུར་ཇི་ལྟར། རྒྱུན་མཐའི་ལུས་དེ་ལོངས་སྐུར་མི་འགྱུར་བས་ཇི་ལྟར། མ་རིག་བག་ཆགས་ཀྱི་ས་དང་ཡིད་ལུས་དེ་ཤེས་སྒྲིབ་ཡིན་པས་སྤང་བྱ་ཡིན། ཞེས་དང་། བུ་སྟོན་རིན་པོ་ཆེའི་རྒྱུད་སྡེ་སྤྱི་རྣམ་བསྡུས་པ་ལས། སློབ་དཔོན་ཛྙཱ་ན་ཤྲཱིས། སྔགས་ཀྱི་ཐེག་པ་འདི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་དབུ་མ་ལས་ཀྱང་ཁྱད་པར་ཅི་ཡོད་པ་བསྟན་ཏེ། དམིགས་པ་བླ་ན་མེད་པ་ལ་དམིགས་པའི་ཐབས་དང་། སྒྲུབ་པ་བླ་ན་མེད་པ་དང་། ཡེ་ཤེས་བླ་ན་མེད་པ་དང་། བརྩོན་འགྲུས་བླ་ན་མེད་པ་དང་། གདུལ་བྱ་མ་ལུས་པར་འཛིན་པར་ནུས་པ་དང་། ཉོན་མོངས་པ་བྱིན་གྱིས་རློབ་པ་དང་། བྱིན་གྱིས་རློབ་པ་མྱུར་བ་དང་། མྱུར་དུ་འབྱུང་བ་དང་། ཉོན་མོངས་པ་སྤོང་བ་དང་། བསམ་པ་བླ་ན་མེད་པ་དང་། སྤྱོད་པ་བླ་ན་མེད་པའི་ཐབས་ལ་མཁས་པ་དང་། དེ་ལྟར་ཐབས་ལ་མཁས་པ་བཅུ་གཅིག་གིས་ཁྱད་པར་འཕགས་སོ།། ཞེས་དང་།ཡང་སློབ་དཔོན་དེ་ཉིད་ཀྱིས། ཐབས་མྱུར་བ་དང་།སླ་བ་དང་། མང་བ་དང་། མཁས་པ་ཞེས་བྱའོ།། མྱུར་བ་ནི། མཚན་ཉིད་ཐེག་པར་ནི། བསྐལ་བ་གྲངས་མེད་སུམ་བཅུ་རྩ་གསུམ་དང་། གྲངས་མེད་བཅུ་དང་། ཉན་རང་སླར་ལོག་ནས་ཐེག་ཆེན་ལམ་དུ་ཞུགས་པས་གྲངས་མེད་བཞི་དང་། གཞན་གྱིས་གྲངས་མེད་གསུམ་དུ་འཚང་རྒྱ་བར་གསུངས་ལ། འདིར་ཚེ་གཅིག་དང་སྐྱེ་བ་བདུན་དང་སྐྱེ་བ་བཅུ་དྲུག་ལ་སོགས་པས་དབང་བོ་རབ་འབྲིང་ཐ་གསུམ་གྱིས་འགྲུབ་པའི་ཕྱིར་རོ།། འཇམ་དཔལ་རྩ་རྒྱུད་ལས།སྐྱེ་འདི་ཉིད་ལ་འགྲུབ་པར་འགྱུར།། རྣམ་སྣང་མངོན་བྱང་གི་རྒྱུད་ཕྱི་མ་ལས། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་རྣམས་ཀྱིས་ཚེ་འདི་ཉིད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། ཞེས་དང་། རྡོ་རྗེ་རྩེ་མོ་ལས། བསྐལ་བ་གྲངས་མེད་པ་རུ་བྱུང་།། ས་ཡི་ཕ་རོལ་ཕྱིན་པ་མཆོག། གང་ཕྱིར་གསང་བ་མཐོ་བ་ཐོབ།། རབ་ཏུ་དགའ་བ་སྒྲུབ་པར་འགྱུར།། གལ་ཏེ་རྣལ་འབྱོར་བ་དེ་བརྩོན།། ཚེ་འདི་ཉིད་ལ་མྱ་ངན་འདའ།། ཞེས་དང་། འདུས་པར། གངྒཱའི་བྱེ་མ་སྙེད་ཀྱི་བསྐལ་བར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འབད་དེ་བཙལ་ཀྱང་བྱང་ཆུབ་ཐོབ་པར་མི་འགྱུར་བ་དེ། གསང་བ་འདུས་པ་ལ་དགའ་བའི་བྱང་ཆུབ་སེམས་དཔས་ཚེ་འདི་ཉིད་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཞེས་བྱ་བའི་གྲངས་སུ་འགྲོའོ།། ཞེས་དང་། སློབ་དཔོན་ཛྙཱ་ན་ཨཱ་ཀ་རས། དཔེར་ན་སྐྱེས་བུ་སྟོབས་ཆུང་བའམ།། ཕྱུགས་ཀྱི་ཤིང་རྟས་དུས་རིང་གིས།། བགྲོད་པར་བྱ་བའི་གནས་དེར་ནི།། རྐང་མགྱོགས་གྲུབ་པའམ་ཉི་ཟླ་ཡིས།། མྱུར་བ་ཉིད་དུ་འགྲོ་བར་འགྱུར།། དེ་བཞིན་ཕ་རོལ་ཕྱིན་པའམ།། ལམ་གཞན་དག་ལ་བརྟེན་ནས་ནི།། ཡུན་རིང་འཇུག་པར་གྱུར་བ་དེར།། སྔགས་ལ་ཚེ་འདིས་འཇུག་པ་ནི།། མཉམ་མེད་མཐུ་ལ་བརྟེན་ཕྱིར་རོ།། ཞེས་དང་།རྟོག་པ་བདུན་པ་ལས།ཚེ ་འདིས་རིག་འཛིན་ཐོབ་བྱེད་ཅིང་།། དེ་ནས་རིམ་བཞིན་གོམས་པའི་མཐུས།། ངེས་པའི་དོན་གྱི་སངས་རྒྱས་ཆེ།། བདེ་ཆེན་སྐུ་གསུམ་གཉིས་མེད་འགྲུབ།། ཞེས་དང་།དྲི་མེད་འོད་ལས། སྐྱེ་བ་འདིར་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར།ཞེས་བྱུང་། དུས་འཁོར་རྩ་རྒྱུད་ལས། གདོལ་བ་སྨིག་མ་མཁན་ལ་སོགས།། མཚམས་མེད་ལྔ་ནི་བྱེད་པ་རྣམས།། སྔགས་ཀྱི་སྤྱོད་པ་རྗེས་སྤྱད་ན།། སྐྱེ་འདི་ཉིད་ལ་སངས་རྒྱས་འགྱུར།། ཞེས་དང་། སློབ་དཔོན་ཤཱནྟི་བས། ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་ཐེག་པ་ལ་དོན་དམ་པའི་བདེན་པ་ལ་ཁྱད་པར་མེད་ཀྱང་ཀུན་རྫོབ་ཀྱི་བདེན་པ་ཟབ་ཅིང་རྒྱ་ཆེ་བའི་ཁྱད་པར་ལ་ཁྱད་པར་ཡོད་དེ། དམིགས་པ་རྣམ་པར་དག་པ་དང་།། གྲོགས་ཀྱི་མཐུ་དང་སྤྱོད་པ་ཡིས།། བློ་ལྡན་རྣམས་ཀྱིས་ཐེག་པ་ནི།། ཆེན་པོའི་ཆེན་པོ་ཉིད་དུ་གྲགས།། ཞེས་དང་།ཇོ་བོ་རྗེའི་དམ་ཚིག་བསྡུས་པ་ལས། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ཐམས་ཅད་ཆོས་ཀྱི་རྟོགས་པས་ཀུན་ཏུ་བཟང་བོས་རྒྱས་ཐེབས་པ་དང་། འཇིག་རྟེན་ལྷ་ཆེན་པོ་དམ་ཚིག་ཅན་འཁོར་དང་བཅས་པས་བཀུར་གནས་བྱེད་པས་བྱིན་རླབས་དང་ལྡན་པ་དང་། དུས་གསུམ་གྱི་སངས་རྒྱས་སྲས་དང་བཅས་པས་ཐུགས་ལ་དགོངས་ཤིང་བྱིན་གྱིས་བརླབས་པས་དངོས་གྲུབ་མྱུར་བ་དང་། བདེ་བར་གཤེགས་པ་རྣམས་དང་སྤྱོད་ཡུལ་གཅིག་པས་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་བྲལ་ཞིང་དབུགས་ཕྱིན་པ་དང་།

  རྡོ་རྗེ་བྱང་ཆུབ་སེམས་དང་ལྡན་ཞིང་སྐུ་དང་གསུང་དང་ཐུགས་མི་ཕྱེད་པས་བར་དུ་གཅོད་པ་གང་ཡང་མེད་པ་དང་། ཕྱི་ནང་ཐམས་ཅད་རང་བཞིན་གྱིས་དག་པར་ཡིད་ཆེས་པས་དམ་ཚིག་ཉམས་པར་མི་འགྱུར་དང་། གལ་ཏེ་ཉམས་ན་ཡང་རང་བཞིན་གྱིས་སྐོང་བའི་ཁྱད་པར་རོ།། ཞེས་དང་། སློབ་དཔོན་ཆེན་པོ་ཨིནྡྲ་བྷུ་ཏིའི་ཞལ་ལས་ཀྱང་། འདིར་ནི་སྣོད་ཀྱི་ཁྱད་པར་དང་།། སྣོད་དུ་བྱེད་པའི་ཆོས་དང་ནི།། གཞུང་དང་ལམ་གྱི་ཁྱད་པར་དང་།། འབྲས་བུ་དག་གི་ཁྱད་པར་གྱིས།། སྔགས་ཀྱི་ཐེག་པ་ཁྱད་པར་འཕགས།། ཞེས་དང་། རྡོ་རྗེ་དྲིལ་བུ་བའི་ཞལ་ནས་ཀྱང་།སྔགས་ཀྱི་ཐེག་པ་ནི། ཐེག་པ་ཆེན་པོའི་ཡང་ཆེན་པོ་ཡིན་ཏེ། འདི་ལྟར་རྟེན་གྱི་གང་ཟག་གི་ཁྱད་པར་དང་། འཇུག་པ་ལམ་གྱི་ཁྱད་པར་དང་། མཐར་ཐུག་འབྲས་བུའི་ཁྱད་པར་དང་།མངོན་པར་འབྱུང་བའི་ཁྱད་པར་རོ།། ཞེས་དང་། འགོས་ལོ་ཙྰ་བའི་ཞལ་ནས།ཕ་རོལ་ཕྱིན་པའི་ཐེག་པ་ལས་ཐེག་པ་འདི་གོང་དུ་གྱུར་བ་ཡིན་ཏེ། བླ་མ་དང་། དབང་བསྐུར་བ་དང་། དམ་ཚིག་དང་། མན་ངག་དང་། བརྩོན་འགྲུས་ཀྱིས་ཁྱད་པར་འཕགས་སོ།། ཞེས་དང་།ཚུལ་གསུམ་སྒྲོན་མེ་ལས།དོན་གཅིག་ན་ཡང་མ་རྨོངས་དང་།། ཐབས་མང་དཀའ་བ་མེད་པ་དང་།། དབང་བོ་རྣོན་པོའི་དབང་བྱས་ནས།། སྔགས་ཀྱི་ཐེག་པ་ཁྱད་པར་འཕགས།། འདི་ལྟར་གཉིས་སུ་མེད་པའི་རྣམ་པ་ཐམས་ཅད་པར་འབྲས་བུ་ནི། སྔགས་དང་ཕ་རོལ་ཕྱིན་པའི་ཐེག་པ་ཆེན་པོ་གཉིས་ལ་ཁྱད་པར་མེད་པ་ཡིན་མོད་ཀྱི། འོན་ཀྱང་རབ་ཏུ་དབྱེ་ངོ་དེ་དག་གིས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ལས་སྔགས་ཀྱི་ཐེག་པ་ཆེན་པོ་ཁྱད་པར་འཕགས་པ་ཡིན་ནོ།། ཞེས་གསུངས་སོ།།

  བྲག་གཡབ་བློ་བཟང་ནོར་བུའི་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བའི་སྙིང་བོའི་གནད་རྣམ་པར་བསྡུས་པ་གསང་ཆེན་ནོར་བུའི་བང་མཛོད་ལས། ཁྱོད་ལ་འབྲས་བུའི་ཐེག་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། འབྲས་བུ་སངས་རྒྱས་ཀྱི་སའི་ཡོངས་དག་བཞི་དང་རྣམ་པ་མཐུན་པའི་ལམ་བསྒོམ་དུ་ཡོད་པའི་བགྲོད་པར་བྱེད་པའི་ཐེག་པ་ཡིན་པས་ན་དེ་ལྟར་བརྗོད་པའི་ཕྱིར།ཞེས་དང་། ཁྱོད་ལ་ཐབས་ཀྱི་ཐེག་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཕ་རོལ་ཕྱིན་པ་ལས་ཐབས་མཁས་པ་དུ་མས་ཁྱད་པར་དུ་འཕགས་པའི་ཐེག་པ་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར།ཞེས་དང་། ཐེག་ཆེན་པ་དག་གིས་ཆེད་དུ་གཉེར་བྱའི་དོན་གྱི་གཙོ་བོ་ནི་གཞན་དོན་ཡིན་གྱི། རང་གི་ཐོབ་བྱའི་བྱང་ཆུབ་མ་ཡིན་ཏེ།དེ་དག་གིས་རྫོགས་བྱང་གི་གོ་འཕང་ཡང་གཞན་དོན་སྒྲུབ་པའི་ཐབས་སུ་མཐོང་ནས། དེའི་ཡན་ལག་ཏུ་དོན་དུ་གཉེར་བ་ཡིན་པའི་ཕྱིར། དེ་ལྟར་གཞན་དོན་སྒྲུབ་པའི་དོན་དུ་གཉེར་བྱའི་སངས་རྒྱས་ལ་ཆོས་གཟུགས་ཀྱི་སྐུ་གཉིས་ལས།  གཟུགས་སྐུ་ནི་གདུལ་བྱ་ལ་དངོས་སུ་སྣང་བའི་སྒོ་ནས་ཆོས་སྟོན་པ་སོགས་ཀྱིས་དོན་མཛད་ཀྱི། ཆོས་སྐུས་དེ་ལྟར་མི་མཛད་པས། དེ་གཉིས་ཀྱི་ནང་ནས་གཟུགས་སྐུ་དོན་དུ་གཉེར་བའི་ཡིན་ནོ།། ཞེས་དང་། ཕར་ཕྱིན་ཐེག་པ་བ་རྣམས་ལ་ནི། གནས་ལུགས་སྟོང་བ་ཉིད་སྒོམ་པས་ཆོས་སྐུ་དང་རྣམ་པ་ལམ་སྒོམ་པ་ཡོད་ཀྱང་། གཟུགས་ཀྱི་སྐུ་མཚན་དཔེ་སྤྲས་པ་དང་རྣམ་པ་འདྲ་བར་སྒོམ་པའི་ལམ་མེད་ལ་སྔགས་ལ་ཡོད་དོ།། དེས་ན་གཞན་དོན་གཟུགས་ཀྱི་སྐུ་སྒྲུབ་པའི་ཐབས་ལ་ལམ་གྱི་ལུས་མི་འདྲ་བའི་ཁྱད་ཆེན་པོ་ཡོད་པས་ཐེག་པ་གཉིས་སུ་འབྱེད་པ་ཡིན་ཏེ། ཞེས་དང་།

  ཨ་ཁུ་བསྟན་པ་རྒྱ་མཚོའི་ས་ལམ་ལས། ས་བརྒྱད་པ་ཐོབ་པ་ན་ཉོན་སྒྲིབ་ཟད་པར་སྤངས། ས་བཅུ་བའི་གསང་སྔགས་ཀྱི་སྣོན་པ་བཏབ་སྟེ་སྒྱུ་འོད་ཟུང་འཇུག་སྒྲུབ་པ་ལ་བརྟེན་ནས་ཤེས་བྱའི་སྒྲིབ་པ་ལྷག་མ་མ་ལུས་པར་སྤངས་པས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་ཏེ། ཞེས་དང་། རྗེ་རང་གི་སྔགས་ཀྱི་གཞུང་རྣམས་སུ་བསྐྱེད་རིམ་གྱི་སྐབས་སུ་ཞི་ལྷག་བསྒྲུབ་པར་གསུངས་པའི་ཕྱིར་རོ།། ཞེས་དང་།

  རོང་ཐ་དམ་ཆོས་ཀྱི་སྔགས་ཀྱི་ས་ལམ་ལས།བླ་མེད་ཀྱི་སྣོན་པ་གདབ་དགོས་ན། དེའི་སྣོན་པ་གདབ་ཚད་གང་ནས་ཡིན་ཞེ་ན། དོན་གྱི་འོད་གསལ་ནས་འཇོག་པ་ཡིན་ཏེ། དེས་མི་གཡོ་བའི་ཏིང་འཛིན་ལ་མཉམ་པར་འཇོག་པའི་ཚེ་སངས་རྒྱས་རྣམས་ཀྱིས་བསྐུལ་ནས། ལྷའི་བུ་མོ་ཐིག་ལེ་མཆོག་མ་བཀུག་ནས་དབང་གསུམ་པ་དངོས་དབང་བསྐུར་བ་སོགས་མཛད་པ་ཡིན། བླ་མེད་རང་ལམ་ལ་རིམ་པ་གསུམ་པའི་སྒྱུ་ལུས་མན་ཆད་དུ་གྲངས་མེད་གསུམ་གྱི་ཚོགས་རྫོགས་པའི་དོད་ཚང་བ་ཡིན་ནོ།། ཞེས་དང་། རྒྱུད་སྡེ་འོག་མ་ལ་དབང་ཐོབ་མཚན་བཅས་མཐར་ཕྱིན། མཚན་མེད་བསྒོམས་པས་སྟོང་ཉིད་ལ་དམིགས་པའི་སྒོམ་བྱུང་མ་ཐོབ་པའི་བར་ཚོགས་ལམ། དེ་ཐོབ་ནས་སྟོང་ཉིད་མངོན་སུམ་དུ་མ་རྟོགས་པའི་བར་སྦྱོར་ལམ། དེ་གསར་དུ་རྟོགས་པ་ན་མཐོང་ལམ་ས་དང་པོ། དེའི་སྐད་ཅིག་གཉིས་པ་ནས་མཐོང་ཟིན་གོམས་པར་བྱེད་པའི་སྒོམ་ལམ་དང་ས་དགུ་དང་སྦྱར་ཞིང་། མི་སློབ་པའི་ཟུང་འཇུག་གི་དངོས་ཀྱི་ཉེར་ལེན་དོན་གྱི་འོད་གསལ་དང་། སྒྱུ་མའི་སྐུ་སོགས་སྒྲུབ་ཚུལ་རང་ལམ་དུ་མ་གསུངས་པས། དེ་གཉིས་འགྲུབ་པའི་ཕྱིར་དུ་བླ་མེད་ཀྱི་ལམ་གོང་བཤད་ལྟར་སྣོན་དགོས། དེ་ལྟར་བསྣན་པས་ཁ་སྦྱོར་ཡན་ལག་བདུན་ལྡན་དུ་འགྱུར་རོ།།

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་ལས་བཏུས་སོ།



 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-2-18 08:50 , Processed in 0.031889 second(s), 20 queries .

返回顶部