日志

༄༅།།མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་ ...

已有 108 次阅读2020-1-16 07:26 |系统分类:见闻


               ༄༅།།མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འཚོགས་འགོ་བརྩམས།
                                ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། ཀླུ་མོ་མཚོ།

                    

                        ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་གཟབ་རྒྱས་ངང་འཚོགས་འགོ་བརྩམས།

                         ཝང་ཅན་ཅུན་དང་། ལིག་ཉིང་། རིན་ཆེན་རྒྱལ། པད་མ་སོགས་ཚོགས་འདུར་ཕེབས་ཤིང་རྟེན་འབྲེལ་ཞུས།

                          རྡོ་རྗེ་རབ་བརྟན་གྱིས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ཞུས། ཝང་ཞའོ་ཡུང་གིས་ཚོགས་

                          འདུར་གཙོ་སྐྱོང་གནང་བ་དང་། ཀྲང་ཧྲོའུ་ཁྲེང་གིས་གྲོས་གཞིའི་ལས་དོན་གནས་ཚུལ་གྱི་སྙན་སྒྲོན་ཞུས།


      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས14ཉིན་གྱི་སྔ་དྲོ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས།

      ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་དགོས་པའི་ཨུ་ཡོན389ཡོད་པ་དང་། དངོས་སུ་ཞུགས་པ་མི352ཡོད་པ་དེ་ཁྲིམས་ལུགས་ཀྱི་གཏན་འབེབས་མི་གྲངས་དང་མཐུན་ཡོད།

      ཆུ་ཚོད9སྟེང་། རྔམ་བརྗིད་ལྡན་པའི་རྒྱལ་གླུའི་རོལ་དབྱངས་ཁྲོད་ཚོགས་ཆེན་འཚོགས་འགོ་བརྩམས།

      ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་། རིན་ཆེན་རྣམ་རྒྱལ། ཀྲང་ཧྲོའུ་ཁྲེང་། གཟིམ་ཁང་། ཀྲང་ཝུན་ཁུའེ། མ་ཧའེ་ཡིང་། ཝང་ཞོན། ཏུའུ་ཏེ་ཀྲི། དྲུང་ཡིག་ཆེན་མོ་ཝང་ཅིན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད་པ་དང་། ཝང་ཞའོ་ཡུང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད།

      ཝང་ཅན་ཅུན་དང་། ལིག་ཉིང་། རིན་ཆེན་རྒྱལ། པད་མ། མགོན་པོ་བཀྲ་ཤིས། ཀྲང་ཞི་མིང་། ཡན་ཅིན་ཧའེ། ཝང་ཡུས་ཡན། ཡུས་ཚུང་ལེ། མ་ཅི་ཞའོ། ཆུས་ཞིན་ཡུང་། ཡན་པའེ་བཅས་ཀྲུའུ་ཞི་སྟེགས་བུར་བཞུགས་ནས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས་པ་རེད།

      ཚོགས་ཐོག་ནས་ཐོག་མར་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ལ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་།

      རྡོ་རྗེ་རབ་བརྟན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ལས་དོན་སྙན་སྒྲོན་ཞུས་པ་རེད།

      རྡོ་རྗེ་རབ་བརྟན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ལས་དོན་སྙན་སྒྲོན་ཞུས། ཁོང་གིས་གསུང་དོན། 2019ལོ་ནི་མི་དམངས་སྲིད་གྲོས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་རེད། ཏང་ཀྲུང་དབྱང་གིས་སྲིད་གྲོས་ལས་དོན་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ། མི་དམངས་སྲིད་གྲོས་བྱ་གཞག་གི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་ལན་བཏབ་པ་དང་། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་ཁ་ཕྱོགས་སྔར་ལས་གསལ་པོར་བསྟན་པ་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ལོ་གཅིག་རིང་། ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞིང་ཆེན་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ལ་དམ་པོར་དམིགས་ནས། རང་འགན་གཙང་སྒྲུབ་དང་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྒྲིལ་བྱས་པས་ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་བྱུང་ནས“ཏན་ཏིག་བཞིའི”བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ལ་སྐུལ་འདེད། མཚོ་སྔོན་གསར་པ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་བཅས་བྱ་ཆེད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་ཅེས་གསུངས་པ་རེད།

      རྡོ་རྗེ་རབ་བརྟན་གྱིས་ཕྱོགས་ལྔའི་ཐད་ནས་འདས་པའི་ལོ་གཅིག་རིང་གི་ལས་དོན་ལ་ཁྱོན་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱས་ཡོད། ཁོང་གིས་བསྟན་དོན། ལོ་གཅིག་རིང་། ཞིང་ཆེན་སྲིད་གྲོས་ཀྱིས་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དང་ཁྱོན་ཡོངས་ནས་ངོས་འཛིན་གཅིག་མཐུན་ཡོང་བ་རྒྱུན་འཁྱོངས་བྱེད་པ་དེ་འགན་འཁྲིའི་ལྟེ་གནད་དུ་བརྩིས་ནས། མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་བ་དང་། སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་ལ་མུ་མཐུད་དུ་ཤུགས་སྣོན་པ། བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་བརྟན་ཞིང་ནུས་ཤུགས་ལྡན་པ། ཆེད་དོན་གྲོས་མོལ་སྒྲིག་གཞིའི་བྱེད་ནུས་སྔར་བས་མངོན་གསལ་དོད་པོར་ཕྱིན་པ། མཐུན་སྒྲིལ་དང་མཐུན་འབྲེལ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ། གྲོས་མོལ་ནུས་པ་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཕན་འབྲས་བཅས་ལ་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་དག་གི་ཁས་ལེན་གང་ལེགས་ཐོབ་ཡོད།

      ཁོང་གིས་གསུངས་པར། 2019ལོར་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་མ་ལག་གིས“བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སེམས་ཤུགས་གཅིག་སྒྲིལ་བྱེད”ཅེས་པ་བརྗོད་བྱ་གཙོ་བོར་བྱེད་པའི་ལག་ལེན་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་གསར་པ་དང་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་རྩ་འཛུགས་བྱས་ལ། ཞིང་ཆེན་སྲིད་གྲོས་ཀྱི་ལས་ཁུངས་སུ“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་པའི”བརྗོད་དོན་སློབ་གསོ་ཏན་ཏིག་ངང་སྤེལ་བ་དང་། སྲིད་གྲོས་རྩ་འཛུགས་རིམ་པ་ཁག་གིས་སྔར་བས་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དང་སྲིད་གྲོས་ལས་དོན་གྱི་བླང་བྱ་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་འདུས་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཡོད། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་ཕྱོགས་གཉིས་ཀས་ཤུགས་རྒྱག་པའི་བླང་བྱ་དོན་འཁྱོལ་བཏང་སྟེ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁྲི་ཤུགས་ཆེར་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བྱེད་པ། དམངས་འཚོ་ལེགས་བཅོས་སོགས་ཀྱི་གྲོས་གཞིར་དམིགས་ནས་གཙོ་གནད་དུ་གྲོས་མོལ་བྱས། བརྟག་ཞིབ་དང་གྲོས་མོལ་གྱི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཞིང་གྲོས་མོལ་གྱི་གྲུབ་འབྲས་ལ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཀྱི་མཆན་བཀོད་མཛུབ་སྟོན་ཐེངས32ཐོབ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བའི་བསམ་ཕྱོགས་གལ་ཆེན་དང་བྱེད་ཐབས་གལ་ཆེན། གནད་དོན་གལ་ཆེན་བཅས་ཀྱི་ཐད་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་ཆགས་ཡོད། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་འབུར་དུ་བཏོད་ཅིང་། བྱེད་ཐབས་བཏོན་ནས་དམངས་གཙོའི་ཏང་ཤོག་སོ་སོ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་སྲིད་གྲོས་ཁག་གི་གྲོས་མོལ་སྲིད་གླེང་ཁྲོད་ནུས་པ་གལ་ཆེན་འདོན་པར་རྒྱབ་སྐྱོར་བྱས་ལ། གྲངས་ཉུང་མི་རིགས་དང་ཆོས་ལུགས་ཐད་ཀྱི་ཨུ་ཡོན་གྱིས་འགན་འཁྲི་སྒྲུབ་པའི་ཕན་ནུས་སྔར་ལས་ཆེ་རུ་བཏང་བ་དང་། རིགས་ཁོངས་མཉམ་འབྲེལ་བརྟག་དཔྱད་ཞིབ་འཇུག་དང་ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་སྲིད་གྲོས་ཀྱི་མི་རིགས་ཆོས་ལུགས་ཨུ་ཡོན་མཉམ་འབྲེལ་ལྟ་སྐུལ་ལྟ་ཞིབ་སྤེལ་ནས་ཕྱོགས་སོ་སོ་གྲོས་མོལ་སྲིད་གླེང་ལ་ཧུར་ཐག་སྒོས་ཞུགས་པའི་རྣམ་པ་བཟང་པོ་ཆགས་ཡོད།   ཀང་ཨའོ་ཨུ་ཡོན་གྱི་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ནས། འབྲེལ་གཏུག་ཞབས་ཞུའི་ལམ་སྲོལ་འཐུས་ཚང་དུ་བཏང་ཞིང་ཀང་ཨའོ་ཨུ་ཡོན་གྱིས་“དགེ་མཚན་གཉིས་ལྡན་གྱི་ནུས་པ”འདོན་སྤེལ་གང་ལེགས་བྱེད་པར་ཁྲིད་སྟོན་བྱས་ཏེ་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་ཡོང་པར་སྐུལ་འདེད་བཏང་ཡོད།  འགན་ནུས་སྒྲུབ་པའི་ལག་ལེན་གསར་གཏོད་བྱས་ནས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཧྲིན་ཀྲང་གིས་སྲིད་གྲོས་ཀྱི་གཙོ་གནད་གྲོས་གཞིར་སྐུལ་སྒྲུབ་བྱེད་པའི་བྱེད་སྒོ་ཐོག་མར་སྤེལ་བ་དང་། དམངས་གཉེར་ཁེ་ལས་པ་དང་ཧྲིན་ཀྲང་གཉིས་ངོ་འཕྲད་གྲོས་མོལ་བྱེད་པ་དང་། དྲ་ཐོག་སྲིད་གླེང་གི་རྒྱང་བསྟེན་གྲོས་མོལ་བྱེད་པར་འཚོལ་ཞིབ་བྱས། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བའི་ལོ་གསུམ་གྱི་བྱེད་སྒོ་སྤེལ་འགོ་ཚུགས་པ་དང་། གྲོས་གཞི་སྒྲུབ་པའི་ཕྱོགས་གཉིས་དཔྱད་གླེང་བྱེད་ཐབས་རྟོག་ཞིབ་གསར་འཛུགས་བྱས་ཏེ་སྲིད་གྲོས་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ཡོད། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཨུ་ཡོན་གྱི་རྒྱུན་གཏན་རང་བཞིན་གྱི་དཔྱད་ཞིབ་དཔྱད་དཔོག་ལ་ཤུགས་སྣོན་བརྒྱབ་ནས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཡོན་རྒྱུན་ཨུས་ལོ་རེའི་ལས་འགན་སྒྲུབ་ཚུལ་བརྗོད་པའི་ལས་དོན་བཀོད་སྒྲིག་ཐེངས་དང་པོ་བྱས་པ་དང་བྱ་ཐབས་བཟོས་ནས་ཨུ་ཡོན་གྱིས་སྒྲིག་ཡིག་ལྟར་འགན་འཁྲི་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་ཡོད། ཆེད་དོན་ཨུ་ལྷན་གྱི་ལས་དོན་ལ་ཏང་འཛུགས་སྐྱོང་དང་། ཨུ་ཡོན་དང་འབྲེལ་གཏུག་བྱེད་པ། གྲོས་མོལ་གྱི་སྤུས་ཚད་ལ་བརྟག་ཞིབ་བྱེད་པ། གྲོས་མོལ་སྲིད་གླེང་གི་ཤེས་ལྡན་མི་སྣའི་མཛོད་འཛུགས་པ། གྲོས་མོལ་བྱས་འབྲས་ལ་གདེང་འཇོག་བྱེད་པ་སོགས་ཕྱོགས་གང་ཅིའི་ཐད་ནས་མཐོར་འདེགས་གསར་བ་བྱུང་ཡོད་ལ། རང་ཞིང་གི་ཉམས་མྱོང་དང་བྱེད་ཐབས་རྣམས་རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ཡོད། གཞི་རིམ་སྲིད་གྲོས་ལས་དོན་གསར་གཏོད་གོང་སྤེལ་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་འབྲེལ་གཏུག་དང་མཛུབ་སྟོན་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་གོང་འོག་མཉམ་འགུལ་དང་། མཉམ་དུ་ཤུགས་རྒྱག་པའི་ལས་ཀའི་རྣམ་པ་ཆགས་པར་སྐུལ་འདེད་བཏང་བ་དང་མི་དམངས་སྲིད་གྲོས་ཀྱི་ཁྱོན་ཡོངས་ཀྱི་བྱེད་ནུས་དགེ་མཚན་སྔར་ལས་ཇེ་ཆེར་བཏང་། 

      རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། ལོ་གཅིག་གི་ལས་ཀའི་ལག་ལེན་བརྒྱུད་ང་ཚོས་ཤེས་ཚོར་ཐུབ་པ་ནི། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ཡག་པོར་སྒྲུབ་པའི་ཆེས་རྩ་བར་གྱུར་བ་ནི་ཏང་གིས་སྲིད་གྲོས་ཀྱི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཡག་པོ་བྱས་ནས། བསམ་བློའི་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། ཆེས་འགག་རྩ་ནི་མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་ཁོང་དུ་ཡང་དག་པར་ཆུད་དེ་གསར་གཏོད་ཀྱི་བསམ་ཕྱོགས་ལ་བརྟེན་ནས་ལས་དོན་ཁག་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ཆེས་གལ་ཆེ་བ་ནི་ཐོག་མའི་བསམ་འདུན་བརྟན་སྲུང་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་འབད་འཐབ་བྱེད་མཁན་གྱི་རྣམ་འགྱུར་གྱིས་འགན་འཁྲི་གཙང་སྒྲུབ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན།  

      རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། 2020ལོར་ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་དང“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་། ཀྲུང་དབྱང་སྲིད་གྲོས་ལས་དོན་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་ཁོང་དུ་བརྟན་པོར་ཆུད་པ། ཞིང་ཆེན་ཡོངས་ཀྱི་བསྒྱུར་འཕེལ་བརྟན་གསུམ་ལ་ཁྱོན་ཡོངས་ནས་དམིགས་པ། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་མོལ་བཅས་ཀྱི་འགན་ནུས་ལག་བསྟར་ནན་ཏན་བྱས་ཏེ་ངོས་འཛིན་གཅིག་མཐུན་སྔར་ལས་ལྷག་པར་གོང་བུར་འགྲིལ་བ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་གལ་ཆེན་དང་སྲིད་གྲོས་ལས་དོན་ལ་བཏོན་པའི་བླང་བྱ་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་གོང་བུ་གཅིག་ཏུ་འགྲིལ་བའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་རྒྱལ་ཁ་ལེན་པ་དང་། ནུས་ཤུགས་ཡོད་རྒུས“དམིགས་བསལ་གཅིག་དང་མཐོ་བ་གཉིས”ལ་སྐུལ་འདེད་གཏོང་བ། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ་བཅས་ཀྱི་ཆེད་དུ་འབད་བརྩོན་བྱ་རྒྱུ་དེ་རེད།

      རྡོ་རྗེ་རབ་བརྟན་གྱིས་སྙན་ཞུའི་ནང་ད་ལོའི་གཙོ་གནད་ལས་དོན་ཁག་ལྔ་བཏོན་ཡོད། གཅིག་ནི་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུ་གཏིང་ཟབ་ཏུ་བཏང་ནས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་དགོས་པ་དང་། གཉིས་ནི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་བྱས་ནས“དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། གསུམ་ནི་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ནུས་པ་ཆེ་རུ་བཏང་ནས་མཐུན་སྒྲིལ་ཆེན་པོ་དང་འབྲེལ་མཐུད་ཆེན་པོར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། བཞི་ནི་དུས་རབས་གསར་པ་དང་འགན་འཁྲི་གསར་པར་དམིགས་ནས་གྲོས་མོལ་ནུས་པ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ལྔ་ནི་སྲིད་གྲོས་ཀྱི་ཏང་འཛུགས་སྐྲུན་བྱ་རྒྱུ་མངོན་གསལ་དུ་བཟུང་ནས་ཏང་གི་འགོ་ཁྲིད་དེ་སྲིད་གྲོས་ལས་དོན་གྱི་ཕྱོགས་གང་ཅིའི་ཐད་ལ་དོན་འཁྱོལ་ཏན་ཏིག་བྱ་དགོས་པ་བཅས་ཡིན།

      ཀྲང་ཧྲོའུ་ཁྲེང་གིས་ཚོགས་ཆེན་ལ་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཚུན་གྲོས་གཞིའི་ལས་དོན་བསྒྲུབས་པའི་གནས་ཚུལ་སྙན་སེང་ཞུས། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཚུན། སྲིད་གྲོས་ཨུ་ཡོན་དང་། སྲིད་གྲོས་ལ་ཞུགས་པའི་ལས་ཁུངས་ཁག་དང་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་བཅས་ཀྱིས་བསྡོམས་པས་གྲོས་གཞི476ཕུལ་བ་དང་། ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི337ཐོ་འགོད་བྱས་ཤིང་། གྲོས་གཞི་ཐོ་འགོད་བྱེད་ཚད70.8%སླེབས་ཡོད2019ལོའི་ལོ་མཇུག་བར་གྲོས་གཞི་ཚང་མ་བསྒྲུབས་ཟིན་པ་རེད། 

      ཝང་ཞིའུ་ཧྥེང་དང་། ཀྲང་ཀོང་རུང་། མ་ཝེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཝུའུ་ཧའེ་ཁུན། ལིའུ་ཐུང་ཏེ། ཁོང་ཡུང་། ཝང་ལི་མིང་། དབྱང་ཧྥུང་ཁྲུན། ཝང་ཀྲེང་ཧྲེང་། ཐེན་ཅིང་ཁྲེན། ཀྲང་ལི། ལིའུ་ཐའོ། ཁྲེན་མིང་གོ མོང་ཡུང་ཧྲན། ལི་ཙའེ་ཡོན། ལུའུ་ཀོང་ཡུང་། དབྱང་ཁའོ་ཞང་སོགས་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད།

      རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་མཱ་ཀྲི་ཝེ་དང་སྐབས་བཅུ་གཅིག་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པའོ་དབྱི་ཀྲི་གདན་ཞུས་ལྟར་ཚོགས་ཆེན་ལ་ཞུགས་ཤིང་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད་པ་རེད།།

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།




评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-2-25 14:56 , Processed in 0.072310 second(s), 20 queries .

返回顶部