日志

༄༅།།བོད་བརྒྱུད་ནང་བ་སངས་རྒྱས་ཀྱི་བསྟན་པ་ ...

已有 170 次阅读2020-1-4 03:26 |系统分类:文化

༄༅།།བོད་བརྒྱུད་ནང་བ་སངས་རྒྱས་ཀྱི་བསྟན་པ་དབུ་བརྙེས་པ་དང་གྲུབ་མཐའ་རིས་མེད་ཁག་གི་མཛད་འཕྲིན་སྐོར་གྱི་ཤེས་བྱའི་ཟིན་བྲིས་ཐོར་བུ།

རོང་ཆེན་ལྷ་རྒྱལ་དཔལ་གྱིས་བསྒྲིགས།


                                                

                                                           ༧ གངས་ཅན་མཁས་པའི་གཙུག་རྒྱན་རྗེ་ཙོང་ཁ་བའི་ཞབས་ལ་ན་མོ།


            ༄༅།།ཕུན་ཚོགས་དགེ་ལེགས་བྱེ་བའི་བསྐྲུན་པའི་སྐུ།།

            མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང་།།

            མ་ལུས་ཤེས་བྱ་ཅི་བཞིན་གཟིགས་པའི་ཐུགས།།

            ཤཱཀྱའི་རྒྱལ་བོ་དེ་ལ་གུས་ཕྱག་འཚལ།།


            རྒྱལ་ཀུན་ཡབ་གཅིག་རྗེ་བཙུན་མཁྱེན་པའི་གཏེར།།

            སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས།།

            མཐུ་སྟོབས་དབང་ཕྱུག་གསང་བའི་བདག་པོ་སྟེ།།

            རིགས་གསུམ་མགོན་པོའི་ཞབས་ལ་གུས་ཕྱག་འཚལ།།


            ལྷ་མིའི་རྣམ་འདྲེན་རྒྱལ་བ་ཚེ་དཔག་མེད།།

            གདོན་བགེགས་ནད་ཞི་གཙུག་ཏོར་རྣམ་པར་རྒྱལ།།

            ཚེ་དཔལ་རྒྱས་ཤིང་འཁོར་བ་ལས་སྒྲོལ་མ།

            ཚེ་ཡི་ལྷ་མཆོག་གསུམ་ལ་གུས་ཕྱག་འཚལ།།


            ངན་སོང་སྤྱོང་རྒྱལ་ཀུན་རིག་རྣམ་སྣང་མཛད།།

            བདེ་ལྡན་ཞིང་གི་མགོན་པོ་འོད་དཔག་མེད།།

            དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ།།

            འགྲོ་བའི་མགོན་པོ་གསུམ་ལ་གུས་ཕྱག་འཚལ།།


            སྡིག་སྦྱོང་སྒྲིབ་སེལ་རྡོ་རྗེ་སེམས་དཔའ་དང་།།

            གདེངས་ཅན་ས་ཡི་ཁ་གནོན་ཀླུ་ཡི་དབང་།།

            ཡམས་ནད་འཇོམས་ལ་དཔའ་བའི་ལོ་གྱོན་མ།།

            ལྷག་པའི་ལྷ་མཆོག་གསུམ་ལ་གུས་ཕྱག་འཚལ།།


            འགྲོ་བའི་མགོན་པོ་པད་མ་འབྱུང་གནས་ཞབས།།

            བསྟན་པའི་མངའ་བདག་མཁན་ཆེན་ཞི་བ་འཚོ།།

            གངས་ཅན་དཔའ་བོ་ཁྲི་སྲོང་ལྡེ་བཙན་མཆོག།

            མཁན་སློབ་ཆོས་གསུམ་ཞབས་ལ་གུས་ཕྱག་འཚལ།།


            ལུང་རྟོགས་མངའ་བདག་ཀུན་དགའ་སྙིང་པོ་དང་།།

            བསོད་ནམས་རྩེ་མོ་གྲགས་པ་རྒྱལ་མཚན་མཆོག།

            འཇམ་དབྱངས་ས་པཎ་ཆོས་རྒྱལ་འཕགས་པ་སྟེ།།

            ས་སྐྱ་གོང་མ་རྣམ་ལྔར་གུས་ཕྱག་འཚལ།།


            ལྔ་བརྒྱའི་གཙུག་རྒྱན་དཔལ་ལྡན་མར་མེ་མཛད།།

            བཀའ་གདམས་བསྟན་པའི་མེས་པོ་འབྲོམ་སྟོན་རྗེ།།

            མཁྱེན་པའི་གཏེར་མངའ་ལེགས་པའི་ཤེས་རབ་ཞབས།།

            ཇོ་འབྲོམ་ཡབ་སྲས་གསུམ་ལ་གུས་ཕྱག་འཚལ།།


            གངས་ཅན་ཤིང་རྟའི་སྲོལ་འབྱེད་ཙོང་ཁ་པ།།

            དངོས་སྟོབས་རིག་པའི་དབང་ཕྱུག་རྒྱལ་ཚབ་རྗེ།།

            མདོ་སྔགས་བསྟན་པའི་བདག་པོ་མཁས་གྲུབ་རྗེ།།

            རྒྱལ་བ་ཡབ་སྲས་གསུམ་ལ་གུས་ཕྱག་འཚལ།།


            གསང་སྔགས་མཛོད་འཛིན་མར་བ་ཆོས་བློ་དང་།།

            ཚེ་གཅིག་ཟུང་འཇུག་མངོན་མཛད་མི་ལ་མཆོག།

            གདམས་པའི་གཏེར་གྱུར་མཉམ་མེད་དྭགས་པོ་བ།།

            བཀའ་བརྒྱུད་མེས་པོ་གསུམ་ལ་གུས་ཕྱག་འཚལ།།


            ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ།།

            རིན་ཆེན་རྣམ་རྒྱལ་ནམ་མཁའ་མཆོག་གྲུབ་ཞབས།།

            ཇོ་ནང་ཀུན་མཁྱེན་ཏཱ་ར་ནཱ་ཐ་སོགས།།

            མཁས་གྲུབ་བླ་མ་རྣམས་ལ་གུས་ཕྱག་འཚལ།།


      ཞེས་གོང་གི་གསོལ་འདེབས་ཚུལ་དུ་བཞུགས་པ་འདི་དག་ནི་བདེ་ལྡན་ཞིང་གམགོན་པོ་ཀུན་གཟིགས་སྣང་བ་མཐའ་ཡས་པ་ཆེན་ཨེར་ཏི་ཎིས་སྐུ་ཕྲེང་བཅུ་བ ༧བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས་སྐུ་དངོས་སུ་གསུངས་ཤིང་ནང་བའི་གྲུབ་མཐའ་ཁག་གི་སློབ་དཔོན་རྣམ་པའང་གསལ་བོར་མཚོན་ཡོད།།

      དེ་ཡང་བོད་རྒྱལ་རབས་ཉེར་བརྒྱད་པ་སྟེ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་རིང་ལ་ཡར་ཀླུང་ཁོག་གི་ཕོ་བྲང་ཡུམ་བུ་བླ་སྒང་ངམ་ཡུམ་བུ་བླ་མཁར་དུ་གནམ་ནས་བབས་པའི་དཔང་སྐོང་ཕྱག་རྒྱ་དང་། མདོ་སྡེ་ཟ་མ་ཏོག གསེར་གྱི་མཆོད་རྟེན། མ་ཎི་ཡི་གེ་དྲུག་མ་སོགས་ཀྱི་གླེགས་བམ་ཕྱག་ཏུ་འབྱོར་བར་བརྟེན་ནས་བོད་རྒྱལ་དེའི་སྐུ་རིང་ལ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བོད་ཡུལ་དུ་དར་པའི་དབུ་བརྙེས་སོ།།

      བོད་རྒྱལ་རབས་སུམ་ཅུ་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་ཆོས་བློན་ཐོན་མི་སམྦྷོ་ཊས་ལྷ་སའི་ཕོ་བྲང་ཕ་བོང་ཁའི་མ་རུ་ཞེས་བྱ་བར་བོད་ཡིག་གསར་དུ་བཟོས་ཏེ་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས་བོད་སྐད་དུ་བསྒྱུར་བ་དེ་ལ་བརྟེན་ནས་བོད་རྒྱལ་དེའི་རིང་ལ་བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པའི་སྲོལ་བཏོད་ཅེས་སོ།།    

      བོད་རྒྱལ་རབས་སུམ་ཅུ་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་མཁན་ཆེན་བོ་དྷི་ས་ཏྭ་སྤྱན་དྲངས་ནས་སད་མི་མི་བདུན་རབ་ཏུ་བྱུང་ཞིང་སོ་ཐར་འདུལ་བའི་བསྟན་པ་སྤེལ། སློབ་དཔོན་པདྨ་འབྱུང་གནས་སྤྱན་དྲངས་ཏེ་རྗེ་འབངས་ཉེར་ལྔ་སོགས་ལ་གསང་སྔགས་ཟབ་མོའི་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ཀ་ཅོག་ཞང་གསུམ་སོགས་ལོ་ཙཱ་པ་ཆེན་པོ་རྣམས་ཀྱིས་རྒྱལ་བའི་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་མང་བོ་བོད་སྐད་དུ་བསྒྱུར་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་མཛད་པ་དེ་ལ་བརྟེན་ནས་བོད་རྒྱལ་དེའི་རིང་ལ་བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་པ་དང་བཅས་སོ།། 

      བོད་རྒྱལ་རབས་བཞི་བཅུ་ཞེ་གཉིས་པ་མགོ་ལ་གླང་རྭ་སྐྱེས་ཤིང་ལྕེའི་ཁ་དོག་ནག་པོ་ཡིན་པར་བོད་མི་དམངས་ཀྱི་སྒྲུང་གཏམ་དུ་གྲགས་པའི་བོད་རྒྱལ་གླང་དར་མ་ཨུ་དུམ་བཙན་ཞེས་བྱ་བས་རང་གི་གཅུང་མངའ་བདག་ཁྲི་རལ་བ་ཅན་དཀྲོངས་པའི་རྗེས་སུ་བོད་ཀྱི་འདུལ་བའི་བསྟན་པ་བསྣུབས་ནས་མི་ལོ་བདུན་ཅུ་ལྷག་ལོན་པ་དང་བཅས་དེའི་ཡན་ཆད་ལ་བསྟན་པ་སྔ་དར་ཞེས་པ་དང་། དེ་ནས་བསམ་ཡས་བཙན་པོ་ཚ་ན་ལ་ཡེ་ཤེས་རྒྱལ་མཚན་ཡབ་སྲས་ཀྱི་རིང་ལ་དབུས་གཙང་གི་མི་བཅུ་མདོ་སྨད་དན་ཏིག་ཏུ་མངགས་ནས་བླ་ཆེན་དགོངས་པ་རབ་གསལ་དྲུང་དུ་དགེ་སློང་གི་སྡོམ་རྒྱུན་བླངས་ཏེ་སླར་དབུས་གཙང་དུ་བྱོན་འཕྲལ་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་ཞེས་པའི་དོན་དང་ལྡན་པའི་ཆེ་བརྗོད་ལྟར་ཡང་བསྐྱར་འདུལ་བའི་བསྟན་པ་སྤེལ་བ་ནས་བཟུང་བསྟན་པ་ཕྱི་དར་ཞེས་པའི་ཐ་སྙད་ཆགས་པ་ཡིན། དེས་ན་སད་མི་མི་བདུན་རབ་ཏུ་བྱུང་བའི་དུས་ནས་བཟུང་སྟེ་ད་ལྟ་ལ་ཐུག་གི་བར་བོད་ཀྱི་དགེ་ཚུལ་སློང་རྣམ་པས་སྟོན་པ་ཤཱཀྱ་ཐུབ་པའི་ན་བཟའ་དང་མཐུན་པར་ལུས་ཀྱི་སྟོད་ལ་སྣམ་ཕྲན་དང་གླེགས་བུ་དུ་མ་སྦྱར་བའི་སྣམ་སྦྱར་དང་། བླ་གོས། སྨད་ལ་མཐང་གོས་ཏེ་ཆོས་གོས་རྣམ་གསུམ་གསོལ་ཞིང་དེ་དག་གི་ཁ་དོག་ནི་དམར་པོ་དང་སེར་བོ་ངུར་སེར་སྨུག་པོ་བཙོད་མདོག་རྣམས་མ་གཏོགས་དཀར་པོ་ནག་པོ་སྔོན་པོ་ལྗང་ཁུ་ཁྲ་བོ་སོགས་གྱོན་མི་རུང་བར་འདུལ་བའི་སྡེ་སྣོད་ལས་བཀས་བཅད་པ་ལྟར་ལག་ལེན་དུ་བཏབས་སོ།། 

      དེ་ཡིན་པས་ན་རབ་ཏུ་མ་བྱུང་བའི་ཁྱིམ་པ་ཆོས་དད་བྱེད་མཁན་ལ་རིགས་གཉིས་ཏེ་དགེ་བསྙེན་གྱི་སྡོམ་པ་དྲུག་པོ་གང་ཡང་རུང་བ་བླངས་པའི་ཁྱིམ་པ་དང་དེ་མ་བླངས་པའི་ཁྱིམ་པ་ཆོས་ལ་དད་པ་བྱེད་མཁན་ཏེ་རིགས་གཉིས་ཡོད། སྔ་མ་ནི་ཉུང་ཙམ་དང་ཕྱི་མ་ནི་བོད་རིགས་ཀྱི་ཁྱིམ་པ་ཕོ་མོ་ཕལ་ཆེ་བ་ཡིན་པས་བོད་ཀྱི་ན་གཞོན་ཕོ་མོ་སུ་ཡིན་ཡང་བསམ་ཤེས་པ་ནས་བཟུང་སྐྱབས་འགྲོ་དང་མ་ཎི་སྒྲོལ་མ་ཏཱ་རེ་སོགས་མི་འདོན་མཁན་གཅིག་ཀྱང་མེད་པས་དམངས་ཡོངས་ཀྱིས་ཆོས་ལུགས་ལ་དད་པའི་མི་རིགས་ཞིག་ཡིན་པས་བོད་ཡུལ་འདི་ནི་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་ཞེས་པ་དང་བོད་མ་ཎི་ཕྲེང་བཟུང་གི་ལུང་བ་ཞེས་ཀྱང་ཡོངས་སུ་གྲགས་སོ།།

      མདོར་ན་སངས་རྒྱས་བསྟན་པ་རིན་ཆེ་བོད་ལ་དར་ཚུལ་ནི་ལྷ་ཐོ་ཐོ་རིའི་སྐུ་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་བསྟན་པའི་སྲོལ་གཏོད། ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་བསྟན་པ་དར་ཞིང་རྒྱས་པར་བྱས་པ་ནས། གླང་དར་མས་བསྟན་པ་བསྣུབས་པའི་བར་བསྟན་པ་སྔ་དར་ཟེར་ཞིང་། བླ་ཆེན་དགོངས་པ་རབ་གསལ་གྱིས་བསྟན་པའི་མེ་རོ་གསོས་པ་ནས་བསྟན་པ་ཕྱི་དར་ཟེར་བ་དང་། བསྟན་པ་ཕྱི་དར་དུས་རབས་སུ་གྲུབ་མཐའ་མང་དུ་གྱེས་པ་ལས་བཀའ་གདམས་པ་ནི་ཟ་ཧོར་རྒྱལ་སྲས་ཆེན་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་བྱོན་ཏེ་ཁོང་གི་གདམས་ངག་ལ་བརྟེན་ནས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་སྲོལ་གཏོད། རྒྱལ་བའི་བཀའ་ལས་ན་གཅིག་ཀྱང་འདོར་བ་མེད་པར་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་ནམ་གདམས་ངག་ཏུ་གོ་བས་ན་བཀའ་གདམས་པ་ཟེར། དེ་ནས་ས་སྐྱ་བ་དང་། དགེ་ལྡན་པ་སོགས་འདི་ལ་བསྟེན་ནས་བྱུང་བས་བཀའ་གདམས་རྙིང་མའང་ཟེར། དེ་ལའང་གསུམ་ཡོད་དེ་དགོན་པ་བ་དབང་ཕྱུག་རྒྱལ་མཚན་ལས་བརྒྱུད་པས་བྱང་ཆུབ་ལམ་སྒྲོན་གཞིར་བྱས་པ་དང་། རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་འགའ་ཞིག་སྦྱར་ནས་རང་གི་ཉམས་སུ་ལེན་ཅིང་། གཞན་ལ་གསལ་བོ་སྟོན་པས་བཀའ་གདམས་ལམ་རིམ་པ་ཟེར། དགེ་བཤེས་པོ་ཏོ་བ་རིན་ཆེན་གསལ་ནས་བརྒྱུད་པས། ལམ་སྒྲོན་གཞིར་བྱས་ནས་གསུང་རབ་དགོངས་འགྲེལ་དང་བཅས་གཞུང་ཆེན་མོ་དང་སྦྱར་ནས་ཉམས་སུ་ལེན་པ་དང་། གཞན་ལའང་དེ་ལྟར་འཆད་པར་མཛད་པས་བཀའ་གདམས་གཞུང་བ་ཟེར། དགེ་བཤེས་སྤྱན་སྔ་བ་ཚུལ་ཁྲིམས་འབར་ནས་བརྒྱུད་པས་ལམ་སྒྲོན་གཞིར་བྱས་ཏེ་ཇོ་བོའི་མན་ངག་ཆུང་བ་འགའ་ཞིག་དང་སྦྱར་ནས་ཉམས་སུ་ལེན་ཅིང་གཞན་ལ་འཁྲིད་པར་མཛད་པས་བཀའ་གདམས་མན་ངག་པ་ཞེས་ཟེར་བ་སོགས་ལས་མ་འདས་སོ།།

      དེས་ན་བོད་བརྒྱུད་ནང་བསྟན་གྱི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་པོར་ཡོངས་སུ་གྲགས་པའི་གྲུབ་མཐའ་ཁག་ནི་གང་དག་ཡིན་ཞེ་ན། བཀའ་གདམས་པ་དང་། དཔལ་ལྡན་ས་སྐྱ་པ།  དཔལ་རི་བོ་དགེ་ལུགས་པ། རྒྱལ་བ་བཀའ་བརྒྱུད་པ། གསང་སྔགས་སྔ་འགྱུར་རྙིང་མ་བ། ཞི་བྱེད་པ། ཞ་ལུ་བ། ཇོ་ནང་པ་སོགས་ལ་ཟེར་ཏོ།།

      དེ་ཡང་དུས་རབས་བརྒྱད་པའི་སྤྱི་ལོ་༨༤༡ཙམ་ལ་རྒྱལ་པོ་གླང་དར་མའམ་ཨུ་དུམ་བཙན་པོས་ཆོས་བསྣུབས་ཏེ་ལོ་ངོ་བརྒྱ་དང་སུམ་ཅུ་སོ་དྲུག་འདས་ཤིང་བཙན་པོའི་གདུང་རབས་ཀྱིས་བོད་སྤྱི་ལ་དབང་བསྒྱུར་བའི་དུས་སྐབས་ཡོལ་ཏེ་བོད་སིལ་བུར་ཐོར། རྗེ་དཔོན་ཚན་པ་བཅུ་གཅིག་གིས་ས་ཁུལ་བཅད་བཟུང་དབང་སྒྱུར་བྱེད་པའི་དུས་སྐབས་ཏེ། སྤྱི་ལོ་༩༧༨ལོར་བླ་ཆེན་དགོངས་པ་རབ་གསལ་གྱི་སློབ་བརྒྱུད་དབུས་གཙང་གི་མཁས་པ་མི་བཅུ་ཐམ་པ་སྟེ། དབུས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ། གཉལ་འབྲིང་ཡེ་ཤེས་ཡོན་ཏན། སྦ་ཚུལ་ཁྲིམས་བློ་གྲོས། རག་ཤི་ཚུལ་ཁྲིམས་འབྱུང་གནས། སུམ་པ་ཡེ་ཤེས་བློ་གྲོས། གཙང་ལོ་སྟོན་རྡོ་རྗེ་དབང་ཕྱུག ཤེས་རབ་སེང་གེ། མངའ་རིས་པ་ཨོ་རྒྱན་སྤུན་གཉིས། བོ་དོང་བ་ཨུ་པ་དེ་དཀར་བ་སོགས་ཀྱི་ནང་ཚན་དུ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱིས་ཀ་ཆུང་ལྷ་ཁང་བཟུང་ཞིང་དབུས་སྟོད་ལ་མོར་ཆག་དེའུ་ལྷ་ཁང་བཏབ་པ་དང་། དེའི་སློབ་མ་ཞང་སྣ་རྡོ་རྗེ་དབང་ཕྱུག་གིས་འཕན་པོ་རྒྱལ་ལྷ་ཁང་བཞེངས། རྔོག་བྱང་ཆུབ་འབྱུང་གནས་ཀྱིས་ཡེར་པར་ལྷ་ཁང་བཞེངས། གླན་ཡེ་ཤེས་ཤེས་རབ་ཀྱིས་རྒྱ་གསར་སྒང་གི་ལྷ་ཁང་བཞེངས། རག་ཤི་ཚུལ་ཁྲིམས་འབྱུང་གནས་ཀྱིས་ཐང་པོ་ཆེར་ལྷ་ཁང་བཞེངས། དེ་བཞི་བོ་ལ་ཀླུ་མེས་ཀྱི་སློབ་མ་ཀ་ཆེན་བཞི་རུ་གྲགས་སོ། ཁོང་རྣམ་པས་སྔ་རྗེས་སུ་ལྷ་ཁང་བཞེངས་ཏེ་གནས་གཞི་བཟུང་བས་འདུལ་བ་སྨད་འདུལ་གྱི་ལུགས་རབ་བྱུང་གི་སྡེ་གསར་དུ་ཚུགས་སོ། མདོར་ན་རྒྱལ་པོ་གླང་དར་མས་བསྟན་པ་བསྣུབས་རྗེས་སླར་ཡང་བསྟན་པའི་མེ་རོ་སྟོད་སྨད་གཉིས་ལས་ལངས་ཏེ་རིམ་བཞིནདབུས་སུ་གསོས་ཏེ། གཞི་ནས་ནང་པ་སངས་རྒྱས་པའི་ཆོས་ལུགས་ཡིན་པ་ལ་ཆོས་རྒྱུད་གྱི་ལྟ་གྲུབ་ཐུན་མོང་མ་ཡིན་པའི་གྲུབ་མཐའ་ཁག་སོ་སོར་བྱུང་བ་རྣམས་ཀྱིས་ཀྱང་རང་རང་གི་རྟེན་གཞི་བཙུགས་ཏེ་ཡུལ་དང་གནས་ཀྱི་མིང་དང་སྦྱར་བའི་སངས་རྒྱས་བསྟན་པའི་ཆོས་ལུགས་ཀྱི་གྲུབ་མཐའ་ཁག་མང་དུ་གྱེས་སོ།

      གྲུབ་མཐའ་ཞེས་པ་ནི་རང་གི་བློ་ངོར་ལུང་རིགས་ཀྱིས་བསྒྲུབས་ནས་གྲུབ་པར་ཐག་བཅད་པའི་ལྟ་ཚུལ་ལམ་རིག་པའི་གཞུང་ལུགས་ཤིག་ལ་ཟེར་ཞིང་། སྤྱིར་ན་ནང་པའི་གྲུབ་མཐའ་སྨྲ་བ་ནི་བཀའ་བསྡུ་བ་གསུམ་ནས་བཟུང་འགྲོལ་བྱེད་རྣམས་ཀྱིས་འཁོར་ལོ་གསུམ་གྱི་དགོངས་པ་སོ་སོར་བཀྲལ་བ་ལ་བརྟེན་ནས་བྱེ་མདོ་གཉིས་དང་། དབུ་སེམས་གཉིས་དང་བཅས་བཞིར་གྲངས་ངེས་པའོ། བྱེ་མདོ་གཉིས་ཞེས་པ་ནི་རང་སྡེ་བྱེ་བྲག་སྨྲ་བ་དང་མདོ་སྡེ་པའི་གྲུབ་མཐའ་སྨྲ་བ་གཉིས་ཀྱི་བསྡུས་མིང་ཡིན་ཞིང༌། བྱེ་བྲག་ཏུ་བརྗོད་པའི་བྱ་བའི་གཞི་སྟེ་བོད་ཀྱི་ནང་བའི་གྲུབ་མཐའ་བྱུང་ཚུལ་མདོ་ཙམ་བརྗོད་པར་བྱའོ།།

       གཅིག དཔལ་ལྡན་ས་སྐྱ་པའི་གྲུབ་མཐའ་བྱུང་ཚུལ།

      དེ་ཡང་ས་སྐྱ་པ་ཞེས་ཡོངས་སུ་གྲགས་པ་ནི་འཁོན་དཀོན་མཆོག་རྒྱལ་པོ་ནས་བྱུང་བ་ཡིན་ལ་སྤྱིར་ས་སྐྱ་ཞེས་པ་དེ་ས་མིང་ཡིན་ཞིང་ས་མིང་དགོན་པར་བཏགས་པ་ཞིག་ཡིན་པ་དང་། དགོན་པ་དེ་ཆགས་སའི་ས་ཆའི་ཁ་དོག་ལ་བརྟེན་ནས་དགོན་པའི་མིང་ལ་ས་སྐྱ་དགོན་པ་ཞེས་ཟེར་བ་ཡིན། འཁོན་དཀོན་མཆོག་རྒྱལ་པོ་ནི་ཐོག་མར་གསང་སྔགས་རྙིང་མ་ལ་མཁས་པར་སྦྱངས་ཤིང་ཕྱིས་སུ་གསར་མ་ལ་སྦྱངས། རྒྱ་བོད་ཀྱི་བླ་མ་གྲགས་ཅན་མང་པོར་བསྟེན་ནས། དབོན་པོ་རི་གླང་པོ་ཆེ་ཉལ་བ་ལྟ་བུའི་མཁལ་ཁུང་གཡས་པའི་ཐད་དུ་ས་དཀར་ཞིང་སྣུམ་པ་དང་། ཆུ་བོ་གཡས་སུ་འབབ་པ་སོགས་ས་བཟང་བར་གཟིགས་ཏེ་དེར་བོད་རབ་བྱུང་དང་པོའི་ཆུ་གླང་སྤྱི་ལོ༡༠༧༣ལོར་དགོན་པ་ཕྱག་བཏབ་ནས་གནས་གཞི་བཟུང་བ་ཡིན་ཞིང་། ད་ལྟ་རབ་བྱུང་ཉེར་གཅིག་པའི་ས་མོ་ཕག་བར་དུ་མི་ལོ༩༤༦འགོར་ཡོད་པ་མ་ཟད། རྒྱལ་ཡོངས་སུ་གསུང་རྟེན་པོ་ཏི་ཆེས་མང་བའི་དགོན་པའང་ས་སྐྱ་དགོན་པ་འདི་ཡིན་པས། པོ་ཏི་ཁྲི་ཕྲག་ཉི་ཤུ་རྩ་བཞི་བཞུགས་ཡོད་པར་ཡོངས་སུ་གྲགས་སོ། འཁོན་གྱི་གདུང་རྒྱུད་ས་ཆེན་ཀུན་དགའ་སྙིང་པོ་སོགས་རིམ་པར་བྱོན་ཏེ་ས་སྐྱ་པའི་་གྲུབ་མཐའ་ཞེས་ཐོགས་པ་ཡིན། ས་སྐྱའི་ཆོས་བརྒྱུད་འཛིན་པའི་དགོན་ཕྲན་ཀྱང་ངོར་ཨེ་ཝཾ་ཆོས་སྡེ། གོང་དཀར་རྡོ་རྗེ་གདན་འཕན་པོ་ནཱ་ལེནྡྲ། རྟ་ནག་ཐུབ་བསྟན་རྣམ་རྒྱལ། སྐྱེད་ཚལ་གོང་འོག ཐུབ་བསྟན་ར་བ་སྨད། རྣམ་རབ་དྭགས་པོ་གྲྭ་ཚང་། བཞད་ཐུབ་བསྟན་ཡང་ཅན། ཆོས་སྐོར་ལྷུན་པོ་ཨ་མདོ་དྷིཿདགོན་སོགས་རྒྱ་ཆེར་དར་ཞིང་རྒྱས་པར་གྱུར་ཞིང་། ད་ལྟ་རབ་བྱུང་བཅུ་བདུན་པའི་ས་མོ་ཕག་གི་བར་ལ་རྒྱལ་ཡོངས་སུ་དཔལ་ལྡན་ས་སྐྱ་པའི་ཆོས་སྡེ་ཆིག་བརྒྱ་དང་བཞི་བཅུ་ཞེ་གཅིག་བཞུགས་སོ།།

      དེ་ཡང་མཚན་གཞི་བཞག་པའི་སྒོ་ནས་གསལ་བར་བཤད་ན། ས་སྐྱའི་གྲུབ་མཐའི་བདག་པོར་གྱུར་པའི ༧ས་ཆེན་གོང་མ་རྣམ་ལྔ་ལས་རིམ་བྱོན་གྱི་སྔ་མ་གསུམ་ལ་དཀར་པོ་རྣམ་གསུམ་དང་། ཕྱི་མ་གཉིས་ལ་དམར་པོ་རྣམ་གཉིས་ཟེར། དཀར་པོ་ཟེར་དོན་ནི་རབ་ཏུ་བྱུང་བ་མ་ཡིན་པ་ན་བཟའ་དཀར་པོ་གྱོན་པ་དང་། དམར་པོ་ཟེར་དོན་རབ་བྱུང་མཛད་དེ་གོས་དམར་སེར་གྱོན་པའི་ཆ་ནས་མིང་དེ་ལྟར་བཏགས་ལ། དེ་ཐམས་ཅད་གསང་སྔགས་གསར་རྙིང་གཉིས་ལས་གསར་མ་ཤ་སྟག་ཡིན་ཟེར་ཞིང་། ཕྱིས་སུ་བོད་སོག་གི་སྤྲུལ་བའི་སྐུ་བྱོན་ཚད་ལ་བླ་མ་ཞེས་འབོད་པ་ནི་ཞེ་ས་དང་ཆེ་བརྗོད་ཀྱི་དབང་གིས་འདྲེན་བྱེད་དབང་པོའི་ལམ་དུ་སྙན་མོར་འབོད་པ་ཙམ་ལས་སྤྲུལ་བའི་སྐུའི་མིང་ཐོགས་ཚད་ལ་ཡོན་ཏན་གྱི་ཕུང་བོས་ལྕི་བས་ཁྱབ་པ་ག་ལ་ཡོད།།

      དེ་བས་ན་དཔལ་ལྡན་ས་སྐྱ་བའི་དམར་པོ་རྣམ་གཉིས་སུ་གྲགས་པ་ནི་ས་པཎ་ཀུན་དགའ་རྒྱལ་མཚན་དང་འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་རྣམ་གཉིས་ཡིན་ལ།བོད་གངས་ཅན་ཡུལ་དུ་ཆེས་ཐོག་མའི་མ་ཧཱ་པཎྡི་ཏ་ཆེན་མོ་ནི་ས་སྐྱ་པཎྡི་ཏ་ཀུན་དགའ་རྒྱལ་མཚན་ཡིན་ཞིང་། ཁོང་གིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ཕྱོགས་ལ་ཕྱག་རྗེས་བླ་མེད་མཛད། འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་ནས་བཟུང་སྟེ་བླ་མ་ནམ་མཁའ་དཔལ་བཟང་བར་ལ་དཔལ་ལྡན་ས་སྐྱ་པའི་གདན་རབས་བཅུ་བཞིས་ཧོར་གོང་མ་རྒྱལ་པོའི་དབུ་བླ་མཛད་ཅིང་། བོད་ཁྲི་སྐོར་བཅུ་གསུམ་ལ་གཅིག་གྱུར་གྱིས་མངའ་དབང་བསྒྱུར་བ་མ་ཟད་དེའི་གདུང་རྒྱུད་རོང་བོ་བླ་མ་བློ་གྲོས་སེང་གེ་མཆོག་གིས་ཏཱ་དབེན་རྒྱལ་རབས་ཀྱི་གོང་མ་ཟོན་ཏེ་རྒྱལ་པོའི་དབུ་བླ་མཛད་ནས། རྒྱལ་ཁབ་ཆེན་པོའི་སློབ་དཔོན་ནམ་ཆབ་སྲིད་ཀྱི་བླ་མ་ཆེན་པོའི་མཚན་གྱིས་གཟེངས་སུ་བསྟད་ཅིང་། དཔལ་ལྡན་ས་སྐྱ་བའི་གདུང་རྒྱུད་དུ་ཡོངས་སུ་གྲགས་པའི་ཨ་མདོ་རེབ་གོང་རོང་བོ་ཤར་བླ་བྲང་གི་རྟེན་ཁྲོད་དུ་ཡང ༧རོང་བོ་ཏཱ་ཀོ་ཤྲཱི་བློ་གྲོས་སེང་གེ་ལ་གོང་མ་ཟོན་ཏེ་རྒྱལ་པོས་གནང་བའི་ཞྭ་ནག་གསེར་གྱི་རྡོ་རྗེའི་ཏོག་གིས་མཚན་པ་ཞིག་ཡོད་ཟེར། དཔལ་ལྡན་ས་སྐྱ་བའི་ཡི་དམ་གྱི་གཙོ་བོར་ཀྱེེ་རྡོ་རྗེའི་ཞལ་གསུམ་གྱི་ཁ་དོག་ཀྱང་སྔོ་དཀར་དམར་གསུམ་མཚོན་པའི་ཁ་དོག་རྩིག་པ་ལ་ཤར་བར་བྱས་པའི་ངག་རྒྱུན་ཡོད་ཅིང་རོང་བོ་དཀོན་མཆོག་རྒྱལ་མཚན་ནས་བཟུང་བློ་གྲོས་དཔལ་ལྡན་བར་ལ་སྐུ་རབས་ལྔ་ཡིས་རྒྱ་ནག་ཏཱ་དབེན་གོང་མ་རྒྱལ་པོའི་དབུ་བླ་མཛད་ནས་ལས་ཐོབ་བླངས་ཞིང་། རབ་བྱུང་བཅུ་གསུམ་པའི་མེ་ཕོ་ཕག༡༧༦༧ལོའི་ཟླ༡༠བའི་ཚེས༡༨ཉིན་ལ་ཆིན་རྒྱལ་རབས་ཀྱི་གོང་མ་ཆེན་ལུང་རྒྱལ་པོས ༧རོང་བོ་ཤར་སྐྱབས་མགོན་གསུམ་པ་ཆེན་པོ་སྐལ་ལྡན་དགེ་འདུན་འཕྲིན་ལས་རབ་རྒྱས་དཔལ་བཟང་པོ་མཆོག་དབུ་བླ་ཆེན་པོར་བཀུར་ཏེ་རོང་བོ་ཧོ་ཐོག་ཐུ་པནྟི་ཏའི་ཆོ་ལོ་གནང་བ་དང་། ཕྱིས་སུ་ཤར་སྐྱབས་མགོན་སྐུ་ཕྲེང་རིམ་བྱོན་གྱིས་རྒྱ་ནག་གོང་མ་རྒྱལ་པོའི་དབུ་བླ་མཛད་པ་མ་ཟད། ཤར་སྐྱབས་མགོན་བདུན་པ་ཆེན་པོ ༧བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོ་མཆོག་གིས་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་སོགས་ཀྱི་ཕྱག་འགན་བཞེས་ཤིང་། དུས་མཚུངས་སུ ༧རེབ་གོང་སྐུ་ཕྱོགས་རྡོ་རྗེ་འཆང་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྒྱུན་ལས་ཨུ་ཡོན། ཀྲུའུ་ཞི་གཞོན་པ་སོགས་ཀྱི་ཕྱག་འགན་བཞེས་པ། རོང་བོ་སྤྱི་དཔོན་ནང་སོ་དཔོན་རབས་ང་ལྔ་བ་བཀྲ་ཤིས་རྣམ་རྒྱལ་མཆོག་གིས་ཀྱང་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྒྱུན་ལས་ཨུ་ཡོན། ཀྲུའུ་ཞི་གཞོན་པ་སོགས་ཀྱི་ཕྱག་འགན་བཞེས་པ། རྒྱ་བཟའི་ཏཱ་མེན་ཆེན་ཧུ་དཔོན་རབས་དྲུག་པ་དཔོན་ཚང་དགྲ་འདུལ་མཆོག་གིས་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྒྱུན་ལས་ཨུ་ཡོན། ཀྲུའུ་ཞི་གཞོན་པའི་ཕྱག་འགན་ལྷུར་བཞེས་གནང་ནས། འཛམ་གླིང་ཞི་བདེ་དང་མེས་རྒྱལ་གཅིག་གྱུར་ཆེན་པོ་མངོན་འགྱུར་བྱེད་པའི་ཆེད་དུ་ཕྱག་རྗེས་རླབས་པོ་ཆེ་མཛད་པ་སོགས་ལོ་རྒྱུས་རང་བཞིན་ལྡན་པའི་ཤོག་ལྷེ་རིང་མོ་ཞིག་སྐྲུན་ཡོད་པས་བོད་གངས་ཅན་ཆོས་ལྡན་ཞིང་ཁམས་སུ་དཔལ་ལྡན་ས་སྐྱ་བའི་ཆོས་སྲིད་ཟུང་གི་འཕྲིན་ལས་དང་མཛད་རྗེས་མ་ལུས་ཡོངས་སུ་མཚོན་ནོ།།

       གཉིས། དཔལ་རི་བོ་དགེ་ལུགས་པའི་གྲུབ་མཐའ་བྱུང་ཚུལ།

      དེ་ཡང་དཔལ་རི་བོ་དགེ་ལུགས་པ་ནི་གདན་སའི་མིང་ལ་བརྟེན་ནས་བཏགས་པ་སྟེ། ༧འཇམ་མགོན་བླ་མ་ཁྱབ་བདག་རྡོ་རྗེ་འཆང་རྗེ་ཙོང་ཁ་པ་ཆེན་པོས་བོད་རབ་བྱུང་བདུན་པའི་ས་གླང་སྤྱི་ལོ༡༤༠༩ལོར་དགའ་ལྡན་དགོན་རྣམ་པར་རྒྱལ་པའི་གླིང་ཕྱག་བཏབ་ཅིང་། སྐུ་ཚེའི་སྨད་དུ་ཆོས་སྡེ་ཆེན་པོ་དེར་བཞུགས་ནས་རྗེའི་རིང་ལུགས་ཆོས་རྗེ་དགའ་ལྡན་པའི་ལུགས་ཞེས་འབོད་པ་དང་། དེའི་ཚིག་བསྡུས་ནས་རི་བོ་དགེ་ལུགས་པ་ཞེས་ཡོངས་སུ་གྲགས་ཤིང་དེ་ནས་བཟུང་རི་བོ་དགེ་ལུགས་པའི་གྲུབ་མཐའ་དར་ཞིང་རྒྱས་པར་གྱུར་ཏོ།། དེ་ཡང་བོད་གངས་ཅན་ལྗོངས་སུ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ ༧རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་དཔལ་བཟང་པོ་ནི་རབ་བྱུང་དྲུག་པའི་མེ་བྱ་སྤྱི་ལོ༡༣༥༧ལོར། མདོ་སྨད་ཙོང་ཁའི་ཡུལ་དུ་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། དགུང་ལོ་གསུམ་པར་ཀརྨ་པ་རོལ་པའི་རྡོ་རྗེ་ལས་དགེ་བསྙེན་བསྒྲུབས། མཚན་ལ་ཀུན་དགའ་སྙིང་པོ་བསྩལ། དགུང་ལོ་བདུན་པར་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་མཁན་པོ་དང་ཀོའུ་བ་གཞོན་ནུ་བྱང་ཆུབ་ཀྱིས་སློབ་དཔོན་མཛད་དེ་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ལ་བློ་བཟང་གྲགས་པ་ཞེས་གསོལ། དགུང་ལོ་བཅུ་བདུན་པར་དབུས་སུ་བྱོན་ཏེ་རྗེ་རེད་མདའ་བ་སོགས་བཤེས་གཉེན་མང་པོ་བསྟེན། མདོ་སྔགས་རིག་གནས་ཀུན་ལ་བྱང་ཆུབ་པར་སྦྱངས། དགུང་ལོ་ཉེར་བཞི་པར་དཀའ་བཞི་ཚུལ་ཁྲིམས་རིན་ཆེན་ལས་བསྙེན་པར་རྫོགས། དགུང་ལོ་སོ་དྲུག་པར་འཁོར་དག་པ་རྣམ་བརྒྱད་ལྷན་ཅིག་སྐྱོར་མོ་ལུང་ནས་འོལ་ཁར་ཕེབས་ཏེ་སྒྲུབ་པ་གཙོ་བོ་མཛད། མདོ་རྒྱུད་བསྟན་བཅོས་མ་ལུས་འཆད་རྩོད་རྩོམ་གསུམ་གྱི་ལམ་ནས་བཟུང་དགུང་ལོ་སོ་བདུན་པར་འོལ་ཁའི་རྫིང་ཕྱིའི་བྱམས་པ་རྟེན་དང་བརྟེན་པ་ཞིག་གསོས་གནང་པ་དང་། དགུང་ལོ་སོ་དགུ་བར་གཉལ་གྱི་ལུང་རར་ཆོས་འཁོར་བསྐོར་ཞིང་། དགུང་ལོ་ཞེ་བརྒྱད་པར་སྔགས་རིམ་ཆེན་མོ་བརྩམས། དགུང་ལོ་ང་གཅིག་པར་གོང་མ་ཡུང་ལོ་རྒྱལ་པོས་འཇའ་ས་དང་གསེར་ཡིག་ཕྱག་རྟེན་བཅས་དང་བཅས་པ་ཕུལ་ཏེ། ལན་གསུམ་བར་དུ་རྒྱལ་སར་གདན་དྲངས་ཀྱང་མ་ཕེབས། དགུང་ལོ་ང་གཉིས་པར་ལྷ་སར་ཆོ་འཕྲུལ་ཆེན་པོའི་སྨོན་ལམ་བཙུགས། དགུང་ལོ་ང་གསུམ་པར་དགའ་ལྡན་དགོན་པ་ཕྱག་བཏབ། དགུང་ལོ་ང་དགུ་བར་དགའ་ལྡན་དུ་སྟག་རྩེའི་སྒྲུབ་མཆོད་སྤེལ་པས། མཛད་ཆེན་རྣམ་བཞི་ཞེས་སུ་གྲགས་པ་ད་ལྟའི་བར་དུའང་མ་ཉམས་པར་གནས། རབ་བྱུང་བདུན་པའི་ས་ཕག་སྤྱི་ལོ༡༤༡༩ལོར་དགོངས་པ་ཞི་བའི་དབྱིངས་སུ་གཤེགས་སོ། རྗེ་རིན་པོ་ཆེའི་སློབ་མ་གྲགས་ཆེན་ནི་རྒྱལ་ཚབ་དར་མ་རིན་ཆེན་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་། རྗེ་དགེ་འདུན་གྲུབ། འདུལ་འཛིན་གྲགས་པ་རྒྱལ་མཚན། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན། བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས། རྗེ་ཤེས་རབ་སེང་གེ། རྒྱུད་ཆེན་ཀུན་དགའ་དོན་གྲུབ། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་སོགས་མང་དུ་མཆིས་སོ། གསུང་རྩོམ་སྐོར་ལ་བྱང་ཆུབ་ལམ་རིམ་དང་། ལེགས་བཤད་གསེར་ཕྲེང་། རིམ་ལྔ་གསལ་སྒྲོན་སོགས་པོད་ཏི་བཅོ་བརྒྱད་བཞུགས་ཤིང་། རི་བོ་དགེ་ལུགས་པའི་གྲུབ་མཐའི་སྲོལ་བཏོད་མཁན་དང་དགའ་ལྡན་རྣམ་པར་རྒྱལ་པའི་གླིང་གི་ཁྲི་རབས་དང་པོའང་ཡིན་ནོ།།

      དེ་ནས་རིམ་བཞིན་དུ་དབུས་གཙང་དག་པའི་ཞིང་དུ་སེ་འབྲས་དགེ་གསུམ་དུ་གྲགས་པའི་དཔལ་རི་བོ་དགེ་ལུགས་པའི་ཆོས་སྡེ་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་པའི་གླིང་དང་། སེ་ར་ཐེག་ཆེན་གླིང་། དཔལ་ལྡན་འབྲས་དཀར་སྤུངས་པའི་གླིང་། གཙང་བཀྲ་ཤིས་ལྷུན་པོ་དཔལ་སྡེ་ཆེན་ཕྱོགས་ཐམས་ལས་རྣམ་པར་རྒྱལ་བའི་གླིང་སོགས་དང་། མདོ་སྨད་ཕྱོགས་སུ་བྱང་གི་དགོན་ཆེན་བཞི་རུ་གྲགས་པའི་བྱ་ཁྱུང་དགོན་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་ནི་རབ་བྱུང་དྲུག་པའི་ས་མོ་གླིང༡༣༤༡ལོར་ཆོས་རྗེ་དོན་གྲུབ་རིན་ཆེན་དཔལ་བཟང་པོས་ཕྱག་འདེབས་མཛད་པ་ནས་བཟུང་རིམ་བཞིན་དུ་དགོན་ལུང་དགོན་བྱམས་པ་གླིང་། ཆུ་བཟང་དགོན་དགའ་ལྡན་མི་འགྱུར་གླིང་། གསེར་ཁོག་བཙན་པོ་དགོན་དགའ་ལྡན་དམ་ཆོས་གླིང་སོགས་དང་། བིས་མདོ་དགོན་ཆེན་བཀྲ་ཤིས་ཆོས་འཁོར་གླིང་། སྐུ་འབུམ་བྱམས་པ་གླིང་། གྲོ་ཚང་དགོན་བཀྲ་ཤིས་ལྷུན་པོ། རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་། རྨ་མགུར་རྣམ་རྒྱལ་གླིང་། ལ་མོ་བདེ་ཆེན་སྒར་ཐོག་ཀུན་ཏུ་བདེ་བའི་གླིང་། བླ་བྲང་དགོན་དགའ་ལྡན་བཤད་སྒྲུབ་དར་རྒྱས་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་། རྭ་རྒྱ་དགོན་བཀྲ་ཤིས་འབྱུང་གནས། བྲག་དཀར་སྤྲེལ་རྫོང་དགོན་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་སོགས་སྔ་གཞུག་ལྟར་ཆོས་སྡེ་ཆེན་པོ་ཆིག་སྟོང་བཞི་བརྒྱ་བདུན་ཅུ་དོན་གཉིས་ཙམ་ཕྱག་འདེབས་མཛད་ནས། ད་ལྟ་རབ་བྱུང་བཅུ་བདུན་པའི་ས་མོ་ཕག་གི་བར་དུ་མི་ལོ༦༧༨རིང་ལ་དཔལ་རི་བོ་དགེ་ལུགས་པའི་གྲུབ་མཐའ་འདི་མདོ་དབུས་ཁམས་གསུམ་ཀུན་ཏུ་ཧ་ཅང་དར་ཞིང་རྒྱས་པར་བཞུགས་སོ།།

      འོན་ཀྱང་མཚན་གྱི་ཆ་ནས་བཤད་ན་མ་ཧཱ་ཙི་ནས་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་ལ་བླ་མའི་ཆོས་ལུགས་དང་། རྙིང་མའི་ཆོས་ལུགས་ལ་དམར་པོའི་ཆོས་ལུགས། བཀའ་བརྒྱུད་པའི་ཆོས་ལུགས་ལ་དཀར་པོའི་ཆོས་ལུགས། ས་སྐྱའི་ཆོས་ལུགས་ལ་ཁྲ་བའི་ཆོས་ལུགས། དགེ་ལུགས་པ་ལ་སེར་པོའི་ཆོས་ལུགས་ཟེར་བ་སོགས་ཤིན་ཏུ་ནོར་འཆུགས་སུ་སེམས། ས་དགེ་བཀའ་རྙིང་མཐའ་དག་ནི་ནང་པའི་ཆོས་ལུགས་ལས་མ་འདས་པས་ཡུལ་གྱི་ཆ་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཞེས་སྔོན་བྱོན་མཁས་དབང་དག་གིས་ཞལ་གསུངས་སུ་རྙིང་མ་བ་ལས་གཞན་བཀའ་བརྒྱུད་པ་དང་། ས་སྐྱ་པ། དགེ་ལྡན་པ་ཐམས་ཅད་ཀྱི་མདོ་ཕྱོགས་ལས་བརྩམས་པའི་གྲུབ་མཐའི་རྩ་བ་ནི་ཇོ་བོ་ཨ་ཏི་ཤ་ལ་བརྟེན་ནས་དར་བའི་བཀའ་གདམས་པའི་གྲུབ་མཐའ་ལས་སོ་སོར་གྱེས་པ་ཡིན་ཞིང་། དགེ་ལྡན་པ་ལ་བཀའ་གདམས་གསར་མ་བ་ཞེས་པའི་ཐ་སྙད་ཀྱང་འདོགས་པར་མཛད་དོ། དེ་ཡང་གྲུབ་མཐའ་སོ་སོར་འབྱེད་པའི་གནད་དམ་པ་ནི་རྒྱ་གར་དང་བོད་ཀྱི་གྲུབ་མཐའ་གང་ཡིན་ཡང་ལྟ་བའི་སྒོ་ནས་ཐ་དད་པར་བཞག་པ་ཞིག་མ་གཏོགས་ཞྭ་གོས་ཀྱི་ཁ་དོག་སོགས་ལ་བལྟས་ནས་བཞག་པ་ཞིག་གཏན་ནས་མིན་པ་མངོན་སུམ་ཚད་མས་གྲུབ་པ་མཁས་དབང་ཚེ་ཏན་ཞབས་དྲུང་སོགས་ཀྱིས་གསུངས་པ་ལ་འཁྲུལ་བ་ཙམ་ཡང་མ་མཆིས་སོ། རྭ་སྒྲེང་རྟེན་ཁྲོད་ན་བཞུགས་པའི་པའི་ཇོ་བོ་ཨ་ཏི་ཤའི་བླ་གོས་ཀྱི་མདོག་ནི་བཙོད་མདོག་ཡིན་ལ། རྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོས་མཛད་པའི་རྩིས་སྐར་ནག་གི་དྲིས་ལན་དུ་གསུངས་པ་ལྟར་གནའ་སྔ་མོ་ནས་བཟུང་བོན་པོ་ལ་རིགས་གཉིས་ལས། ལྷ་གསོལ་དང་སྐར་མའི་རྩིས་བྱེད་མཁན་ལ་བོན་དཀར་དང་། སྤར་ཁ་སྨེ་བ་དབང་ཐང་སོགས་ནག་རྩིས་ཀྱི་སྐོར་ལས་རྩིས་བརྒྱབ་ནས་བདེ་སྡུག་དར་རྒུད་ཅི་འབྱུང་ལུང་སྟོན་མཁན་ལ་བོན་ནག་ཅེས་པའི་ཐ་སྙད་ཅིག་ཡོད་མྱོང་བ་ནའང་ཡུལ་ཨ་མདོ་ཕྱོགས་ཀྱི་སངས་རྒྱས་ཀྱི་ཆོས་ལུགས་འཛིན་མཁན་ཚོས་བོན་པོ་ལ་རིགས་གཉིས་ལས་སྟོན་པ་ཤཱཀྱ་ཐུབ་པ་དང་སྟོན་པ་གཤེན་རབས་གཉིས་ལ་དད་ཅིང་སྐོར་ཕྱག་བྱེད་མཁན་ལ་བོན་དཀར་དང་། སྟོན་པ་གཤེན་རབས་གཅིག་པུ་ལས་ཤཱཀྱ་ཐུབ་པར་དད་པ་མི་བྱེད་མཁན་ལ་བོན་ནག་ཅེས་པའི་མིང་གིས་འབོད་བཞིན་ཡོད་ཀྱང་བོན་དཀར་དང་བོན་ནག་ཅེས་པའི་མིང་དེ་ནི་བོན་པོ་རྣམས་ཀྱིས་ཁས་ལེན་མི་བྱེད་པ་མ་ཟད། དེ་ནི་གྲུབ་མཐའི་ཕྱོགས་ཞེན་གྱིས་བཏགས་པ་ཞིག་ཡིན་པའི་རྒྱུ་མཚན་ལ་ཐུག་ཡོད་པའང་གསལ་བོར་མཚོན་ནོ།།

       གསུམ། རྒྱལ་བ་བཀའ་བརྒྱུད་པའི་གྲུབ་མཐའ་བྱུང་ཚུལ།

      དེ་ནི་བཀའ་བབས་ཀྱི་གདམས་པའི་རྒྱུད་འཛིན་པ་ཡིན་པས་ན་བཀའ་བརྒྱུད་པ་ཞེས་སུ་གྲགས་ལ་དབྱེ་ན་གཉིས་ཏེ། ཤངས་པ་བཀའ་བརྒྱུད་དང་། དྭགས་པོ་བཀའ་བརྒྱུད་དོ། དེ་ལས་ཤངས་པ་བཀའ་བརྒྱུད་ནི་མཁས་གྲུབ་ཁྱུང་པོ་ལས་བརྒྱུད་དེ་སངས་རྒྱས་སྟོན་པའི་བར་བརྒྱུད་པ་རིན་ཆེན་བདུན་བརྒྱུད་ཟེར་ལ་དེ་ནས་བརྒྱུད་པའི་ཤངས་སྟོན་གྱི་བརྒྱུད་ལ་ཤངས་པ་བཀའ་བརྒྱུད་ཅེས་བྱ་ཞིང་བཞུགས་ཡུལ་ཤངས་ཕྱོགས་ཡིན་པས་ཤངས་པ་བཀའ་བརྒྱུད་ཀྱང་ཟེར། ཕྱིས་སུ་གངས་རིའི་ལྗོངས་སུ་སྙན་པའི་བ་དན་མཐོ་རུ་བསྒྲེངས་པའི་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཡང་ཤངས་པའི་ཆོས་བརྒྱུད་འཛིན་པ་ཞིག་ཡིན་པས་བོད་ཀྱི་ལྕགས་ཟམ་ཕྱོགས་སུ་ཤངས་ཆོས་གྲུབ་མཐའ་དར་བར་སྣང་ངོ་ཞེས་གྲགས་སོ།། 

      བཀའ་བརྒྱུད་པའི་གྲུབ་མཐའི་བདག་པོར་གྱུར་པ་སྒྲ་སྒྱུར་མར་བ་དང་རྗེ་བཙུན་མི་ལ། མཉམ་མེད་དྭགས་པོ་ལྷ་རྗེ་རྣམས་དང་། དེའི་རྗེས་འབྲང་རྣམས་ཀྱིས་ན་བཟའ་དང་སྐུ་གཟན་དཀར་པོ་མནབས་ཤིང་ཡོངས་གྲགས་སུ་བཀའ་བབས་གདམས་པའི་བརྒྱུད་པ་འཛིན་མཁན་ཡིན་པའི་ཆ་ནས་བཀའ་བརྒྱུད་པ་ཞེས་སོ། བཀའ་བརྒྱུད་པའི་ནང་ཁུལ་དུ་ཡང་ཤངས་པ་བཀའ་བརྒྱུད་དང་། དྭགས་པོ་བཀའ་བརྒྱུད། མཚུར་ཕུ་བཀའ་བརྒྱུད། ཀརྨ་བཀའ་བརྒྱུད། ཕག་གྲུ་བཀའ་བརྒྱུད། ཚལ་བ་བཀའ་བརྒྱུད། འབྲི་གུང་བཀའ་བརྒྱུད། སྟག་ལུང་བཀའ་བརྒྱུད། འབའ་རོམ་བཀའ་བརྒྱུད། གཡའ་བཟང་བཀའ་བརྒྱུད། ཁྲོ་ཕུ་བཀའ་བརྒྱུད།ཡེལ་ཕུག་བཀའ་བརྒྱུད། ཤུག་གསེབ་བཀའ་བརྒྱུད། འབྲུག་པ་བཀའ་བརྒྱུད་སོགས་ནང་གསེས་ཀྱི་མཚན་མང་པོར་གྱེས་ཤིང་། ད་ལྟ་རབ་བྱུང་བཅུ་བདུན་པའི་ས་མོ་ཕག་གི་བར་ལ་རྒྱལ་ཡོངས་སུ་རྒྱལ་བ་བཀའ་བརྒྱུད་པའི་ཆོས་སྡེ་སུམ་བརྒྱ་དང་དྲུག་ཅུ་རེ་དྲུག་བཞུགས་སོ།།

      གོང་གསལ་ལྟར་བཀའ་བརྒྱུད་པ་ཞེས་པ་ནི་གདམས་ངག་གི་སྒོ་ནས་བཏགས་པ་ཡིན་ཏེ་ཏཻ་ལོ་བ་ལ་བཀའ་བབས་བཞི་ཡོད་པས་དེའི་བརྒྱུད་པར་བཀའ་བརྒྱུད་པ་ཟེར་ཞིང་།དེ་ལ་ཤངས་པ་བཀའ་བརྒྱུད་དང་དྭགས་པོ་བཀའ་བརྒྱུད་གཉིས་ལས་སྔ་མ་ནི་མཁས་གྲུབ་ཁྱུང་བོ་རྣལ་འབྱོར་གྱིས་རྒྱ་གར་ནས་བླ་མ་མཻཏྲི་པ་སོགས་ལས་གདམས་ངག་གསན་ཏེ་ཕྱིར་ཕེབས་ནས་ཤངས་སུ་དགོན་པ་བརྒྱ་རྩ་བཏབ་སྟེ་ཤངས་པ་བཀའ་བརྒྱུད་བྱུང་པ་དང་། དྭགས་པོ་བཀའ་བརྒྱུད་ནི་མར་བ་ལོ་ཙཱ་བ་བླ་མ་མཻ་ཏྲི་བ་སོགས་ལས་ཆོས་གསན་ཏེ། བོད་ཡུལ་དུ་ཕེབས་ནས་སློབ་མ་བསྐྱངས། དེའི་སློབ་མ་མི་ལའི་ཐུགས་སྲས་མཉམ་མེད་དྭགས་པོ་ལྷ་རྗེས༡༡༢༡ལོར་དྭགས་ལྷ་སྒམ་པོ་བཏབ་ཅིང་། དེའི་བརྒྱུད་པ་ལ་དྭགས་པོ་བཀའ་བརྒྱུད་བྱུང་། ཕྱིས་སུ་མང་དུ་གྱེས་ཏེ་ཕག་གྲུ་རྡོ་རྗེ་རྒྱལ་བོས་སྤྱི་ལོ༡༡༥༨ལོར་གདན་ས་མཐིལ་ཕག་མོ་གྲུ་དགོན་པ་བཏབ། དེ་ནས་དར་སྤེལ་བྱུང་བ་ལ་ཕག་གྲུ་བཀའ་བརྒྱུད་ཟེར་ཞིང་། སྒམ་པོ་བའི་སློབ་མ་དུས་གསུམ་མཁྱེན་པས་སྤྱི་ལོ༡༡༨༩ལོར་སྟོད་ལུང་མཚུར་ཕུའི་དགོན་པ་བཏབ་པ་དེའི་བརྒྱུད་པ་རྣམས་ལ་མཚུར་ཕུ་བཀའ་བརྒྱུད་དང་ཀརྨ་བཀའ་བརྒྱུད་ཟེར། སྒམ་པོ་བའི་སློབ་མ་འབབ་རོམ་པ་དར་མ་དབང་ཕྱུག་གིས༡༡༥༨ལོར་འབབ་རོམ་དགོན་པ་བཏབ་སྟེ་དར་སྤེལ་བྱུང་བ་ལ་འབབ་རོམ་བཀའ་བརྒྱུད་ཟེར། དྭགས་པོ་ལྷ་རྗེའི་ཚ་བོ་སྒོམ་པ་ཚུལ་ཁྲིམས་སྙིང་བོའི་སློབ་མ་ཞང་འགྲོ་བའི་མགོན་པོས་སྤྱི་ལོ༡༡༧༥ལོར་ཚལ་གྱི་དགོན་པ་བཏབ་སྟེ་དར་སྤེལ་བྱུང་བ་ལ་ཚལ་བ་བཀའ་བརྒྱུད་ཟེར། གོང་གི་འདི་བཞི་ལ་ཆེ་བཞིར་གྲགས་ཤིང་ལ་ལས་དྭགས་ལྷ་སྒམ་པོ་བརྩིས་ནས་ཆེ་ལྔ་ཡང་ཟེར། འགྲོ་མགོན་ཕག་མོ་གྲུ་བའི་སློབ་མ་སྐྱོབ་པ་འཇིག་རྟེན་མགོན་པོས༡༡༧༩ལོར་འབྲི་གུང་མཐིལ་གྱི་དགོན་པ་བཏབ་སྟེ་དར་སྤེལ་བྱུང་བ་ལ་འབྲི་གུང་བཀའ་བརྒྱུད་ཟེར། འགྲོ་མགོན་ཕག་མོ་གྲུ་བའི་སློབ་མ་སྟག་ལུང་ཐང་བ་བཀྲ་ཤིས་དཔལ་གྱིས་སྟག་ལུང་དགོན་པ་བཏབ་སྟེ་དར་སྤེལ་བྱུང་བ་ལ་སྟག་ལུང་བཀའ་བརྒྱུད་པ་ཟེར། ཕག་གྲུའི་སློབ་མ་ཟ་ར་བ་སྐལ་ལྡན་ཡེ་ཤེས་སེང་གེའི་སློབ་མ་གཡའ་བཟང་བ་ཆོས་རྗེ་སྨོན་ལམ་མམ་གཡའ་བཟང་ཆོས་རྗེས༡༢༠༦ལོར་གཡའ་བཟང་དགོན་པ་བཏབ་ནས་དར་སྤེལ་བྱུང་བ་ལ་གཡའ་བཟང་བཀའ་བརྒྱུད་ཟེར། ཕག་གྲུའི་སློབ་མ་རྒྱལ་ཚ་རིན་ཆེན་མགོན་གྱིས༡༡༧༡ལོར་ཁྲོ་ཕུ་དགོན་པ་བཏབ་སྟེ་དར་སྤེལ་བྱུང་བ་ལ་ཁྲོ་ཕུ་བཀའ་བརྒྱུད་ཟེར། ཕག་གྲུའི་སློབ་མ་གླིང་རས་པ་པདྨ་རྡོ་རྗེའི་སློབ་མ་འགྲོ་མགོན་གཙང་བ་རྒྱ་རས་ཡེ་ཤེས་རྡོ་རྗེས༡༡༩༣ལོར་འབྲུག་དགོན་པ་བཏབ་ནས་དར་སྤེལ་བྱུང་བ་ལ་འབྲུག་པ་བཀའ་བརྒྱུད་པ་ཟེར། ཕག་གྲུའི་སློབ་མ་སྨར་བ་ཤེས་རབ་ཡེ་ཤེས་ཀྱིས༡༡༦༧ལོར་ཁམས་སུ་ཤོ་དགོན་པ་བཏབ་སྟེ་དར་སྤེལ་བྱུང་བ་ལ་སྨར་བ་བཀའ་བརྒྱུད་ཟེར། ཕག་གྲུའི་སློབ་མ་ཡེ་ཤེས་བརྩེགས་ཀྱིས༡༡༧༡ལོར་ཁམས་སུ་ཡེལ་ཕུག་དགོན་པ་བཏབ་སྟེ་དར་སྤེལ་བྱུང་བ་ལ་ཡེལ་ཕུག་བཀའ་བརྒྱུད་ཟེར། ཕག་གྲུའི་སློབ་མ་སྙི་ཕུ་གྱེར་སྒོམ་ཆེན་པོ་ཚུལ་ཁྲིམས་སེང་གེས་སྙི་ཕུ་ཤུག་གསེབ་དགོན་པ་བཏབ་སྟེ་དར་སྤེལ་བྱུང་བ་ལ་ཤུག་གསེབ་བཀའ་བརྒྱུད་ཟེར་སོགས་འདི་བརྒྱད་ལ་ཆུང་བརྒྱད་ཟེར་ཏེ་འགྲོ་མགོན་ཕག་མོ་གྲུ་བ་ལས་བྱུང་བས་སོ། འདི་དག་ནི་ས་གནས་དང་ཡུལ་ཕྱོགས་སློབ་དཔོན་བཅས་ལས་མིང་བཏགས་པ་ལས་གྲུབ་མཐའི་འདོད་ཚུལ་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་མེད་དོ།།

       བཞི། གསང་སྔགས་སྔ་འགྱུར་རྙིང་མ་བའི་གྲུབ་མཐའ་བྱུང་ཚུལ།

      དེའི་སྐོར་གོང་དུ་གསང་སྔགས་གསར་འགྱུར་དང་རྙིང་འགྱུར་གཉིས་ཀྱི་ཁྱད་པར་ངོས་འཛིན་བྱེད་པའི་སྐབས་སུ་མདོ་ཙམ་བརྗོད་ཟིན་ཀྱང་འདིར་ས་བཅད་མ་སྟོང་བའི་ཚུལ་དུ་ཅུང་ཟད་བརྗོད་ན་རྙིང་མ་བ་ཞེས་པ་ནི་བསྟན་པ་སྔ་དར་གྱི་དུས་སུ་ལོ་ཙཱ་བ་བཻ་རོ་ཙ་ན་སོགས་ཀྱིས་བསྒྱུར་བའི་རྒྱུད་སྡེ་ལ་གསང་སྔགས་རྙིང་མ་ཞེས་ཟེར་ཞིང་། འདི་རུ་སློབ་དཔོན་པདྨ་འབྱུང་གནས་རྩ་བའི་སློབ་དཔོན་དུ་འཛིན་པ་དང་དེས་གསུངས་པའི་རྒྱུད་སྡེ་ཡི་དོན་རྣམས་ཉམས་སུ་ལེན་མཁན་ལ་ངོས་འཛིན་དགོས་ཤིང་རྙིང་མའི་དགོན་པར་སྔ་བ་ཤངས་ཐུབ་ཆེན་དགོན་པ། ཀ་དམ་པ་བདེ་གཤེགས་ཀྱིས་བཏབ་པའི་སྡེ་དགེ་ཀཿཐོག་དགོན་པ། སྤྱི་ལོ༡༦༡༨ལོར་གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེས་བཏབ་པའི་གྲྭ་ཕྱི་སྨིན་གྲོལ་གླིང་། སྤྱི་ལོ༡༦༠༠ལོར་རིག་འཛིན་ངག་གི་དབང་པོས་བཏབ་པའི་ཐུབ་བསྟན་རྡོ་རྗེ་བྲག་དགོན་པ་སོགས་མང་དུ་མཆིས་ཤིང་། ད་ལྟ་རབ་བྱུང་བཅུ་བདུན་པའི་ས་མོ་ཕག་གི་བར་ལ་རྒྱལ་ཡོངས་སུ་གསང་སྔགས་སྔ་འགྱུར་རྙིང་མ་བའི་ཆོས་སྡེ་བདུན་བརྒྱ་དང་ལྔ་བཅུ་ང་གསུམ་བཞུགས་སོ།།

      གསང་སྔགས་སྔ་འགྱུར་རྙིང་མ་བ་ནི་བསྟན་པ་ཕྱི་དར་གྱི་དབུ་ཚུགས་སྐབས་པཎྚི་ཏ་སྨྲྀ་ཏི་དང་ལོ་ཆེན་རིན་ཆེན་བཟང་བོ་སོགས་ཀྱིས་གསང་སྔགས་ཀྱི་རྒྱུད་སྡེ་བོད་སྐད་དུ་བསྒྱུར་བ་མན་ཆད་ལ་གསང་སྔགས་གསར་མ་ཞེས་ཟེར། དེའི་ཟླས་དྲངས་པའི་བསྟན་པ་སྔ་དར་གྱི་དུས་སུ་ལོ་ཙཱ་པ་བེེ་རོ་ཙ་ན་སོགས་ཀྱིས་བསྒྱུར་བའི་རྒྱུད་སྡེ་ལ་གསང་སྔགས་རྙིང་མ་ཞེས་ཟེར། གསར་རྙིང་ཞེས་པའི་ཐ་སྙད་འདི་སྔགས་ཕྱོགས་མ་གཏོགས་མདོ་ཕྱོགས་སུ་མེད། དེའི་ཕྱིར་གསར་རྙིང་གི་རྒྱུད་སྡེ་དེ་ཉམས་སུ་ལེན་མཁན་ལ་གསང་སྔགས་རྙིང་མ་བ་དང་། གསང་སྔགས་གསར་མ་བ་ཟེར། ཚིག་བསྡུས་པས་ན་གསར་མ་དང་རྙིང་མ་ཞེས་ཡོངས་སུ་གྲགས་སོ། གསང་སྔགས་གསར་མ་ནི་ས་སྐྱ་བ་དང་བཀའ་བརྒྱུད་པ་ནས་བཟུང་དགེ་ལྡན་པ་ལ་ཐུག་གི་བར་དུ་གྲུབ་མཐའ་འཛིན་པ་ཐམས་ཅད་ལ་ཟེར་ཏོ། ད་ལྟ་རྙིང་མ་ཞེས་པ་ནི་སློབ་དཔོན་པདྨ་འབྱུང་གནས་རྩ་བའི་སློབ་དཔོན་དུ་འཛིན་པ་དང་ཁོང་གིས་གསུངས་པའི་རྒྱུད་སྡེའི་ནང་དོན་ཉམས་སུ་ལེན་མཁན་ལ་ངོས་འཛིན་དགོས་པར་སེམས་སོ།།   

       ལྔ། བཀའ་གདམས་པའི་གྲུབ་མཐའ་བྱུང་ཚུལ།

      དེ་ནི་རྒྱལ་བའི་བཀའ་སྡེ་སྣོད་གསུམ་གྱི་དོན་ཐམས་ཅད་མ་ལུས་པར་རང་གིས་ཉམས་སུ་བླང་བྱའི་གདམས་ངག་ཏུ་གོ་བས་ན། བཀའ་གདམས་པ་ཞེས་བརྗོད་ལ། དེ་ཡང་བོད་རབ་བྱུང་དང་པོའི་ལྕགས་འབྲུག་སྤྱི་ལོ༡༠༤༠ལོར་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་གདན་དྲངས་ནས་མངའ་རིས་དང་། ཡེར་པ། སྙེ་ཐང་། འཕན་པོ། ལྷ་ས་བཅས་སུ་ལོ་ངོ་བཅུ་བདུན་གྱི་རིང་ལ་ཆོས་གསུངས་པ་དང་། བསྒྱུར་པ། སྒྱུར་བཅོས་སོགས་ཀྱིས་སློབ་མ་མང་དུ་བསྐྱངས། སློབ་མའི་མཆོག་ནི་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་རབ་བྱུང་དང་པོའི་མེ་བྱ་སྤྱི་ལོ༡༠༨༧ལོར་རྭ་སྒྲེང་དགོན་པ་བཏབ་པ་དང་དེ་ནས་དར་སྤེལ་བྱུང་བའི་ཆོས་བརྒྱུད་ལ་བཀའ་གདམས་པ་ཞེས་བརྗོད་ཅིང་ཇོ་བོ་རྗེས་དབུ་བརྙེས་པ་དང་འབྲོམ་སྟོན་པས་སྲོལ་གཏོད་སྐུ་མཆེད་གསུམ་གྱིས་རྒྱས་པར་མཛད་པའི་རྒྱལ་བའི་བཀའ་ན་གཅིག་ཀྱང་དོར་དུ་མེད་པར་གང་ཟག་གཅིག་གི་འཚང་རྒྱ་བའི་གདམས་ངག་ཏུ་གོ་བའི་ཆ་ནས་བཀའ་གདམས་པ་ཞེས་སུ་བྱའོ། དེ་ཡང་མདོར་བསྡུས་ན་བཀའ་བརྒྱུད་དང་ས་སྐྱ་པ། དགེ་ལུགས་པ་རྣམས་ཀྱང་མཉམ་མེད་ཇོ་བོ་རྗེ་ཨ་ཏི་ཤ་ཉིད་ཀྱི་འཕྲིན་ལས་ལ་བརྟེན་ནས་བྱུང་བ་ཤ་སྟག་ཡིན་པ་མ་ཟད་རྒྱལ་བ་གཉིས་པ་རྗེ་ཙོང་ཁ་པ་ནི་ཇོ་བོ་རྗེ་དང་ཐུགས་རྒྱུད་གཅིག་པར་ཚད་མའི་ལུང་གིས་གྲུབ་ལ་ཇོ་བོ་རྗེའི་དགོངས་པ་དང་གཞི་གཅིག་ཏུ་མཐུན་པས་ཆོས་འབྱུང་ཁ་ཤས་སུ་དགེ་ལུགས་པའི་མཚན་ལ་བཀའ་གདམས་གསར་མའི་ཐ་སྙད་ཀྱང་འདོགས་པ་གནང་ཡོད་ཅེས་གསུངས། མཁས་དབང་ཚེ་ཏན་ཞབས་དྲུང་གིས་ཀྱང་གསང་སྔགས་གསར་མ་ནི་ས་སྐྱ་པ་དང་།  བཀའ་བརྒྱུད་པ་ནས་བཟུང་དགེ་ལྡན་པ་ལ་ཐུག་གི་བར་གྱི་གྲུབ་མཐའ་འཛིན་པ་ཐམས་ཅད་ལ་ཟེར། འོན་ཀྱང་བཀའ་གདམས་པ་ནི་མདོ་ཕྱོགས་རྩལ་དུ་འདོན་པ་ལས་གསང་སྔགས་མངོན་ཆེར་མི་མཛད་པས་ན་བཀའ་གདམས་པར་ཡང་གསང་སྔགས་གསར་མ་ཞེས་པའི་མིང་མངོན་སུམ་དུ་མི་འདོགས་སོ་ཞེས་གསུངས་ཡོད།།

       དྲུག ཞི་བྱེད་པའི་གྲུབ་མཐའ་བྱུང་ཚུལ།

      དེ་ཡང་ཞི་བྱེད་པའི་གྲུབ་མཐའ་ནི་རྒྱ་གར་གྱི་གྲུབ་ཆེན་ཕ་དམ་པ་སངས་རྒྱས་ཀྱི་སྐུ་རིང་ལ་སྤྱི་ལོ༡༡༡༧ནས་དར་བ་ཡིན་ཞིང་ཤེར་ཕྱིན་ཉམས་ལེན་གྱིས་སྲིད་ཞིའི་སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་ལ་གདམས་པ་འདིའི་སྙིང་པོ་ཡང་ཤེར་ཕྱིན་གྱི་ཉམས་ལེན་ཡིན་པའི་ཆ་ནས་དང་། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ལ་བརྟེན་ནས་ཞི་བྱེད་པའི་གྲུབ་མཐའ་ཞེས་མིང་དུ་བཏགསཔ་ཡིན། ཞི་བྱེད་པའི་ཆོས་སྡེ་གྲགས་ཆེ་བ་ནི་སྐྱེས་མཆོག་བསམ་གཏན་དཔལ་གྱིས་བཏབ་པའི་ཡབ་ཆོས་སྡིངས་དང་སྒོ་མོ་ཆོས་སྡིངས་གཉིས་སོ། དེ་ནི་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་བླ་མ་ཡིན། ཞི་བྱེད་པའི་ཡ་གྱལ་གཅོད་ཀྱི་གདམས་པ་ཡང་ཕ་དམ་པ་སངས་རྒྱས་ཀྱིས་སྤེལ་བ་ཡིན་ལ། དེ་ཡང་གཅོད་ཅེས་བྱ་བའི་སྒྲ་དོན་ནི་གདམས་པའི་བྱེད་ལས་ཀྱི་སྒོ་ནས་བཏགས་པ་སྟེ་བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ཀྱིས་རང་དོན་གཅོད་པ་དང་། སྟོང་ཉིད་ཀྱི་ལྟ་བས་འཁོར་བའི་རྩ་བ་གཅོད། ཐུན་མོང་གིས་བདུད་བཞི་གཅོད་པས་དེ་སྐད་དུ་བཏགས་ལ་ཡང་ན་སྤྱོད་ཅེས་ཀྱང་བྱ་སྟེ་རྒྱལ་བའི་སྲས་ཀྱི་ཉམས་ལེན་ཐབས་ཤེས་ཀྱི་ལམ་ལ་སྤྱོད་པས་དེ་ལྟར་དུ་གྲགས་སོ།།  

      ཞི་བྱེད་པ་ནི་དུས་རབས་བཅུ་གཉིས་པའི་དུས་འགོར་དམ་པ་སངས་རྒྱས་བྱུང་དུས་ཞི་བྱེད་པའི་གྲུབ་མཐའ་བྱུང་བ་ཡིན་ཞིང་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ཡ་གྱལ་ཞིག་ཀྱང་ཡིན། ཆོས་ལུགས་ཀྱི་གྲུབ་མཐའ་འདི་དག་གིས་ཚེ་རབས་སྔ་མའི་ལས་དབང་གིས་ཚེ་འདིར་ལུས་དམན་པར་གྱུར་པ་དང་། ནད་བུ་ཅན་དང་། དབུལ་ཕོངས་དང་། མི་མ་ཡིན་པས་གཙེས་པ་དག་གི་སྡུག་བསྔལ་རྣམས་འཕྲལ་དུ་ཞི་བར་བྱས་ནས་རྣལ་འབྱོར་ལ་སྦྱོར་བཟོད་པར་བྱེད་པས་དམ་ཆོས་སྡུག་བསྔལ་ཐམས་ཅད་ཞི་བྱེད་ཅེས་བྱའོ། ཁྱད་པར་དུ་ཤེར་ཕྱིན་ཉམས་ལེན་གྱིས་སྲིད་ཞིའི་སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་ཅིང་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས་ཞེས་པ་ལ་བརྟེན་ནས་དེ་ལྟར་བཏགས་པར་བཞེད་པ་དང་གང་ལས་བྱུང་བའི་ཁུངས་ནི་ཕ་དམ་པ་སངས་རྒྱས་ཁོང་ཡིན་ནོ། དུས་དེར་དམ་པའི་སློབ་མ་སྒོ་བའི་རྣམ་འབྱོར་བ་བཞི། ཁྱད་འཕགས་ཀྱི་བུ་ཆེན་བརྒྱད། འཁྲུལ་ཞིག་ཉེར་དྲུག གདན་ནོན་བཅུ་གཉིས་རྣམས་དང་། བྱང་ཆུབ་སེམས་དཔའ་ཀུན་དགས་བློ་གཏད་ཀྱི་མ་ཇོ་ཉེར་བཞི་རྣམས་བྱུང་བ་རྣམས་ལས་གཙོ་བོར་གྱུར་བའི་རྣལ་འབྱོར་བ་བཞིར་གྲགས་པ་སྟེ། ཤར་ན་དམ་པ་ཕྱར་ཆེན་གྱིས་བཀའ་མདོ་སྦྱོར་གྱི་སྐོར། ལྷོ་རུ་བཛྲ་ཀྲོ་ངྷས་རིན་ཆེན་དོན་སྡེབ་ཀྱི་སྐོར། བྱང་དུ་བྱང་ཆུབ་སེམས་དཔའ་ཀུན་དགའ་ཡིས་བཀའ་ཆོ་ལུའི་སྐོར་རྣམས་བཀའ་བསྡུ་མཛད་ཅིང་ཡི་གེར་བཀོད་པ་དང་། གཞན་དག་ལ་གནང་བའི་ཞལ་གདམས་སྣ་རེ་ཙམ་ཡང་ཡི་གེར་བཀོད་པ་སོགས་སྨིན་གྲོལ་གདམས་ངག་གི་རྒྱུན་ནམ་མཁའི་སྐར་ཚོགས་ལྟ་བུ་བྱུང་བར་གྲགས་སོ།།     

      ཞི་བྱེད་པ་ཞེས་པ་ནི་ཤེར་ཕྱིན་གྱི་མན་ངག་ལ་བརྟེན་ནས་བཏགས་ཤིང་སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པ་ཞེས་པའི་དོན་ཏེ། ཕ་དམ་པ་སངས་རྒྱས་ལས་བརྒྱུད་པ་སྟེ་འདི་ལ་བརྒྱུད་པ་སྔ་ཕྱི་བར་གསུམ་བྱུང་བའི་དང་བོ་ཁ་ཆེ་ཛྙ་ན་གུ་ཧྱ་ལ་ལས་བརྒྱུད། བར་བ་ནི་རྨ་ཆོས་ཀྱི་ཤེས་རབ་ལས་བརྒྱུད། ཕྱི་མ་ནི་ཕྱར་ཆེན་ཕྱར་ཆུང་སོགས་ལས་བརྒྱུད་པ་ཡིན་ལ། བར་བ་ལའང་གྲྭ་བ་མངོན་ཤེས་ཅན་ལས་བརྒྱུད་པ་ལ་གྲྭ་ལུགས་ཞེས་ཀྱང་ཟེར། བཟང་ཡུལ་གྱི་དགེ་བཤེས་ཟལ་བ་གྲགས་ཅན་ལས་བརྒྱུད་པ་ལ་ལྕེ་ལུགས། མཆིམས་ཡུལ་གྱི་ལྗང་བཀའ་གདམས་པ་ལས་བརྒྱུད་པ་ལ་ལྗང་ལུགས་ཞེས་གྲགས་པ་ཅན་གསུམ་བྱུང་བའོ།། ཕ་དམ་པ་སངས་རྒྱས་ཞེས་བྱ་བ་ནི་ཞི་བྱེད་པའི་ཆོས་ལུགས་གྲུབ་མཐའ་བོད་དུ་ཐོག་མར་དར་བར་མཛད་པ་པོ་ཡིན་ཞིང་། འདི་ཉིད་བོད་དུ་ལན་ལྔ་བྱོན་པ་སྟེ། དེ་ཡང་དང་པོ་མགྲིན་ཐང་ལ་སྒོ་ནས་ཙཱ་རིའི་ཕྱོགས་སུ་བྱོན་པ་དང་། གཉིས་པ་ཁ་ཆེ་ནས་མངའ་རིས་ཕྱོགས་སུ་བྱོན་པ། གསུམ་པ་བལ་བོ་ནས་བྱོན་པ་ན་ཡར་ལུང་གི་སྨང་ར་སེར་པོ་དང་མཇལ་ཏེ། དེ་དང་འགྲོགས་ནས་གཙང་དུ་སྐྱོ་བསོད་ནམས་བླ་མ་དང་སྨང་ར་སེར་པོ་གཅོད་སྐོར་གནང་། བཞི་པ་ཤབ་འུག་ལྟག་སྒོ་ནས་དབུས་སུ་རྨ་སོ་ཀམ་གསུམ་སོགས་ཀྱི་དོན་མཛད། ལྔ་པ་དེ་ནས་རྒྱ་ནག་ཏུ་བྱོན་ཏེ། ལོ་བཅུ་གཉིས་བཞུགས་ནས་སླར་དིང་རིར་ཕྱག་ཕེབས། ཕ་དམ་པ་བོད་དུ་བྱོན་པའི་ཐ་མ་རབ་བྱུང་གཉིས་པའི་ཆུ་སྦྲུལ་སྤྱི་ལོ༡༡༡༣ལོ་ཡིན་ཞིང་། འདི་དུས་སུ་ཕ་དམ་པའི་མཁྱུད་དཔྱད་དཀར་ནག་ཁྲ་གསུམ་ཞེས་པ་ཁམས་ཀློང་ཐང་སྒྲོལ་མར་གཏེར་དུ་སྦས། བོད་ཀྱི་ལོ་རྒྱུས་ཐོག་བཞེད་སྲོལ་ལ་ཁོང་དགུང་ལོ་ལྔ་བརྒྱ་ཙམ་བཞུགས་ཟེར་བ་ཡང་སྣང་ལ། དེ་ཡང་ཕ་དམ་པ་ནས་བརྒྱུད་པའི་གཅོད་སྐོར་ལ་ཕོ་གཅོད་དང་མོ་གཅོད་གཉིས་ཡོད་ཟེར་བ་ལས། དང་པོ་ནི་སྨང་ར་སེར་པོ་ནས་བརྒྱུད་པ་དང་། གཉིས་པ་ནི་མ་གཅིག་ལབ་སྒྲོན་ནས་བརྒྱུད་པ་ལ་ཟེར་རོ།། རབ་བྱུང་དང་པོའི་ཆུ་མོ་གླང་ལོར་མ་ཅིག་ལབ་སྒྲོན་དགུང་ལོ་བཞི་བཅུ་ཞེ་གཉིས་ལ་སོན་དུས་སྲས་གཉིས་ཡོད་པས་ཆུང་བ་གྲུབ་ཆེན་ཟེར་བ་ལ་སྨྱོ་འབོག་གི་ནད་ཀྱིས་ཟིན་པར་མ་ཅིག་གིས་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བྱེད་རིན་ཆེན་སྒྲོན་མེ་ཞེས་པའི་ཐུན་མིན་གྱི་གདམས་པ་ཞིག་གནང་ཞིང་དུར་ཁྲོད་དུ་ཞག་བདུན་ཉལ་དུ་བཅུག་རྗེས་སྨྱོ་འབོག་གི་ནད་ཡོངས་སུ་སངས་ཏེ། རྟོགས་པའང་ཁྱད་པར་བ་ཞིག་རྒྱུད་ལ་འཁྲུངས། དེ་ནས་དམ་པ་སངས་རྒྱས་ཟངས་རིར་སྤྱན་དྲངས་ཤིང་། ཆོས་སྟོན་རྒྱས་པར་་བཤམས་ཏེ་དམ་པའི་དྲུང་དུ་སྲས་གྲུབ་ཆེན་འདི་རབ་ཏུ་བྱུང་། ཆོས་མིང་ལ་ཐོད་སྨྱོན་བསམ་གྲུབ་ཏུ་བཏགས་ནས་རང་གི་ཆོས་རྒྱུད་འཛིན་མཁན་དུ་རེ་བ་བཅོལ། དམ་པ་སངས་རྒྱས་ནས་ཀྱང་སྲས་ཐོད་སྨྱོན་བསམ་གྲུབ་ལ༼རྗེ་བཙུན་མ་ལྷ་ལྔ༽དང་།༼སྒྱུ་འཕྲུལ་ཆེན་མོ་མ་ཧཱ་མ་ཡ་༽སོགས་ཀྱི་དབང་ཡོངས་སུ་རྫོགས་པར་བསྐུར་པས། སྲས་ཐོད་སྨྱོན་བསམ་གྲུབ་ནི་དམ་པ་དང་འགྲོགས་ཡུན་ཐུང་ན་ཡང་སྒོ་གསུམ་གུས་པའི་དད་པ་རྟག་ཏུ་ཐོབ་ནས་དམ་པ་ནི་ང་ཡི་ཕའོ་ཞེས་ཟེར་པ་དང་། དུས་དེ་ནས་བཟུང་ཕ་དམ་པ་སངས་རྒྱས་ཟེར་བའི་འབོད་ལུགས་འདི་ཡང་བོད་གངས་ཅན་མདོ་དབུས་ཁམས་གསུམ་ཀུན་ཏུ་ཡོངས་སུ་གྲགས་སོ།། 

      དེ་ལས་བོད་བཙན་པོའི་རྒྱལ་རབས་དུས་སུ་གསང་སྔགས་བསྟན་པའི་སློབ་དཔོན་ཆེན་མོ་མཁའ་འགྲོ་མ་ཡེ་ཤེས་མཚོ་རྒྱལ་ནི་རྡོ་རྗེ་ཕག་མོའི་ངག་གི་སྤྲུལ་པའི་སྐུ་རུ་གྲགས་ཤིང་། དེ་ནས་དུས་རབས་གསུམ་པའི་རྗེས་སུ་བྱོན་པའི་བོད་བརྒྱུད་ནང་བསྟན་གཅོད་ཡུལ་ལུགས་བཟང་གཏོད་མཁན་གསང་སྔགས་ཀྱི་སློབ་དཔོན་ཆེན་མོ་ཡེ་ཤེས་ཀྱི་མཁའ་འགྲོ་མ་གྲགས་ཅན་མ་ཅིག་ལབ་སྒྲོན་མཆོག་ནི་སྤྱི་ལོ༡༠༣༡ལོར་སྐུ་འཁྲུངས་ཤིང་དགུང་གྲངས་དགུ་བཅུ་གོ་དགུར་བཞུགས་ཤིང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྗེས་སུ་བྱུང་བའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལོ་རྒྱུས་སྟེང་བཙུན་མ་གྲགས་ཅན་ཞིག་ཡིན་ལ། བོད་ཀྱི་བསྟན་པ་ཕྱི་དར་སྐབས་ཕུལ་དུ་བྱུང་བའི་རྣལ་འབྱོར་མ་ཞིག་ཀྱང་ཡིན། བཤད་རྒྱུན་དུ་ཁོང་རྡོ་རྗེ་ཕག་མོའི་སྤྲུལ་པའི་སྐུ་དང་། ཡེ་ཤེས་མཚོ་རྒྱལ་གྱི་ཡང་སྤྲུལ་ཡིན་པར་གྲགས། ༼འཇམ་དཔལ་རྩ་བའི་རྒྱུད༽ལས། ང་ཡི་བསྟན་པའི་སྙིགས་མ་ལ།། ཁ་བ་ཅན་ཞེས་བྱང་ཕྱོགས་སུ།། ཤེས་རབ་ཡུམ་ཆེན་ཐུགས་སྤྲུལ་ནི།། ལབ་ཀྱི་སྒྲོན་མ་བྱ་བ་འབྱུང་།། སྐྱེ་མེད་སྙིང་པོའི་དོན་སྟོན་ཅིང་།། གྲོང་དང་གྲོང་ཁྱེར་རི་སུལ་དང་།། དུར་ཁྲོད་བས་མཐའ་ཁྱབ་པར་ཉུལ།། དེ་ཡི་ཆོས་ནི་རྒྱས་པར་འགྱུར།། ཞེས་ལུང་བསྟན་བཞིན་དུ་གང་དེའི་གསང་སྔགས་སྒོམ་སྒྲུབ་ལས་བྱུང་བའི་ཆེས་མཐོའི་རྟོགས་པར་ཀུན་གྱིས་གསང་སྔགས་ཀྱི་སློབ་དཔོན་ཆེན་མོར་འབོད་ཅིང་དུས་སྐབས་དེར་མ་ཅིག་ཞ་མ་དང་། ཞང་ལྕང་བྲང་ཆུང་མ།ཤེལ་བཟའ་སྒྲོན་ཚེ་མ་སོགས་ལ་མཁའ་འགྲོ་མ་རྣམ་བཞིར་གྲགས་ཤིང་། མ་ཅིག་ལབ་སྒྲོན་ནི་དེ་བཞིའི་ནང་གི་གཙོ་མོར་གསོལ་ལོ།། མ་ཅིག་ལབ་སྒྲོན་དགུང་གྲངས་སོ་བདུན་ཐོག་ཕ་དམ་པ་སངས་རྒྱས་སོགས་བླ་མ་རྣམ་གསུམ་གྱི་ལུང་བསྟན་དང་བཀའ་མངགས་བཞིན་ཟངས་རི་མཁར་དམར་དུ་ཕེབས་ཤིང་། དེ་ནས་བཟུང་གནས་དེ་ཁོ་ན་གདུལ་བྱའི་ཞིང་དུ་བྱས་ཤིང་། སློབ་མའི་ཚོགས་ནི་ནམ་མཁའི་སྤྲིན་གྱི་འདུ་འགོད་བཞིན་ས་དེར་ཚོགས་ལ་མ་ཅིག་གིས་ཀྱང་སྐལ་ལྡན་སྐྱོང་ཞིང་དམ་ཆོས་སྤེལ་རྒྱུ་འགན་འཁྲི་ཉག་ཅིག་ཏུ་བཟུང་། མ་ཅིག་ལབ་སྒྲོན་གྱི་སློབ་བུ་གྲངས་མེད་ལས་སློབ་མ་གྲུབ་ཐོབ་ཕོ་མོ་ཉེར་གཅིག་དང་སྲས་མོ་གྲུབ་ཐོབ་བཅོ་བརྒྱད་བྱོན་ཞིང་། གཅོད་ཅེས་བྱ་བའི་གྲུབ་མཐའ་འདིའི་ཆོས་ཀྱི་སྙིང་པོས་མི་ཚེའི་སྡུག་བསྔལ་བཅད་བྱ་སྟེ་འཇིག་རྟེན་དང་སྐྱེ་འཆིའི་རྩ་བ་ཐམས་ཅད་གཅོད་ནུས་ཞེས་པའི་དོན་ཡིན། གཅོད་ལུགས་ཀྱི་གྲུབ་མཐས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལྟ་བའི་སྙིང་པོར་འཛིན་ཞིང་ཕྱག་རྒྱ་ཆེན་པོའི་གཅོད་ལུགས་ཀྱི་སྒོམ་ཐབས་ལ་བརྟེན་ནས་བྱང་ཆུབ་སེམས་ཀྱིས་རང་ཕན་གྱི་སེམས་བཅད་པ། སྟོང་ཉིད་ཀྱིས་བདག་འཛིན་མེད་པར་བྱས་ཏེ་མཐར་འཁོར་བའི་རྩ་བ་ཡོངས་སུ་བཅད་ནས་ཐར་པའི་ལམ་དུ་འཁོད་པར་བྱེད་པ་ཞིག་ཡིན་པས། མ་ཅིག་ལབ་སྒྲོན་ལ་དམ་ཆོས་ཕྱག་རྒྱ་ཆེན་པོ་གཅོད་བྱ་བའི་ནད་རིགས་བཞི་བརྒྱ་རྩ་བཞི་དང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུས་མི་ཚུགས་པའི་གདམས་པ་ཁྱད་པར་ཅན་ཞིག་ཡོད་ཅིང་། འབྲས་བུ་སངས་རྒྱས་ཀྱི་ས་ལ་འགོད་པར་ནུས་པའི་དམ་ཆོས་ཁྱད་པར་ཅན་ཞིག་ཡོད་ཅེས་པའི་སྙན་པ་གངས་ལྗོངས་ཡོངས་སུ་འབྲུག་སྟོང་ལྡིར་བ་བཞིན་གྲགས་སོ། ཁྱད་པར་དུ་ཡང་མ་ཅིག་ལབ་སྒྲོན་གྱིས་གཏོད་པའི་མོ་གཅོད་ནི་སྐབས་དེའི་མདོ་དབུས་མཐོ་སྒང་སྤྱི་དང་། རྒྱ་གར་བལ་པོ་སོགས་ཡུལ་གྲུ་ཀུན་ལ་ཁྱབ་ཅིང་། མ་ཅིག་གི་ཆེས་ཟབ་པའི་བློ་གྲོས་དང་། ཡངས་པའི་མཁྱེན་རྒྱ། དཔག་མེད་ཀྱི་འཕྲིན་ལས་སོགས་ཀྱིས་སློབ་དཔོན་ཆེན་མོ་མ་ཅིག་ལབ་སྒྲོན་བྱ་བའི་མཚན་བཟང་ཀུན་གྱིས་སྒྲོག་ལ། ཡུམ་ཆེན་མོ་ཉིད་དུ་བཀུར་ནས། མ་ཅིག་ལབ་སྒྲོན་ཞེས་པ་སྙིང་ཉེ་བའི་འབོད་ཚུལ་གྱིས་སྤྱི་བོའི་གཙུག་ཏུ་གསོལ་ལོ། གྲུབ་མཐའ་འདིའི་མིང་གཞན་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གཅོད་ལུགས་སམ་ཡང་ན་ཕྱག་རྒྱ་ཆེན་མོའི་གཅོད་ལུགས་ཞེས་ཀྱང་བྱའོ། བོད་བརྒྱུད་ནང་བསྟན་འཕེལ་རིམ་ཁྲོད་དུ་སློབ་དཔོན་ཆེན་མོ་མ་ཅིག་ལབ་སྒྲོན་མཆོག་གིས་སྐུ་ཚེ་གང་པོར་ཐོས་པ་རྒྱ་ཆེར་བཙལ་ཞིང་། བསྟན་འགྲོའི་དོན་དུ་དམ་ཆོས་སྤེལ་བའི་རླབས་ཆེན་མཛད་པར་ཞུགས་པའི་མཐར་གཅོད་ཡུལ་པའི་ལུགས་བཟང་གཏོད་པའི་གསང་སྔགས་ཀྱི་སློབ་དཔོན་ཆེན་མོར་གྱུར་ཏོ། ཆོས་ལུགས་ཞིབ་འཇུག་གི་སྲོལ་རྒྱུན་ནང་མ་ཅིག་གིས་བཏོད་པའི་གཅོད་ལུགས་འདི་ཞི་བྱེད་པའི་ཡན་ལག་ལྟ་བུར་བརྩིའང་དོན་ངོ་མར་དེའི་ལོ་རྒྱུས་གནས་བབས་དང་སྤྱི་ཚོགས་ཤུགས་རྐྱེན་གྱིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་པའི་འཕེལ་རིམ་ལ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་ཡོད། དེ་ལས་ཀྱང་ཤུགས་རྐྱེན་ཆེ་ཤོས་ནི་བསམ་སྡིངས་རྡོ་རྗེ་ཕག་མོ་སྐུ་ཕྲེང་རིམ་བྱོན་དང་། གུང་རི་མཁའ་འགྲོ་མ་སྐུ་ཕྲེང་རིམ་བྱོན། ཤུག་གསེབ་ལོ་ཆེན་རྗེ་བཙུན་རིན་པོ་ཆེ་སོགས་ཡིན་ཞིང་། དེ་དག་ཀུན་ཀྱང་མ་ཅིག་ལབ་སྒྲོན་གྱི་སྤྲུལ་པའི་སྐུ་རུ་འཁྲུངས་པ་ཁོང་རྣམས་ཀྱི་རྣམ་ཐར་དུ་གསལ་ལོ། གཅོད་ཞེས་པ་ནི་ཞི་བྱེད་པའི་ཡ་གྱལ་ཞིག་ཡིན་ལ་དེའི་གདམས་ངག་ཀྱང་ཕ་དམ་པ་སངས་རྒྱས་ཀྱིས་སྤྱི་ལོ༡༡༡༣ལོར་བོད་དུ་ཕེབས་ནས་སྤེལ་བ་ཡིན་ལ། གཅོད་ཅེས་པ་ནི་ཤེར་ཕྱིན་གྱི་མན་ངག་ལ་བརྟེན་ནས་སྐྱེས་བུ་ཆུང་ངུའི་ཚེ་འདིའི་རྣམ་ཤེས་གཅོད་པ་དང་། འབྲིང་གི་སྐབས་འཁོར་བའི་སྡུག་བསྔལ་གཅོད་པ། ཆེན་པོའི་སྐབས་རང་དོན་ཡིད་བྱེད་དང་བདག་འཛིན་གཉིས་གཅོད་པ། དེ་ལ་ཡང་ཕ་དམ་པ་སངས་རྒྱས་ཀྱིས་སྐྱོ་སྟོན་བསོད་ནམས་བླ་མ་དང་ཡར་ཀླུང་བ་སྨ་ར་སེར་བོ་གཉིས་ལ་གནང་བ་ལས་མཆེད་པ་ལ་ཕོ་གཅོད་དང་སྐྱོ་སྟོན་བསོད་ནམས་བླ་མས་མ་གཅིག་ལབ་སྒྲོན་ལ་གནང་བ་ལས་མཆེད་པ་ལ་མོ་གཅོད་ཟེར་བ་ཡིན་ཀྱང་ངེས་པ་དོན་གྱིས་གཅོད་ཡུལ་པར་ཕོ་གཅོད་དང་མོ་གཅོད་བྱ་བའི་ལུགས་གཉིས་ཡོད་ཀྱང་མོ་གཅོད་དེ་ཁོ་ནས་གཅོད་ཡུལ་པའི་ཚབ་བྱེད་ནུས་པར་ཡོངས་སུ་གྲགས་སོ།། 

       བདུན། ཞ་ལུ་པའམ་བུ་ལུགས་པའི་གྲུབ་མཐའ་བྱུང་ཚུལ།

      དེ་ཡང་རྗེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་སྤྱི་ལོ༡༠༢༧བོད་མེ་ཡོས་ལོར་ཁུ་ལུ་གསེར་ཁང་བཏབ་ནས་ཇོ་བོ་རྗེས་རབ་གནས་མཛད་ཅིང་མཁན་ཐོག་རིམ་པས་བཟུང་རྗེས་ཞ་ལུ་ཀོ་ཤམ་གྲགས་པ་རྒྱལ་མཚན་གྱིས་ཁྲོ་ཕུ་ནས་ཀུན་མཁྱེན་བུ་སྟོན་རིན་པོ་ཆེ་ཞ་ལུ་ཆོས་སྡེར་གདན་དྲངས་པ་དང་། བུ་སྟོན་རིན་ཆེན་གྲུབ་ཀྱིས་རྒྱུད་སྡེ་བཞིའི་སྒྲུབ་མཆོད་སོགས་བཙུགས་ནས་རྒྱུད་སྡེ་བཞིའི་དབང་དང་རྒྱུད་ཀྱི་བཤད་པ་མན་ངག་དང་བཅས་པའི་འཆད་ཉན་ཡུན་རིང་མཛད་ཅིང་དུས་འཁོར་དང་རྡོར་དབྱིངས་སོགས་རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་བདུན་ཅུ་ལྷག་ཙམ་བཙུགས། སློབ་མ་ཤིན་ཏུ་མང་། གོང་གསུམ་པ་ཆོས་ཀྱི་དཔལ་བ་དང་ཁྱུང་པོ་ལྷས་པ་རྣམས་ལས་རྒྱལ་བ་ཙོང་ཁ་པ་ཆེན་པོས་བུ་ལུགས་ཀྱི་དབང་ལ་གསན་ཞིང་རྒྱལ་བའི་བཀའ་བསྟན་རིན་པོ་ཆེ་སོགས་ལ་དག་ཐེར་མཛད་དེ་དཀར་ཆག་ཏུ་བཏབ་པ་སོགས་མཛད་རྗེས་བསམ་གྱིས་མི་ཁྱབ་པ་དང་མདོར་ན་ས་དགེ་བཀའ་བརྒྱུད་གྲུབ་མཐའ་ཐམས་ཅད་ལ་རྗེ་འདི་ཉིད་ལས་བརྒྱུད་པའི་མན་ངག་གིས་ཁྱབ་པར་གྲགས་སོ།

       བརྒྱད། ཇོ་ནང་པའི་གྲུབ་མཐའ་བྱུང་ཚུལ།

      ཇོ་ནང་པའི་གྲུབ་མཐའ་ནི། རྩ་བ་ཡུ་མོ་མི་བསྐྱོད་རྡོ་རྗེ་སྟེ། དང་པོ་རྣལ་འབྱོར་བ། ཕྱིས་སུ་རབ་ཏུ་བྱུང་ནས་མཚན་དད་པ་རྒྱལ་པོ་ཞེས་པ་ལས་བརྒྱུད་ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱི་སློབ་མ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས་ཇོ་མོ་ནང་དུ་དགོན་པ་བཏབ་ཅིང་། ཀུན་མཁྱེན་དོལ་བུ་བ་ཤེས་རབ་རྒྱལ་མཚན་དེར་བཞུགས་ནས་སྐུ་འབུམ་མཐོང་གྲོལ་ཆེན་མོ་བཞེངས་པ་དང་། མདོ་སྔགས་ཀྱི་གཞུང་བཤད་གནང་ཞིང་གྲུབ་མཐའ་དེ་རྒྱ་ཆེར་སྤེལ་བ་ཡིན། དེ་ནས་བཟུང་བརྒྱུད་འཛིན་པ་རྣམས་ཀྱིས་ཇོ་ནང་པའི་གྲུབ་མཐའ་དར་ཁྱབ་བྱུང་བ་དང་། ད་ལྟ་རབ་བྱུང་བཅུ་བདུན་པའི་ས་མོ་ཕག་གི་བར་ལ་རྒྱལ་ཡོངས་སུ་ཇོ་ནང་པའི་ཆོས་སྡེ་སུམ་ཅུ་སོ་བདུན་བཞུགས་སོ།།

      སྤྱིར་ངེད་ཅག་བོད་གངས་ཅན་གྱི་ནང་བ་སངས་རྒྱས་ཆོས་ལུགས་ལས་སྐུ་གསུང་ཐུགས་རྟེན་སོགས་ཀྱི་སྐོར་ཅུང་ཙམ་གླེང་ན། ཐོག་མར་སངས་རྒྱས་ཆོས་ལུགས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ་བོད་གངས་ཅན་པའི་སྐུ་གསུང་ཐུགས་རྟེན་འགངས་ཆེན་ལ་དུས་རབས་ལྔ་བའི་ནང་དུ་བོད་རྒྱལ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་རིང་ལ་ཡར་ཀླུང་ཁོག་གི་ཕོ་བྲང་ཡུམ་བུ་བླ་སྒང་དུ་གནམ་ནས་བབས་པར་གྲགས་པའི་དཔང་སྐོང་ཕྱག་རྒྱ་དང་། མདོ་སྡེ་ཟ་མ་ཏོག གསེར་གྱི་མཆོད་རྟེན། མ་ཎི་ཡི་གེ་དྲུག་མ་སོགས་ཀྱི་གླེགས་བམ་ཕྱག་ཏུ་འབྱོར་ཤིང་། དུས་རབས་བདུན་པའི་ནང་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་རྒྱ་བཟའ་ཝུན་ཤིང་ཀོང་ཇོ་ཁབ་ཏུ་བཞེས་ནས་ཇོ་བོ་ཤཱཀྱ་མུ་ཎེ་དགུང་གྲངས་བཅུ་གཉིས་ཀྱི་སྐུ་ཚད་ཅན་བོད་ལ་སྤྱན་དྲངས་ནས་ད་ལྟ་ལྷ་ལྡན་གཙུག་ལག་ཁང་དུ་བཞུགས་པ་དང་། བལ་བཟའ་ཁྲི་བཙུན་ཁབ་ཏུ་བཞེས་ནས་ཇོ་བོ་མི་བསྐྱོད་རྡོ་རྗེ་དགུང་ལོ་བརྒྱད་ཀྱི་སྐུ་ཚད་ཅན་སྤྱན་དྲངས་ནས་ད་ལྟ་ལྷ་སའི་ར་མོ་ཆེའི་གཙུག་ལག་ཁང་དུ་བཞུགས་སོ། ཇོ་ཤཱཀ་རྣམ་གཉིས་འདི་ནི་འཛམ་གླིང་ན་མི་རྙེད་པའི་རྟེན་འགངས་ཆེན་ཡིན་པའི་རྒྱུ་མཚན་ནི་ཡར་སྔོན་སངས་རྒྱས་ཤཱཀྱ་ཐུབ་པ་ཞལ་བཞུགས་པའི་སྐབས་སུ་དགུང་ལོ་བཞི་བཅུ་ཞེ་གཅིག་གི་སྟེང་སུམ་ཅུ་རྩ་གསུམ་དུ་དབྱར་གནས་ལ་བཞུགས་པའི་ཚེ་ལྷ་དབང་བརྒྱ་བྱིན་གྱིས་སྦྱིན་བདག་བྱས་ཏེ། ལྷ་བཟོ་བ་རྒྱལ་པོ་བི་ཤྭ་ཀརྨས་སྟོན་པ་ཉིད་དགུང་ལོ་བརྒྱད་གྱི་སྐུ་ཚད་ཅན་དང༌། བཅུ་གཉིས་ཀྱི་སྐུ་ཚད་ཅན། ཉེར་ལྔའི་སྐུ་ཚད་ཅན། དུས་དེར་སྐུའི་ཚད་དངོས་ཅན་བཅས་བཞི་བཞེངས་བསྐྲུན་བྱས་པར་གྲགས་པས་བཅོམ་ལྡན་འདས་སྐུ་དངོས་ཀྱིས་རབ་གནས་མཛད་པ་དང་བྱིན་གྱིས་བརླབས་པའི་ནང་གི་གཉིས་ནི་ད་ལྟ་བོད་དུ་བཞུགས་པའི་ཇོ་བོ་ཡིད་བཞིན་ནོར་བུ་རྣམ་གཉིས་ཡིན་ཞིང་བོད་ལ་ཆོས་བསོད་ཆེ་བ་དེའི་དོན་ཟེར་ཞིང་། དེའི་རྗེས་སུ་དགུང་ལོ་ཉེར་ལྔ་དང་སྐུའི་ཚད་དངོས་ཅན་གཉིས་ལྷ་གནས་སུ་གདན་དྲངས། གཞན་གཉིས་ཨོ་རྒྱན་ཡུལ་དང༌། ཀླུ་ཡུལ། རྡོ་རྗེ་གདན་སོགས་ནས་ལོ་མང་བཞུགས་ཤིང་། དེའི་རྗེས་སུ་རྒྱལ་པོ་དེ་པཱ་ལས་དགུང་ལོ་བཅུ་གཉིས་ཀྱི་སྐུ་ཚད་ཅན་དེ་རྒྱ་ནག་ཏུ་སྤྱན་དྲངས་ནས་མི་ལོ་ལྔ་བརྒྱར་བཞུགས་པར་གྲགས་ཤིང༌། དགུང་ལོ་བརྒྱད་པའི་སྐུ་ཚད་ཅན་དེ་བལ་ཡུལ་དུ་སྤྱན་དྲངས་ནས་ཡུན་རིང་བཞུགས། ཕྱིས་སུ་རྒྱ་བཟའ་དང་བལ་བཟའ་གཉིས་ཀྱིས་བོད་དུ་གདན་དྲངས་པ་ཡིན་པས་འཛམ་གླིང་ན་རྟེན་མཆོག་རྣམ་འདི་གཉིས་ལས་མེད་ཅིང་ཤིན་ཏུ་དཀོན་པར་གྲགས། ཇོ་བོ་རིན་པོ་ཆེའི་གསོལ་འདེབས་ལས། གནས་མཆོག་པོ་ཏ་ལ་ཡི་པོ་བྲང་ནས།། སྤྱན་རས་གཟིགས་དབང་རྒྱལ་བ་རིན་པོ་ཆེ།། ཇོ་བོ་ལོ་ཀི་ཤོ་ར་ལ་སོགས་པའི།། སྐུ་གསུང་ཐུགས་རྟེན་རྣམས་ལ་གསོལ་བ་འདེབས།། ཆོས་སྒྲ་ཆེན་པོ་བཀྲ་ཤིས་ལྷུན་པོ་རུ།། སྣང་བ་མཐའ་ཡས་པཎ་ཆེན་ཐམས་ཅད་མཁྱེན།། དེར་བཞུགས་དགེ་འདུན་འདུས་དང་སྐུ་གསུང་ཐུགས།། སྐུ་གདུང་མཆོད་རྟེན་རྣམས་ལ་གསོལ་བ་འདེབས།། ར་མོ་ཆེ་དང་ར་ས་འཕྲུལ་སྣང་ན།། བཞུགས་པའི་རྟེན་དུ་ཇོ་ཤཱཀ་རྣམ་པ་བརྒྱད།། རྗེ་བཙུན་ང་འདྲ་མ་དང་དཔལ་ལྷ་མོ།། སྐུ་གསུང་ཐུགས་རྟེན་རྣམས་ལ་གསོལ་བ་འདེབས།། གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་དང་།། རྒྱུད་གྲྭ་སྟོད་སྨད་རྣམས་ཀྱི་གྲྭ་ཚང་སོགས།། ལྷ་སའི་གླིང་བཞིར་བཞུགས་པའི་དགེ་འདུན་ཚོགས།། སྐུ་གསུང་ཐུགས་རྟེན་རྣམས་ལ་གསོལ་བ་འདེབས།། བྱུ་རུའི་ཚེ་དཔག་མེད་དང་གཡུ་སྒྲོན་མ།། དུང་གི་ཐུགས་རྗེ་ཆེན་པོ་ལ་སོགས་པ།། གཡུ་ར་ལྷ་རི་བསམ་ཡས་གཙུག་ལག་ཁང་།། དབུས་གཙང་རུ་བཞི་རེ་སྒྲེང་སྟག་ལུང་སོགས།། བཞུགས་པའི་སྐྱབས་གནས་རྣམས་ལ་ཕྱག་འཚལ་ལོ།། ད་ལྟ་ཕྱག་འཚལ་གསོལ་བ་བཏབ་པའི་མཐུས།། འཆི་ཁར་མནར་གཅོད་བར་དོའི་འཇིགས་སྐྲག་སེལ།། ཕྱི་མ་ངན་སོང་སྡུག་བསྔལ་མི་མྱོང་བའི།། ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ་བར་ཤོག། མགོན་པོ་འོད་དཔག་མེད་ལ་གསོལ་བ་འདེབས།། ཞེས་གསུངས་ཡོད་པ་དང་། ཁྱད་པར་དུ་འཛམ་གླིང་ཐོག་ཏུ་ཆེས་མཆོག་ཏུ་གྱུར་བའི་སྐུ་གསུང་ཐུགས་རྟེན་གྲགས་ཅན་བཅུ་ཕྲག་ཀྱང་བོད་གངས་ཅན་ཡུལ་དུ་བཞུགས་པ་སྟེ།

      གཅིག འཛམ་གླིང་ཐོག་གི་གསེར་ཟངས་རྐྱང་གིས་བཞེངས་པའི་ཆེས་ཆེ་བའི་ལྷ་སྐུ་ནི་གཙང་བཀྲ་ཤིས་ལྷུན་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་དུ་བཞུགས་པའི་བྱམས་སྐུ་ཆེན་མོ་ཡིན་ལ། བྱམས་སྐུའི་དཔངས་ལ་སྤྱི་ཁྲེ་གྲུ་བཞི་མ༣༣ཡོད་པར་གྲགས་པས། དགོན་པའི་ནུབ་ངོས་བྱམས་ཁང་ཆེན་མོ་མཐོ་ཚད་སྤྱི་ཁྲེ༣༠ལྷག་ཙམ་དང་། བཞེངས་སྐྲུན་གྱི་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ༨༦༠ལྷག་ཙམ་ཡོད་ཅིང་། བྱམས་ཁང་ཆེན་མོའི་རྟེན་གཙོར་གསེར་ཟངས་རྐྱང་ལས་གྲུབ་པའི་རྗེ་བཙུན་བྱམས་པ་མགོན་པོ་སྐུ་ཚད་སྤྱི་ཁྲེ༢༦.༧༠ལྡན་ཞིང་དེའི་ཕྱག་མགོ་གཅིག་པུར་རིང་ཚད་སྤྱི་ཁྲེ༣ཙམ་དང་། ཕྱག་དཔུང་གཡས་གཡོན་བར་གྱི་ཕྲག་ཞེང་ལ་སྤྱི་ཁྲེ༡༡.༥ཙམ་ཟིན་པ། དེའི་དབུ་དཔལ་གྱི་དཀྱིལ་དུ་རིན་ཆེན་རྡོ་རྗེ་ཕ་ལམ་གྱི་ཕྲ་ཚོམ་སྒོ་ང་ཙམ་ཞིག་དང་། སྐུ་གཟུགས་ཧྲིལ་པོར་གཡུ་མུ་ཏིག་དང་། གཟི་བྱུ་རུ་ལ་སོགས་པའི་རིན་པོ་ཆེའི་ཕྲ་རྒྱན་བསམ་གྱིས་མི་ཁྱབ་ཅིང་། འཛམ་གླིང་ཡོངས་ན་དཔེ་ཟླ་བྲལ་པའི་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་ཡིན། འདི་ནི་ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་ཨེར་ཏི་ཎིས་སྐུ་ཕྲེང་དགུ་པ ༧བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་པོས་རབ་བྱུང་བཅོ་ལྔ་པའི་ཤིང་སྟག་སྤྱི་ལོ༡༩༡༤ལོར་བཞེངས་པར་མཛད་ཅིང་། སྐུ་རྒྱུར་ཟངས་དམར་རྒྱ་མ༣༢༠༠༠༠ལྷག་ཙམ་དང་། གསེར་སྲང༦༧༠༠སོགས་བཀོལ་ནས་དུས་ཡུན་ལོ་གསུམ་ལ་ལེགས་གྲུབ་བྱུང་བར་གྲགས།

      གཉིས། འཛམ་གླིང་ཐོག་གི་ཆེས་རིང་བའི་ཐང་ག་ནི་སྐུ་ཞབས་བརྩོན་འགྲུས་རབ་རྒྱས་ཀྱིས་བཞེངས་པའི་ཀུན་འདུས་ཞལ་ཐང་ཆེན་མོ་ཡིན་ལ། དེའི་རིང་ཚད་ལ་སྤྱི་ཁྲུ༦༠༠ལྷག་ཡོད་པར་བཤད།

      གསུམ། འཛམ་གླིང་ཐོག་གི་གསུང་རབ་ཤིང་པར་ཁང་ཆེན་མོ་ནི་སྡེ་དགེའི་པར་ཁང་ཆེན་མོ་སྟེ། ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྤྱི་ལོ༡༧༢༩ལོར་གསར་བཞེངས་བྱས་པ་དང་། དེར་པར་ཤིང་ཁྲི༢༡༧ཡོད་པར་བཤད། སྡེ་དགེའི་པར་ཁང་ཆེན་མོ་ཞེས་འཛམ་གླིང་ས་འཛིན་དབང་མོའི་ཁྱོན་ཡོངས་སུ་གྲགས།    

      བཞི། འཛམ་གླིང་མཐོ་སྒང་གི་ཆེས་ཆེ་བའི་ཆུ་བོ་ནི་ཡར་ཀླུང་གཙང་བོ་ཡིན། དེའི་མཐོ་ཚད་ལ་མཚོ་ངོས་ནས་སྤྱི་ཁྲེ༤༥༠༠ཡོད་པ་དང་། རིང་ཚད་ལ་སྤྱི་ལེ༢༠༥༧ཡོད།   

      ལྔ། འཛམ་གླིང་ཐོག་ཏུ་མི་གཅིག་གིས་ངལ་རྩོལ་ལས་བཞེངས་པའི་ཕོ་བྲང་ཆེས་ཆེ་བ་ནི་དུས་རབས་བཅུ་གཅིག་པར་བཞེངས་པའི་སྲས་མཁར་དགུ་ཐོག་ཡིན་ལ་དེ་ནི་རྗེ་མི་ལ་རས་པ་ཁོང་གཅིག་གིས་ངལ་རྩོལ་ཁོ་ནས་བཞེངས་ཤིང་ཚིགས་དགུ་ཅན་གྱི་ཐོག་ཁང་མཐོན་པོ་ཞིག་ཏུ་གྲགས།

      དྲུག འཛམ་གླིང་སྟེང་གི་ཆེས་རིང་བའི་ལོ་རྒྱུས་སྒྲུང་རྩོམ་ནི་བོད་ཀྱི་གེ་སར་སྒྲུང་རྩོམ་རིང་མོ་ཡིན་ཞིང་དེར་བསྡོམས་པས་པོ་ཏི༡༢༠བཞུགས་ཡོད།

      བདུན། འཛམ་གླིང་ཐོག་གི་ཆེས་ཆེ་བའི་ཤུག་སྡོང་ནི་བོད་ལྗོངས་ཉིང་ཁྲིར་ཡོད་པའི་གཤེན་རབ་བླ་ཤིང་དུ་གྲགས་པ་དེ་ཡིན་ཞིང་། དེའི་མཐོ་ཚད་ལ་སྤྱི་ཁྲེ༥༠དང་སྦོམ་ཚད་ལ་མི་བཅུ་གཉིས་ཀྱི་ལག་རྡང་གིས་འཁྱུད་ཙམ་ཡོད་ཟེར།

      བརྒྱད། འཛམ་གླིང་སྟེང་རྒྱ་ཁྱོན་ཆེས་ཆེ་བའི་གནའ་མཁར་ཕོ་བྲང་ནི་བོད་ཀྱི་ཕོ་བྲང་ཆེན་མོ་པོ་ཏ་ལ་ཡིན་ཞིང་། འདི་ནི་དུས་རབས་བདུན་པའི་ནང་བོད་རྒྱལ་སྲོང་བཙན་སྒམ་པོས་ཆེད་དུ་བསྐྲུན་པའི་བོད་ཀྱི་ཕ་མཁར་ཞིག་ཡིན་ལ། བཟོ་བཀོད་དང་རྩིག་པ་སོགས་ལ་གླིང་གཞན་ན་མེད་པའི་ཐུན་མིན་གྱི་ཁྱད་ཆོས་དང་ལག་རྩལ་ལྡན་པས། ལོ་ངོ་སྟོང་ཕྲག་ལྷག་གི་རྒྱབ་ལྗོངས་འདས་ནའང་ཞིག་རལ་གྱི་སྐྱོན་མ་ཤོར་བས་འཛམ་གླིང་སྟེང་ཆེས་ཁྱད་དུ་འཕགས་པའི་ཕོ་བྲང་གི་གོ་གནས་བཟུང་ཡོད་པས། ཕོ་བྲང་འདིའི་མཐོ་ཚད་ལ་སྤྱི་ཁྲེ༡༡༧ཡོད་པ་དང་ཁང་བརྩེགས༡༣ཡིན་ཞིང་། རིང་ཚད་ལ་སྤྱི་ཁྲེ༤༢༠དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཁྲེ་གྲུ་བཞི་མ༡༣༠༠༠༠ཙམ་ཡོད། གྲུབ་ཆ་གཙོ་བོ་ནི་རྡོ་ལྕགས་དང་སའི་རྩིག་པ་མི་འདྲ་བའི་ཞེང་ལ་སྤྱི་ཁྲེ༣ནས་༥བར་ཡོད། ད་དུང་མཚོ་ངོས་ནས་ཆེས་མཐོ་སར་ཡོད་པའི་ཕོ་བྲང་གཅིག་པུའང་ཡིན་པས། འཛམ་གླིང་ཐོག་ཏུ་རྒྱ་ཁྱོན་ཆེས་ཆེ་བའི་གནའ་མཁར་ཕོ་བྲང་ནི་བོད་གངས་ཅན་གྱི་ཕོ་བྲང་ཆེན་མོ་པོ་ཏ་ལ་འདི་ཉིད་ལས་མ་འདས་སོ།    

      དགུ། འཛམ་གླིང་ཐོག་གི་བསྒྱུར་རྩོམ་ཆེས་མང་བའི་ལོ་ཙྭ་བ་ནི་བོད་ཀྱི་མཁས་པའི་དབང་པོ། གོང་མའི་དབུ་བླ་ཆེན་པོ་ལྕང་སྐྱ་རོལ་བའི་རྡོ་རྗེ་ཡིན་ཞིང་ཁོང་གིས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་མན་ཇུའི་ཡི་གེར་བསྒྱུར་ནས་བཞུགས་ཡོད།

      བཅུ་ཐམ་པ། འཛམ་གླིང་ཐོག་གི་གསུང་རྩོམ་ཆེས་མང་བའི་མཁས་པ་ནི་བོད་ཀྱི་མཁས་པ་ཆེན་པོ་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ཡིན་ཞིང༌། ཁོང་གི་བརྩམས་ཆོས་ལ་པོ་ཏི༡༣༧བཞུགས་ཡོད་པ་དང་། ད་ལྟའི་བར་དུ་ཡང་རྒྱ་གར་དང་ཨ་རི་སོགས་འཛམ་གླིང་གི་དཔེ་མཛོད་ཁང་ཆེན་པོ་སོགས་སུ་ཉར་ཚེགས་བྱས་ཡོད།

      བཅུ་གཅིག འཛམ་གླིང་ན་མིང་དུ་གྲགས་པའི་བོད་ཀྱི་ནང་བསྟན་གཙུག་ལག་ཁང་རྣམ་གཉིས། དེ་ནི་དུས་རབསཔའི་ནང་དུ་ལྷ་ས་རུ་བལ་བོའི་རྒྱལ་བོ་འོད་ཟེར་གོ་ཆའི་སྲས་མོ་བལ་བཟའ་ཁྲི་བཙུན་གྱིས་བཞེངས་པའི་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང༌། ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཐེ་ཙུང་གི་སྲས་མོ་ཝུན་ཤིང་ཀོང་ཇོས་བཞེངས་པའི་རྒྱ་སྟག་ར་མོ་ཆེའི་གཙུག་ལག་ཁང་རྣམ་གཉིས་ཡིན།

      བཅུ་གཉིས། འཛམ་གླིང་ན་རྙེད་པར་དཀའ་བའི་ནང་བསྟན་གྱི་རྟེན་མཆོག་རྣམ་གཉིས། དེ་ནི་དུས་རབས་བདུན་པའི་ནང་དུ་རྒྱ་ནག་གོང་མའི་ཕོ་བྲང་ནས་གདན་དྲངས་པའི་ཇོ་བོ་ཤཱཀྱ་མུ་ནེ་དང༌། བལ་བོའི་རྒྱལ་བོའི་ཕོ་བྲང་ནས་གདན་དྲངས་པའི་ཇོ་བོ་མི་བསྐྱོད་རྡོ་རྗེ་རྣམ་གཉིས་ཡིན།

      བཅུ་གསུམ། འཛམ་གླིང་ཐོག་གི་ཆོས་འཁོར་ཆེས་ཆེན་པོ་རྒྱལ་ཁམས་ཕན་བདེ་འཁོར་ཆེན་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་གནའ་མཁར་གྱི་བྱང་ཕྱོགས་ཏེ། རྨ་ཆུ་སྔོན་མོའི་བྱང་འགྲམ་དུ་ཞལ་ལྷོ་རུ་བསྟན་ནས་བཞེངས་ཡོད། མཐོ་ཚད་སྤྱི་ལ་སྤྱི་ཁྲེ༩༠ཡོད་པ་དང་། བཞེངས་སྐྲུན་གྱི་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ༡༢༠༠༠ལྷག་དང་། ཐེབས་དངུལ་དམངས་སྒོར་ས་ཡ་ལྔ་བཏང་ཡོད། བཞེངས་སྐྲུན་གྱི་ཞེང་ལ་སྤྱི་ཁྲེ༡༠དང་། མཐོ་ཚད་ལ་སྤྱི་ཁྲེ༤༣ཡོད། ཆོས་འཁོར་ཁོ་ནའི་མཐོ་ཚད་ལ་སྤྱི་ཁྲེ༢༦.༣ཡོད། མཐའ་འཁོར་གྱི་རིང་ཚད་ལ་སྤྱི་ཁྲེ༡༠.༢༢ཡོད། སྤྱི་ལོ༢༠༡༢ལོའི་ཟླ་བཞི་པའི་ཚེས་ཉེར་བརྒྱད་ཉིན་ལ་འཛམ་གླིང་ཅི་ཉི་སིའི་ཟིན་ཐོའི་གྲལ་དུ་ཚུད་ཡོད་པ་དང་། གངས་ལྗོངས་བོད་ཀྱིས་འཛམ་བུ་གླིང་ལ་ཕུལ་པའི་མཛད་རྗེས་མཆོག་ཏུ་གྱུར་བ་སོགས་ཀྱང་ཡིན་པ་དང་བཅས་སོ།།

      དེ་ཡང་དུས་རབས་བརྒྱད་པའི་ནང་བོད་རྒྱལ་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གསར་དུ་བཞེངས་པར་མཛད་ཅིང་མཁན་ཆེན་བོ་དྷི་ས་ཏྭ་ཞི་བ་འཚོ་སྤྱན་དྲངས་ནས་བོད་སད་མི་མི་བདུན་རབ་ཏུ་བྱུང་བ་ནས་བཟུང་རང་ཅག་གངས་ཅན་བོད་དུ་འདུལ་བ་ཆོས་ཀྱི་སྡེ་བཙུགས་ཤིང་། ནང་བ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡོངས་སུ་སྤེལ་པའི་དབུ་ཚུགས་སོ།།

      དུས་རབས་ཉི་ཤུ་བའི་བོད་རབ་བྱུང་བཅུ་དྲུག་པའི་ས་ཕོ་ཁྱི་ལོའི་སྔོན་ལ་གངས་ཅན་མདོ་དབུས་ཁམས་གསུམ་དུ་གྲགས་པ་དབུས་གཙང་ཆོས་ཀྱི་ཆོལ་ཁ་དང་། མདོ་སྟོད་མིའི་ཆོལ་ཁ། མདོ་སྨད་རྟའི་ཆོད་ཁ་སོགས་བོད་ཆོལ་ཁ་གསུམ་གྱི་སའི་ཆ་རུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡོངས་སུ་དར་བ་དང་འདུལ་བ་ཆོས་སྡེ་ཆེན་པོ་གྲངས་ལས་འདས་པ་གནམ་གྱི་སྐར་ཚོགས་ས་ལ་འཕོས་པ་བཞིན་བཞུགས་ཏེ། མཚོ་སྔོན་ཞིང་ཆེན་གྱི་མངའ་ཁུངས་སུ་ཁོ་ན་གཏོགས་པའི་བོད་བརྒྱུད་ནང་བསྟན་ཆོས་སྡེ་ཆེན་པོ་བདུན་བརྒྱ་དང་ཉེར་གཉིས་ཡོད་ཅིང་། དགེ་འདུན་པ་ལྔ་ཁྲི་དྲུག་སྟོང་བདུན་བརྒྱ་དང་བཞི་བཅུ་ཞེ་བདུན། བླ་སྤྲུལ་ཆིག་སྟོང་ཉིས་བརྒྱ་དང་བཞི་བཅུ་ཐམ་པ་བཞུགས་པས། དེའི་ནང་ན་རི་བོ་དགེ་ལུགས་པའི་ཆོས་སྡེ་བཞི་བརྒྱ་དང་ཉེར་གསུམ། དགེ་འདུན་པ་སུམ་ཁྲི་སུམ་སྟོང་ལྔ་བརྒྱ་དང་བཅུ་བདུན། བླ་སྤྲུལ་བདུན་བརྒྱ་དང་དྲུག་བཞུགས་ཤིང་། གསང་སྔགས་སྔ་འགྱུར་རྙིང་མ་བའི་ཆོས་སྡེ་ཆིག་བརྒྱ་དང་བཞི་བཅུ་ཞེ་བཞི། དགེ་འདུན་པ་བརྒྱད་སྟོང་དགུ་བརྒྱ་ལྔ་བཅུ་ང་བདུན། བླ་སྤྲུལ་ཉིས་བརྒྱ་དང་བདུན་བཞུགས། དཔལ་ལྡན་ས་སྐྱ་བའི་ཆོས་སྡེ་སུམ་ཅུ་སོ་གཅིག དགེ་འདུན་པ་བཞི་སྟོང་ཆིག་བརྒྱ་བརྒྱད་ཅུ་གྱ་གཉིས། བླ་སྤྲུལ་བཞི་བཅུ་ཞེ་བརྒྱད་བཞུགས། བཀའ་བརྒྱུད་པའི་ཆོས་སྡེ་ཆིག་བརྒྱ་དང་གསུམ། དགེ་འདུན་པ་དགུ་སྟོང་དྲུག་བརྒྱ་དང་དགུ། བླ་སྤྲུལ་ཆིག་བརྒྱ་དགུ་བཅུ་གོ་གསུམ་བཞུགས། ཇོ་ནང་བའི་ཆོས་སྡེ་བདུན། དགེ་འདུན་པ་དྲུག་བརྒྱ་དང་བཞི་བཅུ་ཞེ་གསུམ། བླ་སྤྲུལ་བཅོ་ལྔ་བཞུགས། གྲུབ་མཐའ་གཉིས་རེ་ཕྱོགས་གཅིག་ཏུ་གནས་པའི་ཆོས་སྡེ་བཅུ་གསུམ་དང་དགེ་འདུན་པ་བདུན་བརྒྱ་དང་བཅུ་གཅིག བླ་སྤྲུལ་བཅུ་དགུ་བཞུགས་པ་སོགས་སྐལ་བཟང་ཉིན་བྱེད་འོད་སྟོང་འབར་བའི་སྐབས་འདི་ལེགས་སོ།།

      ༡༩༥༨ལོར་བོད་ཁུལ་དུ་དམངས་གཙོའི་བཅོས་བསྒྱུར་དང་ཆོས་ལུགས་བཅོས་བསྒྱུར་བྱས་ནས་ཆོས་སྡེ་དང་གྲྭ་བཙུན་ཇེ་ཉུང་དུ་འབོར་ཆེན་སོང་བ་དང་ཁྱད་པར་དུ་ལོ་ངོ་བཅུའི་རིང་གི་རིག་གནས་གསར་བརྗེ་ཆེན་པོ་བརྒྱུད་ནས། ཀྲུང་གོ་གུང་ཁྲན་ཏང་གི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལ་བར་ཆད་ཆེན་པོ་ཐེབ་ཅིང་རྒྱ་ཆེའི་ཆོས་དད་མང་ཚོགས་ཀྱི་སེམས་པའི་ངོགས་སུ་རྨས་སྐྱོན་ཚབ་ཆེན་བཟོས་འདུག ༡༩༧༨ལོར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་ལ་རང་རེའི་ཏང་དང་རྒྱལ་ཁབ་ཀྱིས་བཅོས་བསྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་སྟེ་བོད་རིགས་ཆོས་དད་མང་ཚོགས་ལ་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཡག་པོ་དངོས་འབེབས་བྱེད་པའི་གསེར་གྱི་སྐྱ་རེངས་ཡུན་ནས་བཀྱེགས་ཏེ། རང་ཅག་ཁ་བ་རི་བོའི་ལྗོངས་སུ་འདུལ་བ་ཆོས་ཀྱི་སྡེ་ཁག་རྣམས་སླར་གསོ་དང་། ཆོས་སྒོ་གསར་དུ་འབྱེད་པའི་མཐོ་རླབས་གསར་བའི་ཁྲོད་དུ་ཆོས་ལུགས་བྱ་འགུལ་སྤེལ་ཏེ། རྒྱལ་བའི་བསྟན་པ་ཡང་དར་གྱི་དབུ་བརྙེས་སོ། སྡོམ་རྩིས་བྱས་པ་ལྟར་ན་ད་ལྟ་བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡོན་ནན་སོགས་བོད་མི་རིགས་འདུས་སྡོད་ས་ཁུལ་དུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་པའི་དགོན་སྡེ་བསྡོམས་པས་ཉིས་སྟོང་བདུན་བརྒྱ་དྲུག་ཅུ་རེ་དགུ་བཞུགས་ལ། དེའི་ནང་ན་དཔལ་རི་བོ་དགེ་ལུགས་པའི་ཆོས་སྡེ་ཆིག་སྟོང་བཞི་བརྒྱ་བདུན་ཅུ་དོན་གཉིས་བཞུགས་པ་དང་། གསང་སྔགས་སྔ་འགྱུར་རྙིང་མ་བའི་ཆོས་སྡེ་བདུན་བརྒྱ་དང་ལྔ་བཅུ་ང་གསུམ་བཞུགས་ཞིང་། རྒྱལ་བ་བཀའ་བརྒྱུད་པའི་ཆོས་སྡེ་སུམ་བརྒྱ་དང་དྲུག་ཅུ་རེ་དྲུག་བཞུགས། དཔལ་ལྡན་ས་སྐྱ་པའི་ཆོས་སྡེ་ཆིག་བརྒྱ་དང་བཞི་བཅུ་ཞེ་གཅིག་བཞུགས། ཇོ་ནང་པའི་ཆོས་སྡེ་སུམ་ཅུ་སོ་བདུན་བཞུགས་པ་དང་བཅས་སོ། 

      ཁྱད་པར་དུ་དུས་རབས་ཉེར་གཅིག་པ་བོད་རབ་བྱུང་བཅུ་བདུན་པའི་ས་མོ་ཕག༢༠༡༩ལོའི་བསྐལ་བ་བཟང་པོ་རྫོགས་ལྡན་གྱི་དཔལ་ལ་རོལ་བའི་སྐབས་འདིར་དངོས་སུ་མཚོན་པ་ལྟར་ན། རང་རེའི་བོད་ཁ་བ་ཅན་གྱི་རང་བྱུང་སྣོད་བཅུད་ཁོར་ཡུག་གི་ས་གཙང་ཤིང་། རི་སྔོ་བ། ཆུ་དྭངས་པ། རྩྭ་ཐང་དང་། སྤང་ལྗོངས། ནེའུ་གསང་། ནགས་ཚལ། གངས་རི། བྲག་རི། རྫ་རི་མཐོན་པོ་སོགས་ཀྱིས་ཡོངས་སུ་བསྐོར་བའི་ས་རྒྱ་སྤྱིའི་རྒྱ་ཁྱོན་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་སའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་ཕྲག་དགུ་བརྒྱ་དང་དྲུག་ཅུ་ཡོད་པར་གྲགས་པའི་སུམ་ཆའི་ནང་གི་གཅིག་ཟིན་ཟེར་པ་ལས། བོད་བརྒྱུད་ནང་བསྟན་གྲུབ་མཐའ་རུས་མེད་ཁག་གིས་བླ་རི་དང་གནས་མཆོག་ཏུ་བསྔགས་ཏེ་བྱིན་གྱིས་བརླབས་མྱོང་པའི་གངས་རིན་པོ་ཆེ་དང་། ཁ་བ་དཀར་པོ། ཇོ་མོ་བླ་རི། ཨ་མྱེས་གཉན་ཆེན། ཡར་ལྷ་ཤམ་པོ། འོད་ཏེ་གོང་རྒྱལ། ཨ་མྱེས་རྨ་རྒྱལ། ཀཿཐོག་ཇོ་བོ། གཉན་ཆེན་ཐང་ལྷ། གཉན་པོ་གཡུ་རྩེ། གངས་དཀར་འབུམ་རི། རྒྱལ་མོ་དམུ་རྡོ། གངས་དཀར་ཕྱོགས་ལས་སོགས་གངས་རི་ཆེན་པོ་བཅུ་ཕྲག་སོགས་ཀྱིས་ཡོངས་སུ་བསྐོར་བའི་ཡུལ་གྲུ་དང་གཙང་གསུམ་འབྱུང་ཁུངས་སམ་ཀྲུང་ཧྭ་ཆུ་མཛོད་ཆེན་པོར་གྲགས་པའི་རྨ་འབྲི་རྫ་གསུམ་སོགས་གཙང་པོ་དང་། གངས་ལྗོངས་བླ་མཚོར་འབོད་པའི་མཚོ་ཁྲི་ཤོར་རྒྱལ་མོ་དང་། མ་ཕམ་གཡུ་མཚོ། གནམ་མཚོ་ཕྱུག་མོ། ཡར་འབྲོག་གཡུ་མཚོ། སྐྱེམས་མཚོ། ཕག་མཚོ། བེ་རུ་དུག་མཚོ། སྟོང་རི་མཚོ་ནག མཚོ་སྐྱ་རེངས། མཚོ་སྔོ་རེངས་སོགས་མེ་ལོང་ལྟ་བའི་མཚོ་ཆེན་དུ་མས་རབ་ཏུ་རྒྱན་ཞིང་། ཁྱད་པར་དུ་ཧ་ལམ་རབ་བྱུང་དགུ་བའི་ས་མོ་སྦྲུལ་སྤྱི་ལོ༡༥༠༩ལོར་རྒྱལ་དབང་ཐམས་མཁྱེན་པ་སྐུ་ཕྲེང་གཉིས་པ ༧རྒྱལ་བ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས་བོད་རང་སྐྱོང་ལྗོངས་ལྷོ་ཁ་རྒྱ་ཚ་རྫོང་གི་མངའ་ཁུངས་སུ་ཆོས་འཁོར་རྒྱལ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཕྱག་འདེབས་མཛད་ཅིང་དབྱར་སྟོན་གྱི་དུས་སུ་ཡུལ་ཕྱོགས་གཞན་ལ་བཀའ་ཆོས་གསུངས་པར་ཕེབས་ལམ་དུ་རི་རབས་མཐོན་པོའི་རྩེ་མོ་རེ་རེར་བཞིན་ཨ་སྔོན་དབྱིངས་སུ་བསྙེགས་པའི་རྫ་འདབས་ཞིག་ཏུ་གནས་ཤིང་། མཚོ་ངོས་ལས་སྤྱི་ཁྲེ་ལྔ་སྟོང་བཞི་བརྒྱ་ལྷག་ཙམ་དང་། དྭངས་ཤིང་གཙང་བའི་མཚོ་མོ་ཞིག་སྤྱན་ལམ་དུ་གཟིགས་པར་ལྷ་མོ་བླ་མཚོ་ཞེས་མཚན་གྱིས་ཡོངས་སུ་བསྔགས་པ་སོགས་གངས་རིའི་ལྗོངས་སུ་གནས་མཆོག་སྣ་ཚོགས་ཀྱང་རེ་རེར་བཞིན་ཚིག་ཚོགས་སུ་འཛེམ་ནས་ཟིན་བྲིས་སུ་མ་བཀོད་མོད། འོན་ཀྱང་བོད་གྱི་གནའ་ཤུལ་གྲགས་ཅན་གྱི་སྐོར་ཅུང་ཙམ་གླེང་དགོས་པའི་སྐབས་སུ་བབས་པའང་འབྲེལ་ཡོད་དཔྱད་ཡིག་ལྟར་བཀོད་པ་གཤམ་གསལ་ལྟར།

      དང་པོ། ཕོ་བྲང་ཡུམ་བུ་བླ་སྒང་ནི་ལྷོ་ཁའི་རྩེད་ཐང་གྲོང་རྡལ་ནས་ཁྲ་འབྲུག་བརྒྱུད་ནས་ལྷོ་ཕྱོགས་སུ་སྣེ་གདོང་རྫོང་གི་ཇོ་མོ་བཀྲ་ཤིས་ཚེ་རིང་ཞེས་པའི་རི་ནུབ་ཏུ་ཟུར་གཉིས་བརྐྱངས་པའི་གཡོན་གྱི་རི་ཟུར་བྲག་རིའི་སྟེང་ཏོག་ལྟ་བུར་གནས་ཡོད། དེ་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ནང་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོས་བཞེངས་པའི་བོད་ཀྱི་ལོ་རྒྱུས་སྟེང་གི་ཕོ་བྲང་ཆེས་སྔ་ཤོས་ཡིན་ལ་བོད་ཀྱི་རྒྱལ་ས་ཐོག་མ་ཀྱང་ཡིན་པས། ད་བར་དུ་མི་ལོ་ཉིས་སྟོང་ལྷག་གི་ལོ་རྒྱུས་མཆིས་སོ། བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་སོ་གཉིས་པ་གནམ་རི་སྲོང་བཙན་བར་གྱི་བཙན་པོ་རིམ་བྱོན་རྣམས་ཕོ་བྲང་འདིར་བཞུགས་ནས་རྒྱལ་སྲིད་བསྐྱངས་པའི་ཕོ་བྲང་ཡིན་པས་ལོ་རྒྱུས་ཀྱི་གནས་རྙིང་གྲགས་ཅན་ཞིག་ཡིན་ཞིང་། དེ་ཡང་ཤྭ་བ་ཡུ་མོའི་བརླ་འདྲ་བའི་རི་སྟེང་དུ་ཆགས་པའི་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་མིང་ཚིག་ཏུ་གྲུབ་སྐད་ཀྱང་ཕྱིས་སུ་ཡིག་རྒྱུན་དུ་ཡུམ་བུ་བླ་སྒང་ཞེས་འབྲི་སྲོལ་དར་ཏོ།།

      གཉིས་པ། བརྗིད་ཉམས་ལྡན་པའི་ཕོ་བྲང་པོ་ཏ་ལ་ནི་ལྷ་ས་དམར་པོ་རིའི་སྟེང་དུ་ཆགས་ཤིང་ལོ་ངོ་ཆིག་སྟོང་སུམ་བརྒྱ་བརྒྱད་ཅུའི་ལོ་རྒྱུས་རིང་མོ་ལྡན་པས། བོད་ལྗོངས་ཀྱི་ཤོད་དབུས་སུ་བརྗིད་ཉམས་དང་ལྡན་པའི་སྒོ་ནས་ལྷིང་ངེར་བཞེངས་ཏེ་གནས་ཡོད་ཅིང་། དུས་རབས་བདུན་པའི་སྤྱི་ལོ༦༣༥ལོར་ཆོས་རྒྱལ་སྲོང་བཙན་སྒམ་པོས་བཞེངས་འགོ་ཚུགས་པ་ནས་ད་ལྟའི་བར་དུ་ལོ་ངོ༡༣༨༤ལྷག་ཙམ་གྱི་ལོ་རྒྱུས་ཡོད། སྤྱི་ལོ༡༦༥༢ལོར་རྒྱལ་དབང་ལྔ་པ་ཆེན་པོས་ཕོ་བྲང་དཀར་པོ་གསར་བཞེངས་མཛད་པ་དང་། སྤྱི་ལོ༡༦༩༠ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཕོ་བྲང་དམར་པོ་དང་གསེར་སྡོང་འཛམ་གླིང་རྒྱན་གཅིག་བཞེངས་འགོ་ཚུགས་ནས་སྤྱི་ལོ་༡༦༩༣ལོར་ལས་མཇུག་འགྲིལ། དེའི་རྗེས་སུ་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་ཉམས་གསོ་དང་རྒྱ་སྐྱེད་རིམ་བཞིན་གནང་བ་སོགས་ད་ལྟའི་གཞི་ཁྱོན་འདི་ལྟར་ཆགས་པ་ཡིན། འཛུགས་སྐྲུན་དེ་ནི་འཛམ་གླིང་ཐོག་ཏུ་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཤོས་ཡིན་པའི་ཕོ་བྲང་དང་། མཁར་རྫོང་། དགོན་པ་བཅས་ངོ་བོ་གཅིག་ཏུ་འདྲེས་ཤིང་བརྗིད་ཆགས་ཉམས་དགའི་འཛུགས་སྐྲུན་ཞིག་ཡིན་ཞིང་། སྤྱི་ལོ༡༩༩༤ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རྩལ་རིག་གནས་སྒྲིག་འཛུགས་ཀྱིས་འཛམ་གླིང་རིག་གནས་ཤུལ་བཞག་ནང་དུ་ཐོ་འགོད་བྱས་ནས་བཞུགས་སོ།།

      གསུམ་པ། ལྷ་ལྡན་གཙུག་ལག་ཁང་ནི་སྤྱི་ལོ༦༣༩ལོར་བཞེངས་པའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་ངམ་དགའ་བཞི་འཕྲུལ་གྱི་ལྷ་ཁང་ལ་ད་ལྟ་ཡོངས་གྲགས་སུ་ལྷ་ལྡན་གཙུག་ལག་ཁང་ཞེས་འབོད། ལྷ་ས་གྲོང་ཁྱེར་གྱི་དབུས་སུ་འོ་ཐང་མཚོ་ཞེས་པའི་སྟེང་བལ་བཟའ་ཁྲི་བཙུན་གྱི་ཐུགས་འདོད་དང་ཐང་གོང་མའི་སྲས་མོ་ཝུན་ཤིང་ཀོང་ཇོས་སྤོར་ཐང་རྩིས་སྐོར་ཞུས་ནས། བོད་ཆོས་རྒྱལ་སྲོང་བཙན་སྒམ་པོས་དུས་རབས་བདུན་པའི་ནང་གཙུག་ལག་ཁང་ཐོག་མར་བཞེངས་པར་གྲགས་ཤིང་ད་བར་མི་ལོ་ཆིག་སྟོང་གསུམ་བརྒྱ་བརྒྱད་ཅུ་ཙམ་གྱི་ལོ་རྒྱུས་ཡོད་པས།  དེ་ཡང་སྤོར་ཐང་རྩིས་ལ་བོད་ཀྱི་ས་དབྱིབས་ནི་སྲིན་མོ་གན་རྐྱལ་དུ་བསྡད་པ་ལྟ་བུ་ཡོད་པ་ལས་ལྷ་སའི་གཙུག་ལག་ཁང་བཞེངས། བོད་རིགས་དད་ལྡན་རྣམས་ཀྱི་ཕྱག་དང་མཆོད་འབུལ་ཞུ་ཡུལ་གཙོ་བོ་དང་། རྒྱལ་ཁབ་ཕྱི་ནང་གི་ལྟ་སྐོར་གནང་ཡུལ། ལོ་རྒྱུས་ཞིབ་འཇུག་པ་རྣམས་ཀྱི་མེད་དུ་མི་རུང་བའི་གལ་འགངས་ཆེ་བའི་གནས་མཆོག་ཁྱད་པར་དུ་འཕགས་པ་བཞུགས་སོ།།

      བཞི་བ། བསམ་ཡས་གཙུག་ལག་ཁང་ནི་བོད་ལྗོངས་ལྷོ་ཁ་ས་ཁུལ་གྲྭ་ནང་རྫོང་གི་མངའ་ཁོངས་སུ་ཡར་ཀླུང་གཙང་པོའི་བྱང་ངོས་ཀྱི་རི་འདབས་ཤིག་ཏུ་གནས་ཤིང་རྒྱས་མིང་དུ་དཔལ་བྲག་དམར་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་ཞུ་བ་དང་། དེ་ནི་དུས་རབས་བརྒྱད་པའི་དུས་དཀྱིལ་དུ་བོད་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་། མཁན་ཆེན་ཞི་བ་འཚོ། སློབ་དཔོན་པདྨ་འབྱུང་གནས་གསུམ་གྱིས་བཞེངས་སུ་བཅུག་པར་གྲགས་ཤིང་ནང་པ་སངས་རྒྱས་པའི་ལྟ་བ་བཞིན་གླིང་བཞི་རི་རབ་ཉི་ཟླ་སུམ་བཅུ་རྩ་གསུམ་གྱི་བཀོད་པ་བཞིན་བཞེངས་ཡོད། དེ་བཞེངས་ནས་བློན་འབངས་ཀྱི་མི་བུ་བློ་རྣོ་བ་བདུན་ཏེ་སད་མི་བདུན་རབ་ཏུ་བྱུང་བས་གཙུག་ལག་ཁང་དེ་ཉིད་རིམ་བཞིན་སྐྱབས་གནས་དཀོན་མཆོག་གསུམ་པོ་སྟེ་སངས་རྒྱས་ཆོས་དང་དགེ་འདུན་སུམ་འཛོམས་སུ་གྱུར་ཞིང་། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་འདི་ཆོས་འཁོར་གསུམ་གྱི་ཡ་གྱལ་དང་བསྟན་པ་སྔ་དར་སྐབས་སུ་དམ་པའི་ཆོས་ཀྱི་དར་ཡུལ། རང་རེའི་ལོ་ཆེན་བཻ་རོ་ཙ་ན་དང་། རྒྱ་གར་གྱི་ལོ་པཎ་དུ་མ་བྱོན་ཏེ་དམ་ཆོས་མང་པོ་བོད་ཡིག་ཏུ་བསྒྱུར་བའི་གནས་མཆོག་གཞི་རྒྱ་ཆེ་ལ་འཕང་མཐོ་བ། རྒྱུ་བཟང་ལ་བཀོད་པ་ལེགས་པ་བཅས་སྙན་གྲགས་ཀྱི་བ་དན་མཐོ་རུ་བཏེགས་པའི་གནས་མཆོག་ཡིན་ནོ།།

      ལྔ་བ། སྐུ་མཁར་མ་རུ་ནི་ལྷ་ས་གྲོང་ཁྱེར་གྱི་བྱང་གི་ཉེ་འགྲམ་ཉང་རའི་ཁུལ་དུ་ཡོད་ཅིང་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་རི་བོ་གྲུ་དམར་ཐོག་ཏུ་ཕོ་བྲང་བཞེངས་པ་དང་། དུས་མཚུངས་སུ་ཉང་རར་ཕོ་བྲང་གཞན་ཞིག་བཏབ་གནང་པ་ལས། དེ་ནི་ལོ་རྒྱུས་ཐོག་སྐད་གྲགས་ཡོད་པའི་ཕ་བོང་ཁའི་ཕོ་བྲང་དམར་པོ་སྟེ་སྐུ་མཁར་མ་རུ་ཞེས་པ་དེ་ཡིན་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོས་བདེ་མཆོག་རིར་ཕེབས་སྐབས་དངོས་པོ་ནག་རིལ་དེ་ཐག་ཞགས་ཁ་ཤས་ཀྱིས་འཇལ་ཐུབ་ཙམ་ཡོད་པའི་རྡོ་ནག་རུས་སྦལ་འདྲ་བ་ཞིག་ཡོད་པས་ཐོན་མི་སམ་བྷོ་ཊ་མཆོག་ལ་ཆེད་མངགས་ཕོ་བྲང་ཞིག་བཞེངས་ཏེ་བོད་ཡིག་གསར་གཏོད་གནང་རྒྱུར་ཕན་པའི་ཆ་རྐྱེན་བསྐྲུན་པས་ཐོག་བརྩེགས་དགུ་ཡོད་པའི་ཕོ་བྲང་ཞིག་མགྱོགས་མྱུར་ངང་ནས་རྡོ་ནག་ལས་གྲུབ་ཅིང་། རུས་སྦལ་གྱི་སྒལ་སྟེང་དུ་འགྱིང་ངེར་བཞེངས་པ་དང་ཐོན་མི་སམ་བྷོ་ཊས་སྐུ་མཁར་མ་རུར་ལོ་ལྔ་ལ་འབད་འཐབ་གནང་མཐར་བོད་རང་ཉིད་ཀྱི་ཡི་གེ་གསར་གཏོད་ལེགས་གྲུབ་བྱུང་ཞིང་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཁོང་གིས་ཀྱང་ལོ་གསུམ་རིང་ལ་ཐོན་མི་སམ་བྷོ་ཊ་མཆོག་རང་གི་སློབ་དཔོན་དུ་བསྟེན་ནས་ཡི་གེ་བསླབས་པར་གྲགས་པས། བོད་གངས་ཅན་གྱི་སྐུ་མཁར་མ་རུ་ཞེས་པ་འདི་ནི་བོད་ཀྱི་ལོ་རྒྱུས་ཐོག་ཏུ་བྱུང་མྱོང་བའི་གནས་མཆོག་ཁྱད་པར་བ་ཞིག་ཡིན་པ་གསལ་བཤད་བྱས་ཡོད་དོ།།

      དྲུག་པ། རྒྱལ་རོང་བཙན་རྫོང་ཞེས་པ་ནི་ཨ་མདོའི་ཤར་ལྷོའི་མཐའ་ན་ཡོད་པའི་ལུང་བ་ཕུ་རིང་ལ་འགག་དོག་པའི་ས་ཆ་ཞིག་ཡིན། ས་དེའི་འགག་སོ་སོ་ན་སྲ་ཞིང་བརྟན་ལ་མཐོ་ཞིང་བརྗིད་པའི་བཙན་རྫོང་མང་པོ་ཀེ་རེ་འགྱིང་ཡོད་ལ། དེ་ནི་རྫོང་སྟོང་ཅན་གྱི་རྒྱལ་ཁམས་ཞེས་སུ་གྲགས་པའི་རྒྱལ་མོ་ཚ་བ་རོང་གི་རྡོ་བརྩིགས་བཙན་རྫོང་ཡིན། ཐོག་མར་བོད་བཙན་པོའི་རྒྱལ་རབས་ཀྱི་དུས་སུ་བརྩིགས་པ་དང་། མང་ཆེ་བ་ནི་ཆིན་རྒྱལ་རབས་ཀྱི་གོང་མ་ཆེན་ལུང་གིས་ཤར་རྒྱལ་མོ་ཚ་བ་རོང་གི་ཆུ་ཆེན་དང་བཙན་ལྷ་ཟེར་བའི་ས་ཆར་དམག་དྲངས་པའི་དུས་སུ་བརྩིགས་པ་ཡིན་པར་བཤད་དོ།།

      གནའ་བོའི་རྒྱལ་རོང་ཡུལ་དུ་ཤེས་རིག་དང་རིག་གནས་བཟོ་རྩལ་སོགས་དར་ཡོད་པ་དང་། ལག་ཤེས་བཟོ་རྩལ་ཡང་ཆུ་ཚད་ངེས་ཅན་ཞིག་ཏུ་སླེབས་ཡོད་པ་མངོན་གསལ་དུ་མཐོང་ཐུབ། སྔོན་ཆད་ནས་བན་བོན་གྱི་ཆོས་དང་རིག་གནས་བོད་ཀྱི་ཡུལ་གྲུ་ཀུན་ཏུ་དར་ཞིང་རྒྱས་པར་མཛད་ལ། ལྷག་པར་དུ་རྒྱལ་རོང་ཡུལ་དུ་བོད་ཀྱི་རྩེར་སོན་གྱི་བཟོ་རྩལ་དང་རིག་གནས་། ཤེས་རིག་དར་རྒྱས་སུ་སོང་ཡོད་པའི་ངོ་མཚར་རྗེས་ཤུལ་མཐོང་ཐུབ་པ་ཡིན། དེ་ལས་ཡུལ་གྲུ་འདིའི་འབག་དང་གསོབ། འཇིམ་བཟོ། གསེར་དངུལ་མགར་བ་དག་ནི་ལག་རྩལ་ཁྱད་དུ་འཕགས་ཤིང་བཟོ་རྩལ་རྨད་དུ་བྱུང་བའི་གནས་མཆོག་ཡིན་པ་ཤེས་ཐུབ།།

      བདུན་པ། གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ནི་བོད་རང་སྐྱོང་ལྗོངས་མངའ་རིས་ཁུལ་རྩ་མདའ་རྫོང་གི་ཁོངས་སུ་ཡོད་ཅིང་དེ་ནི་བོད་ལྗོངས་ཀྱི་གནའ་བོའི་མཁར་གྲོང་གི་ཤུལ་རྙིང་ཞིག་ཡིན་པ་དང་། གནའ་ཤུལ་གྱང་རོ་རྣམས་རི་འདབས་ཀྱི་དེའུ་འབུར་ཆེན་པོ་ཞིག་གི་སྟེང་དུ་ཆགས་ཤིང་། གཞན་ཡང་མཆོད་རྟེན་ཁག་གསུམ། ལྷ་ཁང་དང་རྟེན་ཁྱད་པར་ཅན་མང་བར་མ་ཟད། བོད་ཀྱི་བཙན་པོ་རིམ་བྱོན་དང་གུ་གེ་རྒྱལ་བློན་མི་ཉུང་བའི་འདྲ་རིས་ཀྱང་བཞེངས་ཡོད་པ་སོགས་རིག་དངོས་ཁྱད་མཚར་མང་པོ་ཡོད། གུ་གེ་རྒྱལ་ཕྲན་ནི་བོད་རྒྱལ་གླང་དར་མ་འམ་ཨུ་དུམ་བཙན་པོའི་རྒྱལ་རྒྱུད་རྗེ་དཔལ་འཁོར་བཙན་གྱི་ཆེན་མའི་སྲས་སྐྱིད་ལྡེ་ཉི་མ་མགོན་གྱིས་བཙུགས་ནས་རྒྱལ་ཐོག་བཅུ་དྲུག་ཙམ་བྱུང་ཞིང་། དེང་སྐབས་མཐོང་རྒྱུ་ཡོད་པ་ནི་སྲས་ཆུང་བ་ལྡེ་གཙུག་མགོན་གྱིས་བཟུང་བའི་རྒྱལ་ཕྲན་གྱི་ཤུལ་རྙིང་ཡིན་ཟེར། ད་ལྟའི་བར་དུ་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ཡོད། དུས་རབས་དགུ་བའི་ནང་དུ་བོད་བཙན་པོའི་རྒྱལ་རབས་ཀྱི་རྗེས་རབས་པ་རྣམས་ཀྱིས་གནས་འདིར་གུ་གེའི་རྒྱལ་ཁབ་ཅེས་པ་བཙུགས་ཤིང་། ཤར་ནུབ་གཉིས་ཀྱི་རིག་གནས་གཞི་གཅིག་ཏུ་འདྲེས་པའི་གུ་གེའི་དཔལ་ཡོན་འཕེལ་རྒྱས་སུ་བཏང་བ་དང་། ༡༩༦༡ལོར་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་ཀྱི་ཐོག་དང་པོའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཏུ་གཏན་འཁེལ་བྱས་པའི་གནས་མཆོག་ཡིན།།

      བརྒྱད་པ། ཕོ་བྲང་རྒྱལ་མཁར་རྩེ་ནི་བོད་ལྗོངས་གཞིས་རྩེ་ཀྲོན་ཆུས་རྒྱལ་རྩེ་རྫོང་ཁོངས་སུ་ཆགས་ཡོད་ཅིང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲེ༤༠༢༠ཡོད་ཅིང་། བལྟོས་བཅས་ཀྱི་མཐོ་ཚད་ལ་སྤྱི་ཁྲེ༡༢༥ཡོད་པས། བོད་ལྗོངས་སྲིད་གཞུང་རྙིང་པའི་རྒྱལ་རྩེ་ས་ཁུལ་གྱི་སྲིད་འཛིན་གནས་ས་ཞིག་ཡིན་པ་དང་། དེ་ནི་བོད་རབ་བྱུང་དྲུག་པའི་ཤིང་འབྲུག་སྤྱི་ལོ༡༣༦༤ལོར་ནང་ཆེན་འཕགས་པ་དཔལ་བཟང་གིས་རྫོང་བཙན་མང་པོ་བརྩིགས་པའི་ནང་གི་གཅིག་ཡིན་ཟེར། འདིར་རྒྱལ་རྩེ་ཆོས་རྒྱལ་རིམ་བྱོན་རྣམས་བཞུགས་མྱོང་བ་དང་། ཕོ་ལྷ་མི་དབང་གིས་ང་ལུམ་སྦྱར་གསུམ་ལ་ཕར་རྒོལ་བྱེད་སྐབས་ཀྱི་རྟེན་གཞི་བྱས་པ་ཡིན། འདི་ནས་ང་ལུམ་སྦྱར་གསུམ་ཞེས་པ་ནི་ང་ཕོད་པ་རྡོ་རྗེས་རྒྱལ་པོ་དང་། ལུམ་པ་བ་བཀྲ་ཤིས་རྒྱལ་པོ། སྦྱར་ར་བ་བློ་གྲོས་རྒྱལ་པོ་གསུམ་གྱི་བསྡུས་མིང་ལ་ཟེར་ཞིང་། འདིར་རབ་བྱུང་བཅུ་གཉིས་པའི་ས་སྤྲེལ་སྤྱི་ལོ༡༧༢༨ལོའི་ལོ་མཇུག་ཏུ་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་དང་། མན་ཇུའི་དམག་དཔུང་མཉམ་འབྲེལ་གྱིས་ཁྲིམས་ལ་སྦྱར་ཏེ་སྲོག་ཁྲིམས་བཅད་ཟེར། བོད་ཤིང་འབྲུག་སྤྱི་ལོ༡༩༠༤ལོར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་དབྱིན་ཇི་བཙན་འཛུལ་དམག་ལ་འགོག་རྒོལ་བྱེད་སྐབས་སུ་གཡུལ་ས་བྱས་པའི་རྫོང་བཙན་འདི་ནི་དུས་རབས་ཀྱི་དངོས་དཔང་རྩ་ཆེན་ཞིག་ཡིན་ལ། ལོ་རྒྱུས་ཐོག་བོད་རིགས་མི་དམངས་ཀྱི་དཔའ་རྒོད་ཚོས་མཁར་རྫོང་འདིའི་གཡུལ་སའི་ཐོག་ཏུ་དབྱིན་ཇི་བཙན་འཛུལ་རིང་ལུགས་པར་རྒོལ་རྡུང་དྲག་པོ་སྤྲད་ནས་བོད་རང་གི་ཕ་ཡུལ་སྲུང་སྐྱོབ་བྱས་པའི་དམག་འཐབ་ཆེན་པོའི་ནང་དུ་བསྐལ་བ་ཇི་སྲིད་བར་ནུབ་ཐབས་མེད་པའི་བྱས་རྗེས་ཆེན་པོ་བཞག་ཡོད་པའི་གནས་མཆོག་ཞིག་ཀྱང་ཡིན་ནོ།།

      དགུ་བ། ལོ་རྒྱུས་ཀྱི་རིག་གནས་བང་མཛོད་ཏུན་ཧོང་བྲག་ཕུག་ནི་ཀན་སུའུ་ཞིང་ཆེན་གྱི་བྱང་མཐའི་ལི་ཡུལ་དང་འབྲེལ་མཚམས་སུ་ཏུན་ཧོང་རྫོང་ནས་ཤར་ལྷོའི་ཕྱོགས་ལ་སྤྱི་ལེ་ཉེར་ལྔ་ཙམ་སོང་ན་ཡོད་པའི་མོ་ཀོ་ཁུའུ་འམ་ལྷ་སྐུ་སྟོང་གི་བྲག་ཕུག་ཟེར་བ་ཞིག་ཡོད་པ་དེ་ཡིན། ཡོངས་གྲགས་སུ་ཕལ་ཆེར་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ཡོད་ལ། གནས་མཆོག་དེ་ནི་གནའ་དུས་སུ་པུར་རྒྱལ་དང་ཕྱི་གླིང་བར་གྱི་འགྲིམ་འགྲུལ་གྱི་རྒྱུ་ལམ་འགངས་ཆེན་ཞིག་དང་རྒྱལ་ཁབ་སོ་སོའི་ཚོང་བ་ལག་ཤེས་བཟོ་པ་རབ་བྱུང་བཙུན་པ་རྣམས་ཡུལ་འདི་ལ་འཛོམས་ཏེ་རིག་གནས་དང་ཆོས་ལུགས་བརྗེ་རེས་ཀྱི་ལྟེ་བ་ལྟ་བུ་ཞིག་ཀྱང་རེད། ད་ལྟའང་ད་དུང་བྲག་ཕུག་བཞི་བརྒྱ་དང་བཅུ་གཉིས་ཡོད་པ་དང་ལྡེབས་རིས་སྤྱི་ཁྲེ་གྲུ་བཞི་མ་བཞི་ཁྲི་ལྔ་སྟོང་ལྷག་དང་ལྷ་སྐུ་ཉིས་སྟོང་ལྷག་མཆིས་ཤིང་། དེ་མིན་ད་དུང་གཏེར་མའི་བྲག་ཕུག་ལས་གནའ་རབས་ཀྱི་དཔེ་རྙིང་འབོར་ཆེན་བྱུང་བ་དང་། བོད་ཀྱི་བཙན་པོའི་དུས་སུ་ལོ་ངོ་བརྒྱ་ཕྲག་ལྷག་གི་རིང་ལ་ཏུན་ཧོང་བདག་གེར་བཟུང་ནས། བྲག་ཕུག་སུམ་བཅུ་ལྷག་ཙམ་གསར་དུ་བརྐོས་པ་དང་ད་ལྟ་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་ངོས་ནས་ཏུན་ཧོང་ནས་བུད་པའི་རྒྱུ་ཆ་མཐའ་དག་ནི་ཁུངས་སྣེ་བཙན་ཞིང་། ཡང་ན་གཞི་འཛིན་ས་གཙོ་བོ་ཡིན་པའི་གནས་མཆོག་ཡིན།།

      བཅུ་བ། ལྷོ་བྲག་སྲས་མཁར་དགུ་ཐོག་ནི་བོད་ལྗོངས་ལྷོ་ཁ་ས་ཁུལ་ལྷོ་བྲག་རྫོང་ཁོངས་ཀྱི་སྲས་བྱ་བའི་ཡུལ་ཚོར་མངའ་ཞིང་། དེ་ནི་རབ་བྱུང་དང་པོའི་ལྕགས་ཕོ་སྤྲེལ་སྤྱི་ལོ༡༠༨༠ཡས་མས་སུ་བཀའ་བརྒྱུད་བསྟན་པའི་སྲོལ་འབྱེད་མཁན་མར་བ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་ཐུགས་སྲས་རྗེ་བཙུན་མི་ལ་རས་པས་བཞེངས་པའི་ཁྱད་པར་འཕགས་པའི་མཁར་རྙིང་ཞིག་ཡིན་པས། རྗེ་བཙུན་མི་ལ་རས་པས་སྡིག་སྒྲུབ་སྦྱངས་པའི་ཆེད་དུ་ཆོས་ཞུ་པར་ལྷོ་བྲག་ཏུ་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་སྤྱི་བོའི་གཙུག་ཏུ་བཀུར་ཀྱང་བླ་མ་མར་པས་ཆོས་གསུང་རྒྱུ་ཞལ་གྱིས་མ་བཞེས་པར་སྒྲིབ་སྦྱོང་གི་ཆེད་དུ་ལོ་དྲུག་དང་ཟླ་དྲུག་རིང་དུ་སྲས་དར་མ་མདོ་སྡེའི་སྐུ་མཁར་བརྩིགས་པ་སོགས་ཀྱི་ལས་ཀ་མང་པོ་བྱེད་དུ་བཅུག་ཀྱང་། མི་ལ་རས་པས་སྒྲུབ་པར་དཀའ་བའི་མཁར་ལས་རྣམས་གྲུབ་པ་དང་བཟོད་པར་དཀའ་བའི་ཉམས་སད་རྣམས་ཐེག་པར་བྱས་མཐར་མཆོག་གི་དངོས་གྲུབ་ཐོབ། སྲས་མཁར་དགུ་ཐོག་དེ་ནི་རྒྱབ་ཕྱོགས་བྲག་རི་ལ་བརྟེན་ནས་གནའ་མཁར་གྱི་རྣམ་པ་ལྟར་བཞེངས་འདུག་ཅིང་། དུས་རབས་བཅུ་དྲུག་པའི་དུས་འགོར་དཔའ་བོ་གཙུག་ལག་ཕྲེང་བས་དགེ་འདུན་གྱི་སྡེ་ཆེན་པོ་བཙུགས་ཤིང་རྗེས་སུ་རྒྱལ་དབང་སྐུ་ཕྲེང་ལྔ་བ་བློ་བཟང་རྒྱ་མཚོས་ཞིག་གསོ་གནང་བ་དང་། རབ་བྱུང་དང་པོའི་ཤིང་ཕོ་སྤྲེལ་སྤྱི་ལོ༡༩༤༤ལ་བསམ་འགྲུབ་དགོན་པའི་དགོན་བདག་བླ་མས་ཞིག་གསོ་བྱས་ནས་རྒྱ་བསྐྱེད་པའི་གནས་མཆོག་ཡིན།། བླ་མ་མར་བ་ལོ་ཙཱ་པའི་སློབ་མ་ཀ་ཆེན་བཞིའི་ཡ་གྱལ་ཏེ། བྱང་གི་ཀ་ཆེན་རྗེ་བཙུན་མི་ལ་རས་པ་འདི་ཉིད་རབ་བྱུང་དང་པོའི་ལྕགས་འབྲུག༡༠༤༠ལོར་ཡབ་མི་ལ་ཤེས་རབ་རྒྱལ་མཚན་དང་ཡུམ་མྱང་ཚ་དཀར་རྒྱན་གཉིས་ཀྱི་སྲས་སུ་མང་ཡུལ་གུང་ཐང་སྐྱ་རྔ་རྩ་རུ་སྐུ་འཁྲུངས་ཤིང་། སྐུ་ཆུང་ངུའི་མཚན་ལ་ཐོས་བ་དགའ་ཞེས་ཞུ། ཁོང་སྐུ་བལྟམས་ནས་ཡུན་རིང་མ་སོང་བར་ཡབ་སྐུ་གཤེགས་པས་ཨ་ཁུ་དང་ཨ་ནེ་གཉིས་ཀྱིས་སྡུག་པོ་ཚད་མེད་བཏང་བས། དེ་རྗེས་སུ་ཡུམ་གྱི་བཀའ་བཞིན་མཐུ་བསླབས་ནས་འཁོན་གླན་པར་མི་མང་པོ་བསད། སླད་ནས་སྡིག་པར་འགྱོད་བཤེགས་བྱས་ནས། ཆོས་བྱེད་པར་རབ་བྱུང་དང་པོའི་ས་རྟ༡༠༧༨ལོར་ལྷོ་བྲག་ཏུ་ཕེབས་ཏེ་མར་པ་ལོ་ཙཱ་ཆོས་ཀྱི་བློ་གྲོས་དང་མཇལ། དགུང་ལོ་ཞེ་ལྔ་པ་ཤིང་བྱི༡༠༨༤ལོར་སྟོད་ཕྱོགས་སྐྱིད་གྲོང་དང་གཉའ་ནང་ཁུལ་དུ་ཕེབས་ཤིང་། སྒྲུབ་པའི་དམ་བཅའ་མཛད་དེ་ལོ་དགུའི་རིང་ན་བཟའ་རས་རྐྱང་དང་ཟས་ཟྭ་ཚོད་ཙམ་ལ་བརྟེན་པ་སོགས་དཀའ་སྤྱད་དྲག་པོས་བསྒོམས་སྒྲུབ་མཛད་པས་སྐུ་ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་ཐོབ་ཏེ། སློབ་མའི་མཆོག་ནི་རྗེ་སྒམ་པོ་བ་དང་། རས་ཆུང་པ། དེ་བཞིན་འབྲི་སྒོམ་རས་པ། སེ་བན་རས་པ། རས་པ་ཞི་བ་འོད། ཁྱི་ར་རས་པ། ངན་རྫོང་རས་པ། བདེ་བ་སྐྱོང་། ར་རྫི་རས་པ་སྟེ་རས་པ་མཆེད་བརྒྱད་དང་། སྟོན་པ་དྲུག ས་པ་བཅུ་གཉིས། བ་ཐོབ་མ་དྲུག་སོགས་བགྲངས་ཀྱིས་མི་ལང་བའོ། མཐར་དགུང་ལོ་བརྒྱད་ཅུ་གྱ་བཞི་བ་རབ་བྱུང་གཉིས་པའི་ཆུ་ཡོས༡༡༢༣ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ།།

      བཅུ་གཅིག ཁ་རུབ་ཀྱི་གནའ་ཤུལ་ནི་བོད་ལྗོངས་ཆབ་མདོ་རྫོང་ཆབ་མདོ་ཁ་རུབ་སྡེ་གྲོང་དུ་ཆགས་ཤིང་སྤྱི་ལོ༡༩༧༨ལོ་ནས་གསར་དུ་ཐོན་རྙེད་བྱུང་བའི་གནའ་ཤུལ་གྲགས་ཅན་ཞིག་ཡིན་ཞིང་། དེ་ནི་ཡུལ་དེའི་རྫ་ཆུའི་ནུབ་འགྲམ་དུ་ཡོད་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲུ་སུམ་སྟོང་བརྒྱད་བརྒྱ་ཙམ་ཡོད། ཚོད་དཔག་ལྟར་ན། ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ཁྲེ་གྲུ་བཞི་མ་ཆིག་ཁྲི་ཙམ་ཡོད་ཅིང་ད་ཕན་སྔོག་ཐེངས་སྔ་རྟིང་གཉིས་ལ་བསྡོམས་པས་རྒྱ་ཁྱོན་སྤྱི་ཁྲུ་གྲུ་བཞི་མ་ཆིག་སྟོང་བརྒྱད་བརྒྱ་ཙམ་བསྔོགས་ཏེ་ས་འོག་ནས་ཐོན་པའི་གནའ་རྫས་དང་རིགས་མི་འདྲ་བའི་ཁང་ཤུལ་དང་རྡོ་རྩིག རྡོ་ཆས། རུས་ཆས། རྫ་ལེབ། རྒྱན་ཆའི་དངོས་ཆས་སོགས་མང་དུ་རྙེད་པ་རེད། འདི་དག་ལ་ད་ནས་ཡར་ལ་བརྩིས་ན་ལོ་ངོ་བཞི་སྟོང་དྲུག་བརྒྱ་ནས་ལྔ་སྟོང་ལྷག་གི་ལོ་རྒྱུས་ཡོད་པས་བོད་ཀྱི་གནའ་རབས་རིག་གནས་འཚོ་བའི་སྐོར་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་དཔང་རྟགས་ཡིན་ཞིང་། མདོ་ཁམས་ཡན་དང་དབུས་གཙང་མན་གྱི་བོད་མི་རིགས་ཡོངས་ཀྱི་དུས་སྐབས་ཞིག་གི་ནང་ལ་དར་ཁྱབ་ཆེ་བའི་ཤེས་རིག་གི་རྣམ་པ་མཚོན་པའི་གནས་མཆོག་ཡིན།།

      བཅུ་གཉིས། བོད་ཀྱི་ལྕགས་ཟམ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་བ་དར་རྩེ་མདོའི་ཤར་ཕྱོགས་སུ་ལྕགས་ཟམ་རྫོང་གྲོང་དུ་བཞུར་བའི་རྒྱལ་མོ་རྔུལ་ཆུའི་སྟེང་དུ་བཙུགས་ཡོད། ཟམ་པ་འདི་བཞེངས་མཁན་ནི་བོད་ཀྱི་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཉིད་ཡིན་པས་བོད་ཀྱི་གནའ་ཤུགས་གྲགས་ཅན་གྱི་གྲས་སུ་བགྲང་ལ་ཟམ་པ་འདི་ནི་གྲུབ་ཐོབ་འདི་ཉིད་ཀྱིས་འབངས་ཀྱི་བདེ་རྩའི་ཆེད་དུ་ལྕགས་ཟམ༥༨བཙུགས་པའི་ནང་གི་གཅིག་ཡིན་པས་ཡུལ་དེའི་དེབ་ཐེར་དང་ཡུལ་མིའི་ངག་སྒྲོས་སུའང་བོད་ཀྱི་བླ་མ་ཞིག་གིས་ལས་དཔོན་བྱས་ནས་བཞེངས་པའི་ངག་རྒྱུན་འདུག་ཅིང་། ལྕགས་ཟམ་འདི་ནི་བྱིས་པ་ལོ་བརྒྱད་ཅན་གྱི་དཔུང་པའི་སྦོམ་ཕྲ་ཙམ་གྱི་ལྕགས་ཐག་བཅུ་གསུམ་ལས་བསྐྲུན་པའི་ཟམ་ཆེན་ཞིག་ཡིན་པས། དེ་ནི་གནས་སྔ་མོའི་དུས་སྐབས་ཤིག་གི་ནང་དུ་བོད་གངས་ཅན་གྱི་ལག་ཤེས་བཟོ་ལས་ལ་རྟོག་ཞིབ་བྱ་བར་དཔྱད་གཞིར་ཤིན་ཏུ་འོས་པའི་གནའ་ཤུལ་གྱི་རིག་དངོས་རྩ་ཆེན་ཞིག་ཡིན་པས། བོད་ཀྱི་ལོ་རྒྱུས་ཐོག་སྙན་གྲགས་ཆེ་བའི་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ནི་སྤྱི་ལོ༡༣༦༡ལོར་ལྷ་སའི་ངམ་རིང་རྫོང་གི་ཁོངས་སུ་རུས་མི་ཉག་ལས་ཆད་པ་ལྡོང་གི་རྒྱུད་པ་ཡབ་རྡོ་རྗེ་རྒྱལ་མཚན་དང་ཡུམ་རྒྱ་གར་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་དགོན་པ་བྱང་སྡིངས་ནང་སློབ་གཉེར་མཛད་པ་དང་རབ་ཏུ་བྱུང་རྗེས་མུ་མཐུད་ནས་ཐུན་མོང་དང་ཐུན་མིན་གྱི་རིག་པའི་གནས་ལ་འབད་པ་མཛད་ཀྱིན་བལ་པོ་དང་རྒྱ་གར་གྱི་གདན་ས་མང་པོར་ཕེབས། ཐེངས་གཅིག་ལ་ལྷ་སར་ཕེབས་པའི་ལམ་བར་དུ་ལྷ་གདོང་ཤན་ཁར་གྲུ་དཔོན་ལ་གླ་ཆ་སྟེར་རྒྱུ་མེད་པས་དཀའ་ངལ་འཕྲད་པ་ནས་བཟུང་སྟེ། ཉམ་ཐག་པའི་མི་མང་པོས་རང་དང་འདྲ་བའི་དཀའ་སྡུག་མྱོང་དགོས་པ་ལ་ཐུགས་ཀྱིས་མ་བཟོད་དེ་ལྕགས་ཟམ་འཛུགས་རྒྱུའི་དམ་བཅའ་བཞག དེ་ནས་ཀོང་པོ་སོགས་ས་ཆ་སོ་སོར་ལྕགས་སློང་དུ་ཕེབས་ཏེ། སྦྱིན་བདག་མང་པོས་གནང་བ་དང་རང་གིས་གཏེར་ལས་བཏོན་པའི་ལྕགས་རྣམས་མགར་ཏེ་ལྕགས་གུག་རྐང་བུ་དང་ལྕགས་ཕུར་མང་པོ་གྲ་སྒྲིག་བྱས་རྗེས་དགུང་ལོ་བདུན་ཅུའི་ཐོག་ལྷ་གདོང་ཤན་ཁར་ལྕགས་ཟམ་དང་པོ་ལེགས་གྲུབ་བྱུང་བ་ཡིན། དེ་ནས་བཟུང་གྲུབ་ཐོབ་ལྕགས་ཟམ་པ་ཞེས་སྙན་གྲགས་ཡོངས་སུ་ཁྱབ། འབྲེལ་ཡོད་ཡིག་ཆའི་ནང་བཀོད་པ་ལྟར་ན། དམ་པ་ཁོང་གིས་འཛུགས་སྐྲུན་གནང་བའི་ལྕགས་ཟམ་ལ་ཁག་གསུམ་དབྱེ་ཆོག་སྟེ་ཐད་ཀར་ཇུས་འདོན་སྣེ་ཁྲིད་ཀྱིས་བསྐྲུན་པ་ལྷ་ས་སྐྱིད་ཆུའི་ལྕགས་ཟམ་ལྟ་བུ་དང་། ཇུས་འགོད་དང་གཞི་འདིང་བ། ལྕགས་ཐག་འཐེན་པ་སོགས་འགག་རྩའི་གནས་སྐབས་སུ་རང་ཉིད་སྐུ་དངོས་སུ་ཞུགས་ཤིང་། བར་གྱི་བྱ་བ་རྣམས་སློབ་མ་རྣམས་ལ་སྒྲུབ་ཏུ་བཅུག་པ་ཆུ་བོ་རིའི་ལྕགས་ཟམ་ལྟ་བུ། བུ་སློབ་རྣམས་མངགས་ནས་བསྐྲུན་པ་ཡར་ལུང་ཉ་མགོ་གྲུ་ཁའི་ལྕགས་ཟམ་ལྟ་བུའོ། ཁོང་གིས་དབུས་གཙང་ཁམས་གསུམ་ལ་བཞེངས་པའི་ལྕགས་ཟམ༥༨དང་ཤིང་ཟམ༦༠ཡོད་ཅེས་ཡོངས་སུ་གྲགས་སོ། ཟམ་པ་འཛུགས་པ་ལ་མཐུན་རྐྱེན་བསྒྲུབ་པའི་ཆེད་དུ་ལྷ་མོའི་ཟློས་གར་གསར་གཏོད་གནང་སྟེ། སློང་མོ་བྱས་པ་དེ་ལ་དེང་སང་ཨ་ཅེ་ལྷ་མོ་ཞེས་ཀུན་གྱི་ངག་ལ་རླུང་ལྟར་གྲགས། གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཞེས་པ་ནི། ཁྱབ་གདལ་ཆེན་པོའི་ཐང་ཆེན་ན།། སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ།། འཇིག་རྟེན་རྒྱལ་པོ་ལྟ་བུར་བཞུགས།། དེ་ཕྱིར་ཐང་སྟོང་རྒྱལ་པོ་ཐོབ།། ཅེས་པ་ལྟར་དམ་པ་ཁོང་ནི་གནས་མཆོག་ཀུན་ཏུ་རྒྱུ་བའི་རྣལ་འབྱོར་པ་ཞིག་ལགས་པས་བོད་གངས་ཅན་མདོ་དབུས་ཁམས་གསུམ་བཅས་ཡུལ་གྲུ་མང་པོར་ཕེབས་ཏེ། འགྲོ་དོན་མཛད་མྱོང་བར་གྲགས།གྲུབ་ཆེན་ཐང་སྟོང་རྒྱལ་པོ་མདོ་ཁམས་ཀྱི་ཡུལ་ལ་བྱོན་ཏེ་རྫ་ཆུ་དང་འབྲི་ཆུ། ཉག་ཆུ་ལ་ལྕགས་ཟམ་བཙུགས་པ་དང་ལི་ཐང་དང་སྡེ་དགེའི་ཕྱོགས་སུ་ཕེབས་ཏེ། སྐུ་གསུང་ཐུགས་རྟེན་བཞེངས་པ་ལས་སྡེ་དགེ་ལྷུན་གྲུབ་སྟེང་གི་སྲིབ་དགོན་ཐང་སྟོང་ལྷ་ཁང་ཡང་སྐབས་དེ་དུས་བཞེངས་པར་གྲགས། དེ་དུས་ཁོང་དགུང་ལོ་གྱ་དྲུག་ལ་སོན་ཟེར། དེ་ནས་དར་རྩེ་མདོ་ལ་ཕེབས་དུས་མི་བཅུས་མི་གཅིག་རུབ་ནས་གསོད་རྩིས་བྱེད་པ་དང་འཕྲད། དམ་པ་ཁོང་གིས་རྫུ་འཕྲུལ་གྱིས་མི་བཅུ་པོའི་ལག་གི་མཚོན་ཆ་ཤོར་བར་བྱས་ཏེ་གསོད་ལ་རན་པའི་མི་དེའི་ཚེ་སྲོག་བསྐྱབས་པས། མི་དེ་རྣམས་ལ་དད་པ་སྐྱེས་ཏེ་དར་མདོ་ལ་ས་གཡོ་མི་ཡོང་བའི་རྟེན་འབྲེལ་མཛད་དགོས་ཞུས་པར་ཁོང་གིས་ས་གནས་འདིར་བྱང་ཆུབ་མཆོད་རྟེན་བཞེངས་པའི་ས་ཆོག་དང་ཞལ་བཀོད་མཛད་རྗེས་ཁོང་རང་ཉིད་རྒྱ་ནག་རི་བོ་རྩེ་ལྔ་ལ་ཕེབས། རི་བོ་རྩེ་ལྔ་ལ་མཆོད་མཇལ་ཚར་རྗེས་ཕྱིར་དར་རྩེ་མདོ་ལ་བྱོན་ཏེ། བྱང་ཆུབ་མཆོད་རྟེན་དེ་བཞེངས་གྲུབ་འདུག་པར་རབ་གནས་མཛད། མཆོད་རྟེན་འདི་ནི་ད་ལྟ་ཡང་མདོ་གྲོང་གི་དར་ཆུ་དང་རྩེ་ཆུ་གཉིས་འདུས་མཚམས་སུ་བཞུགས་ཡོད་ཅིང་། ཀུན་གྱིས་དབལ་གསས་སྐྱབས་པའི་མཆོད་རྟེན་ཞེས་འབོད། དེ་ནས་མི་ཉག་གི་ཡུལ་མཁར་གླིང་དུ་ཕེབས་ཏེ་མི་ཉག་པ་མང་པོས་མདའ་རྩེ་སོགས་རྩེད་མོ་སྣ་ཚོགས་ཀྱིས་གྲུབ་ཐོབ་ལྕགས་ཟམ་པ་ཕེབས་བྱུང་ཞེས་དགའ་བསུ་ཚད་མེད་བྱས་སོ། དམ་པ་ཁོང་གིས་ལྷ་གདོང་ཤན་ཁར་ཐོག་མར་ལྕགས་ཟམ་བཞེངས་དུས་ནི་དགུང་ལོ་བདུན་ཅུ་ཡིན་ལ། ཁམས་སྡེ་དགེར་ཕེབས་དུས་ནི་དགུང་ལོ་བརྒྱད་ཅུ་གྱ་དྲུག་ལ་སོན་ཞེས་ཟེར་སྲོལ་ཀྱང་ཡོད། ཁོང་ནི་བོད་བརྒྱུད་ནང་བསྟན་བཀའ་གདམས་པའི་དམ་པ་གྲུབ་ཐོབ་ཆེན་པོ་ཞིག་ཡིན་པ་དང་དགུང་ལོ་བརྒྱ་དང་ཉེར་ལྔ་བར་བཞུགས་པ་སོགས་ཀྱི་ངག་རྒྱུན་མང་པོ་ཡོད་ཅིང་། གང་ལྟར་ཁོང་ནི་མུན་རྒྱལ་རབས་དུས་སུ་བོད་ཀྱི་རྣལ་འབྱོར་བ་དང་། གྲུབ་ཐོབ་པ། ལྕགས་ཟམ་པ། ཇུས་འགོད་པ། འཛུགས་སྐྲུན་པ། ལྷ་མོ་ཟློས་གར་གསར་གཏོད་པ་བཅས་ཡིན་པས། ད་ལྟ་ང་རང་ཚོའི་མཐོང་ལམ་དུ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་རྩེ་མདོའི་ཤར་ཕྱོགས་སུ་ལྕགས་ཟམ་རྫོང་གྲོང་དུ་བཞུར་བའི་རྒྱལ་མོ་རྔུལ་ཆུའི་ལྕགས་ཟམ་ཆེན་པོ་འདི་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་སྐུ་དངོས་སུ་རྫུ་འཕྲུལ་སྟོབས་ཀྱིས་བཞེངས་པ་ཡིན་ཞིང་། མ་ཧཱ་ཙི་ནའི་སྐད་དུ་ཏཱ་ཏའོ་ཧོའི་གཡུལ་འགྱེད་ཅེས་པའི་དམར་དམག་རྒྱང་སྐྱོད་སྐབས་སུ་རྒྱལ་མོ་རྔུལ་ཆུར་བརྒལ་དུས་ཀྱི་གཡུལ་ལས་རྣམ་པར་རྒྱལ་བའི་ལོ་རྒྱུས་དྲན་གསོ་བྱེད་ས་དང་རྒྱལ་ཁབ་རིམ་པའི་རིག་དངོས་བདག་སྐྱོང་བྱ་ཡུལ་དུ་བཀོད་འདུག་པའི་གནས་མཆོག་ཡིན།།

      དེ་བས་ན་བོད་གངས་ཅན་གྱི་ལོ་རྒྱུས་ཆུ་རྒྱུན་རིང་མོའི་ཁྲོད་དུ་དངོས་སུ་བྱུང་མྱོང་བའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་གྲུབ་མཐའ་ཁག་གི་ན་བཟའི་ཁ་མདོག་གི་ཆ་ནས་བཀའ་གདམས་པ་ལ་རྒྱ་ནག་སྐད་དུ་པཱེ་ཀྱཱོ་དང་། དཔལ་ལྡན་ས་སྐྱ་པ་ལ་ཧྭ་ཀྱཱོ། གསང་སྔགས་སྔ་འགྱུར་རྙིང་མ་བ་ལ་ཧཱོན་ཀྱཱོ། རི་བོ་དགེ་ལུགས་པ་ལ་ཧཱོང་ཀྱཱོ། ཡང་ན་བོན་པོ་ལ་ཧེ་ཀྱཱོ་ཟེར་བ་སོགས་ནི་ཧ་ཅང་ནོར་འཆུགས་ཡིན་པ་མ་ཟད། བཀའ་བརྒྱུད་པ་དང་། ཞི་བྱེད་པ། གཅོད་ཡུལ་པ། ཞ་ལུ་བ། ཇོ་ནང་པ་སོགས་ལ་ཁ་དོག་གི་སྒོ་ནས་མིང་འདོགས་ཐབས་བྲལ་པས། གྲུབ་མཐའ་དེ་དག་ཐམས་ཅད་ལ་བོད་སྐད་སོར་བཞག་གི་སྒོ་ནས་མིང་འདོགས་བྱས་ན་སྐྱོན་དང་བྲལ་བ་ཡིན། ཆོས་ལུགས་གཞན་པ་ལའང་མི་རིགས་གཞན་པ་དེ་དང་རྒྱ་ནག་སྐད་ཀྱིས་མིང་འདོགས་སྲོལ་ཡོད། དཔེར་ན་ནང་བ་སངས་རྒྱས་པའི་ཆོས་ལུགས་ལ་རྒྱ་ནག་སྐད་དུ་ཧྥའོ་ཀྱཱོ་དང་། ཁ་ཆེའི་ཆོས་ལུགས་ལ་དབྱི་སི་ལན་ཀྱཱོ་དང་། ཡེ་ཤུའི་ཆོས་ལུགས་ལ་ཅི་ཏུའུ་ཀྱཱོ་དང་། བྲམ་ཟེའི་ཆོས་ལུགས་ལ་པོ་ལོ་མུན་ཀྱཱོ་སོགས་ཞེས་འབོད་པ་དང་འདྲ་བར་མིང་དུ་བཏགས་ན་རྩོད་པའི་གནས་ཅུང་ཟད་ཀྱང་མེད་པ་ཡིན་ནོ།།

      ང་ཚོ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ་བོད་ཆོས་ལྡན་ཞིང་དུ་གྲགས་པའི་ནང་ཆོས་གྲུབ་མཐའ་རིས་མེད་ཁག་ཏུ་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་གསེར་རིའི་ཕྲེང་བ་བཞིན་བྱོན་ནས་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ་དང་། བློ་གཞུངས་ཤིང་། བསམ་པ་དྲང་བ། ངོ་ཚ་ཤེས་པ། ཕྱི་ཐག་རིང་པ། བབ་ཆགས་པ། ལོངས་སྤྱོད་ལ་ཆོག་ཤེས་པ། ཕན་ཚུན་ལ་རོགས་རམ་བྱ་རྒྱུར་དགའ་བ། འགྲོགས་བདེ་གཤིབ་བདེ་ལ་སོགས་པའི་གཤིས་རྒྱུད་ཧ་ཅང་བཟང་པོའི་སྲོལ་རྒྱུན་ལྡན་པ། མི་གཤིས་ཡག་ཅིང་ངང་རྒྱུད་འཇམ་པོའི་བོད་གངས་ཅན་ཞེས་འཛམ་གླིང་ཐོག་ཏུ་སྐད་གྲགས་ཆེ་བའི་མི་རིགས་འདིའི་ལམ་སྣ་དཀར་པོ་ཆོས་ལ་དྲངས་ཏེ། མི་རིགས་འདིའི་ཁྱད་ཆོས་ལྡན་པའི་ཡིད་ཆེས་དང་དད་མོས། རྒྱུ་འབྲས་དང་དྲངས་བདེན། བྱམས་སེམས་དང་སྙིང་རྗེ། ཤེས་རབ་དང་ཡོན་ཏན། བརྩོན་འགྲུས་དང་འབད་འབུངས། རིག་པའི་གནས་དང་ཤེས་བྱའི་རྩལ་ལ་སོགས་ཐུགས་དགོངས་ཟབ་མོའི་མཐུ་དང་ཕྱག་ཟུང་དྲོན་མོས་བཀའ་དྲིན་བསྐྱངས་པར་བརྟེན་ནས་རྒྱལ་སྲས་ཀྱི་ཀུན་སློང་དང་ལྷག་བསམ་རྣམ་པར་དག་པའི་ངང་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཡུན་རིང་འཛིན་སྐྱོང་སྤེལ་གསུམ་མཛད་པའི་ལུགས་བཟང་དྲི་མ་མེད་པའི་རྒྱུ་ལས་མ་འདས་སོ།།

      མདོར་ན་བོད་གངས་ཅན་གྱི་གྲུབ་མཐའ་ལ་ནང་གསེས་ཀྱི་དབྱེ་བ་མང་བོ་ཡོད་པས་ཀྱང་དེ་ཐམས་ཅད་ལ་ན་བཟའ་དང་དབུ་ཞྭའི་ཁ་དོག་གི་སྒོ་ནས་མིང་འདོགས་དགོས་ན་ཧ་ཅང་མི་འོས་ཞིང་། དཔེར་ན་རྒྱ་ནག་གིས་བོད་སོག་རབ་བྱུང་གི་ཆ་བྱད་ཅན་གྱི་གྲྭ་བ་དང་། བཙུན་པ། སེར་མོ། དགེ་བཤེས་སོགས་ལ་ཡོངས་ཁྱབ་དུ་བླ་མ་ཞེས་འབོད་པ་ནོར་འཆུགས་ཡིན་པ་དང་། སྟོན་པའི་ན་བཟའ་སྐུ་ལ་བནབས་པ་ཙམ་ཡོངས་སུ་བླ་མ་ཡིན་པའི་རྟགས་སུ་མ་མཆིས་ཤིང་། ཁྱད་པར་དུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་རྒྱ་ནག་གིས་བླ་མའི་ཆོས་ལུགས་ཡིན་པར་སྣང་ཞིང་བླ་མ་ཀྱཱོ་ཞེས་འབོད་པའང་ནོར་འཆུགས་རེད། བླ་མ་ཞེས་པ་ནི་སློབ་དཔོན་བཀའ་དྲིན་ཅན་དང་དགེ་རྒན་ཐུགས་རྗེ་ཅན་སོགས་རང་ཉིད་དྲིན་གྱིས་བསྐྱངས་པའི་ཕ་མ་ལྟ་བུ་ལའང་བླ་མ་ཞེས་བརྗོད་ཆོག་ཅིང་། སྐྱབས་འགྲོ་ཚིག་བཞིའི་ནང་དུ་གསུངས་པའི་བླ་མ་དཀོན་མཆོག་ནི་བླ་མ་ལས་ཀྱང་ཆེས་བླ་མར་གྱུར་ཞིང་ཤིན་ཏུ་བླ་མར་གྱུར་བ། ངང་རྒྱུད་རིང་བོའམ་དྲང་མོ་ཡིན་པ། གཞན་གྱིས་སུན་པ་བསྐུལ་ཀྱང་ཚིག་པ་མི་ཟ་བའི་སྐྱེས་བུ་དམ་པ་ལ་བླ་མ་དཀོན་མཆོག་ཅེས་སུ་འབོད་པ་དང་། ཁྱད་པར་དུ་ལྷན་སྐྱེས་ཀྱི་ཤེས་རབ་དང་ཡོན་ཏན་བླ་ན་མ་མཆིས་པ། མངོན་མཁྱེན་ཐོགས་པ་མེད་ཅིང་ཉམས་རྟོགས་མཐའ་རུ་ཕྱིན་པ། མཁས་གྲུབ་ཉིས་ལྡན་ཀྱི་ཡོན་ཏན་ཐམས་ཅད་མཐོན་པོར་ཟོན་ཞིང་སྐྱེས་རབས་ཡང་བརྒྱུད་དུ་སྤྲུལ་བའི་སྐུ་རུ་བཞེངས་པའི་གང་ཟག་སྐྱེས་བུ་དམ་པ་དེ་ལ་བླ་མ་ཞེས་པའི་ཞེ་ས་བཀོལ་འོས་པ་མ་ཟད། བླ་མ་མེད་པའི་གོང་རོལ་ན།། སངས་རྒྱས་ཞེས་པའི་མཚན་ཙམ་མེད།། ཅེས་ཟེར་བའང་རང་གི་ཕ་མ་ལྟ་བའི་དགེ་རྒན་དང་སློབ་དཔོན་རྣམ་པས་རང་ཉིད་ལ་དམ་པའི་ཆོས་དང་ཡོན་ཏན་འཕྲིན་ལས་མ་ལུས་པར་དྲིན་གྱིས་བསྐྱངས་པར་མཛད་པའི་རྩ་བའི་བླ་མ་དང་བརྒྱུད་པའི་བླ་མ་སོགས་བླ་ན་མེད་པའི་སློབ་དཔོན་དམ་པ་རྣམས་ལ་བླ་མ་ཞེས་ཡོངས་སུ་གྲགས་ཤིང་། ཁོང་རྣམ་པའི་ལྷན་སྐྱེས་ཀྱི་ཤེས་རབ་དང་ཡོན་ཏན་དེ་དག་ཐམས་ཅད་ཀྱང་སློབ་དཔོན་དང་དགེ་རྒན་དམ་པར་བརྟེན་ནས་བརྩོན་འགྲུས་ལྷོད་མེད་དང་འབད་འབུངས་ཀྱིས་སྦྱངས་ཏེ། ད་གཟོད་ཐོབ་པ་མ་གཏོགས་གློ་བུར་དུ་གནམ་ནས་འབབ་རྒྱུ་དང་ས་ནས་སྐྱེ་རྒྱུ་ཞིག་ཡེ་ནས་མ་ཡིན་ནོ།།

      ཞེས་རོང་ཆེན་དེ་ཝ་ར་ཛཱ་ཤྲཱི་འཇམ་དབྱངས་བློ་བཟང་འཕྲིན་ལས་སམ་རོང་བོ་ལྷ་རྒྱལ་དཔལ་གྱིས་བོད་རབ་བྱུང་བཅུ་བདུན་པའི་ས་མོ་ཕག་སྤྱི་ལོ༢༠༡༩ལོའི་ཧོར་ཟླ༡༢པའི་ཚེས༡༠ཉིན་ལ་འཛམ་གླིང་ས་འཛིན་དབང་མོའི་ཁྱོན་ཡོངས་སུ་གངས་རི་ར་བའི་བསྐོར་བའི་ཞིང་ཁམས་སུ་གངས་ལྗོངས་བླ་མཚོ་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་ཆབ་ཆ་གསེར་གཞོང་རིང་མོའི་གྲོང་རྡལ་གསེར་མཁར་བདེ་ལེགས་དགའ་ཚལ་ཞེས་བྱ་བའི་རང་ཤག་བཀྲ་ཤིས་བདེ་སྟོང་རྣམ་པར་རྒྱལ་བའི་ཕོ་བྲང་ནས༼བོད་བརྒྱུད་ནང་བ་སངས་རྒྱས་ཀྱི་བསྟན་པ་དབུ་བརྙེས་པ་དང་གྲུབ་མཐའ་རིས་མེད་ཁག་གི་མཛད་འཕྲིན་སྐོར་གྱི་ཤེས་བྱའི་ཟིན་བྲིས་ཐོར་བུ༽ཞེས་བྱ་བ་འདི་ཡང་ཁོ་བོར་མཚོན་ན་སློབ་གྲྭར་ཞུགས་མ་མྱོང་ཞིང་ཆོས་གྲྭ་འགྲིམ་མ་མྱོང་པའི་རང་སྦྱོང་ཁོ་ནས་ལམ་དུ་ཡིག་རྨོངས་སེལ་པ་ཙམ་ཞིག་ཡིན་པའི་ཆ་ནས་རང་གིས་སློབ་སྦྱོང་གི་ཟིན་བྲིས་ལྟ་བུ་རགས་ཙམ་བཀོད་ནས་རེ་ཞིག་རྫོགས་པའང་སྐྱེས་མཆོག་དམ་པ་ཤེས་རྒྱ་དང་མཐོང་རྒྱ་ཡངས་བ་ཀུན་གྱིས་གཟིགས་ན་འཁྱ་སྨོད་ཀྱི་གནས་དང་བྲལ་ཏེ། གཙོ་བོར་བོད་མི་རིགས་རང་གི་གཟི་བརྗིད་འོད་སྟོང་འབར་བའི་མི་རིགས་དང་། ཆོས་ལུགས། གྲུབ་མཐའ། རིག་གནས། ལོ་རྒྱུས་བཅས་ཀྱི་ཤེས་བྱའི་ཕྱོགས་སུ་དམིགས་ནས་བོད་གངས་ཅན་པ་ང་དང་ང་ལྟ་བུའི་རིག་གནས་སོགས་ཤེས་བྱའི་ཡོན་ཏན་སྦྱངས་བརྩོན་གྱི་གོ་སྐབས་ཆེན་པོ་མ་ལྡན་པའི་སྐྱེ་དམན་ཤེས་མེད་དང་ཀ་ངོ་ཡིག་ངོ་ཆོད་པ་ཙམ་དག་གིས་ཀྱང་ཉན་ན་རྣ་བའི་བདུད་རྩི་དང་བལྟས་ན་མིག་དབང་གི་རྒྱན་དུ་གྱུར་ནས། དོན་གསལ་ཞིང་། ལྟ་བདེ་བ། ཀློག་སླ་བ། ཚིག་བསྡུས་པ་སོགས་དགེ་མཚན་ལྡན་པའི་ཀུན་སློང་ཟབ་མོས་ལེགས་བཅོས་དང་འཐུས་ཚང་དུ་འགྲོ་བར་དགོངས་འཆར་ལྷུག་པོ་གནང་རྒྱུར་སོར་བཅུའི་མེ་ཏོག་སྤྱི་བོར་བཀོད་ནས་སྒོ་གསུམ་གུས་པས་ཕྱག་མཆོད་ཡང་ཡང་ཕུལ་ཞིང་སྙིང་ཁུངས་རུས་པའི་གཏིང་ནས་ཐུགས་རྗེ་ཤིན་ཏུ་ཆེ་ཞུས་པ་སརྦ་ཛ་ཡནྟུ།། །།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-1-19 05:08 , Processed in 0.039771 second(s), 20 queries .

返回顶部