日志

༄༅།།ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར་མདོ ...

已有 20 次阅读2020-1-14 14:42 |系统分类:文化


                                      ༄༅།།ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར་མདོར་བསྡུས།
                 ཡོང་ཁུངས།《གངས་ཅན་མཁས་དབང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས》ལས། རྩོམ་པ་པོ། མི་ཉག་མགོན་པོ།

                                   

                                            ༧  ལྕང་སྐྱ་རོལ་བའི་རྡོ་རྗེ་མཆོག


  ༄༅།།ལྕང་སྐྱ་རོལ་པའི་རྡོ་རྗེའམ་ཡེ་ཤེས་བསྟན་པའི་སྒྲོན་མེ་ནི་མདོ་སྨད་ཙོང་ཁ་བྱང་གི་ཕྱོགས་སུ་རྒྱ་བོད་འདྲེས་མར་བསྡད་པའི་ས་ཆ་ལང་གྲུའུ་ཞེས་པའི་འབྲོག་སྡེར། ཧོར་གྱི་རུས་སུ་གཏོགས་པའི་ཡབ་ཆི་ཀྱཱ་ཚངས་པ་གུ་རུ་བསྟན་འཛིན་དང་། ཡུམ་བུ་སྐྱིད་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་གཉིས་པའི་མེ་བྱ(སྤྱི་ལོ1717)ལོའི་ཟླ་བ་དང་པོའི་ཚེས་བཅུའི་ཉིན་སྐུ་བལྟམས། 
  དགུང་ལོ་བཞིར་ཕེབས་པ་ན། འཇམ་བཞད་ངག་དབང་བརྩོན་འགྲུས་ཀྱིས་ལྕང་སྐྱ་བློ་བཟང་ཆོས་ལྡན་གྱི་སྤྲུལ་སྐུར་ངོས་འཛིན་མཛད། སྐབས་དེར་སོག་པོའི་ཝང་སྟོབས་ཆེན་ཞིག་གི་བུ་ལྕང་སྐྱའི་སྤྲུལ་སྐུ་ཡིན་པར་བསྒྲགས་སྟབས། རེ་ཞིག་བར་གོང་མར་ཞུ་རྒྱུ་འགྱངས་དགོས་ཐུག དེ་ནས་ཐུའུ་བཀྭན་ཆོས་ཀྱི་རྒྱ་མཚོས་ཐུགས་ཁུར་བཞེས་ཏེ་གོང་མར་ཞུས་པས། གདན་སར་གདན་དྲོངས་ཞེས་པའི་བཀའ་ཐོབ། པེ་ཅིང་ནས་དཀའ་ཆེན་ཤེས་རབ་དར་རྒྱས་དང་དེམ་ཆི་བཅས། ལྕགས་བྱི་ཟླ་བ་ལྔ་པར་ལང་གྲུའུ་ལ་སྤྲུལ་སྐུ་གདན་འདྲེན་དུ་འབྱོར། ཚེ་གཅིག་ཉིན་གཟིམ་གུར་དུ་གདན་དྲངས་ནས་གསོལ་སྟོན་རྒྱ་ཆེན་ཕུལ་ཞིང་། གོང་མས་གནང་བའི་དངོས་འབུལ་སྤམ་མཐོ་བ་ཕུལ། ཚེས་གསུམ་ཉིན་དགོན་ལུང་ཕྱོགས་སུ་ཆིབས་ཁ་བསྒྱུར། ཚེས་པ་བཅུའི་ཉིན་བླ་དཔོན་སེར་སྐྱ་སྟོང་ཕྲག་མང་པོས་བསུ་བ་དང་བཅས་ལྕང་སྐྱ་བླ་བྲང་དུ་འབྱོར། ལྕང་སྐྱ་གོང་མའི་སློབ་མ་ཨ་རྩེ་ཆོས་རྗེ་བློ་བཟང་ཆོས་འཛིན་མདུན་ནས་འབྲི་ཀློག་སྦྱོར་སྡེབ་སོགས་སྦྱོང་བའི་འགོ་བཙུགས། 
  དགུང་ལོ་བདུན་པར་བློ་བཟང་བསྟན་པའི་རྒྱལ་མཚན་མདུན་ནས་དགེ་བསྙེན་གྱི་སྡོམ་པ་བླངས། རབ་བྱུང་བཅུ་གཉིས་པའི་ཆུ་མོ་ཡོས་ཀྱི་ལོ(སྤྱི་ལོ
1723)ལ་མཚོ་སྔོན་གྱི་དཔོན་བསྟན་འཛིན་ཆིང་ལྦང་སོགས་ནས་གོང་མར་རྒོལ་བའི་དུས་ཟིང་བསླངས། ཅང་ཇུན་གུང་ཉེན་གཡོའུ་དང་། གུང་ཡོའུ་གྲུང་ཆི་གཉིས་ཀྱིས་དཔུང་ཆེན་བཏེགས་ནས་མཚོ་སོག་ཆམ་ལ་ཕབ། དགོན་སྡེ་མང་པོར་གོང་མའི་བཀའ་ཆད་ཕོག ཤིང་ཕོ་འབྲུག་གི་ལོ(སྤྱི་ལོ1724)ལ་དགོན་ལུང་དགོན་པ་ཤུལ་མེད་དུ་བརླགས། ལྕང་སྐྱ་སྤྲུལ་སྐུ་དགོན་ལུང་ནས་ཉིན་ལམ་གཉིས་ཙམ་གྱི་སར་མཆོད་རྟེན་ཐང་དགོན་པའི་ཉེ་འདབས་ནགས་ཚལ་སྟུག་པོ་ཡོད་པའི་བྲག་ཕུག་ཅིག་ཏུ་གབ་ནས་བཞུགས། སྐབས་དེར་གོང་མ་ཡུང་ཏྲིང་རྒྱལ་སར་ཕེབས་ནས་ལོ་གཉིས་པ་ཡིན་ཞིང་། ལྕང་སྐྱ་གོང་མར་ཟབ་ཆོས་ཞུས་མྱོང་བས་ཐུགས་དད་ཁྱད་པར་ཅན་ཡོད་སྟབས། སྤྲུལ་སྐུར་བར་ཆད་འབྱུང་དོགས་ཀྱིས་དེ་འཕྲལ་ཅང་ཇུན་གཉིས་ལ་པེ་ཅིང་དུ་གདན་དྲང་དགོས་པའི་བཀའ་ཕབ། ཅང་ཇུན་གཉིས་ཀྱིས་ཐབས་སྣ་ཚོགས་ལ་བརྟེན་ཏེ་ནགས་ཚལ་ནས་ཟི་ལིང་དུ་གདན་དྲངས། དེ་ནས་རྒྱ་ནག་ཏུ་ཕེབས། གོང་མས་ཁོང་ཟུང་གྲུ་ཟི་དགོན་པར་ལྕང་སྐྱ་གོང་མའི་གདན་སར་བཀོད། དཀའ་ཆེན་ཤེས་རབ་དར་རྒྱས་སློབ་དཔོན་དུ་བསྟེན་ནས། མདོ་སྔགས་ཀྱི་གཞུང་ཆེན་རྣམས་ལ་གསན་སྦྱོང་མཛད། 
  དགུང་ལོ་བཅོ་བརྒྱད་པའི་དུས་སུ་རིག་གནས་ཀུན་ལ་མཁས་པར་གྱུར། རྒྱ་དང་སོག་པོ་མན་ཇུ་བཅས་ཀྱི་སྐད་ཡིག་ཀྱང་ཁོང་དུ་ཆུད། སྐབས་དེར་གོང་མས“བྱམས་བརྩེས་འགྲོ་བ་ཡོངས་ཀྱི་སྤྱི་བོ་ནས་དབང་བསྐུར་བའི་ཀུན་མཁྱེན་བླ་མ”ཞེས་པའི་མཚན་སྙན་དང་གསེར་སྲང་བརྒྱད་ཅུ་ལས་གྲུབ་པའི་ཐམ་ཀ གསེར་ཡིག་བཅས་གནང་ནས་ཆབ་སྲིད་ཆེན་པོའི་བླ་མར་བཀུར། 
  ཤིང་ཕོ་སྟག་གི(སྤྱི་ལོ
1734)ལོ་ལ་གོང་མའི་བཀའ་བཞིན། རྒྱལ་སྲས་བཅུ་བདུན་པ་ཁེང་ཟི་ཡིང་ཝང་དང་ལྷན་ཅིག རྒྱལ་དབང་བདུན་པ་དབུས་སུ་གདན་དྲངས་ནས་པོ་ཏ་ལའི་གདན་སར་འགོད་པའི་ཆེད་དུ་ཁམས་ཕྱོགས་སུ་ཕེབས། ཟླ་བ་བཅུ་གཅིག་པའི་ཚེས་ཉེར་གསུམ་ཉིན་མགར་ཐར་དུ་འབྱོར། རྒྱལ་དབང་མདུན་པར་གོང་མས་གནང་བའི་གསེར་ཡིག་བསྒྲགས་ཤིང་དངོས་འབུལ་རྒྱ་ཆེན་ཕུལ། དགུང་ལོ་བཅུ་དགུ་པ་ཤིང་མོ་ཡོས་ཀྱི་ལོའི(སྤྱི་ལོ1735)ཟླ་བ་གསུམ་པར་ཁམས་ལྷོ་བརྒྱུད་ཀྱི་ཉག་ཆུ་རྫོང་དང་ལི་ཐང་སོགས་བརྒྱུད་དེ་དབུས་སུ་ཕེབས། ཟླ་བ་བདུན་པའི་ཚེས་བཅུ་བདུན་ཉིན་རྒྱལ་དབང་བདུན་པ་པོ་ཏ་ལར་གདན་ཁྲིར་བཀོད། ཟླ་བ་བཅུ་པར་གཙང་དུ་ཕེབས། ཚེས་བརྒྱད་ལ་བཀྲ་ཤིས་ལྷུན་པོར་འབྱོར།  ཚེས་དགུ་ཉིན་པཎ་ཆེན་ལས་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་མནོས། 
  སྐབས་དེར་གོང་མ་ཡུང་ཏྲིང་གནམ་དུ་གཤེགས་པའི་ལོར་རྒྱ་ནག་ཏུ་ཆིབས་ཁ་བསྒྱུར། དར་མདོ་སོགས་བརྒྱུད་དེ་པེ་ཅིང་དུ་ཕེབས། གོང་མ་ཆན་ལུང་ནས་ཁོང་པེ་ཅིང་གི་ཐམ་ཀ་བླ་མར་བསྐོར། དགུང་ལོ་ཉེ་ལྔར་ཕེབས་པ་ལྕགས་མོ་བྱའི་ལོར་གོང་མས་བསྟན་འགྱུར་སོག་ཡིག་ཏུ་བསྒྱུར་དགོས་པའི་བཀའ་ཕེབས། ཟླ་བ་བཅུ་པར་དབུ་བཙུགས། ལོ་ཙཱ་བ་མང་པོ་དང་ལྷན་ཅིག་ཆུ་ཕོ་ཁྱིའི་ལོ་ཟླ་བ་བཅུ་གཅིག་པའི་ཚེས་བཅོ་ལྔ་ལ་མཇུག་གྲུབ་པར་མཛད། ཕྱིས་སུ་པེ་ཅིང་དུ་དཔར་བཏབ་ནས་སོག་ཡུལ་ཀུན་ཏུ་ཁྱབ་བོ།།
  དགུང་ལོ་སོ་གསུམ་དུ་ཕེབས་པ་ས་མོ་སྦྲུལ་ཀྱི་ལོར་གོང་མར་དགོངས་པ་ཞུས་ཏེ་མདོ་སྨད་རང་ཡུལ་དུ་ཕེབས། རྒྱལ་བ་ཡོན་ཏན་རྒྱ་མཚོས་བཏབ་པའི་དགོན་ལུང་དུ། ཁྲི་ཟུར་སུམ་པ་ཞབས་དྲུང་སོགས་ཆེ་དགུས་སེར་སྦྲེང་དང་བཅས་བསུས། དེ་ནས་སྐུ་འབུམ་དགོན་སོགས་སུ་ཕེབས་ནས་དམ་ཆོས་བསྩལ། ཟླ་བ་བརྒྱད་པར་པེ་ཅིན་དུ་ཚུར་ཕེབས། 
  ཁོང་དགུང་ལོ་ཞེ་གཅིག་ཏུ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་མེ་མོ་གླང་ལོ(སྤྱི་ལོ
1757)ཟླ་བ་གཉིས་པའི་ཚེས་གསུམ་ལ། རྒྱལ་དབང་བདུན་པ་དགོངས་པ་རྫོགས་པའི་གནས་ཚུལ་པེ་ཅིན་དུ་འབྱོར། གོང་མས་བཀའ་ཕེབས་ལྟར། རྒྱལ་དབང་སྐྱེ་ཕྲེང་ངོས་འཛིན་པའི་ཆེད་དུ། ཨམ་བན་གཅིག་དང་གོང་མའི་བླ་སྨན་པ་གཉིས། དཔོན་ཆུང་ཁ་ཤས་དང་བཅས་ཁམས་དར་རྩེ་མདོ་སོགས་བརྒྱུད་དེ་དབུས་སུ་ཕེབས། ཟླ་བ་བཅུ་གཉིས་པར་ལྷ་སར་འབྱོར། ཕྱི་ལོའི་ཟླ་བ་བཞི་པར་གཙང་བཀྲ་ཤིས་ལྷུན་པོར་བསྐྱོད། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་དང་ཞལ་འཛོམས། སྣར་ཐང་དུ་ཆོས་མཇལ་ཕེབས་རྗེས་དབུས་སུ་ཕྱིར་ཕེབས། ལྕགས་ཕོ་འབྲུག་གི་ལོར་པེ་ཅིན་དུ་ཕྱིར་ཕེབས། སྐབས་དེར་གོང་མའི་ཕོ་བྲང་དུ་ལྕང་སྐྱ་མ་གཏོགས་བླ་ཆེན་གཞན་མེད་པར་བརྟེན། གོང་མས་ཐུའུ་བཀྭན་ཆོས་ཀྱི་ཉི་མ་པེ་ཅིན་ལ་ཡོང་དགོས་པའི་བཀའ་ཕེབས། དེ་ནས་ཐུའུ་བཀྭན་རྒྱ་ནག་ཏུ་ཕེབས་ནས་ཁོང་གི་སློབ་མར་གྱུར། དགུང་གྲངས་ང་གཅིག་བཞེས་པ་མེ་ཕག་ལོ་ནས་བཟུང་དབྱར་ཁར་ཟླ་བ་བཞི་པ་ནས་བརྒྱད་པའི་བར་རི་བོ་རྩེ་ལྔར་བཞུགས་ཤིང་། དེར་ཨེ་ཝཾ་དགའ་འཁྱིལ་ཞེས་པའི་སྒྲུབ་ཁང་ཞིག་ཀྱང་བཏབ། 
  དགུང་ལོ་ང་ལྔར་ཕེབས་པ་ལྕགས་མོ་ཡོས་ཀྱི་ལོར་གོང་མས་བཀའ་ཕེབས་ལྟར། རྒྱལ་བའི་བཀའ་འགྱུར་རོ་ཅོག་མན་ཇུའི་སྐད་ཡིག་ཏུ་བསྒྱུར་བར་མཛད། པེ་ཅིན་གི་བླ་མ་མཁས་པ་དང་། ཧྭ་ཤང་ཡོན་ཏན་བཟང་བར་རྣམས་ལ་བསྒྱུར་བཅུག བླ་མ་རང་གིས་ཞུས་པར་མ་ཚད་གོང་མས་ཀྱང་ཞུ་བཅོས་སོགས་མཛད་དེ་ལོ་འགའ་ལ་གྲུབ་པར་མཛད། 
  རབ་བྱུང་བཅུ་གསུམ་པའི་མེ་ཕོ་རྟའི་ལོ(སྤྱི་ལོ
1786)ཟླ་བ་བཞི་པའི་ཚེས་གཉིས་ཀྱི་ཕྱི་དྲོར་ལྕང་སྐྱ་རོལ་པའི་རྡོ་རྗེ་རྒྱ་ནག་རི་བོ་རྩེ་ལྔར་སྐུ་གཤེགས། བླ་མ་དེ་དུས་དགུང་ལོ་བདུན་ཅུ་ཐམ་པ་ཡིན་ནོ།།
  ཁོང་གི་གསུང་ནི་རྣམ་ཐར་དང་། གསོལ་འདེབས། མགུར་དང་། ཆབ་ཤོག ཞུ་འཕྲིན། ཆོ་ག་དང་སྒྲུབ་ཐབས་སོགས་པོ་ཏི་ཀ་ནས་ཇ་པའི་བར་པོད་བདུན། ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་དུ་བཞུགས་སོ།།

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་མཚོ་སྔོན་པོ་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-1-19 03:44 , Processed in 0.031990 second(s), 20 queries .

返回顶部