日志

༄༅།།མདོ་སྨད་གྲོ་ཚང་ཡུལ་གྱི་བོད་མི་ལ་རགས་ ...

已有 35 次阅读2020-1-7 08:57 |系统分类:文化


                                  ༄༅།།མདོ་སྨད་གྲོ་ཚང་ཡུལ་གྱི་བོད་མི་ལ་རགས་ཙམ་དཔྱད་པ།
                                       ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། ལྷ་དཔལ།

                 
                                 གྲོ་ཚང་རྡོ་རྗེ་འཆང་གི་ལྷ་ཁང་ཀོོ་ཏམ་སྡེ་དགེ་རྒྱས་པའི་བདེ་ཆེན་གླིང་།

      [ནང་དོན་གནད་བསྡུས།] འདིར་མདོ་སྨད་གྲོ་ཚང་བོད་མིའི་མཆེད་ཁུངས་དང་མིང་གི་ཐོག་ཚུལ། ཡུལ་སྲོལ་གོམས་གཤིས་བཅས་ལ་ཞིབ་འཇུག་བྱས་ཏེ། ལོ་རྒྱུས་ཀྱི་རྒྱུ་རྐྱེན་སྣ་ ཚོགས་ཀྱིས་གྲོ་ཚང་བོད་མིའི་སྐད་ཡིག་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ལ་བཟོས་པའི་ཉམས་ཉེན་དང་། དེ་ཅི་ལྟར་མྱུར་སྐྱོབ་བྱེད་དགོས་པའི་སྐོར་ཡུལ་དངོས་ཀྱི་མཐོང་ཐོས་མྱོང་གསུམ་ལ་སྦྱར་ཏེ་ཀློག་པ་པོ་རྣམ་པའི་སྤྱན་སྔར་དྲངས་ཡོད།
      [བརྡ་ཆད་གཙོ་བོ།] གྲོ་ཚང་། ཙོང་ཁ་སྡེ་ཁམས་བཅོ་བརྒྱད། བླ་མ་གླང་དཀར་པ།
      [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]K281
      [ཡིག་ཚང་མཚན་བྱང་།]A
      [རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060(2013)03-0076-10 
      དེ་ཡང་ཉིས་སྟོང་བདུན་ལོར་མཚོ་སྔོན་བརྙན་འཕྲིན་ཁང་གིས་《མཚོ་ཤར་བོད་ཡུལ་དུ་བསྐྱོད་པ་》ཞེས་པའི་མུ་འབྲེལ་ཆེད་སྒྲིག་ལེ་ཚན་ཞིག་བརྙན་ཕབ་བྱེད་ཆེད་ཐོག་མར་གྲོ་ཚང་ས་ཆ་ནས་འགོ་བརྩམས། གསར་འགོད་པའི་འགན་བླངས་པའི་གོ་སྐབས་འདི་དང་བསྟུན་ནས་གྲོ་ཚང་ས་ཆའི་ལོ་རྒྱུས་དང་རིག་གནས། ཡུལ་སྲོལ་གོམས་གཤིས་སོགས་ཀྱི་ཐད་ལ་རྒྱུས་ལོན་ཉུང་ཙམ་བྱེད་ཐུབ་པ་བྱུང་། ལྷག་པར་ད་ལྟའི་གནས་ཚུལ་དག་ལ་རང་གི་ཤེས་རྒྱུད་ཀྱིས་དངོས་སུ་ཚོར་ཐུབ་པ་བྱུང་བས། ཡུལ་འདི་གའི་གནས་ཚུལ་ཐད་དཔྱད་གཏམ་རེ་སྤེལ་ཐུབ་པ་བྱུང་ན་བོད་ཀྱི་རིག་གནས་ལོ་རྒྱུས་ལ་དུང་བ་ཟབ་པའི་མི་བུ་དག་ལ་མཚོན་ན་བྱིས་པའི་ཁ་ཡི་ལེགས་བཤད་ཏུ་ཨེ་འགྱུར་སྙམ་སྟེ་ཁ་བྱང་འདི་འདྲ་བ་ཞིག་གཏན་འཁེལ་བྱས་པ་ཡིན།
      ཤར་མདོ་སྨད་ཙོང་ཁ་སྤྲུལ་བའི་ཞིང་ཞེས་དེང་གི་མཚོ་སྔོན་ཟི་ལིང་མཁར་དུ་བོད་བཙན་པོའི་གདུང་རྒྱུད་ལས་མཆེད་པའི་ལྷ་སྲས་ཁྲི་སྡེའམ་རྒྱལ་སྲས་(ཇོ་སྲས་ཀྱང་ཟེར)བྱ་བས་ཧ་ལམ་དུས་རབས་བཅུ་གཅིག་པའི་དུས་མགོར་རྒྱལ་སྲིད་བཙུགས་ཏེ་ཙོང་ཁ་སྡེ་ཁམས་བཅོ་བརྒྱད་དུ་གྲགས་པའི་ཡུལ་གཙོས་མདོ་སྨད་ཕལ་ཆེར་ལ་དབང་བྱས་ཏེ་གདུང་རྒྱུད་རིམ་པར་བྱོན་ནས་བོད་ཀྱི་ཤར་མཐའ་སྲུང་ཤིང་སུང་རྒྱལ་རབས་དང་མི་ཉག་བཅས་ལ་རེས་འགལ་རེས་མཐུན་གྱིས་རང་གི་མངའ་རིས་བསྐྱངས་ཤིང་མངའ་ཁོངས་ཡང་རིམ་གྱིས་རྒྱ་བསྐྱེད། དེ་དེང་གི་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་བཅས་ཀྱི་བོད་མིས་བཟུང་བའི་ཡུལ་གྲུ་རྣམས་ཡིན་ཞིང་། ལོ་ངོ་བརྒྱ་ཕྲག་རིང་ལ་སྲིད་དབང་བཟུང་མཐར་སུང་གིས་ཕམ་སྟེ་རྒྱལ་སྲིད་མཇུག་སྒྲིལ།
      སྲས་འདི་བཙན་པོའི་གདུང་རྒྱུད་ཡིན་པའི་ཚུལ་ནི་《མདོ་སྨད་ཆོས་འབྱུང་》ལས། གཉིས་པ་ཁྲི་ལྡེ་མདོ་ཁམས་སུ་བྱོན་ཏེ་ཙོང་ཁ་ཡུལ་ཆེན་བཅོ་བརྒྱད་སོགས་མདོ་སྨད་ཕལ་ཆེར་ལ་མངའ་མཛད་པའི་རྒྱུད་ལ་སྤྱན་སྔ་དོན་ཆེན་ལ་སོགས་པའི་རྒྱལ་རྒྱུད་བྱུང་། ཞེས་འཁོད་པ་དང་།《ཆོས་འབྱུང་མཁས་པའི་དགའ་སྟོན་》དང་《ཐུའུ་བཀན་རྣམ་ཐར་པད་དཀར་ཆུན་པོ》《རྒྱལ་སྲས་-སུང་རྒྱལ་རབས་སྐབས་ཀྱི་བོད་ཀྱི་སྲིད་དབང་》ཞེས་པ་སོགས་ལས་ཀྱང་ཚུལ་དེ་དང་མཐུན་པར་གསུངས་ཡོད་པ་ལྟར་རོ།།
      ཁྱད་པར་དུ་ཙོང་ཁའི་སྐྱེས་རི་དང་རྨ་ཙོང་ཆུ་བོ་དལ་གྱིས་འབབ་པའི་མདོ་སྨད་ཀྱི་ཡུལ་འདིར་བསྟན་པའི་མེ་རོ་སྨད་ནས་གསོ་མཁན་བླ་ཆེན་དགོངས་པ་རབ་གསལ་དང་རྒྱལ་བ་བློ་བཟང་གྲགས་པ་སོགས་སྐྱེས་ཆེན་དམ་པ་མང་དུ་འཁྲུངས་ནས་བསྟན་པའི་དོན་རྒྱ་ཆེར་མཛད་པ་མ་ཟད། ཤར་ཕྱོགས་རིག་པའི་དཔའ་བོ་ཆོས་རྗེས་དོན་གྲུབ་རིན་ཆེན་གྱིས་བྱ་ཁྱུང་དགོན་དང་རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་གིས་སྐུ་འབུམ་དགོན་དང་། རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོས་དགོན་ལུང་དགོན་པ། རྗེ་རིན་པོ་ཆེའི་དངོས་སློབ་འབྲོམ་བཙུན་ཤེར་འབྱུང་བློ་གྲོས་སྦས་པས་ཆུ་བཟང་དགོན། བཙན་པོ་དོན་གྲུབ་རྒྱ་མཚོས་གསེར་ཁོག་བཙན་པོ་དགོན་དགའ་ལྡན་དར་རྒྱས་གླིང་བཏབ་པ་སོགས་ཀྱིས་མཚོན་རྨ་ཙོང་ཆུ་ཀླུང་རྣམ་གཉིས་དལ་གྱིས་འབབ་པའི་ཡུལ་འདིའི་བོད་མི་རྣམས་ཀྱིས་རང་གི་ཤེས་རབ་དང་སྙིང་སྟོབས་ཀྱི་རྩལ་ལ་བརྟེན་ནས་འོད་སྟོང་འབར་བའི་ལོ་རྒྱུས་དང་ཕུན་སུམ་ཚོགས་པའི་རིག་གནས་བསྐྲུན་ཡོད་པས་མཚོ་སྔོན་གྱི་སྲིད་འབྱོར་རིག་གསུམ་ལ་རིན་ཐང་གཞལ་དུ་མེད་པའི་སྐྱེས་ཀྱི་རྡོ་རིང་རྣམ་པར་བཞེངས་སོ།།
      ཡིན་ནའང་། དུས་ཀྱི་དབང་གིས་དེང་སྐབས་རྨ་ཙོང་ཆུ་བོའི་འབབ་ཡུལ་གྱི་ས་ཁུལ་མང་ཆེ་བར་བོད་རང་གི་ཡུལ་སྲོལ་གོམས་གཤིས་སོགས་ཉམས་དམས་སུ་སོང་དང་འགྲོ་བཞིན་ཡོད་པ་དང་ཡུལ་གྲུ་ཁ་ཤས་སུ་ཡོད་ཚད་བག་ལ་ཞ་ནས་ཡོད་པས། འདིར་གྲོ་ཚང་དཀྱིལ་སྙིང་དུ་བཟུང་ནས་ཡུལ་འདིའི་སྣང་ཚུལ་སྐོར་ལ་དཔྱད་པ་རགས་ཙམ་གཏོང་བར་འདོད་དོ།། 
      དང་པོ། གྲོ་ཚང་བའི་མཆེད་ཁུངས་དང་ཡུལ་མིང་གི་བྱུང་ཚུལ།
     1.གྲོ་ཚང་བོད་མིའི་མཆེང་ཁུངས། དེ་ཡང་མདོ་ཁམས་གཡར་མོ་ཐང་གི་དཀྱིལ་དབུས། ལྷ་ཆབ་གང་གཱའི་སྲིང་མོ་དལ་འགྲོ་མ་ཞེས་བསྔགས་པའི་ཀླུང་ཆེན་ཙོང་ཆུ་རིང་མོའི་འབབ་རྒྱུན་དེད་དེ་ཟི་ལིང་གྲོང་ཁྱེར་ནས་ཤར་ཕྱོགས་སུ་བསྐྱོད་པ་ན་ལུང་མདོ་རྫོང་དུ་ཐོན་ཐུབ། འདི་ནི་ཨ་མདོ་གྲོ་ཚང་བོད་མིའི་ཕ་ས་ཡིན། ལུང་མདོ་རྫོང་གི་ལྷོ་བྱང་གཉིས་ཀྱི་རིའི་རྩེ་མོ་མཐོ་ཞིང་བརྗིད་ཉམས་ལྡན་ལ། རྫོང་འདིའི་བོད་མི་མང་ཆེ་བ་ལྷོ་བྱང་གཉིས་སུ་ཁྱབ་ཡོད་པའི་བྱང་རིའི་ངོས་ཀྱི་བོད་མི་ལ་དཔའ་རིས་པ་ཞེས་འབོད་ཅིང་ད་ལྟའི་ཧུའུ་ཀྲུའུ་(互助)དཔའ་རིས་དང་ཀན་སུའུ་ཐེན་ཀྲུའུ་(甘肃天祝)དཔའ་རིས་དང་གཞི་གཅིག་དུ་འདྲེས་ཡོད། ལྷོ་རིའི་ངོས་ཀྱི་བོད་མི་ནི་རྫོང་འདིའི་བོད་མིའི་གྲུབ་ཆ་གཙོ་བོ་སྟེ་སྐབས་འདིའི་གླེང་གཞི་གྲོ་ཚང་བོད་པ་རེད། གཙོ་བོ་ཡུལ་འདིའི་ལུང་ཁོག་བདུན་ཏེ། ལྷ་ཁང་ལུང་པ་དང་འབའ་གཙང་ལུང་པ། ཙོང་ཐེམ་ལུང་པ། དཔོན་ཚང་ལུང་པ།  དབྱར་ས་ལུང་པ།  ཀ་རིང་ལུང་པ། ཕུ་ལམ་ཡང་རྫོང་ལུང་པ་བཅས་སུ་གཞིས་ཆགས་ཡོད་ལ། གྲོ་ཚང་རྡོ་རྗེ་འཆང་གི་ལྷ་སྡེ་ལུང་པ་བདུན་ཞེས་ཀྱང་འབོད། ཡུལ་འདིར་ལོ་སུམ་སྟོང་ལྷག་གི་ཡར་སྔོན་དུ་བོད་མི་གཞིས་ཆགས་ནས་ཡོད་དེ།   དཔའ་རིས་པ་རྒན་དོར་ཞིས་མཛད་པའི་《དཔའ་རིས་ཞེས་པའི་མིང་དང་མཆེད་ཁུངས་ལ་རགས་ཙམ་དཔྱད་པ་》ཞེས་པ་ལས། ལོ་སུམ་སྟོང་ཡར་སྔོན་ལ་ཡང་ཕྱོགས་འདིར་བོད་རིགས་ཡོད་པའི་ཤེས་བྱེད། རྒྱའི་ལོ་རྒྱུས་ཡིག་ཚང་རྙིང་བ་རྣམས་ན་མང་དུ་ཡོད། འོན་ཀྱང་ཐང་རྒྱལ་རབས་ཡན་ཆད་ལ། མི་རིགས་འདི་ལ་སྤྱང་()ཞེས་འབོད་ཅིང་བོད་ཅེས་མི་འབོད་དེ། བོད་ཅེས་པའི་མིང་ཕྱིས་སུ་བྱུང་བར་མངོན། དེང་སང་“藏族”ཟེར་བའི་མིང་འདི་ནི་དབུས་གཙང་ཞེས་པའི་མིང་གི་ཡི་གེ་བསྡུས་ནས་གཙང་དུ་གྱུར་ཅིང་དབུས་གཙང་ཞེས་པའི་མིང་ཡང་རྒྱ་ཡིག་ནང་དུ་ཡོན་རྒྱལ་རབས་དུས་སྐབས་སུ་བྱུང་ཞིང་དེ་སྔོན་ན་མེད། ཅེས་མདོ་སྨད་ཀྱི་ཡུལ་འདིར་གནའ་སྔ་མོ་ནས་བོད་མི་གནས་ཡོད་པ་གསལ་བོར་བསྟན་ཡོད། དེར་མ་ཟད། བླ་མ་གླང་དཀར་པ་མ་ཕེབས་པའི་སྔོན་དུ་གནས་འདིའི་བོད་མི་རྣམས་དཔའ་རིས་ཀྱི་ཁོངས་སུ་གཏོགས་པ་ཡིན་ཞེས་ཡུལ་མི་རྒན་པ་རྣམས་ཀྱི་ངག་ལས་དངོས་སུ་ཐོས་ཤིང་བུད་མེད་རྣམས་ཀྱི་སྐྲ་ལུང་འདོགས་ཚུལ་སོགས་ཀྱི་སྟེང་ནས་ཀྱང་མཐོང་ཐུབ་ལ། ཨ་འགྲོ་སོགས་གླུ་གར་གྱི་དབྱངས་རྟའི་སྟེང་ནས་ཀྱང་ཤེས་ཐུབ།   
      དུས་རབས་བདུན་པར་བོད་བཙན་པོའི་རྒྱལ་རབས་ཀྱིས་མདོ་དབུས་ཁམས་གསུམ་གདུགས་དཀར་ཡུག་གཅིག་གི་འོག་དབང་བསྒྱུར་སྐབས། དབུས་གཙང་གི་མི་འབོར་ཆེན་ཞིག་གྲོ་ཚང་སོགས་མདོ་སྨད་ཡུལ་དུ་གནས་སྤོས་ཏེ་ཡུལ་འདིའི་བོད་མི་དང་འདྲེས། ཁྱད་པར་དུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་སུ་ཡུལ་མཐའ་སྲུང་མཁན་གྱི་དམག་མི་རྒྱ་ཆེར་གཞིས་ཕབ་ཅིང་གནས་བཟུང་བ་ད་ལྟ་ཚོ་བ་དང་ཁྱིམ་ཚང་གི་མིང་ཏུ་ཆགས་ནས་ཡོད་པ། དཔེར་ན། སོ་བ་ཚང་། དུང་བོ་ཚང་། སྒྱོགས་དཔོན་ཚང་ལྟ་བུའོ།།   
      ཕྱིས་སུ་དུས་རབས་དགུ་པར་རྒྱལ་པོ་གླང་དར་གྱི་སྲས་འོད་སྲུང་ལས་མཆེད་པའི་ཁྲི་གནམ་ལྡེ་དཔོན་བཙན་གྱིས་སྲིད་དབང་སྐྱོང་སྐབས། “རྨ་ཙོང་ཆུ་བོའི་འབབ་ཡུལ་གྱི་ཡུལ་དཔོན་ཀླུ་བཙན་དང་མ་མཐུན་པར་རྒྱལ་སྲས་གྱིས་རང་གི་ཉེ་འཁོར་རྣམས་ཁྲིད་དེ་གྲོ་ཚང་ས་ཆར་ཕེབས་ཤིང་མདོ་སྨད་ཀྱི་ཡུལ་གྲུ་ཕལ་མོ་ཆེ་ལ་དབང་བྱས་”③ཞེས་པ་ལ་གཞིགས་ན།   སྐབས་དེར་བཙན་པོའི་གདུང་རྒྱུད་མང་པོ་གྲོ་ཚང་དུ་གཞིས་ཕབ་པ་ཤེས་ཐུབ། དེའི་རྗེས་སུ་བླ་མ་གླང་དཀར་པའི་ཉེ་ཚན་མང་པོ་ལྷོ་བྲག་བྲོ་བོ་ལུང་ནས་གྲོ་ཚང་དུ་འོངས་ཏེ་གཞིས་ཆགས་པར་བཤད། མདོར་ན། གྲོ་ཚང་བོད་མི་ནི་ལོ་ངོ་སྟོང་ཕྲག་དུ་མའི་ཡར་སྔོན་ཏུ་གནས་འདིར་འཚོ་སྡོད་བྱས་དེ་ཡོད་པ་ལ་ཕྱིས་བོད་བཙན་པོའི་སྐབས་དབུས་གཙང་ནས་འོངས་པའི་མཐའ་སྲུང་དམག་དང་། དེའི་རྗེས་ཀྱི་བླ་མ་གླང་དཀར་བའི་རྗེས་འབྲངས་ཉེ་ཚན་རྣམས་བཅས་གཅིག་འདུས་ཀྱི་ཕུང་བོ་ཞིག་ཡིན་པ་ལོ་རྒྱུས་ཀྱི་དེབ་ཐར་མེ་ལོང་དག་ལས་གསལ་བོར་མཐོང་ཐུབ།  
      2. གྲོ་ཚང་ཞེས་པའི་མིང་གི་བྱུང་ཚུལ། འོ་ན་གྲོ་ཚང་ཞེས་པའི་མིང་དེ་ཇི་ལྟར་ཐོགས་པ་ཡིན་ཞེ་ན། གྲོ་ཚང་རྡོ་རྗེ་འཆང་བཞེངས་པ་པོ་བླ་མ་གླང་དཀར་པ་དང་འབྲེལ་བ་དམ་པོ་ཡོད། གྲོ་ཚང་ལྷ་ཁང་ཀོ་ཏམ་སྡེ་བཞེངས་པ་པོ་གྲུབ་ཆེན་མཚོ་སྙིང་བའམ་བླ་མ་གླང་དཀར་པ་སངས་རྒྱས་བཀྲ་ཤིས་ནི། ལྷོ་བྲག་གྲོ་བོ་ལུང་ནས་འཁྲུངས་ཤིང་། ལྷ་དང་བླ་མའི་ལུང་བསྟན་བཞིན་ཡུལ་མདོ་སྨད་དུ་བྱོན་ཏེ་མཚོ་སྙིང་མ་ཧཱ་དེ་ཝ་རུ་སྒྲུབ་པ་ཡུན་རིང་མཛད་ཅིང་མི་རྣམས་ཀྱི་མཐོང་ངོར་གླང་དཀར་པོ་ཞིག་ལ་ཅིབས་ནས་ཕེབས་བཞུད་མཛད་པས་བླ་མ་གླང་དཀར་པ་ཞེས་མཚན་ཐོགས། རིམ་གྱིས་དགོན་ལུང་བྲག་ཏུ་ཕེབས་ཏེ་ཚོགས་བདག་བསྒྲུབས། སྐབས་དེར་མིན་རྒྱལ་རབས་(明朝)ཀྱི་ཏཱའི་མིང་ཐོག་མ་ཧུང་ཝུ་(洪武)ཁྲིར་བཞུགས་ནས་ཡུན་རིང་མ་ལོན་པའི་དུས་ཡིན། རྒྱལ་པོ་དེས་བླ་མཆོད་ཅིག་སྤྱན་འདྲེན་པར་འདོད་ནས་མདོ་སྨད་ཕྱོགས་སུ་བང་ཆེན་བཏང་བས། ནུབ་ཀྱི་སའི་མཐར་འབྲོག་དགོན་གྱི་རི་སུལ་ཅིག་ན་བླ་མ་གྲུབ་ཐོབ་ཆེན་པོ་ཞིག་བཞུགས་པ་རྒྱལ་པོ་ལ་ཞུས་པས་སླར་ཡང་གསེར་ཡིག་པ་བརྫངས་ནས་གདན་དྲངས་ན་བསྟན་འགྲོའི་དོན་འགྲུབ་པར་དགོངས་ཏེ། སྤྱི་ལོ་1389ལོར་གདན་དྲངས་པ་ཐུགས་ཀྱིས་བཞེས་ཏེ་ད་ལྟའི་པེ་ཅིན་དུ་ཕེབས་ནས་མིན་རྒྱལ་རབས་ཀྱི་གོང་མ་དང་མཇལ་འཕྲད་གནང་། གོང་མ་ཧོང་ཝུས་བླ་མ་གླང་དཀར་པ་སངས་རྒྱས་བཀྲ་ཤིས་ཀྱི་ཡོན་ཏན་མཐོང་པས་སྙིང་ནས་དད་ཅིང་དབུ་བླར་བཀུར། སྐབས་དེ་ནས་བཟུང་མཆོད་ཡོན་གྱི་འབྲེལ་བ་བྱུང་ཞིང་བླ་མའི་ཐུགས་དགོངས་ལྟར་སྤྱི་ལོ་1392ལོར་མིན་གོང་མ་ཧུང་ཝུ་ཡིས་རྒྱུ་རྐྱེན་སྦྱར་ཏེ་གྲོ་ཚང་རྡོ་རྗེ་འཆང་བཞེངས་པ་དང་དགོན་མིང་ལ་ཀོ་ཏམ་སྡེ་ཞེས་བཏགས། གཙུག་ལག་ཁང་མང་དུ་བཞེངས་ཤིང་དགེ་འདུན་གྱི་སྡེ་བཙུགས་ཏེ་བསྟན་པ་ལ་བྱ་བ་མཛད་ཅིང་།  གོང་དུ་བགྲང་པའི་ལྷ་ཁང་ལུང་པ་བདུན་པོའང་མཆོད་གཞིས་སུ་བཀུག དགོན་པའི་ཕྱིའི་བཟོ་བཀོད་སྐབས་དེའི་རྒྱ་ནག་གོང་མའི་ཕོ་བྲང་ལ་དཔེ་བྱས་ཏེ་བཞེངས་པས་པེ་ཅིན་གོང་མའི་ཕོ་བྲང་གཉིས་པ་ཞེས་འབོད་ཅིང་ནང་རྟེན་གཙོ་བོ་རྒྱལ་བ་རྡོ་རྗེ་འཆང་གི་སྐུ་བརྙེན་བཞེངས་ཡོད་པས་གྲོ་ཚང་རྡོ་རྗེ་འཆང་ངམ་རྡོ་རྗེ་གདན་གཉིས་པ་ཞེས་ཀྱང་གྲགས།  དགོན་པའི་དབུས་སུ་བཞེངས་པའི་ལྷ་ཁང་དུ་དུས་གསུམ་སངས་རྒྱས་ཀྱི་སྐུ་བརྙན་དང་གཡོན་གྱི་ལྷ་ཁང་དུ་མགོན་པོ་ཕྱག་བཞི་པ།  གཡས་ཀྱི་ལྷ་ཁང་དུ་ས་སྐྱའི་མཆོད་རྟེན་ཆེན་པོ་ཞིག་ཀྱང་བཞེངས་ཡོད། དེ་མིན་དབུས་ཀྱི་ལྷ་ཁང་གི་མདུན་དུ་སྐབས་དེར་བཞེངས་པའི་རྡོ་རིང་ལ་བོད་རྒྱ་གཉིས་ཀྱི་ཡི་གེ་ཤན་སྦྱར་དུ་བཀོད་ཡོད་པ་ད་ལྟའང་འཇིག་མེད་པར་མཐོང་རྒྱུ་འདུག  དགོན་པའི་དཀོར་གཉེར་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། མིན་རྒྱལ་རབ་ཀྱི་སྐབས་སུ་དགོན་པ་འདིར་རབ་བྱུང་བ་400ལྷག་བཞུགས་པ་དང་། ཆིན་རྒྱལ་རབས་ཀྱི་དུས་མཇུག་ཏུ་རབ་བྱུང་བ་300ལྷག་འདུས་ཡོད་པར་གྲགས།    1957ལོའི་མཚམས་སུ་སླེབས་དུས་དགེ་འདུན་པ་33ཙམ་དང་། 2007ལོར་གྲྭ་བཙུན་16མ་གཏོགས་མི་བཞུགས། རིག་གསར་སྐབས་དགོན་པ་འདི་སྡེ་བའི་འབྲུ་མཛོད་བྱས་པས་ད་ལྟའི་བར་དུ་མ་ཉམས་པར་གནས་ཐུབ་པ་ཡིན་ཟེར་བ་བདེན་ཏེ། དགོན་པའི་ཁྱམས་ཀྱི་ལྡེབ་རིས་ལ་ལ་ད་ལྟ་ཡང་ཧ་ཅང་གསལ་ཞིང་།  མིས་རེག་ཐུབ་ས་དང་འབྲུ་ལྡུག་ས་རྣམས་མི་གསལ་བས་འབྲུ་མཛོད་བྱས་པ་ཤེས་ཐུབ། གལ་ཏེ་འབྲུ་མཛོད་བྱས་མེད་ཚེ་ཕལ་ཆེར་འབྱུང་བཞིའི་ཕང་བ་རུ་འཐིམས་ཀྱང་སྲིད་ཅེས་ཡུལ་དེ་གའི་སྡེ་མི་རྣམས་ཟེར།   མདོར་ན་གྲོ་ཚང་རྡོ་རྗེ་འཆང་བཞེངས་པ་པོ་བླ་མ་གླང་དཀར་པའི་གྲོ་བོ་ལུང་གི་ཉེ་ཚན་རྣམས་གཞིས་ཕབ་པས་དཔའ་རིས་ལས་ཟུར་དུ་བུད་དེ་ཁོ་ཚོ་ལ་གྲོ་ཚང་པ་ཞེས་འབོད་པ་དང་། ལྷོ་གྲགས་གྲོ་བོ་ལུང་པའི་གདུང་བརྒྱུད་རྣལ་མ་ཡིན་པ་མཚོན། རིམ་བཞིན་གདུང་རྒྱུད་ཀྱི་མིང་ས་མིང་ལ་ཐོགས་ནས་ལུང་མདོ་གྲོ་ཚང་པ་ཞེས་མིང་ཆགས།   
      3.གྲོ་ཚང་བོད་མིའི་ཡུལ་སྲོལ་གོམས་གཤིས།
      ཡུལ་སྲོལ་གོམས་གཤིས་ནི་མི་རིགས་རང་གི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་བརྒྱུད་རིམ་ཁྲོད་ནས་མི་རིགས་རང་གི་གཤིས་ལུགས་སུ་གྲུབ་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཙོ་བོ་ཞིག་ཡིན་པས་ན། གྲོ་ཚང་ཡུལ་གྱི་བོད་མི་ལའང་བོད་སྤྱིའི་ཁྱད་ཆོས་དང་ཁྱད་པར་ཡུལ་གྲུ་རང་གི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ཕུན་སུམ་ཚོགས་པ་ཡོད་པ་ལས་ད་ལྟའང་མ་ཉམས་པར་ཡོད་པ་ནི། དཔེར་ན། མགྲོན་པོ་སྣེ་ལེན་བྱེད་སྐབས་མགྲོན་ཆང་ཐེངས་གསུམ་འདྲེན་པའི་སྲོལ་ཡོད་པ་དང་དེ་ལ་རྟེན་འབྲེལ་གསུམ་པ་ཞེས་བཤད། དེ་མིན་མགྲོན་པོ་ཕེབས་དུས་ཁྱིམ་དུ་གདན་དཀར་འདིང་པ། ཨ་འགྲོ་དང་ཞང་མ་ལོ་སོགས་དབྱངས་རྟ་རྣ་ཚོགས་ལ་དྲངས་པའི་སྲོལ་རྒྱུན་གྱི་རྩེད་རིག་དང་གླུ་ལེན་སྲོལ་མང་པོ་ཡོད་པ་མ་ཟད། གཞན་བུད་མེད་རྣམས་ཀྱི་སྐྲའི་ལན་བུ་འཇོག་སྟངས་ལ་མདོ་སྨད་ཀྱི་ཡུལ་ཁམས་གཞན་དང་མི་འདྲ་བའི་ཁྱད་ཆོས་ཡོད་པ་ནི། དཔེར་ན། ས་དེའི་བུད་མེད་མང་ཆེ་བས་སྐྲ་ལན་བུ་གསུམ་དུ་ཕྱེ་ནས་སླས་ཡོད་པ་དང་། གཉེན་མ་སྒྲིག་པའི་བུད་མེད་ཚོས་ལན་བུ་གཅིག་རེ་སླས་ཡོད། གཉེན་སྒྲིག་བྱས་ཟིན་པའི་བུད་མེད་ཚོས་སྐྲ་ལུང་དང་སྐེད་འཆིང་། རྣ་ལུང་སོགས་འདོགས་པ་དང་། ཞྭ་མོ་སོགས་གྱོན་པའི་སྲོལ་ཡོད་ལ་རྒྱན་ཆས་འདི་དག་གི་བཟོ་དབྱིབས་དང་སྟེང་གི་རི་མོ་རྣམས་ཕལ་ཆེར་སྐུ་འབུམ་ཚོ་དྲུག་དང་མིན་ཧོ་རྫོང་། རྟ་ཐང་རྫོང་། སྟོང་འཁོར་རྫོང་། དཔའ་རིས་པ་བཅས་ཀྱི་བཟོ་དབྱིབས་དང་འདྲ། འདིར་གླེང་དགོས་པ་ཞིག་ལ། དཔའ་རིས་བུད་མེད་ཚོས་སྐྲའི་ལན་བུ་རྣམས་མདུན་དུ་འཕྱང་བའི་སྲོལ་ཡོད་པ་ནི། སྔོན་གྱི་དུས་སུ་དཔའ་རིས་ཡུལ་དུ་བུད་མེད་རྣམས་ཀྱང་དུས་ངེས་མེད་དུ་དམག་ལ་ཆས་དགོས་པས་སྟབས་བདེ་བའི་ཕྱིར་དུ་སྐྲའི་ལན་བུ་མདུན་དུ་བླངས་པ་དང་། སྐྲ་ལུང་ཡ་གཅིག་མདུན་དུ་བླངས་པ་དང་ཅིག་ཤོས་དེ་རྒྱབ་ཏུ་འཕང་ཡོད། མདུན་དུ་འཕྱང་དོན་ནི་མདའ་ཤུབ་འགེལ་ས་དང་།  ཅིག་ཤོས་དེ་རྒྱབ་ཏུ་འཕྱང་དོན་ནི་གཞུ་འགེལ་ས་བྱས་པའི་སྟབས་ཡིན་ཟེར། རིམ་བཞིན་འགལ་རྐྱེན་འཁྲུག་ལོང་མེད་པར་དུས་བདེ་ཞི་འཇགས་སུ་གྱུར་བའི་ལོ་ཟླའི་ཟོ་ཆེན་ནང་རིམ་གྱིས་མཛེས་བྱེད་ཀྱི་རྒྱན་ཆར་གྱུར་ནས་འཚོ་བ་དངོས་དང་འབྲལ་ཐབས་མེད་པའི་ཡུལ་སྲོལ་གོམས་གཤིས་སུ་གྱུར་བ་རེད། དེ་མིན་གྲོ་ཚང་དུ་མདའ་འཕེན་པའི་སྲོལ་ཡང་ཡོད་དེ། ལོ་རེའི་ཟླ་ལྔ་པའི་ནང་ཡུལ་དེ་གའི་སྟག་ཤར་ཚོས་མདའ་ལི་མའི་འཕོང་སྐྱེན་འགྲན་པ་ནི་ཡུལ་དེའི་ཆེས་གཞི་རྒྱ་ཆེ་བའི་དུས་ཆེན་ཞིགཡིན་ལ།  གྲོ་ཚང་དུ་མ་ཟད་མིན་ཧོ་རྫོང་གི་ཚེ་བརྟན་ལུང་པའི་བོད་མི་རྣམས་ཀྱང་མདའ་འཕེན་དུས་ཆེན་ལ་རོལ་བའི་སྲོལ་ཡོད། སྤྱིར་མདོ་སྨད་ཡུལ་དུ་མདའ་རྩལ་འགྲན་པའི་སྲོལ་ཡོད་པ་ནི་ཡུལ་འདི་གའི་བོད་མི་རྣམས་བོད་ཀྱི་ཤར་མཐའ་སྲུང་བའི་དམག་གི་གདུང་རྒྱུད་བསྙོན་མེད་ཡིན་པའི་སྒྲུབ་བྱེད་གསིབ་དུ་མེད་པ་ཞིག་ཡིན་ཞེས་ལོ་རྒྱུས་སྨྲ་བ་རྣམས་ལ་རླུང་ལྟར་གྲགས་ཡོད། གཞན་ད་དུང་གྲོ་ཚང་ཡུལ་གྱི་བོད་མིའི་གོམས་གཤིས་ལ། དཔེར་ན། གཉེན་སྟོན་གྱི་ཆོ་ག་ལ། བུ་མོ་གནས་ལ་བསྐྱལ་དུས་བག་གླུ་དང་། མགྲོན་པོ་བསུ་བའི་བསུ་གླུ། སྒོ་ཁའི་འབབ་རྟེན་རིམ་གསུམ། ཇ་བཤད་དང་ཆང་བཤད། བག་ལྭ་གྱོན་དུས་ཀྱང་གཡང་དཀར་ལུག་ལས་སྣམ་བུ་བྱུང་ཚུལ། རྒྱལ་པོ་སྲོང་བཙན་དུས་ནས་བོད་རྒྱ་བར་དུ་གཉེན་དར་ཚུལ། འཇིག་རྟེན་ཆགས་ལུགས་དང་སངས་རྒྱས་བསྟན་པ་དར་ཚུལ་ལ་སོགས་པའི་བརྗོད་བྱ་ལས་བརྩམས་པའི་གཏམ་བཤད་ཀྱི་རིགས་འཐུས་སྒོ་ཚང་བ་མང་པོ་ཡོད་པ་ད་ལྟའང་མ་ཉམས་པར་ཡོད་པ་བདག་གིས་དངོས་སུ་མཐོང་། དེ་ལས་གཞན་འོ་སྐོལ་སྒང་བ་བོད་ལ་ཐུན་མོང་དུ་དབང་བའི་བོད་བརྒྱུད་ནང་བསྟན་གཙོ་བྱས་པའི་ཕུན་སུམ་ཚོགས་པའི་རིག་གནས་རྒྱུན་འཛིན་བྱས་ཡོད་པར་མ་ཟད།  གྲོ་ཚང་བོད་མིས་གནའ་ནས་ད་བར་དུ་མི་རིགས་གཞན་དང་མཐུན་སྒྲིལ་མཉམ་གནས་ཀྱིས་འཚོ་ནའང་གཉེན་ལམ་མི་བསྲེ་བ་མ་ཟད། ཐ་ན་ཡུལ་ཕྱོགས་གཞན་གྱི་བོད་མི་ལའང་གཉེན་སྡེབ་པར་མི་བྱེད་པ་སོགས་ཀྱི་གོམས་སྲོལ་ཡང་རྒྱུན་འཛིན་བྱས་ཡོད་པས་རྒྱ་སོགས་མི་རིགས་གཞན་དང་འདྲེས་ནས་ཡོད་ཀྱང་བོད་ཉམས་མ་ཤོར་བར་ཡོད་པ་ནི་འདི་ལྟ་བུའི་སྲོལ་རྒྱུན་རིག་གནས་ཡོད་པའི་རྐྱེན་གྱིས་རེད། ཡིན་ནའང་དེང་སྐབས་གྲོ་ཚང་ས་ཆའི་ལོ་སུམ་ཅུའི་མན་ཆད་ཀྱི་ན་གཞོན་དང་བྱིས་པ་ཚོས་བོད་སྐད་དང་བོད་ཡིག་གཏན་ནས་མི་ཤེས།  
       གཉིས་པ། ལོ་ཟླའི་བརྒྱུད་རིམ་ཁྲོད་ཀྱི་འཕོ་འགྱུར།   
      1. སྐད་ཡིག་ཐད་ཀྱི་འགྱུར་ལྡོག ལྷ་ཁང་ལུང་པ་ནི་གྲོ་ཚང་བོད་མི་འདུས་སྡོད་བྱེད་ས་གཙོ་བོ་ཞིག་རེད། སྔ་དུས་སུ་ཡུལ་འདི་མདོ་སྨད་དཔའ་རིས་ཀྱི་ཁོངས་སུ་གཏོགས་པ་གོང་སྨྲས་ལྟར་དང་། གཞུང་ཁོག་དེ་ལ་ལྷ་ཁང་ལུང་པ་ཞེས་འབོད་དོན་ནི་བླ་མ་གླང་དཀར་པ་སངས་རྒྱས་བཀྲ་ཤིས་ཀྱིས་རྟག་ཏུ་སྒྲུབ་པ་ཉམས་ལེན་བྱེད་སའི་སྒྲུབ་ཕུག་སྟོད་ཀྱི་རི་སྐེད་ན་དཔྲལ་བའི་མིག་ལྟར་ཡོད་པ་ད་ལྟའང་མཇལ་ཐུབ་པ་དེ་དང་། གྲོ་ཚང་རྡོ་རྗེ་འཆང་གི་དགོན་པའང་ལུང་པ་དེའི་ནང་དུ་ཡོད་པའི་རྐྱེན་གྱིས་ལྷ་ཁང་ལུང་པ་ཞེས་ཐོགས་པ་ཡུལ་མི་རྒན་པ་རྣམས་ཀྱི་ངག་ལས་ཐོས།  
      ཡིན་ནའང་། དེང་སྐབས་ཀྱི་གནས་ཚུལ་ནི་ལུང་མདོ་རྫོང་མཁར་ལ་མཚོན་ན་ལོ་ལྔ་བཅུ་མན་ཆད་ཀྱི་བོད་མིའི་ནང་དུ་བོད་སྐད་བཤད་ཤེས་མཁན་དང་བོད་ཀྱི་གླུ་གཞས་ལ་བྱང་ཆ་ཡོད་པ་ཧ་ཅང་དཀོན། ཁྱད་པར་ལོ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་རྡོ་རྗེ་འཆང་དགོན་པ་འདིར་དགེ་འདུན་པ་16ལས་མེད་པ་དང་། འདི་འདྲའི་གནས་ཚུལ་མིན་ཧོ་རྫོང་གི་བོད་སྡེ་དག་ན་ཡང་མང་དུ་མཐོང་རྒྱུ་ཡོད། དཔེར་ན། རྗེ་ཙོང་ཁ་པ་ཆེན་པོས་དགོངས་ལོ་24སྟེང་རང་གི་ཤངས་ཁྲག་བསྲེས་པའི་ཚོན་རྩིས་བཞེངས་པའི་རྗེའི་ཞལ་ཐང་གསུང་འབྱོན་མ་བཞུགས་སའི་ཁ་ཏའི་ཁ་བ་དགོན་པར་དགེ་འདུན་པ་འགའ་བཞུགས་པ་ལས་དགོངས་ལོ་བདུན་བཅུར་སོན་པའི་བླ་རྒན་བགྲེས་པོ་དེ་གཅིག་པུ་མ་གཏོགས་བོད་སྐད་བཤད་ཤེས་མཁན་མི་འདུག དེ་བཞིན་རྟ་ཐང་རྫོང་ན་ཡོད་པའི་བྱང་གི་དགོན་ཆེན་བཞིའི་ཡ་གྱལ་གསེར་ཁོག་དགོན་པར་མཚོན་ནའང་། ཚོགས་ཆེན་འདུ་ཁང་ལྷའི་ཕོ་བྲང་ལ་འགྲན་བཟོད་པ་ཞིག་བཞེངས་ཡོད་མོད། རབ་བྱུང་བ་ཉི་ཤུ་ལྷག་མ་གཏོགས་མི་བཞུགས་ལ། དགོན་གྲོང་འདྲེས་ཤིང་དགོན་བདག་བླ་མའི་འཕྲིན་ལས་རྫོང་མཁར་ན་རྒྱས་པའི་གནས་ཚུལ་ངོ་མ་དེ་མངོན་སུམ་ཚད་མའི་སྤྱོད་ཡུལ་དུ་གསལ་བ་ནང་བཞིན་ནོ།།   
      2.བསམ་བློ་དང་ཡུལ་སྲོལ་ཐད་ཀྱི་འགྱུར་ལྡོག སྤྱིར་གོང་ནས་བཤད་པ་ནང་བཞིན་ད་ལྟའི་གྲོ་ཚང་བོད་མི་ནི་ལོ་ངོ་སྟོང་ཕྲག་དུ་མའི་སྔ་རོལ་ནས་མདོ་སྨད་ས་ཡི་ཐིག་ལེ་འདིའི་ས་འཛིན་གྱི་ཐོག་མ་དང་གཞི་འཛིན་གྱི་དང་པོའི་གྲས་སུ་གྱུར་བ་ནས་བཟུང་། རང་ལ་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་དང་བསམ་བློ་ཡོད་པ་མ་ཟད། ཕྱིས་སུ་དབུས་གཙང་ནས་འོང་བའི་བོད་དམག་དང་བླ་མ་གླང་དཀར་བའི་ཉེ་ཚན་རྣམས་གནས་དེར་གཞིས་ཕབ་པས་སྔ་དུས་རིང་མོ་ནས་བཟུང་བོད་རང་གི་ཁྱད་ཆོས་ལྡན་པའི་བསམ་བློའི་འདུ་ཤེས་དང་ཡུལ་སྲོལ་གོམས་གཤིས་ཡོད་ངེས་པ་ཡིན། ལྷག་པར་བོད་ཆོས་ལྡན་གྱི་ཞིང་ཁམས་འདིར་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་རིང་ལ་སངས་རྒྱས་བསྟན་པའི་དབུ་ཚུགས་པ་ནས་བཟུང་བོད་ཀྱི་བསམ་བློ་དང་རིག་གནས་ཐད་འཕེལ་རྒྱས་ཆེན་པོ་བྱུང་སྟེ། འཛམ་གླིང་ཟླུམ་པོའི་ཁྱོན་འདིར་སྤོབས་པའི་མགོ་བོ་ནམ་ཡང་སྨད་མི་དགོས་པར་གྱུར་ཡོད། དེ་བས་གྲོ་ཚང་གི་ཡུལ་འདིར་མཚོན་ནའང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བསམ་བློ་ངེས་ཅན་ཞིག་ཆགས་ཡོད་དེ། གྲོ་ཚང་རྡོ་རྗེ་འཆང་བཞེངས་པའི་རྗེས་ཀྱི་ལོ་227མཚམས་ཏེ་སྤྱི་ལོ་1619ལོར་གྲོ་ཚང་དགོན་ཆེན་བཀྲ་ཤིས་ལྡིང་ཀ་གླིང་བཞེངས་པ་དང་། ཀ་རིང་བླ་མ་སྐུ་ཕྲེང་རིམ་བྱོན་གྱིས་དགོན་བདག་མཛད་དེ་ཆོས་གྲྭ་བཙུགས་ཤིང་འཆད་མཉན་སྤེལ་བ་སོགས་མདོ་སྔགས་རྒྱ་མཚོའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། རབ་བྱུང་བ་ཡང་400ནས་500ལྷག་ལ་ཉེ་བ་འདུས་ཤིང་ལུང་མདོའི་ལྷོ་ཕྱོགས་ཀྱི་དགོན་པ་ཆེ་ཤོས་སུ་གྱུར། མདོར་ན་གྲོ་ཚང་བོད་མིའི་འཇིག་རྟེན་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ། མི་ཚེ་ལྟ་ཚུལ་སོགས་ལ་བོད་པ་ཐུན་མོང་དང་འདྲ་བར་བོད་བརྒྱུད་ནང་བསྟན་གྱི་རང་བཞིན་ལྡན་པར་མ་ཟད། ལབ་རྩེ་བསྟོད་པ་སོགས་གནའ་བོའི་བོན་གྱི་བསམ་བློ་དང་ཆོ་གའི་རྒྱུན་ཡང་བསྲིངས་ཡོད་པ་རེད། ཡིན་ཡང་། ལོ་རྒྱུས་ཀྱི་རྒྱུ་རྐྱེན་སྣ་ཚོགས་པའི་དབང་གིས་གྲོ་ཚང་བོད་མིའི་བསམ་བློ་ཐད་ལ་འགྱུར་ལྡོག་མི་ཉུང་བ་བྱུང་ཡོད། དཔེར་ན་གྲོ་ཚང་ས་ཆའི་བོད་མི་འདུས་སྡོད་བྱེད་ས་ཆེས་མང་པོའི་སྡེ་བ་གང་གི་ཁྱིམ་ཚང་གང་ལ་སོང་ནའང་མཆོད་ཁང་དང་མ་ནི་འཁོར་ལོ། རྒྱལ་མཚན་རྩེ་མོ་དང་བསང་ཁྲི་སོགས་བོད་ཁྱིམ་ཐུན་མོང་བའི་ཁྱད་ཆོས་མཐོང་རྒྱུ་ཧ་ཅང་ཉུང་ལ། བོད་རང་གི་སྲོལ་རྒྱུན་གྱི་གླུ་དང་གཞས་གཏོང་མཁན་དེ་བས་ཀྱང་ཉུང་། དེར་མ་ཟད། བོད་རང་གི་གྱོན་ཆས་སྤྱོད་མཁན་ཧ་ཅང་ཉུང་ལ། ཁྱིམ་ཚང་ལ་ལས་རང་གི་ཕ་མེས་ཡང་མེས་ཀྱི་རིང་ནས་བརྒྱུད་འོང་བའི་བོད་ལྭ་རྣམས་མི་གཙང་བའི་གནས་སུ་གད་སྙིགས་བཞིན་སྦས་ཡོད་པ་ཡང་བདག་གིས་དངོས་སུ་མཐོང་། དུ་བ་ལས་ནི་མེ་ཤེས་དང་། ཆུ་སྐྱར་ལས་ནི་ཆུ་བོ་བཞིན། གཅིག་ན་བོད་སྐད་དང་བོད་ཡིག་ཤེས་མཁན་ཉུང་བ་དང་། གཉིས་ན་ཡུལ་སྲོལ་ཐད་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་འདིའི་ཤུགས་ནས་གྲོ་ཚང་བོད་མིའི་བསམ་བློའི་ཐད་འགྱུར་ལྡོག་ཇི་འདྲ་བྱུང་ཡོད་པའང་ཤེས་ཐུབ།  
       གསུམ་པ། སྤྱི་ལོ་1723ལོའི་བློ་བཟང་བསྟན་འཛིན་གྱི་དོན་རྐྱེན་རྗེས་སུ་བྱུང་བའི་གནས་ཚུལ།  
       མི་མཇེད་འཇིག་རྟེན་གྱི་ཁམས་འདིར་གནས་པའི་བྱ་དངོས་ཡོད་ཚད་རྒྱུ་དང་རྐྱེན་ལས་མ་བྱུང་བ་དང་མ་རྒུད་པ་མེད་པ་བཞིན། འོ་སྐོལ་གྲོ་ཚང་པའི་སྐད་ཡིག་རིག་གནས་དང་བཅས་པ་ཉམས་རྒུད་དུ་འགྲོ་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་འདི་ལའང་རྒྱུ་རྐྱེན་ཞིག་ཡོད་ངེས་རེད། སྤྱི་ལོ་1652ལོར་རྒྱལ་དབང་ལྔ་པ་ཆེན་མོ་འཁོར་སུམ་སྟོང་དང་བཅས་ཆིན་གོང་མ་ཧྲོན་ཀྲི་ལ་མཇལ་འཕྲད་གནང་བའི་ལམ་ཏུ་གྲོ་ཚང་བརྒྱུད་དེ་གྲོ་ཚང་རྡོ་རྗེ་འཆང་གི་དགོན་བདག་བླ་མ་བྲག་ཚང་དང་ཞལ་ཏ་གནང་། སྐབས་དེར་མཚོན་ན་གྲོ་ཚང་ནང་སོས་མི་རྟ་སུམ་སྟོང་ལྷག་གི་འདུག་གནས་བཀོད་སྒྲིག་བྱེད་ཐུབ་ཅིང་རྒྱལ་དབང་ཐུགས་དགྱེས་དགྱེས་བྱུང་བ་དེས་གྲོ་ཚང་ནང་སོའི་སྟོབས་འབྱོར་མངའ་ཐང་ཧ་ཅང་དར་ཡོད་པ་མཚོན་ཐུབ། ཡིན་ནའང་། སྤྱི་ལོ་1723ལོར་སོག་པོ་བ་བློ་བཟང་བསྟན་འཛིན་དང་གསེར་ཁོག་དགོན་གྱི་སེ་ཆེན་རབ་འབྱམས་པ་བཅས་ཀྱིས་ཆིན་སྲིད་གཞུང་ལ་ངོ་རྒོལ་བྱས་པའི་དུས་ཟིང་བསླངས་པའི་དོན་རྐྱེན་དེ་གྲོ་ཚང་ནང་སོ་ཡུལ་མི་དང་བཅས་པ་ཉམས་རྒུད་དུ་འགྲོ་བའི་ཕྱི་རྐྱེན་ཞིག་ཏུ་གྱུར།   
      1.ཆབ་སྲིད་ཐད་ཀྱི་ཤུགས་རྐྱེན། སྤྱི་ལོ་1723ལོར་བློ་བཟང་བསྟན་འཛིན་(བསྟན་འཛིན་ཆིང་ལྦང་)དང་གསེར་ཁོག་དགོན་པའི་སེ་ཆེན་རབ་འབྱམས་པ་སོགས་ཀྱིས་དུས་ཟིར་བསླངས་པ་ལ་ཆིན་སྲིད་གཞུང་གི་དམག་དཔོན་ཇང་ཇུན་གུང་ཉེན་ག་ཡོའུ་དང་། གུང་ཡོའུ་གྲུང་ཆི་གཉིས་ཀྱིས་དཔུང་བཏེགས་ནས་མཚོ་སོག་ཆམ་ལ་ཕབ་པ་མ་ཟད་ལོ་སྔ་རྗེས་སུ་གསེར་ཁོག་དགོན་པ་དང་དགོན་ལུང་དགོན་ཆེན་གཉིས་ཀར་ཆག་འཇིག་ཆེན་པོ་བཟོས། དེ་མིན་སྟོང་འཁོར་དང་ཆུ་བཟང་བཅས་ཉེས་པ་མེད་པའི་དགོན་སྡེ་ཆེ་ཆུང་མང་པོ་མེད་བརླག་ཏུ་བཏང་། བློ་བཟང་བསྟན་འཛིན་གྱི་དུས་ཟིང་ནང་གྲོ་ཚང་གི་མི་གྲངས་ཁྲི་ཕྲག་འགའ་ཡོད་པ་མཐར་སྟོང་ཕྲག་འགའ་ལས་མ་ལུས་པར་གྱུར། མི་གྲངས་ཇེ་ཉུང་ལ་སོང་པའི་རྒྱུ་རྐྱེན་ནི། གཅིག་མི་ཤི་རྟ་འགྱེད་ཀྱི་དུས་ཟིང་ཁྲོད་མང་པོ་ཞིག་གཡུལ་ལས་བཅོམ། གཉིས་གཉའ་གནོན་གྱི་ན་ཟུག་མ་བཟོད་པར་རྨ་ཆུའི་འབབ་ཡུལ་དུ་བྲོས་བྱོལ་བྱས། གསུམ་གྲོ་ཚང་ས་ཆའི་ཚོ་མིང་དང་མིའི་མིང་གི་རུས་བསྒྱུར་ཏེ་མི་རིགས་གཞན་གྱི་ནང་དུ་འཐིམ་སོང་པ་རེད། དཔེར་ན། གྲོ་ཚང་ཚོ་བ་ལ་རྒྱ་ཡིག་ཏུ་དོན་བསྒྱུར་བས་ནས梅家དང་། དེའི་རུས་གཏོགས་ལ་རྒྱ་ཡིག་གི་རུས་སུ་བསྒྱུར་ཏེ་དཔེར་ན། ཚེ་རིང་དུ་འབོད་པ་ལྟ་བུ། དེ་བཞིན་དུ་ཞིང་བ་ཚང་ལ་田家དང་། དེའི་རུས་གཏོགས་པ་དོན་གྲུབ་ལྟ་བུ།  ལ་ཕུག་ཚང་萝家 དེའི་རུས་གཏོགས་སངས་རྒྱས་ལྟ་བུ་དང་། དེ་བཞིན་གླང་ཚང་ལ་象家དང་དེའི་རུས་གཏོགས་ལརིན་ཆེན་ཞེས་སོགས་བཏགས་པ་ད་ལྟའང་འབོད་ཀྱིན་ཡོད་པ་ནི་ལག་མཐིལ་དུ་སྐྱི་རི་ར་བཞག་པ་ལྟར་ལོ་རྒྱུས་ཀྱི་བདེན་དཔང་བསྙོན་མེད་དུ་གྲུབ་ཡོད་པས་མང་པོ་བཤད་པའི་དགོས་པ་མ་མཆིས་སོ།།  
       2. དཔལ་འབྱོར་ཐད་ཀྱི་འགྱུར་ལྡོག གཅིག་ན་དམག་འཁྲུག་གང་གི་སྐབས་སུའང་དམག་ཁྲལ་སྣ་ཚོགས་ཀྱིས་དམངས་ཀྱི་ཁུར་པོ་ཇེ་ལྕིར་གཏོང་བ་ནི་དམག་འཁྲུག་གི་ཆོས་ཉིད་ལྟ་བུ་ཡིན། གཉིས་ན་སྐབས་དེའི་ཆིན་དམག་གིས་དགོན་ལུང་དང་གསེར་ཁོག་དགོན་པ་གཉིས་ཤུལ་མེད་དུ་བཏང་སྟེ་ལོ་280ལྷག་གི་རིང་ལ་སླར་གསོ་བྱེད་མ་ཐུབ་པར་ལུས་པ་དང་། ད་ལྟ་ལོ་ལྔ་ལྷག་གི་རིང་ལ་གསར་བཞེངས་བྱས་པའི་ཚོགས་ཆེན་འདུ་ཁང་ཞིག་ཡོད་པ་དེ་དང་རིག་གསར་སྐབས་མ་འཇིག་པར་ལུས་ཡོད་པའི་ལྷ་མོ་ཁང་གཅིག་ཡོད་པ་དེས་ཤུལ་མེད་དུ་བཏང་བའི་དགོན་པ་དེའི་དོ་ཟླ་ག་ལ་འོང་། མདོར་ན། དགོན་པ་འདི་གཉིས་ཀྱི་སྟེང་ནས་ཀྱང་སྐབས་དེར་མཚོ་སྔོན་སྤྱི་དང་གྲོ་ཚང་ས་ཆའི་རྒྱུ་ནོར་ལ་གྱོང་གུད་ཚབས་ཆེན་ཐེབས་པ་མཚོན་ཐུབ། དཔེར་ན། སྐབས་དེར་གྲོ་ཚང་རྡོ་རྗེ་འཆང་གི་ལྷ་སྡེ་བདུན་གྱི་དགོན་པའི་ལོ་རེའི་ཆོས་ཐོག་སོ་སོའི་གཏོང་སྒོ་རྣམས་ཀྱང་སྲིད་གཞུང་གིས་བླངས་དེ་དགོན་པའི་ཡོང་འབབ་ལ་བཀག་རྒྱ་བཟོས་པ་མ་ཟད། ཆོས་སྒོར་ཞུགས་པ་དང་རབ་བྱུང་བའི་གྲངས་ཀར་ཚོད་འཛིན་བྱས།
      བཞི་པ། མ་པུའུ་ཧྥང་གི་ཁྱིམ་རྒྱུད་དབང་བསྒྱུར་འོག་གི་གནས་ཚུལ།  
      སྤྱི་ལོ་1912ལོའི་ཟླ་པའི་ཚེས་ཉིན་སུན་ཀྲུང་ཧྲན་གྱི་མགོ་འདྲེན་འོག་ལོ་ངོ་ཉིས་སྟོང་ལྷག་གི་ཀྲུང་གོའི་བཀས་བཀོད་རྒྱུད་འཛིན་ལམ་ལུགས་མགོ་མཇུག་སློག་སྟེ་ཆིན་རྒྱལ་རབས་ཀྱི་གོང་མ་ཞོན་ཐུང་ཁྲི་ལས་ཕབ་སྟེ་ནན་ཅིན་རྒྱལ་དམངས་སྲིད་གཞུང་བཙུགས་མོད། གྲོ་ཚང་བོད་མིས་མཚོན་མཚོ་སྔོན་པ་རྣམས་ལ་མཚོན་ན་བདེ་སྐྱིད་ཀྱི་གོ་སྐབས་རེག་མ་ཐུབ་པ་མ་ཟད།  དེ་ལས་ལྡོག་སྟེ་མ་པུའུ་ཧྥང་གི་ཁྱིམ་རྒྱུད་དབང་བསྒྱུར་འོག་ཤོར་ནས་དཀའ་སྡུག་ཆེ་བའི་འཚོ་བ་དང་ཡ་ང་བའི་མི་རིགས་ཀྱི་གཉའ་གནོན་ལ་མགོ་མི་སྒུར་ཐབས་མེད་བྱུང་།  
      1. ཆབ་སྲིད་ཀྱི་བཙན་གནོན། མ་པུའུ་ཧྥང་གིས་ཅང་ཅེ་ཧྲི་ལ་རྒྱབ་བརྟེན་བཅོལ་ནས་མི་ལོ་བཞི་བཅུའི་རིང་མཚོ་སྔོན་ལ་གདུག་རྩུབ་ཆེ་བའི་དབང་བསྒྱུར་བྱས་ཤིང་། 1949ལོར་བསྡོམས་རྩིས་བྱས་པ་ལྟར་ན་སྐབས་དེར་མ་པུའུ་ཧྥང་ལ་ཁྲི་དམག་བཅུ་ཡོད་པ་དང་། དོ་དམ་གྱི་ཕྱོགས་ནས་ཀྱཱ་ཀྲང་དང་པོ་ཀྲང་་བཅས་ཀྱི་སྲིད་འཛིན་སྡེ་ཁག་བཙུགས་ཏེ་ལྟ་ཞིབ་ནན་མོ་བྱས་པས་མི་རྣམས་ཀྱིས་ངོ་རྒོལ་བྱེད་དཀའ་བ་དང་། བོད་རིགས་ཀྱི་མི་གྲངས་ཀྱང་ཆེས་ཆེར་ཇེ་ཉུང་ལ་སོང་། དཔེར་ན། 1931ལོར་ལུང་མདོ་རྫོང་གི་སྤྱིའི་མི་གྲངས་དྲུག་ཁྲི་དྲུག་སྟོང་བཞི་བརྒྱ་ཉི་ཤུ་ཡོད་པའི་ནང་བོད་ཀྱིས་14་3%ཟིན་པ་དང་། 1949ལོར་གྲོ་ཚང་བོད་མིས་རྫོང་ཡོངས་ཀྱི་7%མ་གཏོགས་ཟིན་མེད་ཅེས་《གྲོ་ཚང་བོད་རིགས་ཀྱི་བྱུང་བ་བརྗོད་པ་》ཞེས་པའི་ནང་འཁོད་འདུག མི་གྲངས་ཇེ་ཉུང་ལ་འགྲོ་དོན། གཅིག་ནས་བོད་མི་མང་པོའི་མགོ་ལ་རྭ་མེད་སར་རྭ་བཙུགས་ཏེ་མི་རེའི་མགོ་ལ་རྭ་རེ་བཏགས་པས་ཡིན་ལ། གཉིས་ནས་མ་པུའུ་ཧྥང་གི་ཡ་ང་བའི་གདུག་རྩུབ་ལས་མཐར་ཆེད། གྲོ་ཚང་པ་མང་པོ་ཞིག་ད་ལྟའི་མཚོ་ལྷོ་ཁུལ་དང་རྨ་ལྷོ་ཁུལ། མཚོ་ནུབ་ཁུལབཅས་ཀྱི་ས་ཆར་བྲོས་བྱོལ་བྱས་ཤིང་། མཚོ་ནུབ་ཁུལ་གྱི་གཏེར་ལེན་ཁ་རྫོང་ན་གྲོ་ཚང་བའི་སྡེ་བ་ཞིག་ད་ལྟའང་ཡོད་པ་དེ་དག་གྲོ་ཚང་བོད་མིའི་མི་གྲངས་ཇེ་ཉུང་ལ་སོང་བའི་རྒྱུ་རྐྱེན་ཁྲོད་གཅེས་སྲོག་མ་ཤོར་བའི་དཔའ་རྒོད་ཀྱི་ལྷག་མ་ཡིན། དེ་བས་ཀྱང་མང་པོ་ཞིག་ཁྲག་དྲི་བྲོ་བའི་མེ་མདའ་དང་རལ་གྲིའི་ཁ་ཟས་སུ་གྱུར་བ་རེད།   
      2. ཡུལ་སྲོལ་སོགས་རིག་གནས་ཐད་ཀྱི་བཙན་བསྒྱུར། མ་པུའུ་ཧྥང་གིས་གྲོ་ཚང་བོད་མི་རྣམས་ཀྱི་རུས་མ་རུ་བསྒྱུར། གྲོ་ཚང་པ་སྐོར་ཞིག་འུ་ཐུག་ཐབས་ཟད་དུ་གྱུར་ནས་རང་གི་མེས་པོ་རྣམས་རྨ་ཆེན་གངས་འདབས་ནས་འོང་པ་ཡིན་པས་མིང་གི་སྔོན་ལ་རྨ་སྦྱར་ཏེ་རྨ་ཆེན་ཚང་ཞེས་བཀོལ་མྱོང་ལ་རིམ་བཞིན་“”ཞེས་པར་འགྱུར་བ་རེད། དཔེར་ན། ལྷ་སྐྱབས་ལྟ་བུ། གཞན་ཡང་འཚོ་བ་རོལ་སྟངས་དང་ཆོས་ལུགས་རིག་གནས་ཀྱི་ཐད་ནས་ཀྱང་འདྲ་མཉམ་མིན་པའི་རྩུབ་སྤྱོད་སྣ་ཚོགས་ལག་བསྟར་བྱས་པ་ད་ལྟ་ཡང་རྒན་པ་ཚོའི་ཁ་ན་རླུང་ལྟར་གྲགས་ལ་མིག་མཐོང་ལག་ཟིན་གྱི་དངོས་པོ་མང་དུ་ཡོད་པ་དེ་ལྟར་རོ།།  
      3. དཔལ་འབྱོར་ཐད་ཀྱི་བཙན་གནོན། དགོན་མ་ལག་དང་དུད་ཁྱིམ་སོ་སོར་དཔྱ་ཁྲལ་སྣ་ཚོགས་སྡུད་པ་མ་ཟད་མང་ཚོགས་རྣམས་ལ་ཉེས་མེད་ཉེས་འདོགས་དང་རྡུང་རྡེག་ཚ་དྲག་བྱས་པས། དཔེར་ན། མ་པུའུ་ཧྥང་གིས་དབང་བསྒྱུར་གཉའ་གནོན་བྱེད་པའི་བར་སྐབས་སུ། བཀྲ་ཤིས་ལྡིང་དཀར་དགོན་གྱི་དགོན་བདག་བླ་མས་མ་པུའུ་ཧྥང་གི་སྲིད་གཞུང་ལ་དངུལ་སྒོར་28གྱི་དཔྱ་ཁྲལ་སྤྲོད་མ་ཐུབ་པར་ཁྲིམས་ཐག་བཅད་དེ་འདུག་ཐབས་མེད་པར་གྱུར་ནས་དགོན་པ་དང་ཁ་གྱེས་ཏེ་སོག་པོ་དང་ཧྲན་ཞི་(山西)བརྒྱུད་ནས་མཐར་རྒྱ་ནག་རི་བོ་རྩེ་ལྔར་བཞུགས་དགོས་སོང་། དེ་ལྟར་གྲོ་ཚང་གི་བོད་མི་རྣམས་མི་ལོ་བརྒྱ་ཕྲག་ལྷག་གི་རིང་ལ་འཕེལ་རྒྱས་འགྲོ་མ་ཐུབ་པར་ལུས་པའང་འདི་དག་གི་རྐྱེན་གྱིས་རེད་སྙམ།       
      མཇུག་གི་གཏམ།   
      ཀུན་གྱིས་མཁྱེན་གསལ་ལྟར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་སློབ་དཔོན་ཐོན་མིས་དཀའ་བ་བརྒྱ་ཕྲག་གི་གདོང་བསུས་ཏེ་བོད་རང་གི་སྐད་དང་མཐུན་པའི་ཡི་གེ་དང་བརྡ་སྤྲོད་ཀྱི་གཞུང་ཆ་ཚང་བ་ཞིག་གཏན་ལ་ཕབ་པ་ནས་བཟུང་། བོད་རང་གི་ཉི་མ་དང་ཟླ་བ་ལྟ་བུའི་ལོ་པན་བཀའ་དྲིན་ཅན་རྣམས་ལན་དུ་མར་རྒྱ་གར་ལ་ཕེབས་ཏེ་རིག་གཞུང་དུ་མ་བོད་ལ་གདན་དྲངས་པ་དང་ཐ་ན་རང་གི་ཤས་ཀྱང་དོར་བར་བྱས་པ་སོགས་ཤིན་ཏུ་ནས་མང་སྟེ། ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཁ་ཆེ་ཆོས་ལུགས་ཀྱི་མདུན་དུ་རང་སྲོག་བློས་བཏང་སྟེ་བོད་བརྒྱུད་བསྟན་པ་འདི་སླར་གསོ་བའི་འཕྲིན་ལས་རླབས་ཆེན་མཛད་པ་མ་ཡིན་ནམ། རྗེ་བཙུན་མི་ལ་ལྟ་བུའི་དཔའ་བོ་འཛམ་གླིང་ཏུ་འཁྲུངས་མ་མྱོང་ལ། བོ་དུང་ཕྱོགས་ལས་རྣམ་རྒྱལ་ལྟ་བུའི་པོད་བརྒྱ་ཕྲག་སོ་བདུན་གྱི་བདག་པོར་གྱུར་བའང་བྱོན་མ་མྱོང་། ལྷག་དོན་ས་པན་ཀུན་དགའ་རྒྱལ་མཚན་གྱིས་བཅུ་ཕྲག་རིག་པའི་གཞུང་ཆ་ཚང་སྲོལ་ཕྱེ་ཞིང་བོད་ཀྱི་རིག་གནས་དེ་འཛམ་གླིང་རིག་གནས་ཀྱི་སྟེགས་བུ་གསར་པ་ཞིག་གི་སྟེང་བཀོད་པར་མ་ཟད། དགུང་ལོ་དྲུག་བཅུ་བཞེས་པའི་སྐབས་སུའང་ལོ་གཉིས་རིང་གི་དཀའ་ཚེགས་བརྒྱུད་དེ་རིགས་འདིའི་ཆེད་དུ་སོག་པོ་ལ་ཕེབས་བཞུད་མཛད་པ་མ་ཡིན་ནམ། གངས་ཅན་མཁས་པའི་གཙུག་རྒྱན་རྗེ་རྒྱལ་བ་བློ་བཟང་གྲགས་པས་ཕལ་ཆེར་དགོང་ལོ་བཅུ་བདུན་སྟེང་ནས་བཟུང་མ་དྲིན་མོ་ཆེ་ཞིང་ལ་ཕེབས་ཁར་ཡང་ཞལ་མཇལ་མ་གནང་བར་སྐུ་ཚེ་གང་བོར་བོད་རིག་པ་ལ་ཞིབ་འཇུག་བྱས་པ་ཡིན། སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྐབས་དེའི་རྙོག་འཛིང་ཆེ་བའི་ཆབ་སྲིད་ཁྲོད་བོད་རང་གི་རིག་གནས་འདི་དར་སྤེལ་གཏོང་ཆེད་《བཻ་སྔོན་》སོགས་བསྟན་བཅོས་མང་དུ་བརྩམས་པར་མ་ཟད། ཕོ་བྲང་དཀར་པོའི་རྨང་གཞིའི་སྟེང་ད་ལྟ་འཛམ་གླིང་ན་འགྲན་པའི་ཟླ་དང་བྲལ་བའི་ཕོ་བྲང་པོ་ཏ་ལ་གསར་བཞེངས་མཛད་པ་སོགས་བསམ་ན་ངོ་མཚར་བར་མི་སེམས་སམ། 
      མདོར་ན། དད་པ་ཡུལ་གྱི་ཡོན་ཏན་ལ།། ནས་དང་ཤིང་ཡིད་ཆེས་པའོ།། ཞེས་གསུངས་པ་ལྟར། རང་གི་ཕ་མེས་ཡང་མེས་དག་གིས་རིག་གནས་སྤྱི་དང་ཁྱད་པར་དུ། ཆོས་གང་ཡང་ཡོད་པ་མ་རེད་ཅེས་ཅི་ཡང་མེད་པར་འདོད་པའི་ལོག་ལྟ་དང་། ཆོས་ཐམས་ཅད་རང་ངོས་ནས་སམ་རང་དབང་གིས་གྲུབ་ཡོད་པ་རེད་ཅེས་སྒྲོ་འདོགས་པའི་ལོག་ལྟ་ཚར་གཅོད་ཅིང་། ཆོས་ཐམས་ཅད་རྟེན་འབྲེལ་གྱིས་གྲུབ་པར་འདོད་པའི་བོད་བརྒྱུད་ནང་བསྟན་ཞེས་རིག་པ་ཁྱད་པར་བ་ཞིག་ང་ཚོ་ལ་བཞག་ཡོད་པའི་བཀའ་དྲིན་སྙིང་ལ་བསྒོམས་ཏེ་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་གཞན་ལ་མི་འཚེ་བའི་སྟེང་ནས་རང་གི་མི་རིགས་འདི་ཡང་དག་པའི་བརྩེ་དུང་གིས་སྐྱོང་དགོས། གལ་ཏེ་ཚུལ་མཐུན་གྱི་མི་རིགས་བརྩེ་དུང་ཞིག་མེད་ན་མི་རིགས་དེ་སྔ་མོ་ནས་ཤི་ཟིན་པ་ཡིན།《སྤྲུལ་བའི་རྒྱལ་པོས་བོད་ཁམས་སྤྱི་ལ་གདམས་པ་》ལས། བོད་ཁ་བ་ཅན་གྱི་མི་རྣམས་སྤྲེའུ་དང་བྲག་སྲིན་མོའི་བུར་སོང་བས། ཁོང་ཅོལ་ཆུང་ལ་ཁ་སྦྲིན། ཁྲེལ་འཛེམ་དང་ངོ་ཚ་ཆུང་ལ་གསར་འགྲོག་ལ་དགའ། དད་པ་ཆུང་ལ་སྟིག་ལ་མི་འཛེམ། འགྲོག་ན་སེམས་ཆེ་ལ་ཕྲག་དོག་ཆེ། འདོད་ཐག་ཉེ་ལ་ཚིག་མི་བཙན་པས། དུས་ཕྱི་མའི་མི་རྣམས་ཆོས་དང་གང་ཟག་གཉིས་ཀ་ལ་གསར་འགྲོག་ཆེ་ཞེས་གསུངས་པ་ལྟར། གསར་འགྲོགས་དང་གྲགས་སྐམ་གྱི་ལས་སུ་གཞོལ་བ་ལས། ཐང་ཤིང་གཅིག་འགྲེང་ནི། ནགས་མཐའ་མྱེད་ལ་ཟུག ཆུ་མྱིག་སྔོ་ཅུང་ནི། རྒྱ་མཚོ་འི་རྩིའོ།། ཞེས་པའི་དཔེ་ལྟར། ང་ཚོ་ཚང་མས་ལྡོག་རྩ་གཅིག་སྒྲིལ་སྒོས་ཙོང་ཁ་རི་རྒྱུད་དང་དེའི་འདབས་འབྲེལ་ཏུ་གནས་པའི་བོད་རིགས་ས་ཁུལ་གྱི་རིག་གནས་ཡུལ་སྲོལ་འདི་མྱུར་སྐྱོབ་མ་བྱས་ན་འགྱོད་པ་རྟས་མི་ཟིན་པ་ཞིག་འོང་ལས་ཆེ། དེ་བས་སོ་སོའི་ངོས་ནས་ལུག་ཁལ་མཛོ་ཁལ་གྱིས་སྐད་དང་ཡི་གེ་རྒྱུན་འཛིན་བྱེད་ཐུབ་ན་ནི། རྐང་རྡོ་ཐོག་ནས་བཅག་པ་ལྕེ་ཐོག་དང་། ཚིག་ཁ་ནང་ནས་བཤད་པ་དོན་ཐོག་རེད་སྙམ་མོ།།
       ལུང་ཁུངས།  
      བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི་《མདོ་སྨད་ཆོས་འབྱུང》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་1982ལོའི་ཟླ་3ར་པར་དུ་སྐྲུན་པའི་ཤོག་ངོས་28ལ་གསལ།  
      དཔའ་རིས་པ་དོར་ཞི་རིན་པོ་ཆེས་མཛད་པའི་《དཔའ་རིས་ཞེས་པའི་མིང་དང་དཔའ་རིས་བོད་རིགས་ཀྱི་མཆེད་ཁུངས་ལ་རགས་ཙམ་དཔྱད་པ》1985ལོའི་ནུབ་བྱང་མི་རགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་དང་པོའི་ཤོག་ངོས་62ལ་གསལ།  
     2000ལོའི་《མཚོ་སྔོན་སློབ་གསོ》དེབ་དང་པོའི་ཤོག་ངོས་42ལ་གསལ།  
     ཐུའུ་བཀན་ཆོས་ཀྱི་ཉི་མས་མཛད་པའི་《ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་77ལ་གསལ།
      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།




评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-1-19 05:40 , Processed in 0.032037 second(s), 20 queries .

返回顶部