日志

༄༅།།ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་ག ...

已有 126 次阅读2020-2-2 19:22 |系统分类:见闻


                     ༄༅།།ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་
                              ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་གྲོས་འདོན་ཡི་གེ
                       ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། འབུམ་པ་རྒྱལ།

                         

     ཉེ་ཆར། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དགོངས་དོན་ལག་བསྟར་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་རིམས་ནད་མཉམ་དུ་སྔོན་འགོག་དང་མཉམ་དུ་ཚོད་འཛིན་གྱི་ལས་དོན་ཇུས་གཞི་དོན་འཁྱོལ། དགོན་སྡེའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་ཆེད། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱིས་ལྗོངས་ཡོངས་ཀྱི་དགོན་སྡེ་དང་གྲྭ་བཙུན་ལ་གྲོས་འདོན་ཡི་གེ་བཏང་བ་རེད།

     གྲོས་འདོན་ཡི་གེའི་ནང་འཁོད་དོན། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཏན་ཏིག་བྱེད་པ་ནི་མིག་སྔའི་དགོན་སྡེའི་ལས་དོན་གྱི་དོན་ཆེན་ཨང་དང་པོ་རེད། དགོན་སྡེ་ཁག་གི་དོ་དམ་ཨུ་ལྷན་དང་། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་ཚབ་མི་སྣ། དགོན་སྡེའི་གྲྭ་བཙུན་བཅས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བླང་བྱ་གཞིར་བཟུང་། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ནང་ཞུགས་ནས། དགོན་སྡེའི་གྲྭ་བཙུན་དང་། དད་ལྡན་མང་ཚོགས། ཡུལ་སྐོར་བ་བཅས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་བྱེད་དགོས། 

     གྲོས་འདོན་ཡི་གེའི་ནང་བླང་བྱ་བཏོན་དོན། བྱ་ཐབས་ནུས་ལྡན་སྤྱད་དེ་གང་ཐུབ་ཅི་ཐུབ་ཀྱིས་རང་ལྗོངས་ཀྱི་དགོན་སྡེར་ནད་དཔེ་དེ་རིགས་མི་ཐོན་པ་བྱེད་དགོས། དེ་རིང་ནས་རིམས་ནད་ཚོད་འཛིན་མ་ཐུབ་བར། གཅིག་ནས་དགོན་སྡེ་ཁག་གིས་དད་ལྡན་མང་ཚོགས་ཞུགས་པའི་ཆོས་ལུགས་ཀྱི་བྱེད་སྒོ་གནས་སྐབས་སྤེལ་མཚམས་འཇོག་དགོས། གཉིས་ནས་ཡུལ་སྐོར་བ་རྒྱུན་གཏན་ལྟ་སྐོར་བྱ་ཡུལ་གྱི་ལྷ་ཁང་གཙོ་བོ་ཕུད། དེ་བྱིངས་ཀྱི་ལྷ་ཁང་གནས་སྐབས་སྒོ་མོ་འབྱེད་མཚམས་བཞག་སྟེ། དགོན་པར་ལྟ་སྐོར་དང་ཆོས་མཇལ་ཞུ་བའི་དུས་ཡུན་ཆུ་ཚོད་གཅིག་ནང་ཚུན་དུ་ཚོད་འཛིན་བྱེད་དགོས་པ་དང་། དགོན་པར་ཆོས་མཇལ་དུ་འགྲོ་མཁན་ཉུང་དུ་གཏོང་དགོས། གསུམ་ནས་སྐོར་བར་འགྲོ་མཁན་ཚོད་འཛིན་བྱེད་དགོས། གྲོང་ཁྱེར་དང་ས་གནས་ཀྱི་ནང་བསྟན་མཐུན་ཚོགས་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་བར་སྐོར་དང་། གླིང་སྐོར། རྩེ་སྐོར་སོགས་སྐོར་ལམ་གྱི་མངོན་གསལ་དོད་སར་སྤྱི་བསྒྲགས་སྦྱར་ཏེ། དད་ལྡན་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཞུགས་ཏེ་གནས་སྐབས་སྐོར་བར་འགྲོ་མཚམས་འཇོག་དགོས་པའི་བླང་བྱ་འདོན་དགོས། དགོན་སྡེ་དོ་དམ་ཨུ་ལྷན་ཁག་གིས་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་ཚབ་མི་སྣས་འགག་རྩའི་དུས་སུ་ནུས་པ་བཏོན་ཏེ། དགོན་པའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་ལས་དོན་ངང་རྒྱུད་རིང་ལ་ཞིབ་ཚགས་བསྒྲུབས་ནས། ཁོང་ཚོ་དགོན་པ་དང་སྐོར་ལམ་དུ་ཆོས་མཇལ་ལ་འགྲོ་རུ་མི་བཅུག་པར། མི་སྣ་འདུ་འཛོམས་བྱེད་མཁན་མེད་པའི་འགན་ལེན་བྱེད་དགོས།

     གྲོས་འདོན་ཡི་གེའི་ནང་ནན་བཤད་བྱས་དོན། གཅིག་ནས་དགོན་སྡེ་དོ་དམ་ཨུ་ལྷན་ཁག་གིས་གྲྭ་བཙུན་ལ་དགོངས་ཞུ་དང་དགོངས་དུས་ཐིམ་པའི་སྙན་སེང་ལམ་ལུགས་ནན་པོ་བཟོས་ཏེ། གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་མ་ཐུབ་གོང་དམིགས་བསལ་གནས་ཚུལ་ཕུད་གྲྭ་བཙུན་ཕྱིར་མི་སྐྱོད་པ་དང་། གྲྭ་བཙུན་རིམས་ནད་ཐོན་ཁུལ་དུ་སྐྱོད་མི་ཆོག་པ་དང་། རིམས་ནད་ཁུལ་ནས་སླེབས་པའི་མི་སྣ་དང་འབྲེལ་གཤིབ་མ་བྱས་པར་འགོ་ནད་མི་ཕོག་པ་བྱེད་དགོས། གཉིས་ནས་འབྲེལ་ཡོད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་སློབ་སྦྱོང་དང་དྲིལ་བསྒྲགས་ཡག་པོ་བྱས་ཏེ། ཚན་རིག་དང་མཐུན་པའི་རྣམ་འགྱུར་ལ་བརྟེན་ནས་རིམས་ནད་ལ་ལྟ་སྟངས་འཛིན་དགོས། དགོན་པར་དུག་སེལ་དང་། རླུང་འགྲོ འགོག་སྲུང་སོགས་ཀྱི་བདེ་འཇགས་བྱ་ཐབས་སྤྱད་དེ་གྲྭ་བཙུན་ཕྱི་ལ་འགྲོ་དུས་ཁ་རས་རྒྱག་པ་དང་། ལག་པ་མང་ཙམ་བཀྲུས་ཏེ་གཙང་སྦྲ་ཡག་པོ་བྱེད་དགོས། གསུམ་ནས་དགོན་པ་ནས་ཚ་བ་རྒྱས་པ་དང་། གློ་རྒྱག་པ། དབུགས་ཧལ་པ་སོགས་རིམས་ནད་ཀྱི་ནད་རྟགས་ཐོན་པ་ཤེས་རྟོགས་བྱུང་ཚེ། ལམ་སེང་ཉེ་འགྲམ་གྱི་ཚ་བའི་སྒོ་བསྟེན་སྨན་ཁང་དུ་བརྟག་དཔྱད་དང་སྨན་བཅོས་དང་ལེན་བྱེད་པར་གཏོང་དགོས་པ་དང་། དུས་ཐོག་ཏུ་རིམས་ནད་ཀྱི་གནས་ཚུལ་དང་། མཆེད་ཚུལ། འགྱུར་ལྡོག་བཅས་ཀྱི་གནས་ཚུལ་སྙན་སེང་ཞུས་ནས། འཕྲལ་དུ་ཤེས་རྟོགས་དང་། སྙན་སེང་། ཐག་གཅོད་བཅས་བྱེད་པའི་འགན་ལེན་བྱེད་དགོས། ཆ་འཕྲིན་རྫུས་མ་བཟོ་བ་དང་། སྦ་གསང་། སྙན་སེང་ཞུ་རྒྱུ་ལུས་པ་བཅས་ཀྱི་གནས་ཚུལ་ཐོན་ཚེ། དགོན་པ་དང་གྲྭ་བཙུན་ལ་གཏན་འབེབས་གཞིར་བཟུང་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། བཞི་ནས་དགོན་པའི་གྲྭ་བཙུན་གྱིས་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་། དཀྲོག་གཏམ་མི་སྤེལ་བ། དཀྲོག་གཏམ་མི་བཟོ་བ་བཅས་བྱེད་དགོས། ལྔ་ནས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་ཚབ་མི་སྣ་དང་ལྷག་པར་དུ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཁོངས་མི། མཁན་པོ། དཔེ་ཆའི་དགེ་རྒན། དགེ་སྐོས། དབུ་མཛད་སོགས་ཀྱིས་སྣེ་འཁྲིད་དེ་ཏང་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་གྲོས་འགོ་ལག་ལེན་བསྟར་བ། དགོན་སྡེ་དོ་དམ་ཨུ་ལྷན་གྱི་གཅིག་གྱུར་བཀོད་སྒྲིག་ལ་ཉན་པ། སེམས་ནུས་ཡོད་རྒུས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཞུགས་དགོས།

     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-8-15 21:28 , Processed in 0.058568 second(s), 20 queries .

返回顶部