日志

༄༅།།ཚན་རིག་དང་མཐུན་པར་རིམས་ནད་ལ་ཁ་གཏད་བཅ ...

已有 32 次阅读2020-2-12 09:03 |系统分类:见闻


                       ༄༅།།ཚན་རིག་དང་མཐུན་པར་རིམས་ནད་ལ་ཁ་གཏད་བཅག་ནས་དཀའ་ངལ་མཉམ་སེལ་བྱེད་པ་སྟེ། 
                      བོད་ལྗོངས་ཀྱི་དགེ་འདུན་པ་ཚོས་རིམས་ནད་ཕོག་ཁུལ་ལ་གསོལ་བ་འདེབས་པ་དང་ཞལ་འདེབས་ཕུལ་བ།
                             ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།

                   
                                    དགའ་ལྡན་དགོན་པའི་དགེ་འདུན་པ་ཚོས་ཆོས་ར་ནས་གསོལ་འདེབས་ཞུ་བ།

     ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱི་རིགས་སོ་སོ་དང་ལས་རིགས་ཁག་གི་མང་ཚོགས་ཚང་མས་མཉམ་དུ་དཀའ་ངལ་སེལ་བར་བརྩོན་པ་རེད།  བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེ་ཁག་གི་དགེ་འདུན་པ་ཚོས་རིམས་ནད་ཕོག་ཁུལ་གྱི་མང་ཚོགས་ལ་གསོལ་བ་སྨོན་ལམ་འདེབས་པ་དང་། རྒྱལ་ཡོངས་མི་དམངས་དང་མཉམ་དུ་དཀའ་ངལ་མཉམ་སེལ་བྱས། 

                  
                              དགའ་ལྡན་དགོན་པའི་དགེ་འདུན་པས་ཞལ་འདེབས་འབུལ་བཞིན་པ།

     ལྷ་ལྡན་གཙུག་ལག་ཁང་དང་། འབྲས་སྤུངས་དགོན་པ། སེ་ར་དགོན་པ། དགའ་ལྡན་དགོན་པ། མཚུར་ཕུ་དགོན་པ། ར་མོ་ཆེ་གཙུག་ལག་ཁང་སོགས་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་དགེ་འདུན་པ་རྣམས་རྩ་འཛུགས་བྱས་ནས་གསོལ་བ་སྨོན་ལམ་བཏབ་པ་དང་། རང་མོས་ངང་རིམས་ནད་ཕོག་ཁུལ་ལ་ཞལ་འདེབས་ཕུལ་བ་རེད། 

                  
                                  དགའ་ལྡན་དགོན་པའི་དགེ་འདུན་པ་ཚོས་ཆོས་ར་ནས་གསོལ་འདེབས་ཞུ་བ།

      ཟླ་2ཚེས་4ཉིན། ལྷ་སའི་གཙུག་ལག་ཁང་གི་དགེ་འདུན་པ་ཚོས་དགོན་པའི་ནང་གི་སངས་རྒྱས་སྨན་ལྷའི་སྐུ་འདྲར་ཞལ་གསེར་བསྒྲོན་པ་དང་། ནད་པ་སྔ་ཙམ་ནས་དྲག་སྐྱེད་ཡོང་བའི་གསོལ་བ་སྨོན་ལམ་བཏབ་པ་མ་ཟད། རིམས་ནད་ཕོག་ཁུལ་གྱི་མི་དམངས་ལ་ཞལ་འདེབས་ཀྱང་ཕུལ་བ་རེད། ཟླ་2ཚེས་5ཉིན། དགའ་ལྡན་དགོན་པའི་དགེ་འདུན་པ་ཚོས་རིམས་ནད་ཕོག་ཁུལ་ལ་ཞལ་འདེབས་ཕུལ་བ་དང་ཆོས་ར་ནས་གསོལ་བ་སྨོན་ལམ་བཏབ་པ་རེད།

                  
                               ལྷ་ལྡན་གཙུག་ལག་ཁང་གི་དགེ་འདུན་པས་ཞལ་འདེབས་འབུལ་བཞིན་པ།

                  
                 ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཁུལ་ཁྲ་འབྲུག་དགོན་པའི་དགེ་འདུན་པས་ནང་ལོགས་ཀྱི་རིམས་ནད་ཕོག་ཁུལ་ལ་ཞལ་འདེབས་འབུལ་བཞིན་པ།

    ཟླ་2ཚེས་6ཉིན། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ཆོས་ལུགས་ལས་རིགས་ཀྱིས་ཞལ་འདེབས་བྱེད་སྒོ་ཞིག་སྤེལ་བ་དང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཁུལ་གྱི་ཁྲ་འབྲུག་དགོན་པ་དང་། བསམ་ཡས་དགོན་པ། གྲ་ནང་རྫོང་གི་སྨིན་གྲོལ་གླིང་དགོན་པ་བཅས་ནས་ཕེབས་པའི་གྲྭ་བཙུན་རྣམས་ཀྱིས་རང་འགུལ་ངང་སྒོར་ཁྲི་45ཙམ་གྲབས་གསོག་བྱས་ནས་ཧུའུ་པེ་ཝུའུ་ཧན་སོགས་ནད་ཡམས་མང་བའི་ས་ཁུལ་ལ་ཞལ་འདེབས་ཕུལ་བ་རེད།

                  
                       ལྷ་ལྡན་གཙུག་ལག་ཁང་གི་དགེ་འདུན་པས་ནན་ཏན་སྒོས་རིམས་ནད་སྔོན་འགོག་དྲིལ་སྒྲོག་ཡིག་ཆ་ཀློག་པ།

     ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ། ཟླ་2ཚེས་6ཉིན། བོད་རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། ཁྲེང་ཀོན་ཆུས་བཅས་རིམ་པ་གསུམ་གྱི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་མཉམ་འགོག་མཉམ་བཅོས་ཚོ་ཆུང་གི་ཆེད་མཁས་པའི་ཚོགས་པ་ལྷ་ལྡན་གཙུག་ལག་ཁང་དུ་བདེ་ཐང་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་སྤེལ་བར་ཕེབས་པ་དང་། རིམས་ནད་སྔོན་འགོག་གི་དྲིལ་སྒྲོག་ཡིག་ཆ་སྤྲད་པ་མ་ཟད། ལྷ་ལྡན་གཙུག་ལག་ཁང་གི་ཐང་དུ་དུག་སེལ་བྱས་པ་དང་། འབྲེལ་ཡོད་མི་སྣ་རྩ་འཛུགས་བྱས་ནས་དུག་སེལ་བྱ་ཐབས་གསོ་སྦྱོང་བྱས་ཏེ། ལྷ་ལྡན་གཙུག་ལག་ཁང་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྔར་ལས་ཡག་པོ་བསྒྲུབ་པར་རོགས་རམ་བྱས་པ་རེད།

                  
                                      ལས་དོན་མི་སྣས་ལྷ་ལྡན་གཙུག་ལག་ཁང་གི་ཐང་དུ་དུག་སེལ་བྱེད་པ།

     བོད་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་བདེ་ཐང་སློབ་གསོ་ཁང་གི་འགན་འཛིན་པས་བརྗོད་དོན། དེ་རིང་ང་ཚོས་ལྷ་ལྡན་གཙུག་ལག་ཁང་དུ་བྱེད་སྒོ་འདི་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི་རྒྱ་ཆེའི་དགེ་འདུན་པ་ཚོར་ཏོག་དབྱིབས་ནད་དུག་སྔོན་འགོག་ཚོད་འཛིན་གྱི་བདེ་ཐང་ཤེས་བྱ་དྲིལ་སྒྲོག་དང་འགྲེལ་བཤད་བྱས་པ་བརྒྱུད་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱེད་དུ་འཇུག་པ་དང་། ལྷག་པར་དུ་དུག་སེལ་དང་། ལག་པ་བཀྲུ་བ། ཁ་རས་རྒྱག་ཐབས་སོགས་གསལ་བཤད་བྱེད་པ་བརྒྱུད་རྒྱ་ཆེའི་དགེ་འདུན་པ་ཚོར་རང་ངོས་ནས་འགོག་སྲུང་ཇི་ལྟར་བྱེད་དགོས་པ་ཤེས་སུ་འཇུག་རྒྱུ་དེ་ཡིན་ཞེས་བཤད། བོད་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ད་དུང་ལྷ་ས་གྲོང་ཁྱེར་གྱི་དགོན་སྡེ་གཞན་དག་ཏུའང་དེ་དང་འདྲ་བའི་བྱེད་སྒོ་སྤེལ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དགེ་འདུན་པའི་སེམས་ནང་ངེས་སུ་འཇུག་རྒྱུ་རེད།

                  
           བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་བཀྲ་ཤིས་ལྷུན་པོ་དགོན་པའི་དགེ་འདུན་པས་རིམས་ནད་ཕོག་ཁུལ་ལ་གསོལ་འདེབས་དང་ཞལ་འདེབས་འབུལ་བཞིན་པ།

     ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་རིམས་ནད་ཐོན་རྗེས། བོད་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་མིས་ཉེ་ཆར་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་གྲོས་འགོ་ཡི་གེ་ཁྱབ་བསྒྲགས་བྱས་པ་རེད། 
     གྲོས་འགོ་ཡི་གེའི་ནང་བོད་ལྗོངས་ཀྱི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཡོངས་ལ་གྲོས་འགོ་བཏོན་དོན། དགོན་སྡེས་ཡུལ་སྐོར་བ་དང་དད་ལྡན་མང་ཚོགས་ལ་གནས་སྐབས་སུ་སྒོ་འབྱེད་མཚམས་འཇོག་དགོས་པ་དང་། དད་ལྡན་མང་ཚོགས་ཆོས་ལུགས་ཀྱི་ཆོ་ག་དང་བྱེད་སྒོ་ཐ་དག་ལ་ཞུགས་མཚམས་འཇོག་པ། དགེ་འདུན་པའི་ཚོགས་ཀྱིས་ཆོས་ཚོགས་ཆེ་གྲས་སྤེལ་མཚམས་འཇོག་པ། མི་སྣ་འདུ་འཛོམས་མི་བྱེད་པ་དང་། འགོས་ནད་ཀྱི་ཉེན་ཁ་ཆུང་དུ་གཏོང་བ། མར་གྱུར་སེམས་ཅན་སྡུག་བསྔལ་ལས་སྒྲོལ་བ་དང་། བྱམས་དང་སྙིང་རྗེ་ཐུགས་ལ་བཅངས་ནས་སེམས་ཅན་བདེ་ལ་འགོད་པ། གྲྭ་བཙུན་རྣམ་པས་ཐུགས་རྣལ་དུ་ཕབ་ནས་གྲྭ་ཤག་ཏུ་ཆོས་གསུང་པ་དང་གསུང་རབ་བསྟན་བཅོས་ལ་གཟིགས་པ། ཐོས་བསམ་ཉམས་ལེན་ལ་བརྩོན་པ། སྡོམ་ཁྲིམས་ནན་པོར་སྲུང་བ་བཅས་བྱེད་པ་དང་། གྲྭ་བཙུན་རྣམས་ཀྱིས་རང་རང་གི་གྲྭ་ཤག་ཏུ་སྒོ་བརྒྱབ་ནས་ཉམས་ལེན་ལ་བརྩོན་པ་བཅས་ཀྱི་སྐོར་བརྗོད་ཡོད། 
     གཞན་ཡང་གྲོས་འགོའི་ཡི་གེའི་ནང་གསལ་དོན། དད་ལྡན་མང་ཚོགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་ཤེས་བྱ་སློབ་སྦྱོང་བྱས་ནས་རང་ངོས་ནས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་། གནས་སྐབས་དགོན་སྡེར་མཆོད་མཇལ་དུ་མི་འགྲོ་བ་དང་བསྐོར་བ་རྒྱག་ཏུ་མི་འགྲོ་བ། རང་ཁྱིམ་དུ་ལས་ཀ་དང་འཚོ་བ་ཡག་པོ་སྐྱེལ་བ། གཞན་པའི་ཁྱིམ་དུ་མི་འགྲོ་བ་དང་འདུ་འཛོམ་མི་བྱེད་པ། རང་རྟོགས་ངང་མི་སྒེར་གྱི་འཕྲོད་བསྟེན་དང་འགོག་སྲུང་ཡག་པོ་བྱེད་པ་དང་། ལག་པ་ཡང་ཡང་བཀྲུ་བ་དང་རླུང་མང་ཙམ་རྒྱུ་ཐུབ་པར་བྱེད་པ། ཕྱི་ལ་འགྲོ་སྐབས་ཁ་རས་ཡག་པོ་རྒྱག་དགོས་པའི་སྐོར་བཅས་བསྟན་ཡོད། 
     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-2-18 08:14 , Processed in 0.026910 second(s), 20 queries .

返回顶部