博客西藏在最高处过一种生活

日志

༄༅།།ནང་བསྟན་ཆོས་ལུགས་རྒྱལ་གཅེས་མི་དྲག་རྗ ...

已有 76 次阅读2019-11-14 19:18 |系统分类:文化


༄༅།།ནང་བསྟན་ཆོས་ལུགས་རྒྱལ་གཅེས་མི་དྲག་རྗེ་བཙུན་ཨ་རོལ་བློ་བཟང་ལུང་རྟོགས་

བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་མདོར་བསྡུས།།

དབང་མོ་སྐྱིད་ཀྱིས་བརྩམས། ལྷ་རྒྱལ་དཔལ་གྱིས་བསྒྱུར།


                                                                        

       དང་པོ། ལོ་རྒྱུས་འཚམས་སྦྱོར་བྱས་པའི་སྐོར།

      མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཡུལ་གྲུ་ཆེན་པོར་མཚན་སྙན་གྲགས་པའི་བ་དན་དཀར་པོ་ཨ་སྔོན་དབྱིངས་སུ་གཡོ་པའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གཙོ་འཛིན་དང་། རྒྱལ་གཅེས་མི་སྣ་གྲགས་ཅན། བྲག་དཀར་སྤྲེལ་རྫོང་དགོན་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་ཕྱག་འདེབས་བྱེད་མཁན། སངས་རྒྱས་བསྟན་པའི་མངའ་བདག་ཆེན་མོ། རྗེ་བཙུན་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ནི། 1888ལོ་སྟེ་ཆིན་རྒྱལ་རབས་ཀྱི་གོང་མ་ཀོང་ཞི་ཁྲི་ལོ་བཅུ་བཞི་བར་རེབ་གོང་ཨ་བར་ཐེ་བུ་དཔོན་ཚང་གི་ཡབ་བེ་ཧུ་དགེ་འདུན་བསོད་ནམས་དང་ཡུམ་སྒྲོལ་མ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་བལྟམས་ཤིང་། ཁྱིམ་ཚང་ཅུང་ཙམ་དབུལ་བོ་ཡིན། དགུང་གྲངས་གསུམ་གྱི་དུས་སུ་རྒྱལ་དབང་བཅུ་གསུམ་པའི་རིགས་ཀྱི་ཅོད་པཎ་ཡོངས་འཛིན་༧རྗེ་ཞྭ་དམར་པཎྡི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་དང་། གྲུབ་པའི་དབང་ཕྱུག་ཆེན་མོ་ ༧རྗེ་འཇིགས་མེད་བསམ་གཏན་རྣམ་པ་གཉིས་ཀྱིས་བཀའ་ལུང་གསེར་གྱི་ཅོད་པཎ་གཅིག་ཏུ་བབས་ནས། ༧རྗེ་ཞྭ་དམར་པཎྡི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་དང་རོང་བོ་༧ཤར་སྐྱབས་མགོན་དྲུག་པ་བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན་སྐུ་དངོས་སུ་༧རེབ་གོང་སྐུ་ཕྱོགས་རྗེ་བཙུན་ཨ་རོལ་ཚང་སྐུ་ཕྲེང་གཉིས་པ་བློ་བཟང་ལུང་རིག་རྒྱ་མཚོའི་ཡང་སྤྲུལ་དུ་འཁྲུལ་བ་མེད་པར་ངོས་འཛིན་གནང་བ་རེད། དགུང་གྲངས་ལྔ་ཡི་དུས་སུ་རོང་བོ་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་དར་རྒྱས་ཚང་ཡོངས་འཛིན་དུ་བསྟེན་ནས་ཡི་གེ་སྦྱོར་ཀློག་དང་། སྐྱབས་འགྲོ། དགའ་ལྡན་ལྷ་བརྒྱ་མ། བླ་མ་མཆོད་པ། སྨོན་ལམ་རྣམ་ལྔ། ས་ལམ་སྐབས་གསུམ། སྟོབས་ཆེན་བཞི། ལྟུང་བཤགས། སྒྲོལ་མ་སོགས་འདོན་ཆོག་ཕལ་བོ་ཆེ་ལ་དགུང་གྲངས་བདུན་བར་དུ་ཚེགས་མེད་དུ་བསླབས་ནས་ཐུགས་སུ་ཚུད་པར་མཛད།།

      དགུང་གྲངས་བདུན་གྱི་སྟེང་ནས་རོང་བོ་ཤར་ཐམས་ཅད་མཁྱེན་པ་སྐུ་ཕྲེང་དྲུག་པ་༧རྗེ་བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་དྲུང་དུ་མཉམ་མེད་ཤཱཀྱའི་རྒྱལ་བའི་རབ་བྱུང་གི་ཆོས་གོས་ངུར་སྨྲིག་བཞེས་ཤིང་། དགེ་ཚུལ་གྱི་བསླབ་བྱ་རྩ་བ་བཞི་དང་གླེང་འདུས་སོ་དྲུག་སོགས་ཀྱི་སྡོམ་པ་བཞེས་ཏེ། ངུར་སྨྲིག་འཆང་བའི་བསྟན་པའི་རྒྱལ་མཚན་དུ་མངའ་གསོལ་བའི་མཚན་ལ་༧ཨ་རོལ་སྤྲུལ་བའི་སྐུ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་ཕུལ་བ་དང་། ཁ་རྒྱུན་དུ་སྐུ་མཚན་ལ་ཨ་རོལ་ཚང་ཞེས་གསོལ་བ་མ་ཟད། ལོ་དེར་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་དུ་མི་འཇིགས་སེངྒེ་གདོང་ལྔ་འབར་བའི་གསེར་ཁྲི་མཐོན་པོར་མངའ་གསོལ་བའི་མཛད་སྒོ་རྒྱ་ཆེན་པོ་སྤེལ་བར་མཛད།།

      དགུང་གྲངས་བརྒྱད་ནས་ཉེར་བཞིའི་བར་ལ་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་དུ་གཞུང་ཆེན་མོ་པོད་ལྔའི་སྤྱི་དོན་དང་། མཐའ་དཔྱོད་ཀྱི་སྟེང་དུ་དཔེ་ཁྲིད་ཞིབ་རྒྱས་མཛད་ཅིང་། རྩོད་པ། དོགས་གཅོད། ཐུགས་འཛིན། སྐྱར་སྦྱངས་སོགས་ལ་ཤིན་ཏུ་དམར་བ་མཛད་ནས་སྦྱངས་བ་གནང་བའི་ཞོར་དུ་རིག་པའི་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སོགས་ཀྱི་ཤེས་བྱ་སྟེ་བཟོ་རིག་པ་དང་། གསོ་བ་རིག་པ། སྒྲ་སྙན་ངག རྩིས་ས་རིས་སྡེབ་སྦྱོར་སོགས་ཐུན་མོང་མ་ཡིན་པའི་རིག་གནས་མཐའ་དག་གི་སྐོར། ལམ་རིམ་ཆེན་མོའི་སྐོར་དང་། གསང་སྔགས་རྒྱུད་སྡེ་བཞི་ཡི་སྐོར། དུས་འཁོར་དབང་ཆེན་གྱི་སྐོར། དཔེར་ན་དཀྱིལ་འཁོར་གྱི་གྲུབ་སྟངས་དང་། གསང་སྔགས་ཀྱི་ཕྱག་རྒྱ། མདོར་ན་ཐིག་དང་ཕྱག་རྒྱ། གར་དང་རོལ་མོ། འབུད་དཀྲོལ་བརྡུང་གསུམ་ཚུན་ཆད་ཀྱི་ཕྱག་ལེན་དང་ཞིབ་ཆ་རྣམས་སོ་སོར་མ་འདྲེས་པར་བཤེས་གཉེན་མཁས་པའི་མདུན་སར་ཞིབ་ཁྲིད་མཛད་ནས་གདར་ཤ་ཆོད་པའི་སྦྱངས་པ་མཐར་ཕྱིན་པ་སོགས་མདོ་སྔགས་རིག་གནས་ཐམས་ཅད་དང་བཅས་པའི་གཞུང་ལུགས། ཤེས་བྱ་མཐའ་དག་ཐོས་ཙམ་དང་སྦྱང་ཙམ་མ་ཡིན་པར་ལུང་དང་རིག་པའི་ཐོས་བསམ་གྱི་མཁས་དགུའི་གཙུག་རྒྱན་དམ་པ་རུ་གྱུར་ཏོ། འདི་ལྟར་ལོ་ངོ་བཅུ་དྲུག་ལྷག་གི་རིང་ལ་ཕྲ་ཞིང་ཞིབ་པའི་གོ་རིམ་ལྟར་ཆོས་གྲྭ་ལས་སློབ་སྦྱོང་ནན་མོ་མཛད་པའི་འཚོ་བ་དངོས་ལས། རེབ་གོང་སྐུ་ཕྱོགས་ཆེནམོ་༧རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་གིས་བོད་བརྒྱུད་ནང་བསྟན་གཞུང་སྔགས་ཟུང་གི་ཆོས་ལུགས་ལ་མཁྱེན་དཔྱོད་ཡང་བ་སྲིད་པའི་རྩེ་རུ་བསྙེགས་ཤིང་། སྐབས་དེ་ཙམ་ནས་བཟུང་སྟེ་མདོ་སྨད་ནང་བསྟན་ཆོས་ལུགས་ཁག་ཏུ་མཚན་སྙན་གྲགས་པའི་བ་དན་དཀར་པོ་ཨ་སྔོན་དབྱིངས་སུ་གཡོ་བཞིན་བཞུགས་སོ།།

      བོད་རབ་བྱུང་བཅོ་ལྔ་བའི་ས་ཕོ་སྤྲེལ་སྤྱི་ལོ་1908ལོར་དགུང་གྲངས་ཉེར་གཅིག་གི་དུས་སུ་༧ཤར་སྐྱབས་མགོན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་དྲུག་པ་༧རྗེ་བཙུན་བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན་ཞལ་སྔ་ནས་བསླབ་གཞི་ཡོངས་སུ་རྫོགས་པའི་དགེ་སློང་གི་སྡོམ་པ་ལེགས་པོར་མནོས་པ་དང་། འདུལ་བ་འཛིན་པ་རྣམས་ཀྱི་གཙུག་ནོར་ལྟ་བུར་གྱུར་ཏོ། དུས་མཚུངས་སུ་ཨ་མདོ་ས་ཁུལ་དུ་མཁས་པའི་དབང་པོ་༧རྗེ་ཞྭ་དམར་པཎྡི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་དང་། ༧ཤར་སྐྱབས་མགོན་སྐུ་ཕྲེང་དྲུག་པ། ༧གྲུབ་པའི་དབང་ཕྱུག་ཆེན་མོ་འཇིགས་མེད་བསམ་གཏན་ཚང་། ༧ཀིརྟི་རིན་པོ་ཆེ་བློ་བཟང་འཕྲིན་ལས་རྒྱ་མཚོ། རོང་བོ་དགོན་པའི་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ། ༧ཁོང་རྡོ་རྗེ་འཆང་ཨ་ལགས་ལ་ཁོ་རིན་པོ་ཆེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ། ༧ཆེ་ཤེས་བྱང་ཆུབ་བསྟན་པའི་སྒྲོན་མེ་སོགས་སྐྱེས་ཆེན་དམ་པ་བཅུ་ཕྲག་གི་ཞབས་པད་ཉེ་བར་བསྟེན་ནས་བསྟན་པའི་འགྲོ་དོན་རྒྱ་ཆེན་པོ་མཛད་ཅིང་། རྒྱལ་བའི་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་གི་ལྗགས་ལུང་ཡོངས་ཀྱི་རྒྱུན་གང་བཞུགས་དང་། གསང་སྔགས་རྒྱུད་བཞི་སོགས་གཞུང་གང་བཞུགས། རྗེ་ཡབ་སྲས་སོགས་ཀྱི་ནང་རིག་གཞུང་ལུགས་མཐའ་འཁྱོལ་བའི་ཐོས་བསམ་སྒོམ་གསུམ་དང་མན་ངག་རྒྱ་མཚོའི་གཏེར་ལ་མངའ་བསྒྱུར་པའི་ཆོས་རྒྱལ་ཆེན་པོར་གྱུར་ཏོ།།

      རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་གིས་དགུང་གྲངས་ཉེར་བཞི་བཞེས་པའི་སྔོན་ལ་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་དུ་སློབ་གཉེར་རྒྱ་ཆེན་མཛད་ཅིང་། མིང་དུ་གྲགས་པའི་དགེ་བའི་བཤེས་གཉེན་དང་གྲུབ་པའི་དབང་ཕྱུག་ཆེན་མོ་རྣམ་པས་ཤེས་བྱ་ཀུན་གྱི་ཕྱག་སྟོན་གནང་འོག་ཏུ་ནང་བསྟན་རིག་པའི་གཞུང་ལུགས་ལ་རྨང་གཞི་ཧ་ཅང་བསྟན་པོ་ཚུགས་སོ། རྒྱུས་ལོན་པ་ལྟར་ན་ཁོང་རིན་པོ་ཆེ་སྐུ་ན་ཕྲ་བའི་དུས་སུ་བྱིས་པ་གཞན་ལས་ཁྱད་པར་དུ་འཕགས་པའི་བློ་རིག་རྣོ་ཞིང་བྱམས་དང་སྙིང་རྗེ་ལྡན་པའི་ཐུགས་དགོངས། ཐོས་བསམ་སྒོམ་གསུམ་གྱི་མཛད་འཕྲིན་བསམ་ཡུལ་ལས་འདས་པ་སོགས་ཡོངས་འཛིན་རྣམ་པ་དང་གྲུབ་པའི་དབང་ཕྱུག་ཆེན་མོ་རྣམ་པས་ཧ་ཅང་ཚད་མཐོན་པོས་གདེང་འཇོག་དང་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་བཞིན་བཞུགས་སོ།།

       བོད་རབ་བྱུང་བཅོ་ལྔ་བའི་ཆུ་ཕོ་བྱི་བ་སྤྱི་ལོ1912ལོར་དགུང་གྲངས་ཉེར་ལྔའི་སྟེང་ནས། རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་གི་གསེར་ཁྲིར་མངའ་གསོལ་ནས།

ལོ་གསུམ་རིང་ལ་དགོན་པ་ཡོངས་ཀྱི་དགེ་འདུན་འདས་པ་རྒྱ་མཚོ་སྟོང་ཕྲག་ལ་བསྙེན་བཀུར་ཕུན་སུམ་ཚོགས་པ་མཛད་ཅིང་། ཆོས་འདུལ་བའི་བཅའ་ཁྲིམས་དང་། དགེ་འདུན་གྱི་ནང་ཁྲིམས། གྲྭ་ཚང་ཁག་གི་ཐུན་མོང་བའི་བཅའ་ཁྲིམས་ལ་གཏིང་མནན་ཆེས་ཆེར་མཛད་པ་སོགས་ཆོས་སྡེ་ཆེན་པོ་འདིའི་ཆོས་སྲིད་ཟུང་གི་འཕྲིན་ལས་ཐམས་ཅད་ཡར་རྒྱས་གོང་འཕེལ་དུ་བསྐྱངས་པར་མཛད། 1915ལོར་རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་དགུང་གྲངས་ཉེར་བརྒྱད་སྟེང་ནས་གསེར་ལྗོངས་ཡུལ་གྱི་འགྲོ་བའི་མགོན་པོ་༧ཤར་སྐྱབས་མགོན་དྲུག་པ་ཆེན་པོའི་དགོངས་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་མཛད་པས། རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་གིས་རོང་བོ་དགོན་ཆེན་དུ་༧ཤར་སྐྱབས་མགོན་ཐམས་ཅད་མཁྱེན་པའི་རྒྱལ་ཚབ་ཏུ་བཞུགས་ཏེ། ༧ཤར་སྐྱབས་མགོན་བདུན་པ་ཆེན་པོ་རྗེ་བཙུན་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོ་མཆོག་གདན་སར་བྱོན་པའི་བར་དུ་རོང་བོ་དགོན་ཆེན་གྱི་ཆོས་སྲིད་ཟུང་གི་འཕྲིན་ལས་ཡོངས་སུ་བསྐྱངས་སོ། རེབ་གོང་སྐུ་ཕྱོགས་ཨ་རོལ་རྡོ་རྗེ་འཆང་གིས་ཆོས་ཁྲིམས་ནན་ཞིང་ཆོས་གཞུང་ཟབ་པས། དགུང་གྲངས་ཉེར་བརྒྱད་བཞེས་པ་ནས་བཟུང་སྟེ། མདོ་སྨད་ཨ་མདོའི་ཕྱོགས་སུ་དབང་ལུང་བཀའ་ཆོས་སྤེལ་བར་མཛད་པ་ལས་ཀན་སུའུ་བླ་བྲང་བཀྲ་ཤིས་འཁྱིལ་དང་། ཀན་ལྷོ་གཙོས་དགོན་དགའ་ལྡན་ཆོས་གླིང་། གསེར་ལྗོངས་རེབ་གོང་སོགས་སུ་ཆོས་སྡེ་ཆེ་མ་ཆུང་གསུམ་བརྒྱ་ཕྲག་ལ་བཀའ་ཆོས་བསྩལ་ཞིང་། ནང་བསྟན་རིག་པའི་གཞུང་ལུགས་སྤེལ་རེས་དང་། སངས་རྒྱས་བསྟན་པ་རྒྱས་པའི་འཕྲིན་ལས་བསྩལ། རྒྱལ་ཁམས་བདེ་ཞིང་སྐྱིད་པའི་ཐུགས་དགོངས་ལས་བོད་བརྒྱུད་ནང་བསྟན་གྱི་རྒྱ་ཆེའི་དགེ་འདུན་རྣམས་ལ་དགེ་སློབ་ཀྱི་འབྲེལ་བ་གཏིང་ཟབ་མོ་ཚུགས་ནས། རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་གི་སློབ་མ་རྣམས་ཀྱང་ཧ་ལམ་མདོ་སྨད་ཡུལ་གྲུ་ཆེན་པོར་ཁྱབ་པར་འདུག དུས་མཚུངས་སུ་ཁོང་རྡོ་རྗེ་འཆང་གིས་ཡུལ་ཕྱོགས་ཀུན་ལས་འདུས་པའི་འབུལ་བ་འབོར་ཆེན་མཐའ་དག་བཀོལ་ནས་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་གི་དུས་འཁོར་ལྷ་ཁང་དང་། ནགས་གཞིས་སྒྲུབ་གནས་བཀྲ་ཤིས་ཆོས་རྫོང་གི་མཆོད་རྟེན་བཞེངས་ཤིང་། རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་དང་། ཐོ་ཀྱཱ་དགོན་བཀྲ་ཤིས་ཆོས་འཕེལ་གླིང་། ལྕང་ལུང་སྒར་གསར་དགའ་ལྡན་ཆོས་འཕེལ་གླིང་། མགར་རྩེ་གྱ་སེར་བཤད་གྲྭ་ཐུབ་བསྟན་ཆོས་འཁོར་གླིང་། སྤང་དཀར་ཐང་དགོན་ཕུན་ཚོགས་དར་རྒྱས་གླིང་། ནགས་གཞིས་སྒྲུབ་གནས་བཀྲ་ཤིས་ཆོས་རྫོང་སོགས་ནས་ཁོང་ཨ་རོལ་རྡོ་རྗེ་འཆང་གི་ནང་ཆེན་དང་སྒར་ཁ་ཆེ་ཁག་བཞེངས་པ་རེད། རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་གིས་སྐུ་ཚེ་ཧྲིལ་བོར་མཛད་པའི་གསུང་འབུམ་པོཏི་གསུམ་བཞུགས་ཤིང་། དེའི་ནང་དུ་པོཏི་གཉིས་ནི་བསྟོད་བསྔགས་དང་། བསླབ་བྱ། བསང་མཆོད། གསོལ་འདེབས། སྨོན་ལམ་སོགས་ཡིན་ཞིང་། པོཏི་གཅིག་ནི་བྱང་ཆུབ་ལམ་རིམ་ཆེན་མོའི་སྐོར་སོགས་བཞུགས་ཡོད་པས། ཆོས་ལུགས་རིག་པའི་གཞུང་ལུགས་དང་ཀྲུང་ཧྭ་རིག་གནས་བང་མཛོད་ཆེན་པོར་བླ་ན་མ་མཆིས་པའི་ཕྱག་རྗེས་མཛད་པ་རེད། དུས་མཚུངས་སུ་མཚོ་སྔོན་པོ་གཡས་རུ་གཡོན་རུ་སོགས་རིགས་སོ་སོའི་དད་ལྡན་མང་ཚོགས་ཁྲི་འབུམ་ལ་འབྲེལ་འདྲེས་དམ་པོ་མཛད་ནས། ཆོས་ལྡན་སེར་སྐྱ་ཕོ་མོ་ཐམས་ཅད་ལ་དགེ་བའི་ལེགས་ཚོགས་དང་ཞི་བདེའི་སོན་བཟང་སྐྲུན་པར་འདུག རེབ་གོང་སྐུ་ཕྱོགས་ཨ་རོལ་རྡོ་རྗེ་འཆང་གིས་ཡུལ་ཕྱོགས་ཀུན་ཏུ་བཀའ་ཆོས་གསུངས་ཤིང་ཕྲིན་ལས་རྒྱ་ཆེན་པོ་མཛད་ནས་དགུང་གྲངས་སོ་ལྔའི་སྐབས་སུ་གདུལ་བྱའི་འགྲོ་དོན་སྲིད་རྩེར་བསྙེགས་པས་མཚན་སྙན་ཕྱོགས་བཅུར་ཁྱབ་ཅིང་། ཨ་མདོའི་ཡུལ་ཕྱོགས་སུ་འདི་རུ་ཁྱད་པར་དུ་འཕགས་པའི་སྐྱེས་ཆེན་དམ་པ་དང་སངས་རྒྱས་བསྟན་པའི་སྲོག་ཤིང་ལྟ་བུར་གྱུར། རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་གིས་སངས་རྒྱས་བསྟན་པ་རིན་པོ་འཛིན་སྐྱོང་སྤེལ་གསུམ་མཛད་པའི་དུས་མཚུངས་སུ་རྒྱལ་ཡོངས་བཅིངས་འགྲོལ་བྱས་པའི་སྔོན་གཞུག་ཏུ་སངས་རྒྱས་ཆོས་ལུགས་ཀྱི་སྙན་གྲགས་དང་ཤུགས་རྐྱེན་ལ་བསྟེན་ནས། མཚོ་སྔོན་མཚོ་ལྷོ་ཡུལ་གྲུ་དང་ཡང་ན་མཚོ་སྔོན་བོད་ཁུལ་ཡོངས་སུ་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བདེ་འཇགས་ལ་སྲུང་སྐྱོང་བྱ་བར་ཧུར་ཐག་གིས་ཕྱག་རྗེས་ཆེན་པོ་མཛད་ཡོད་པས། 1950ལོའི་ཟླ10བར་ཁོང་རྡོ་རྗེ་འཆང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་འདམས་ཐོན་བྱུང་བ་དང་། 1954ལོར་སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་འདམས་ཐོན་བྱུང་ཞིང་།1957ལོར་ཡང་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལིས་ཧྲིར་འདམས་ཐོན་བྱུང་བ་རེད། རེབ་གོང་སྐུ་ཕྱོགས་ཨ་རོལ་རྡོ་རྗེ་འཆང་གིས་སྐུ་ཚེ་གང་པོར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་གོང་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་གོང་བཀུར། མེས་རྒྱལ་གཅིག་གྱུར་ལ་གོང་བཀུར་བྱས་པ་བཅས་རེད། ཡིན་ནའང1958ལོར་ཁོང་རྡོ་རྗེ་འཆང་ལ་ངོ་ལོག་ཟིང་འཁྲུག་གི་དོགས་གཞིར་རྐྱེན་བྱས་ནས། ལོ་དེའི་ཟླ་བ12པའི་ཚེས12ཉིན་ལ་ཟི་ལིང་ནཱན་ཐཱན་བཙོན་ཁང་དུ་དགོངས་པ་ཆོས་དབྱིངས་སུ་བྱོན་པའི་ཚུལ་བསྟན་ཞིང་དགུང་གྲངས་བདུན་ཅུར་སྐུ་བཞུགས་སོ།།

      གཉིས་པ། དཀར་འདོན་བྱས་ཏེ་མཚན་སྙན་སླར་གསོ་བྱས་པའི་སྐོར། 

     1981ལོར། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་རེབ་གོང་སྐུ་ཕྱོགས་རྗེ་བཙུན་ཨ་རོལ་རྡོ་རྗེ་འཆང་ལ་ནོར་རྫུན་འཆུགས་གསུམ་གྱི་གྱོད་གཞིར་ཡང་བསྐྱར་ཞིབ་བཤེར་བྱས་ཏེ། དཀར་འདོན་མཐའ་འཁྱོལ་བ་དང་། མཚན་སྙན་སླར་གསོ་བྱེད་པའི་ཆོད་དོན་གནང་ནས་ཏང་གི་སྲིད་ཇུས་དངོས་འབབ་བྱས། ལོ་དེའི་ཟླ་བ9པའི་ཚེས25ཉིན་ལ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཟི་ལིང་མགྲོན་ཁང་དུརྗེ་བཙུན་ཨ་རོལ་ཚང་ལ་མྱ་ངན་ཞུ་བའི་ཚོགས་ཆེནགཟབ་རྒྱས་ངང་ནས་བསྡུས་ཏེ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི་འགོ་ཁྲིད་བློ་མཐུན་ལེང་པུའུ་ཐེན། ཀྲང་གོ་ཧྲིན། བཀྲ་ཤིས་དབང་ཕྱུག་སོགས་དང་། ཡང་ན་ཕྱོགས་རིགས་སོ་སོའི་མང་ཚོགས་ཀྱི་སྐུ་ཚབ་བསྡོམས་པས་མི་གྲངས300ལྷག་ཙམ་མྱ་ངན་ཞུ་བའི་ཚོགས་ཆེན་ལ་ཞུགས་པ་མ་ཟད་མེ་ཏོག་གི་ཕྲེང་བ་ཕུལ། ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་བཀྲ་ཤིས་དབང་ཕྱུག་གིས་མྱ་ངན་ཞུ་བའི་ཚོགས་ཆེན་ལ་འགོ་འཛིན་མཛད་ཅིང་། ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཀའོ་ཐེན་ཕན་གྱིས་མྱ་ངན་ཞུ་ཚིག་ཕུལ་བ་མ་ཟད། ཁོང་རྡོ་རྗེ་འཆང་གི་མཆོག་ཏུ་གྱུར་བའི་ཡ་རབས་སྤྱོད་བཟང་ལ་གདེང་འཇོག་གང་ལེགས་བྱས་པ་རེད། མྱ་ངན་ཞུ་ཚིག་ལསསྐུ་ཕྱོགས་ཨ་རོལ་རྡོ་རྗེ་འཆང་ནི་རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་ཆེ་བ་དང་། ཏང་གི་ཆོས་ལུགས་དད་མོས་རང་དབང་ལ་གོང་བཀུར་བྱས་ཏེ། བཅིངས་བཀྲོལ་བྱས་མ་ཐག་ཏུ་ཁོང་གིས་ཧུར་ཐག་གིས་ཏང་གི་སྲིད་ཇུས་དྲིལ་བསྒྲགས་བྱས་ནས། མི་རིགས་ཆོས་ལུགས་གོང་གྲོས་མི་དྲག་རྣམས་ལ་མཐུན་སྒྲིལ་བརྩོན་ལེན་དང་ཧུར་ཐག་གིས་ཟིང་ཇག་ལྷག་འཕྲོའི་སྟོབས་ཤུགས་གཙང་སེལ་བྱེད་པའི་འཐབ་རྩོད་ནང་དུ་ཞུགས་ཤིང་། མཚོ་སྔོན་གྱི་སྤྱི་ཚོགས་སྒྲིག་ལམ་ལྷིང་འཇགས་སུ་གཏོང་བ་དང་། མི་དམངས་ཀྱི་སྲིད་དབང་གསར་བ་འཛུགས་སྐྲུན་བྱེད་པ། མང་ཚོགས་ལ་སྐུལ་སློང་བྱས་ཏེ་ཐོན་སྐྱེད་སླར་གསོ་དང་གོང་སྤེལ་དུ་གཏོང་བ་སོགས་ལ་ཕན་འབྲས་ལྡན་པའི་ཕྱག་ལས་གང་ལེགས་མཛད་ཡོད་པས། ཏང་དང་སྲིད་གཞུང་གིས་བསྟོད་བསྔགས་ཐོབ་ཡོདཅེས་བསྟན། མྱ་ངན་ཞུ་བའི་ཚོགས་ཆེན་སྐབས་སུ་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས། ཞིང་ཆེན་མི་དམངས་སྲིད་གཞུང་། ཞིང་ཆེན་དམག་ཁུལ། ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་སྒྲིལ་པུའུ། ཞིང་ཆེན་དམངས་གཙོའི་ལྷན་ཚོགས། ཅིག་སཱན་སློབ་ཚོགས། ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ཚོགས། ཞིང་ཆེན་བུད་མེད་ལྷན་ཚོགས། ཞིང་ཆེན་ན་གཞོན་ལྷན་ཚོགས། ཞིང་ཆེན་ནང་བསྟན་མཐུན་ཚོགས། ཞིང་ཆེན་དཔྱི་སི་ལན་མཐུན་ཚོགས། ཟི་ལིང་གྲོང་ཁྱེར་འཐབ་ཕྱོགས་གཅིག་སྒྲིལ་པུའུ། ཟི་ལིང་གྲོང་ཁྱེར་སྲིད་གྲོས། རྨ་ལྷོ་ཁུལ་སྲིད་གྲོས། བྲག་དཀར་རྫོང་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྨ་ལྷོ་ཁུལ་རེབ་གོང་རོང་བོ་དགོན་ཆེན་གྱི་དགེ་འདུན་པ་ཡོངས་རྫོགས་སོགས་ཀྲུང་དབྱང་དང་ས་གནས་ཁག་གི་ཏང་སྲིད་ལས་ཁུངས། མི་དམངས་ཚོགས་པ་ཁག ཨ་མདོ་ས་ཁུལ་གྱི་དགོན་པ་དང་དགེ་འདུན་པ། རོང་འའབྲོག་པ་མང་ཚོགས་ཡང་ན་ལས་རིགས་སོ་སོའི་མི་དྲག་དང་བླ་སྤྲུལ། རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་སྐུ་བཞུགས་དུས་ཀྱི་མཛའ་མཐུན་གྲོགས་པོ་སོགས་ཀྱིས་མེ་ཏོག་ཕྲེང་ཕུལ་ནས་མྱ་ངན་ཞུས་པ་དང་། ད་རུང་ཀྲུང་གུང་མཚོ་ལྷོ་ཁུལ་ཏང་ཨུས་དང་། མགོ་ལོག་ཁུལ་ཨུའི་འཐབ་ཕྱོགས་གཅིག་སྒྲིལ་པུའུ། མཚོ་ལྷོ་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། དཔའ་ལུང་རྫོང་སྲིད་གྲོས། ཧོར་རྫོང་སྲིད་གྲོས་དང་འཐབ་ཕྱོགས་གཅིག་སྒྲིལ་པུའུ། ཞིང་ཆེན་དམངས་སྲིད་ཐེན། ཞིང་ཆེན་བཟོ་ཚོང་ལྷན་ཚོགས། སྐུ་འབུམ་བྱམས་པ་གླིང་། བྲག་དཀར་སྤྲེལ་རྫོང་དགོན་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་། ཐུན་རིན་མགར་རྩེ་དགོན་བཤད་སྒྲུབ་ཐུབ་བསྟན་ཆོས་འཁོར་གླིང་། ཁ་སོ་མཚམས་ཁང་སེངྒེ་རྩེ་ལྷ་རི་རི་ཁྲོད་དགའ་ལྡན་ཆོས་འཕེལ་གླིང་། གཉན་ཐོག་དགོན་བཀྲ་ཤིས་དར་རྒྱས་གླིང་། སྒོ་དམར་དགོན་དགའ་ལྡན་ཕུན་ཚོགས་གླིང་། སེངྒེ་གཤོང་ཡ་མགོ་དགོན་དཔལ་ལྡན་ཆོས་འབྱོར་གླིང་། སེངྒེ་གཤོང་མ་མགོ་དགོན་དགེ་ལྡན་ཕུན་ཚོགས་ཆོས་གླིང་དང་ཡུལ་ཕྱོགས་དེ་ཀའི་དད་ལྡན་མང་ཚོགས། ལྕང་ལུང་སྡེ་བའི་དད་ལྡན་མང་ཚོགས་སོགས་ཀྱིས་མྱ་ངན་ཞུ་བའི་གློག་འཕྲིན་དང་། མྱ་ངན་ཞུ་ཚིག མྱ་ངན་ཞུ་བའི་ཆ་ཡིག མྱ་ངན་ཞུ་བའི་གོས་དར་དང་བཀྲ་ཤིས་ལྷ་དར་དཀར་པོ་ཕུལ་བ་སོགས་ཏང་དང་མི་དམངས་སྲིད་གཞུང་། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་རེབ་གོང་སྐུ་ཕྱོགས་རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་ལ་བཅིངས་པའི་མྱ་ངན་རྗེས་དྲན་དང་ལྷག་བསམ་རྣམ་པར་དག་པའི་དད་གུས་བླ་ན་མེད་པ་མཚོན་ནོ།།

      གསུམ་པ། ནང་བསྟན་གནས་མཆོག་གྲགས་ཅན་བྲག་དཀར་སྤེལ་རྫོང་དགོན་པ་ཕྱག་འདེབས་མཛད་པའི་སྐོར།

     བྲག་དཀར་སྤྲེལ་རྫོང་དགོན་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་རྩི་གོར་ཐང་གྲོང་རྡལ་ལྷོ་ཕྱོགས་སུ་ལེ་བར་ཆིག་བརྒྱ་ལྷག་གི་སའི་ཆ་རུ་བྲག་དཀར་སྤེལ་རྫོང་རི་འདབས་སུ་ལྷིང་ངེར་བཞེངས་ཡོད། དུས་སྔ་མོ་ཞིག་ལ་བྲག་རི་ཡོངས་སུ་སྤྲེའུ་རིགས་ཀྱིས་ཁྱབ་འདུག་པས་བྲག་དཀར་སྤྲེལ་རྫོང་ཞེས་འབོད་ཅིང་། གནས་བདག་ནི་ལུས་པོ་མི་ཡི་ལུས་ཅན་དང་། མགོ་བོ་སྤྲེལ་གྱི་མགོ་བོ་ཅན་ཞིག་ཡིན་པས། ཡོངས་ཁྱབ་ཏུ་གཉན་སྤྲེལ་ཟླ་བ་དཀར་པོ་ཞེས་ཟེར་ཞིང་། ད་ལྟའི་བར་ལ་དགོན་པའི་གནས་བདག་ཏུ་བཀུར་བཞིན་ཡོད་ཅིང་དཔལ་མཁར་ཞིག་ཀྱང་ལྷིང་ངེར་བཞེངས་ཡོད། གནས་རི་འདི་ནི་མདོ་སྨད་རྫོང་ཆེན་བཞིའི་ཡ་གྱལ་ཡིན།།

     བཅུད་ལྡན་འོ་མའི་མདོག་ལྟར་དཀར་པོའི་བྲག་རི་དཀར་པོ་འདི་ནི་མེ་ཏོག་པདྨ་དཀར་པོ་ཞིག་མངོན་པར་བཞད་པ་ཞིག་དང་མཚུངས་ཤིང་། བརྗིད་ཉམས་དང་ལྡན་པར་དོག་མོ་ས་ནས་ལྷིང་ངེར་འགྱིངས་ནས་ཨ་སྔོན་དབྱིངས་སུ་བསྙེགས་པ་དང་། རྒྱང་བལྟས་བྱས་ན་རི་བོ་མཛེས་ཤིང་སྡུག་ལ་གླང་ཆེན་དཀར་པོ་ཞིག་གིས་ཆུ་འཐུང་བའི་ཚུལ་མཚོན་པ་ལས་གླང་ཆེན་སྣ་ཞགས་ཐད་ཀར་ཆེན་མོ་ཆུ་ཡི་ནང་ལ་བཙུགས་ནས་ཆུ་འཐུང་པ་འདྲ། རི་ངོས་ཀུན་ཏུ་གྱོག་ཤུར་དང་བྲག་ཁུང་གིས་ཁྱབ་ཅིང་། གཡུ་ལོ་བཀོད་པའི་ཐང་ཤིང་དང་རྩྭི་ཏོག་གིས་ཡོངས་སུ་ཁེབས་འདུག་པ་དང་། བྲག་རིའི་ངོས་སུ་ངོ་མཚར་ལྟ་ན་སྡུག་པའི་གནའ་ཤུལ་གྲགས་ཅན་ལས་གྲུབ་པའི་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྒྲུབ་ཕུག་དང་། རྗེ་ཙོང་ཁ་བ་ཆེན་པོའི་བཞུགས་ཁྲི། ཡོངས་སུ་གྲགས་པའི་བཀྲ་ཤིས་ལ་སོགས་མངོན་པར་ཡོད་ཅིང་། ད་རུང་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཞབས་རྗེས་དང་། གླིང་རྗེ་གེ་སར་རྒྱལ་པོའི་རྟ་རྗེས། འདོད་འཇོ་བ་ཡི་རྨུག་རྗེས། དཔལ་ལྡན་ལྷ་མོའི་དྲེལ་རྗེས། ཡང་ན་རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་གསོལ་ཐབ་ཏུ་གྲགས་པ་སོགས་གནས་མཆོག་འདིའི་གར་ས་གང་དུ་འདྲེན་བྱེད་དབང་པོའི་ལམ་དུ་ལྟད་མོ་སྣ་ཚོགས་མཐོང་ཐུབ་ངེས་སོ།།

      ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོར་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཆོས་ལུགས་མི་སྣ་གྲགས་ཅན་གང་མང་དང་དད་ལྡན་སེར་སྐྱ་ཕོ་མོ་གྲངས་ལས་འདས་པས་གནས་མཆོག་འདི་རུ་གནས་སྐོར་དང་ཕྱག་མཆོད་བྱས་མྱོང་པ་མ་ཟད། དུས་རྒྱུན་དུ་སྐུ་མཚམས་ལ་བཞུགས་ཏེ། གདན་ཐོག་གཅིག་ཏུ་སྒྲུབ་སྦྱོང་མཛད་ནས་མངོན་པར་སངས་རྒྱས་པའི་རྣམ་ཐར་གང་མང་འདུག་ཅིང་། ད་ལྟའི་བར་ལ་ཤུལ་བཞག་སྒྲུབ་ཕུག་དང་མཚམས་ཁང་སྣ་ཚོགས་མཐོང་ཐུབ་པ་སོགས་རེ་རེར་བཞིན་བརྗོད་ཀྱིས་མི་ལང་ངོ་།།

      1919ལོར། རེབ་གོང་སྐུ་ཕྱོགས་ཆེན་མོ་རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་དགུང་གྲངས་སུམ་ཅུ་སོ་གཅིག་སྐབས་སུ་གནས་མཆོག་བྲག་དཀར་སྤྲེལ་རྫོང་ལ་གནས་མཇལ་གནང་པར་ཕེབས་ཏེ། ལམ་བར་ནས་སེང་ལྡེང་སྡེ་བར་བྱོན་དུས་ཨ་ཚོགས་ཆེན་ཧུ་བྱང་སེམས་དང་རྐང་ཚའི་ཡག་མོ་དཔོན་རྣམ་པ་གཉིས་ཀྱིས་རང་གིས་ཕྱག་འདེབས་བྱས་ནས་ལོ་ངོ་བདུན་ཙམ་འགོར་བའི་སེང་ལྡེང་སྔགས་ཁང་གི་འདུ་ཁང་དང་། ལྷ་ཁང་། གྲྭ་ཤག་དང་བཅས་པ་བསྡོམས་པས་ཁང་མིག་སུམ་ཅུ། ཇ་ཁང་ཁང་མིག་བཞི། ཡང་ན་དགེ་འདུན་པ་ཉི་ཤུ་རྩ་གྲངས་ཡོངས་སུ་ཁོང་རྡོ་རྗེ་འཆང་ལ་ཕུལ་ནས་སྐྱབས་འོག་ཏུ་ཚུལ་པར་ཞུས། ཕྱིས་སུ་ཁོང་རྡོ་རྗེ་འཆང་ཆི་ལེན་ཨ་རིག་ཕྱོགས་སུ་ཕེབས་ནས་བཀའ་ཆོས་གསུངས་པའི་ཕྱག་ཡོན་ལ་དངུལ་སྲང་འབུམ་ཕྲག་ཆིག་བཅུ་ལྷག་ཙམ་ཕུལ་བ་སོགས་ཀྱིས་དགོན་པ་གསར་བཞེངས་མཛད་པའི་སྟ་གོན་མཛད། 1923ལོའི་གཟའ་སྐར་ཚེས་བཟང་ལ་རེབ་གོང་སྐུ་གཞོགས་ཁོང་ཨ་རོལ་རྡོ་རྗེ་འཆང་དཔོན་གཡོག་འཁོར་དང་བཅས་པ་གནས་མཆོག་བྲག་དཀར་སྤེལ་རྫོང་དུ་ཕེབས་དུས། བཀྲ་ཤིས་པའི་རྟགས་མཚན་ཧ་ཅང་མང་པོ་འབྱུང་ཞིང་། དགོན་པ་ཕྱག་འདེབས་བྱེད་པའི་ས་འདུལ་སོགས་སྟ་གོན་གང་ལེགས་མཛད་ནས། ཐོག་མར་ཁོང་རྡོ་རྗེ་འཆང་གི་ནང་ཆེན་དང་གྲྭ་ཤག་བཅོ་བརྒྱད་འཛུགས་སྐྲུན་བྱས་པ་དང་། ཐོག་མའི་མཚན་ལ་བདེ་ཆེན་ལྷུན་གྲུབ་ཆོས་རྫོང་ཞེས་གསོལ་ཞིང་། ཕྱིས་སུ་བྲག་དཀར་སྤེལ་རྫོང་དགོན་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་ཞེས་སུ་གསོལ། རེབ་གོང་སྐུ་ཕྱོགས་ཁོང་ཨ་རོལ་རྡོ་རྗེ་འཆང་སྐུ་ཕྲེང་གསུམ་པས་བྲག་དཀར་སྤེལ་རྫོང་དགོན་པ་ཕྱག་འདེབས་མཛད་པ་ནི་ཁོང་གི་སྐུ་ཕྲེང་སྔོན་མ་ཨ་རོལ་བློ་བཟང་ལུང་རིག་རྒྱ་མཚོ18081886རིན་པོ་ཆེས་བཀའ་ལུང་གསེར་གྱི་ཅོད་པན་དང་ཐུགས་འདུན་སྨོན་ལམ་བཞིན་ཁོང་རྡོ་རྗེ་འཆང་སྐུ་ཕྲེང་གསུམ་པ་དགུང་གྲངས་བཞི་བཅུ་ཞེ་ལྔའི་སྟེང་དུ་ཐུགས་དགོངས་ཆེན་པོ་འདི་མངོན་འགྱུར་བྱུང་བ་ཡིན་ཞིང་། ཆོས་ལུགས་ཀྱི་སྲོལ་རྒྱུན་གཞུང་ལུགས་དང་ངོ་མཚར་བརྡ་ལུང་སྣ་ཚོགས་ལས་བཤད་ན་རེབ་གོང་སྐུ་ཕྱོགས་རྗེ་བཙུན་ཨ་རོལ་རྡོ་རྗེ་འཆང་སྐུ་ཕྲེང་གསུམ་པ་ཚང་ལ་མཚོན་ན་ཁྱད་པར་དུ་འཕགས་པའི་མཛད་རྗེས་རླབས་ཆེན་དང་གདུལ་བྱ་ཕུན་སུམ་ཚོགས་པ་མཆིས་པ་ལས་མ་འདས་སོ། ཁོང་རྡོ་རྗེ་འཆང་གིས་ཕྱག་འདེབས་མཛད་པའི་དགོན་པ་འདི་ནི་རི་ངོས་དང་བསྟུན་ནས་བཞེངས་ཤིང་ཧ་ཅང་བརྗིད་ཉམས་དང་མཛེས་སྡུག་ལྡན་པར་བཞུགས་སོ།།

      ཕྱིས་སུ་དགོན་པ་གསར་བཞེངས་ཀྱི་ཨར་ལས་འཛུགས་སྐྲུན་ལས་ཆོད་ཇེ་མགྱོགས་སུ་གཏོང་བའི་ཆེད་དུ་ཤ་བྲང་ཆེན་ཧུ་ཚེག་དགེ་དང་། རྐང་ཚའི་ཆེན་ཧུ་དཔལ་བཟང་། ཆི་ལེན་ཨ་རིག་ཆེན་ཧུ་བསོད་ནམས་ཚེ་རིང་། མགོ་ལོག་ཐན་ཐིག་ཚོ་བཞིའི་ཇ་སག་བསྟན་དར། རྡོ་བིས་དགེ་བཤེས་༧རྗེ་བཙུན་ཤེས་རབ་རྒྱ་མཚོ་སོགས་མི་རིགས་ཆོས་ལུགས་ཁག་གི་མི་དྲག་རྣམ་པས་ཧུར་ཐག་གིས་བསྟན་པའི་སྦྱིན་བདག་ལྷུར་བཞེས་མཛད་ཅིང་། ས་གནས་སོ་སོས་རྒྱུ་ནོར་གྱི་རམ་འདེགས་གང་ལེགས་བྱས་ནས། ལ་ལོ་སུམ་བརྒྱ་དང་། ནོར་ནག་ཉིས་སྟོང་། དངུལ་སྒོར་ཆིག་ཁྲི་སོགས་ཉེ་བར་འཛོམས་ནས། ཡང་བསྐྱར་དགོན་པའི་གཞི་ཁྱོན་རྒྱ་ཆེར་བཏང་ནས་འཛུགས་སྐྲུན་བྱས། 19271929ལོའི་བར་ལ་འདུ་ཁང་ཆུང་བ་དང་འཇམ་དབྱངས་ལྷ་ཁང་བཞེངས་ནས་ལེགས་གྲུབ་བྱུང་ཞིང་། 19511954ལོའི་བར་ལ་ཚོགས་ཆེན་འདུ་ཁང་ཀ་བརྒྱ་མ་དང་། བྱམས་ཁང་། མགོན་ཁང་སོགས་བཞེངས་ནས་ལེགས་གྲུབ་བྱུང་བ་ཡིན། ཚོགས་ཆེན་འདུ་ཁང་ཀ་བརྒྱ་མ་ནི་དགོན་པའི་ནང་གི་ཆེས་གཞི་ཁྱོན་ཆེ་བའི་འཛུགས་སྐྲུན་ཡིན་ལ་བོད་ལྗོངས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཚོགས་ཆེན་འདུ་ཁང་དང་མཉམ་པར་མཚུངས་པར་གྲགས་སོ། ཚོགས་ཆེན་འདུ་ཁང་ཀ་བརྒྱ་མ་ལེགས་གྲུབ་བྱུང་རྗེས་རབ་གནས་ཀྱི་མཛད་སྒོ་གཟབ་རྒྱས་ངང་ནས་སྤེལ་ཏེ། སྐབས་དེར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པའི་ཕྱག་འགན་བཞེས་བཞིན་པའི་རྡོ་བིས་དགེ་བཤེས་༧རྗེ་བཙུན་ཤེས་རབ་རྒྱ་མཚོ་སོགས་སྐྱེས་ཆེན་དམ་པ་རྣམས་རབ་གནས་ཀྱི་མཛད་སྒོར་ཕེབས་པ་མ་ཟད། ༧རྗེ་བཙུན་ཤེས་རབ་རྒྱ་མཚོས་རབ་གནས་མཛད་སྒོའི་ཤེས་ཚིག་ཕུལ་བ་རེད། ཁོང་གིས་རབ་གནས་མཛད་སྒོའི་ཤེས་ཚིག་ལསབྲག་དཀར་སྤྲེལ་རྫོང་དགོན་པ་ནས་འདི་འདྲའི་ཚོགས་ཆེན་འདུ་ཁང་ཀ་བརྒྱ་མ་ཕུན་སུམ་ཚོགས་པས་ལེགས་གྲུབ་བྱུང་བ་ནི་ལྷ་སའི་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་མ་གཏོགས་ཨ་མདོ་དང་ཁམས་ཕྱོགས་སུ་ཡོད་མ་མྱོང་ཞིང་། ཡང་ན་མཚོ་སྔོན་སྐུ་འབུམ་བྱམས་པ་གླིང་ནའང་ཧ་ཅང་དཀོན་པོ་ཡིན། ༧རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་གིས་གདན་འདྲེན་བྱས་པའི་སྐུ་གསུང་ཐུགས་རྟེན་འདུས་ཚད་ནི་ལྷ་སའི་པོ་ཏ་ལ་དང་། གཙང་བཀྲ་ཤིས་ལྷུན་པོ། སྐུ་འབུམ་བྱམས་པ་གླིང་། བླ་བྲང་བཀྲ་ཤིས་འཁྱིལ་སོགས་དང་གཅིག་མཚུངས་ཡིནཞེས་བསྟོད་བསྔགས་ཀྱི་མེ་ཏོག་དཀར་པོ་འཐོར་པར་བསྩལ། སྐབས་དེར་ཚོགས་ཆེན་འདུ་ཁང་ཀ་བརྒྱ་མའི་ནང་རྟེན་ལ་དགའ་ལྡན་ལྷ་བརྒྱ་མ་དང་། རེབ་གོང་སྐུ་ཕྱོགས་རྗེ་བཙུན་ཨ་རོལ་རིན་པོ་ཆེའི་བླ་སྐུ། གནས་གརྟན་བཅུ་དྲུག སངས་རྒྱས་སྟོང་སྐུ། རྒྱ་གར་གྲུབ་ཆེན་བརྒྱད་ཅུ། རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་གསུང་རབ་གླེགས་བམ་གྲངས་ལས་འདས་པ་བཞུགས་སོ། དགོན་པའི་ནང་གི་སྐུ་གསུང་ཐུགས་རྟེན་དང་ལྷ་ཆས་མཆོད་ཆ་ཧ་ཅང་ཕུན་སུམ་ཚོགས་པས། དགེ་ལུགས་པའི་དགོན་པ་ཆེན་པོ་དྲུག་དང་མཚན་སྙན་གྲགས་པ་མཉམ་པར་མཆིས། དུས་མཚུངས་སུ་ཁོང་ཨ་རོལ་རྡོ་རྗེ་འཆང་གིས1929ལོར་བྲག་དཀར་སྤྲེལ་རྫོང་དགོན་དུ་མཚན་ཉིད་གྲྭ་ཚང་བཙུགས་ཏེ། བསྡུས་གྲྭ་ཁ་ཏོག་དཀར་དམར་ནས་དབུ་ཚུགས་ཏེ། འཆད་རྩོད་རྩོམ་གསུམ་དར་ཞིང་རྒྱས་པའི་དུས་རིམ་གསར་བ་ཞིག་ལ་སླེབས་ནས། དགེ་བའི་བཤེས་གཉེན་ཆེན་པོ་དགེ་ལེགས་རྒྱ་མཚོ་དང་། ༧ངྔྷི་ཚ་ཨ་ཁུ་ཡེ་ཤེས་རྒྱ་མཚོ་སོགས་མཁས་པའི་དབང་པོ་རྣམ་པས་ཁྲིད་སྟོན་ཞིབ་ཏུ་གནང་འོག བསྡུས་འབྲིང་། བསྡུས་ཆེན། བློ་རིགས། རྟགས་རིགས་ཀྱི་འཛིན་གྲྭ་རེ་རེ་དང་། ཕར་ཕྱིནའཛིན་གྲྭ་གཉིས། དབུ་མའི་འཛིན་གྲྭ་གཅིག མཛོད་དང་འདུལ་བའི་འཛིན་གྲྭ་གཉིས་སོགས་མཚན་ཉིད་འཛིན་གྲྭ་རིམ་བཞིན་བཙུགས་སོ། 1958ལོར་བྲག་དཀར་སྤྲེལ་རྫོང་དགོན་པར་བསྡོམས་པས་མཚན་ཉིད་གྲྭ་ཚང་དགུ་རུ་འཕེལ་ཞིང་། སྔན་གཞུག་ཏུ་ཨ་ལགས་བསྟན་འཛིན་རབ་རྒྱས་དང་། རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་གི་དགེ་བཤེས་བསྟན་འཛིན་རྒྱལ་མཚན། ཡོན་ཏན་རྒྱ་མཚོ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གནས་ལྔ་གཟིགས་པའི་ཀུན་མཁྱེན་ཆེན་པོ་སྐུ་ཞབས་ཐབས་མཁས། ཨ་ཁུ་དགེ་འདུན། དཔལ་ལྡན་འབྲས་དཀར་སྤུངས་པའི་གླིང་གི་ཐུབ་བསྟན་གསལ་བའི་སྒྲོན་མེ་འཇམ་དབྱངས་རྒྱ་མཚོ་སོགས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་གསེར་རིའི་ཕྲེང་བ་ལྟར་་བྲག་དཀར་སྤྲེལ་རྫོང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་དུ་བྱོན་ནས། གཞུང་ཆེན་བཀའ་པོཏི་ལྔའི་གཞུང་ཁྲིད་རྒྱས་པར་མཛད་པ་ལས། ཚད་མ་རྣམ་འགྲེལ། དབུ་མ་ཆེན་པོ། མཛོད་གནས་བརྒྱད། འདུལ་བ་གཞི་བསྟོད་གཞི་སྨད། ཕར་ཕྱིན་སྐབས་བརྒྱད་ཟུར་བཀོད་དང་བཅས་པ་འཆད་ཁྲིད་གནང་ཞིང་། དུས་མཚུངས་སུ་གཙང་དགོན་དོན་གྲུབ་རབ་བརྟན་གླིང་ནས་གདན་དྲངས་ཤིང་རིག་པའི་གཏེར་བརྒྱ་གྲོལ་བའི་བརྩི་བཞག་ལོ་རིས་ཚང་གིས་མངོན་བརྗོད་དང་། སྡེབ་སྦྱོར། སྙན་ངག སྐར་རྩིས། ཟློས་གར་སོགས་རིག་གནས་ཆུང་བ་ལྔ་འཆད་ཁྲིད་གནང་པ་ཡིན། སྔགས་ཕྱོགས་ནས་ཀྱང་འཕེལ་རྒྱས་མངོན་པར་བྱུང་ནས་ཁོང་ཨ་རོལ་རྡོ་རྗེ་འཆང་དང་སྐུ་འབུམ་བྱམས་པ་གླིང་གི་སྐུ་ཕྱོགས་༧མི་ཉག་ལེགས་བཤད་རྒྱ་མཚོ་རྣམ་པ་གཉིས་ཀྱིས་ལྷན་ཅིག་ཏུ་རིམ་ལྔ་གསལ་སྒྲོན་དང་། འབྲེལ་བ་བཞི་སྦྲགས་གསང་འདུས། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་དབང་དང་ལུང་གི་དཔེ་ཁྲིད་རྒྱས་པར་གནང་ཞིང་། དུས་མཚུངས་སུ་རྡོ་བིས་དགེ་བཤེས་༧རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་དཔལ་བཟང་པོ་གདན་འདྲེན་ཞུས་ཏེ། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་བ་༧བློ་བཟང་གྲགས་པའི་དཔལ་གྱིས་མཛད་པའི་ལེགས་བཤད་གསེར་གྱི་ཕྲེང་བ་སོགས་ཆོས་སྲིད་ཟུང་གི་གཞུང་ལུགས་ཆེན་མོ་འཆད་ཁྲིད་མཛད་པས། སྐྱེས་པའི་རབས་ཀྱི་ཕྲེང་བ་དུ་མར་གཞན་དོན་འབའ་ཞིག་ལྷུར་དུ་བཞེས་པའི་བདག་ཉིད་ཆེན་པོ། མཚན་སྙན་མདོ་དབུས་ཁམས་གསུམ་དུ་ཁྱབ་ཅིང་གཡུ་འབྲུག་ཟུང་གི་ངར་སྐད་མཁའ་རུ་ལྡིར་བའི་འགྲོ་བའི་སྐྱབས་མགོན་༧སྐུ་ཕྱོགས་ཨ་རོལ་རྡོ་རྗེ་འཆང་བློ་བཟང་ལུང་རྟོགས་བསྟན་པའི་དཔལ་བཟང་པོས་སྐུ་དངོས་སུ་ཕྱགས་འདེབས་མཛད་པའི་བྲག་དཀར་སྤྲེལ་རྫོང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་འདི་རིམ་བཞིན་དར་ཞིང་རྒྱས་པའི་ངང་ནས་མཚོ་སྔོན་པོའི་མཐའ་འཁོར་དུ་དགེ་ལུགས་པའི་ཆོས་སྡེ་ཆེས་ཆེན་པོ་དང་ནང་བསྟན་རིག་གནས་ལྟེ་གནས་མཆོག་ཏུ་གྱུར་ནས་བཞུགས་སོ།།

      ཆོས་ཁྲིམས་ཀྱི་ཕྱོགས་ནས་དགེ་བ་བཅུ་དང་འདུལ་ཁྲིམས་ལྔ་ནི་ནང་བ་སངས་རྒྱས་ཆོས་སྡེ་ཁག་གི་ཆེས་རྩ་བར་གྱུར་བའི་འདུལ་ཁྲིམས་ཡིན་ཞིང་། ཁོང་ཨ་རོལ་རྡོ་རྗེ་འཆང་གིས་འདུལ་ཁྲིམས་འདི་དག་གཟབ་ནན་དུ་གཏོང་ཕྱིར་གོང་གི་འདུལ་ཁྲིམས་གཉིས་ཀྱི་རྨང་གཞི་ལྟར། བྲག་དཀར་སྤྲེལ་རྫོང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་གི་བཅའ་ཡིག་ཆེན་མོ་དོན་ཚན་ཉིས་བརྒྱ་དང་ལྔ་བཅུ་ང་གསུམ་ཆེད་དུ་དམིགས་ནས་གཏན་ལ་ཕབ་ཡོད།།

      དགོན་པའི་སྲིད་འཛིན་རྩ་འཛུགས་ལས་ཁུངས་ཀྱི་ཕྱོགས་ནས་བསྟན་པའི་མངའ་བདག་ཆེན་མོ་རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་དགོན་བདག་བླ་མ་ཡིན་པ་དང་། ཁོང་གི་ཞོལ་ནས་ཁྲི་བ་ནི་དགོན་བདག་བླ་མའི་སྐུ་ཚབ་ཡིན་ཞིང་དགོན་པའི་ཆོས་ལུགས་དང་སྲིད་འཛིན་ལས་དོན་ལ་ཡོངས་ཁྱབ་ཏུ་དོ་དམ་བྱེད་པ། དེའི་ཞོལ་ནས་གཉེར་བ་གཅིག་ཡོད་པས་དགོན་པའི་སྲིད་འཛིན་ནོར་དོན་བྱ་བར་འགན་ཁུར་ལེན་པ། དགེ་བསྐོས་གཅིག་ཡོད་པས་དགོན་པའི་ཆོས་ཁྲིམས་ལག་བསྟར་སྐོར་ལ་འགན་ཁུར་ལེན་པ། དབུ་མཛད་གཅིག་ཡོད་པས་དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་དབུས་སུ་དབྱངས་དྲངས་ནས་ཆོས་སྤྱོད་ཕྱག་ལེན་བྱེད་པ་བཅས་ཡིན། གོང་གི་ལས་སྣེ་བ་འདི་དག་གི་ནི་རྒན་པ་ཚོགས་འདུས་འདམས་ཐོན་བྱུང་དགོས་པ་དང་དུས་ཡུན་ལོ་གསུམ་རེ་ཡིན།།

      འབྲེལ་ཡོད་རྒྱུ་ཆ་ལས་སྡོམ་རྩིས་བྱས་པ་ལྟར་ན་སྤྱི་ལོ་1923ལོར་བྲག་དཀར་སྤྲེལ་རྫོང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་ཕྱག་འདེབས་བྱས་པ་ནས་1958ལོའི་བར་ལ་བསྡོམས་པས་ལོ་ངོ་སུམ་ཅུ་སོ་ལྔའི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ་ཁོང་ཨ་རོལ་རྡོ་རྗེ་འཆང་དགུང་གྲངས་བདུན་ཅུའི་དུས་སུ་དགོན་པའི་རྒྱ་ཁྱོན་ངེས་ཅན་གྲུབ་ཅིང་། ལྷ་ཁང་ཆེ་ཆུང་དང་མཆོད་རྟེན18ཡོད་པ་དང་། ནང་ཆེན་15ཡོད་པ། གྲྭ་ཤག་150ཡོད་པ། བསྡོམས་པས་ཁང་མིག་1086ཡོད་པ། དགེ་འདུན་པ་519ཡོད་པ། དེའི་ཁར་རེབ་གོང་གི་རི་ཁྲོད་པ་རྣམས་བསྣན་ན་བསྡོམས་པས་དགེ་འདུན་པ་619ཡོད། དེའི་ནང་ན་བླ་སྤྲུལ་28ཡོད་པ་དང་བཅས་མཚོ་སྔོན་པོའི་ས་ཁུལ་དུ་གཞི་ཁྱོན་ཆེས་ཆེ་བའི་ཆོས་སྡེ་ཆེན་པོར་གྱུར་ཏོ།།

      1958ལོར། ཆོས་ལུགས་བཅོས་སྒྱུར་ཁྲོད་དུ་གཡོན་ཕྱོགས་ནོར་འཆུགས་ལམ་ཕྱོགས་ཀྱི་ཤུགས་རྐྱེན་ཐེབ་འོག་ཏུ། བྲག་དཀར་སྤྲེལ་རྫོང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་གི་ཆོས་སྒོ་གཏད་པ་རེད། འོན་ཀྱང་རེབ་གོང་སྐུ་ཕྱོགས་སྐུ་ཕྲེང་གསུམ་པ་༧རྗེ་བཙུན་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་གནས་མཆོག་བྲག་དཀར་སྤྲེལ་རྫོང་གི་རི་འདབས་སུ་ཕྱག་འདེབས་མཛད་པའི་ཆོས་སྡེ་ཆེན་པོ་འདི་ནི་དེ་རིང་ང་ཚོའི་འདྲེན་བྱེད་དབང་བོའི་ལམ་དུ་མཐོང་ཐུབ་པའི་གནས་མཆོག་གྲགས་ཅན་ཡིན་ཞིང་། རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་གི་གྲོས་སུ་ཀྱང་ཚུད་ཡོད་པའི་དགོན་པ་འདིར་མཛད་བཟང་ཕྱག་རྗེས་བླ་ན་མ་མཆིས་པས། རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་གི་རླབས་ཆེན་མཛད་རྗེས་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཟིན་ཐོའི་ནང་དུ་འོད་སྟོང་རབ་ཏུ་འབར་བར་བཞུགས་སོ།།

      བཞི་བ། བྱམས་དང་སྙིང་རྗེ་ཆེན་པོས་མི་རིགས་བར་དང་མི་རིགས་ནང་ཁུལ་གྱི་ཤ་འཁོན་སེལ་བར་མཛད་པའི་སྐོར།

      རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་ནི་བྱམས་དང་སྙིང་རྗེ་ཆེ་བའི་རྒྱལ་གཅེས་རིང་ལུགས་ཀྱི་ཆོས་ལུགས་མི་དྲག་རླབས་ཆེན་ཞིག་ཡིན་ཞིང་། ཁོང་རྡོ་རྗེ་འཆང་གིས་སྐུ་ཚེ་གང་པོ་ནི་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་ཆེད་འབད་འབུངས་ལྷོད་མེད་མཛད་པའི་སྐུ་ཚེ་རེད། ཁོང་གིས་ཐོག་མཐའ་ཀུན་ཏུ་མི་རིགས་བར་དང་མི་རིགས་ནང་ཁུལ་དུ་ཕན་ཚུན་རོགས་རིས་མཐུན་སྒྲིལ་བྱེད་དགོས་ཤིང་། ཧུར་ཐག་གིས་འཆམ་མཐུན་ཡོང་དགོས་པ་མ་ཟད། རང་གི་ཆོས་ལུགས་ཀྱི་ཐོབ་ཐང་ཁྱད་པར་ཅན་དང་མང་ཚོགས་ཁྲོད་ཀྱི་ཤུགས་རྐྱེན་ཡག་པོ་བེད་སྤྱད་ནས་ཧུར་ཐག་གིས་མི་རིགས་བར་དང་མི་རིགས་ནང་ཁུལ་གྱི་འགལ་ཟླ་འདུམ་སྒྲིག་བྱས་ཏེ། མི་གསོད་རྟ་འདེད་ཀྱི་གྱོད་གཞི་དང་རྩྭ་སའི་རྩོད་གླེང་སོགས་གྲངས་ལས་འདས་པ་ཧུར་ཐག་གིས་ཐག་གཅོད་མཛད་ཅིང་། ཕན་འབྲས་ལྡན་པའི་སྒོ་ནས་ཕན་ཚུན་བར་ལ་དམར་འཛིང་བྱེད་པ་སོགས་ཁྲག་བཞུར་དོན་རྐྱེན་འབྱུང་བར་བཀག་འགོག་ནན་མོ་མཛད་པ་རེད།།

      བཅིངས་འགྲོལ་སྔོན་ལ། མཚོ་སྔོན་གྱི་འབངས་མི་སེར་རྣམས་ཀྱིས་མཱ་པུའུ་ཧྥང་དང་དེའི་མངའ་འོག་གི་ཇག་དམག་ཚོས་གདུག་རྩུབ་ཆེ་བའི་དབང་འཛིན་དང་ཡ་ང་བའི་གཉའ་གནོན་མྱོང་ཞིང་། ཁྲལ་རིགས་སྣ་ཚོགས་དང་བཤུ་གཞོག་གི་རྣམ་གྲངས་མང་དྲག་པས། འབངས་མི་སེར་གྱི་ཁུར་བོ་ལྗིད་དྲག་པ་དང་། ངོ་ཡ་ཅུང་ཙམ་བཟུང་ན་རྩ་མེད་དུ་གཏོང་པའི་ཉེན་ཁ་ཡོད་པས། བོད་མི་རིགས་ཀྱི་འབངས་མི་སེར་རྣམས་ཀྱང་དེ་ལས་མ་འདས་པ་མེད་པས། ལྗིད་དྲག་པའི་གཞུང་འབྲུ་དང་། ནོར་ཁྲལ་རྟ་ཁྲལ། དམག་ཁྲལ་སོགས་བཙན་གྱིས་སྤྲོད་དགོས་པ་མ་ཟད་བཙན་ཤུགས་བཀོལ་ནས་དམག་ལ་ཞུགས་དགོས་ཤིང་། གལ་ཏེ་དམག་ལ་ཞུགས་མཁན་མེད་ན་དམག་མི་གཅིག་ལ་དམག་ཁྲལ་དངུལ་སྒོར་ཆིག་སྟོང་ལྔ་བརྒྱ་ནས་ཉིས་སྟོང་སྤྲོད་དགོས་པ་རེད། དུས་རབས་ཉི་ཤུའི་ལོ་རབས་སུམ་ཅུ་ནས་ལྔ་བཅུའི་བར་ལ་མཱ་པུའུ་ཧྥང་དང་དེའི་མངའ་འོག་གི་ཇག་དམག་ཚོས་མི་གཤེས་མེད་ཅིང་ཡ་ང་བའི་གྱོད་གཞི་ཆེན་པོ་དང་དམར་གསོད་ཆེན་པོའི་དོན་རྐྱེན་བཟོས་ཏེ། ག་ས་ག་རུ་ཇག་དམག་སླེབས་ས་ནས་དོན་དག་མེད་པར་མི་སེར་དམར་གསོད་བྱས་པ་མ་ཟད་ད་རུང་རྒྱུ་ནོར་འཕྲོག་བཅོམ་དང་། ན་གཞོན་བུད་མེད་རྣམས་ལ་གང་འདོད་ཀྱིས་བཙན་གཡམ་བྱས་པ་སོགས་འབངས་མི་སེར་གྱིས་ཐོས་པ་ཙམ་དང་ཚོར་བ་ཙམ་གྱིས་སྐྲག་སྣང་གིས་བླ་སྲོག་ཤོར་ཞིང་། སྙིང་ནད་ཀྱི་མེ་ལྕེ་དམར་པོ་འབར་བཞིན་འདུག 1949ལོའི་ཟླ8པར་བཅིངས་འགྲོལ་སྔོན་ཙམ་ལ་མཱ་པུའུ་ཧྥང་གི་དམག་དཔུང་སྟོན་ཁའི་སྡོང་ལོ་ས་ལ་འཐོར་བ་བཞིན་ཕམ་ནས་ཕྱིར་འཐེན་བྱས་པར་འབངས་མི་སེར་གྱིས་དགའ་སྤྲོ་དང་འབོད་སྒྲས་གནམ་ས་ཁེངས་ཤིང་། མང་ཚོགས་ཁག་ཅིག་གིས་ཤ་འཁོན་དང་སྙིང་ནད་རྩོད་པའི་དུས་སུ་བབས་སོང་སེམས་ནས། ཤ་འཁོན་དང་སྙིང་ནད་རྩོད་ཡུལ་ནོར་འཆུགས་ཀྱིས་ཧོས་རིགས་མི་སེར་གྱི་ཕྱོགས་སུ་བབས་པས། རོང་བོ་བློན་ཆོས་རྒྱ་བཟའ་གོང་འོག་གིས་ལོ་རྒྱུས་ཐོག་གི་ཤ་འཁོན་དང་སྙིང་ནད་རྩོད་ཕྱིར་ཏཱ་མིན་ཆེན་ཧུ་བཤད་སྒྲུབ་དང་། རྒྱ་བཟའ་ཞོལ་མའི་དཔོན་པོ་ཨ་ཉ། ཀླུའོ་སྐོར་ཆོས་བཙན། ཕྱུག་སྐོར་ཚེ་དབང་སོགས་གྱིས་རྩ་འཛུགས་བྱས་ཏེ། རོང་བོ་བློན་ཆོས་སྐྱ་དམག་ཉིས་བརྒྱ་ལྷག་གི་དམག་སྣ་དྲངས་ནས། བྲག་དཀར་རྫོང་གི་ཐང་ནག་དང་སྟག་གཡག་ས་ཁུལ་དུ་འདུས་སྡོད་བྱས་ཡོད་པའི་ཧོས་སྡེ་རྣམས་དམག་གིས་བསྐོར་ཞིང་། ས་འདིར་འཚོ་བར་སྡོད་པའི་ཉེས་མེད་ཧོས་རིགས་མི་སེར་ཡོངས་རྫོགས་ཐལ་བའི་རྡུལ་དུ་བརླགས་ནས་སྙིང་ནད་རྩོད་རྩིས་བྱས་པ་རེད། ཧ་ཅང་གནད་འགག་ཆེ་བའི་སྐབས་འདིར་ཧན་པ་ཧྲི་སོགས་ཧོས་རིགས་རྒན་པ་སྐོར་ཞིག་བྲོས་བྱོལ་བྱས་ཏེ། བྲག་དཀར་སྤྲེལ་རྫོང་དགོན་པའི་ཕྱོགས་སུ་བསྙེགས་ནས་རེབ་གོང་སྐུ་ཕྱོགས་ཁོང་ཨ་རོལ་རྡོ་རྗེ་འཆང་ལ་སྐྱབས་སུ་རེ་བ་བཅོལ། རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་གིས་དོན་རྐྱེན་འདིར་མཁྱེན་པར་གཟིགས་རྗེས་དགོན་པའི་གྲྭ་བཙུན་རྣམས་ལ་བཀའ་བཀོད་གནང་སྟེ། སྐད་ཅིག་དེ་ཉིད་དུ་འབངས་མི་སེར་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་པར་མངགས་ཤིང་། ཁོང་རྡོ་རྗེ་འཆང་རང་ཉིད་ཀྱང་སྐུ་དངོས་སུ་དོན་རྐྱེན་བྱུང་ཡུལ་དངོས་ལ་ཞབས་ཀྱིས་བཅགས་ནས། དོན་རྐྱེན་འབྱུང་པར་སྔོན་འགོག་བྱས་ཏེ། རོང་བོ་བློན་ཆོས་དཔོན་སྐྱ་དམག་རྣམས་ལ་བརྟན་ཞིང་འགྱུར་བ་མེད་པའི་སྒོ་ནས་ཁོང་གི་གྲོགས་ཆོས་སྐྱོང་དཔལ་ལྡན་ལྷ་མོ་མནའ་རྟེན་དུ་མཛད་ནསཐང་ནག་དང་སྟག་གཡག་ས་ཁུལ་གྱི་ཧོས་རིགས་སྡེ་བ་མེད་པར་དུ་གཏན་ནས་བཏང་མི་ཆོག་པ་མ་ཟད། ཧོས་རིགས་བྱིས་པ་ཙམ་དང་། ཡང་ན་མི་སེར་དཀྱིས་མ་ཙམ། ས་དེའི་རྩྭི་ཤིང་ཙམ་ལ་འང་གནོད་འཚེ་གཏན་ནས་བཏང་མི་ཆོག ས་གནས་འདི་ལ་མཚོན་ན་ཧོས་རིགས་དང་རྒྱ་རིགས་སུ་ཡིན་རུང་ཁོ་ཚོ་ཚང་མ་བོད་མི་རིགས་དང་མཚུངས་པར་ཡོངས་རྫོགས་སྤུན་ཟླའི་མི་རིགས་ཡིན་ཞིང་། དབང་བསྒྱུར་གྲལ་རིམ་གྱིས་མི་རིགས་གཉའ་གནོན་སྲིད་ཇུས་ལག་ལེན་དུ་བསྟར་ཡིན་ནའང་འབངས་མི་སེར་ལ་ཉེས་པ་ཅི་ཡང་མེད། མི་རིགས་གཅིག་རུང་དབང་སྒྱུར་གྲལ་རིམ་དང་དོན་དག་གཅིག་པའི་ནུས་པ་མེད་ཅིང་དཀར་ནག་གི་དཔྱེ་བ་མ་བཀར་ན་ཆོག་པ་མ་རེདཞེས་གསུངས། སྐབས་དེར་ཁོང་ཨ་རོལ་རྡོ་རྗེ་འཆང་ལ་མཚོན་ན་ད་རུང་ཏང་གི་མི་རིགས་སྲིད་ཇུས་ལ་རྒྱུས་ལོན་ཟབ་མོ་མེད་ནའང་གུང་ཁྲན་ཏང་ལ་ཧ་ཅང་ཡིད་ཆེས་ཡོད་པ་དང་རེ་འདུན་ཆེན་པོས་ཁེངས་འདུག རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་གིས་རིགས་སོ་སོའི་མི་དམངས་ལ་དགའ་ཞེན་ཆེ་བ་དང་། མི་རིགས་བཐུན་སྒྲིལ་གྱི་ཐུགས་དགོངས་ཟབ་མོ་ལས། ཁོང་རང་ཉིད་ཀྱི་བླ་ན་མ་མཆིས་པའི་ཆོས་ལུགས་མཚན་སྙན་དང་། ཆོས་ལུགས་པ་ཞིག་ལ་མཚོན་ན་འཇིག་རྟེན་གནམ་འོག་གི་མ་གྱུར་འགྲོ་བ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་དང་ཁྱད་པར་དུ་འཕགས་པའི་གཞན་ཕན་གྱི་དགོངས་པ་ལྟར། དབང་བསྒྱུར་གྲལ་རིམ་གྱིས་བཟོས་པའི་ནག་ཉེས་དེ་མི་དམངས་ཀྱིས་འཁུར་དགོས་པའི་ཁྲག་བཞུར་དོན་རྐྱེན་དེ་གཏད་ནས་མེད་པར་གཡོལ་ནས། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་བདེ་འཇགས་ཡོང་པར་སྲུང་སྐྱོབ་བྱས་ཤིང་། མི་རིགས་མི་གཅིག་པའི་མི་དམངས་བར་གྱི་མཐུན་སྒྲིལ་འཆམ་མཐུན་ཡོང་བར་སྲུང་སྐྱོང་བྱས་ཏེ། ཁོང་རྡོ་རྗེ་འཆང་གི་མཛད་སྤྱོད་དངོས་ལས་བྱམས་སེམས་དང་སྙིང་རྗེ་ཆེན་པོ་མཚོན་ཞིང་རྒྱལ་སྲས་ཀྱི་ཀུན་སློང་ཡག་པོ་མངོན་པར་མཛད། རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་གིས་ཆོས་ལུགས་པ་ཞིག་གིས་འདོན་སྤེལ་གནང་འོས་པའི་སྙིང་རྗེ་དང་གཞན་ཕན་གྱི་ཐུགས་དགོངས་ཟབ་མོས་རོང་བོ་བློན་ཆོས་སྐྱ་དམག་དང་ས་དེའི་མང་ཚོགས་ལ་ཞལ་ཏ་སློབ་གསོ་གནང་ནསཆོས་ལྡན་ཞིང་གི་མི་རིགས་ཞིག་ཡིན་ན་ཤ་འཁོན་བཅིངས་ནས་སྙིང་ནད་རྩོད་མི་འོས་ཤིང་། ཚེ་སྲོག་བཀོལ་ནས་ཚེ་སྲོག་ལ་བརྗེ་མི་འོས་པ་མ་ཟད། གཏུམ་དྲག་དང་ཤ་འཁོན་དོར་ནས། དགྲ་བོའི་གདུག་རྩིབ་དང་རལ་གྲི་རྣོན་པོའི་ཁ་གཏད་ནས་མེ་ཏོག་ཕུལ་དགོས་ཤིང་། གདོང་འཛུམ་གྱིས་བསུས་པས་ན་ད་གཟོད་ཆོས་ལུགས་པའི་གཤེས་རྒྱུད་ཡག་པོ་ངོ་མ་དང་མཐུན་ཞིང་། ཆོས་ལྡན་ཞིང་གི་མི་རིགས་ངོ་མ་ཞིག་ཡིན་པ་མཚོན་ཐུབཅེས་གསུངས་སོ། རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་གི་ཞལ་གསུང་ལ་ཉན་རྗེས་རོང་བོ་བློན་ཆོས་སྐྱ་དམག་དང་མི་སེར་རྣམས་ལ་ཡང་རྣམ་དཀར་དགེ་བའི་སེམས་པ་ཞིག་དབང་མེད་དུ་འཁྲུངས་ནས། དམག་སྣ་ཕྱིར་འཁོར་ཞིང་ཕྱིས་སུ་དོན་རྐྱེན་དེ་དག་གཞི་ནས་བྱུང་མ་མྱོང་བ་ཡིན། ཁོང་རྡོ་རྗེ་འཆང་གིས་ཆོས་དད་མང་ཚོགས་ཀྱིས་རང་གི་གསུང་ལ་ཉན་ཞིང་རྣམ་དཀར་དགེ་བའི་སེམས་པ་འཁྲུངས་ནས། བསམ་ཤེས་ཀྱིས་ཞལ་གསུང་དང་ལེན་བྱས་པར་ཐུགས་སེམས་མཚོན་ཕྱིར་ཆེད་དུ་དམིགས་ནས་ཁོང་རང་གི་ཐུགས་འདང་ཆེ་བའི་བཅིབས་པ་གཉིས་དང་རྟ་མཆོག་ལྔ། ཕྲུག་ཐག་མགོ་ལྔ། དངུལ་སྒོར་ཆིག་སྟོང་། ཁོང་རང་ཉིད་ཀྱི་ནབ་བཟའ་ཆ་ཚང་དང་བཅས་པ་ཏཱ་མིན་ཆེན་ཧུ་བཤད་སྒྲུབ་དང་། རྒྱ་བཟའ་ཞོལ་མའི་དཔོན་པོ་ཨ་ཉ། ཀླུའོ་སྐོར་ཆོས་བཙན་སོགས་ལ་སྐྱ་དམག་ཕྱིར་འཐེན་བྱས་པའི་ལེགས་སྐྱེས་སུ་གནང་པ་རེད། རོང་བོ་བློན་ཆོས་སྐྱ་དམག་ཕྱིར་འཐེན་བྱས་རྗེས་ཐང་ནག་དང་སྟག་གཡག་ས་ཁུལ་གྱི་ཧོས་རིགས་དང་། རྒྱ་རིགས་མང་ཚོགས་རྒན་གཞོན་ཕ་མོ་རྣམས་ཀྱིས་ཁོང་ཨ་རོལ་རྡོ་རྗེ་འཆང་ལ་བཀའ་དྲིན་ཞུ་བའི་སེམས་པ་གཏིང་ནས་འཁྲུངས་ཤིང་། ཉིན་མོ་དེ་ནས་བཟུང་སྟེ་ཐང་ནག་དང་སྟག་གཡག་ས་ཁུལ་གྱི་ཧོས་རིགས་མི་སེར་ཡོངས་རྫོགས་ཁོང་ཨ་རོལ་རྡོ་རྗེ་འཆང་གི་སྐྱབས་འོག་ཏུ་ཚུད་ཞིང་ཆེས་དད་འདུན་ཆེ་བའི་ཡོན་བདག་ཏུ་གྱུར་ཞིང་། ས་དེ་ཀའི་ཧོས་རིགས་མི་སེར་རྣམས་ཀྱིས་རེབ་གོང་སྐུ་ཕྱོགས་ཨ་རོལ་རྡོ་རྗེ་འཆང་ནི་རིགས་སོ་སོའི་མི་དམངས་ཐུན་མོང་གི་གནམ་རྒན་མ་ཡིན་ཟེར་ཞིང་། ངོ་གནོང་མི་དགོས་པའི་སྤྲུལ་བའི་བྱང་ཆུབ་སེམས་དཔའ་རྒྱལ་སྲས་ཆེན་པོ་ཡིན་ཞེས་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་བཞིན་གདའོ།།

      ལྔ་བ། ཏང་དང་སྲིད་གཞུང་ལ་རམ་འདེགས་བྱས་ཏེ་རྩྭ་སའི་རྩོད་གླེང་ཚབ་ཆེན་དང་མི་བསད་གྱོད་གཞི་ཆེན་པོར་འདུམ་སྒྲིག་ཐེངས་མང་པོར་མཛད་པའི་སྐོར།

     བོད་རིགས་ནི་མི་རབས་ནས་མི་རབས་བར་དུ་མདོ་དབུས་མཐོ་སྒང་དུ་གཏན་སྡོད་བྱས་ཡོད་པའི་མི་རིགས་ཞིག་ཡིན་ཞིང་། མདོ་དབུས་མཐོ་སྒང་གི་ས་རྒྱ་ཆེ་ལ་མི་གྲངས་ཉུང་བ་དང་། རྩྭ་ཆུ་འཛོམས་པའི་ཁྱད་ཆོས་ལྟར་ཕྱུགས་ཟོག་འཚོ་སྐྱོང་བྱེད་པའི་རིག་གནས་ནི་བོད་རིགས་མི་དམངས་ཀྱི་རིག་གནས་གཙོ་བོ་ཡིན། ཕྱུགས་ཟོག་འཚོ་སྐྱོང་བྱེད་པའི་རིག་གནས་ཀྱི་ཆེས་གལ་འགངས་ཆེ་བའི་ཁྱད་ཆོས་ནི་རྩྭ་ཆུ་ཉིས་འཛོམས་ཀྱི་གནས་བབ་གཞིར་བཟུང་ནས་ལོ་རེའི་དུས་ཚིགས་བཞི་ཡི་རྩྭ་ཆུ་དེད་ནས་གནས་སྤོ་བྱེད་བཞིན་འདུག་པས། སྡོད་གནས་གཏན་ཆགས་ཞིག་ཀྱང་ཡོད་པ་མ་རེད། གནའ་སྔ་མོར་མཚོན་ན་བོད་རིགས་ས་ཁུལ་གྱི་དགོན་པ་གང་མང་ཀྱང་རུ་སྡེའི་བཀལ་འཀོས་ལྟར་གནས་སྤོ་བྱེད་བཞིན་འདུག་ལ་ད་ལྟའི་ཆོས་སྡེ་མིང་གྲགས་ཅན་གང་མང་གི་ཐོག་མ་ཡང་གུར་དགོན་ཡིན་ཞིང་། བཅིངས་འགྲོལ་སྔོན་ལ་རྩྭ་སའི་འགན་གཙང་ཁུར་ལམ་ལུགས་དང་རྩྭ་མཛོད་ར་བ་བསྐོར་ནས་ས་མཚམས་ཆུ་མཚམས་གསལ་བོ་ཡིན་པའི་དེང་རབས་ཅན་གྱི་དོ་དམ་ལམ་ལུགས་དང་སྒྲིག་གཞི་འདི་འདྲ་དཀོན་པས། བོད་རིགས་ཚོ་ཁག་བར་དང་སོག་རིག་ཚོ་ཁག་བར་ལ་རྩྭ་སའི་རྩོད་གླེང་དོན་རྐྱེན་གང་མང་འབྱུང་ཞིང་། ཕན་ཚུན་བར་ལ་རྩྭ་ས་དང་ཕྱུགས་ཟོག་འཕྲོག་བཅོམ་བྱེད་རེས་དང་། ཡང་ན་མི་གསོད་རྟ་འདེད་ཀྱི་དོན་རྐྱེན་འབྱུང་བའི་གནས་ཚུལ་ཀྱང་ཧ་ཅང་རྒྱུན་ལྡན་རེད། 1949ལོར་ཁོང་ཨ་རོལ་རྡོ་རྗེ་འཆང་དགུང་གྲངས་རེ་གཅིག་སྐབས་སུ་རྨ་ལྷོ་རྩེ་ཁོག་དང་གཙང་ཨ་རིག་ཚོ་ཁག་བར་ལ་རྩྭ་སའི་རྩོད་གླེང་དོན་རྐྱེན་ཅུང་ཙམ་ཙབ་ཆེན་ཞིག་བྱུང་ནས། སྡེ་ཚོ་ཁག་གཉིས་ཀྱི་བར་ནས་རྒྱུ་ནོར་ཐད་གྱོང་གུད་ཆེན་པོ་བྱུང་བ་མ་ཟད་མི་འགའ་རེའི་ཚེ་སྲོག་ཀྱང་ཤོར་བ་རེད། དེ་བས་ཚོ་དཔོན་རྣམས་ཀྱིས་ཐེངས་འགའ་རེར་འདུམ་སྒྲིག་བྱས་ཀྱང་མཇུག་འབྲས་མ་ཡོད་པའི་གནས་ཚུལ་འོག་ཏུ། བྲག་དཀར་སྤེལ་རྫོང་དགོན་པར་ཡོང་ནས་རྗེ་བཙུན་ཨ་རོལ་རྡོ་རྗེ་འཆང་ལ་འདུམ་སྒྲིག་གནང་དགོས་པའི་རེ་བ་ཞུས། སྐབས་དེར་ཁོང་ཨ་རོལ་རྡོ་རྗེ་འཆང་ལ་མཚོན་ན་མདོ་སྨད་ཕྱོགས་ཀྱི་མཚན་སྙན་ཆེས་མཐོ་བའི་སྐུ་གཞོགས་ཆེན་མོ་ཡིན་པས། ཁོང་གིས་ཐུགས་སེམས་གསལ་བོ་བཏང་ནས་རྩྭ་སའི་རྩོད་གླེང་གི་དོན་རྐྱེན་འདི་དག་ཐག་གཅོད་བྱེད་པའི་ཐབས་ཤེས་ཡག་པོ་རྙེད། ཁོང་ཨ་རོལ་རྡོ་རྗེ་འཆང་གིས་ཐོག་མར་ཨ་རིག་ཚོ་ཁག་གི་དཔོན་པོ་བཙན་དགུ་སོགས་མི་རིགས་གོང་གྲོས་མི་དྲག་འགའ་དང་། རྨ་ལྷོའི་སོག་པོ་དཔོན་མོའི་སྐུ་ཚབ། རོང་བོ་ནང་སོའི་མངའ་འོག་གི་དགེ་བསྐོས་སྐུ་ཚབ་སོགས་ཕྱོགས་གཅིག་ཏུ་བསྡུས་ཏེ། ཁོ་ཚོར་ཆོས་སྐྱོང་སྲུང་མ་དཔུང་དུ་བཞག་ནས་མནའ་གཏད་དུ་བཅུག་ཅིང་། ཁོང་རྡོ་རྗེ་འཆང་གིས་བདེན་དབང་བཛད་ནས་གྲོས་མཐུན་ཡི་གེ་བྲིས་ནས་གྲོས་འཆམ་བྱུང་ཞིང་ཚོ་ཁག་གི་དཔོན་པོ་དང་སེར་སྐྱ་བླ་དཔོན་ཚང་མས་མིང་རྟགས་བཀོལ་ཏེ་མཛུབ་ཐེལ་གནོན་པར་བཅུག རྗེས་སུ་ཁོང་ཨ་རོལ་རྡོ་རྗེ་འཆང་གིས་དོན་དག་འདིར་དམིགས་ནས་བོད་སོག་དད་ལྡན་མང་ཚོགས་རྣམས་ལ་དུས་འཁོར་དབང་ཆེན་ཐེངས་ཞིག་གི་བཀའ་དྲིན་བསྩལ་བ་དང་། དུས་འཁོར་དབང་ཆེན་གྱི་ཆོས་ཐོག་འདི་བརྒྱུད་ནས་ཕན་ཚུན་ཚོ་ཁག་དཔོན་པོ་དང་དད་ལྡན་སེར་སྐྱ་ཕོ་མོ་རྣམས་ལ་བསླབ་བྱ་གང་ལེགས་གནང་བ་མ་ཟད། ཐེངས་དེའི་དུས་འཁོར་དབང་ཆེན་ལ་ཉན་མཁན་ཡོངས་ཀྱིས་ཕྱིན་ཆད་མི་སྲོག་མི་གཅོད་པ་དང་ཚིག་རྩུབ་པོ་མི་སྨྲ་བ། མི་རིགས་མཐུན་སྒྲིལ་དང་ཁྱིམ་མཚེ་རི་སྐོར་བར་ལ་འགྲིག་མཐུན་ཡོང་དགོས་པ་ཡིན་པས། དེ་ལྟར་མ་བྱས་ན་དུས་འཁོར་དབང་ཆེན་གྱི་བསྟན་པ་ལ་རྒྱབ་འགལ་བྱས་པ་ཡིན་ཞེས་བཀའ་གསུང་ནན་མོ་བསྩལ་བ་རེད། བོད་མི་རིགས་ནི་དམངས་ཡོངས་ཀྱིས་ཆོས་ལུགས་ལ་དད་པའི་ཆོས་ལྡན་མི་རིགས་ཡིན་ཞིང་། ཁོ་ཚོས་དད་མོས་བྱེད་ཡུལ་དང་སྙན་ཞིང་གྲགས་ཅན་པའི་སྐྱེས་ཆེན་དམ་པར་བརྩི་བཀུར་བྱེད་རྒྱུ་ནི་ཡོད་ཚད་ལས་ཀྱང་གལ་འགངས་ཆེ་བ་ཡིན་པས། ཐེངས་དེར་གྲོས་འཆམ་བྱུང་བའི་གྲོས་མཐུན་ཡི་གེ་དང་། དུས་འཁོར་དབང་ཆེན་གྱི་བཀའ་དྲིན་བསྩལ་བའི་རྗེས་སུ་མཐའ་ཡང་བའི་རྩྭ་ཐང་ཆེན་པོར་སྔར་བཞིན་ལྷིང་འཇགས་ཀྱི་རྣམ་པ་གསར་བ་སླར་གསོ་བྱས་ཏེ། རྩྭ་ཆུ་ཉིས་འཛོམས་དང་མེ་ཏོག་སྣ་ཚོགས་ཀྱི་དྲི་ཞིམ་ཐུལ་པའི་གནས་སུ་མཆིས་སོ།།

     1955ལོར་རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་དགུང་གྲངས་དྲུག་ཅུ་རེ་བདུན་གྱི་དུས་སུ་རོང་བོ་བློན་ཆོས་སྔགས་ས་དང་ལོ་བ་གཉིས་ཀྱི་བར་ལ་རྩྭ་སའི་རྩོད་གླེང་ཚབ་ཆེན་བྱུང་ནས་ཕན་ཚུན་གཉིས་ཀྱི་མི་གྲངས40ལྷག་གི་ཚེ་སྲོག་ཤོར་བ་དང་། རྟ་ནོར300ལྷག་ཙམ་འཕྲོག་བཅོམ་བྱས་པར་ཕྱོགས་སོ་སོ་ནས་ཐེངས་གང་མང་ལ་བར་འདུམ་བྱས་ཀྱང་མཇུག་འབྲས་མ་ཡོད་པས། རྗེ་བཙུན་ཨ་རོལ་ཁོང་ཨ་རོལ་རྡོ་རྗེ་འཆང་གིས་གདན་དྲངས་པ་ལྟར་ཡུལ་ཕྱོགས་འདིར་ཞབས་ཀྱིས་བཅགས་ཏེ། མཆོག་ཏུ་གྱུར་བའི་ཐབས་ཤེས་བཀོལ་ནས་ཤ་འཁོན་དང་སྙིང་ནད་གསར་རྙིང་ཐམས་ཅད་ཐག་གཅོད་ཡག་པོ་མཛད་ཅིང་། ཕན་འབྲས་ལྡན་པའི་ངང་ནས་ས་གནས་དེའི་ལོ་གང་མང་རིང་གི་གྱོད་གཞི་སྣ་ཚོགས་མེད་པར་བཟོས་ནས། རྩྭ་ཐང་ཆེན་པོའི་མཁའ་དབྱིངས་སུ་སྤྲིན་ནག་གི་མུན་པས་ཁེབས་ཡོད་པ་ཡོངས་སུ་མཐའ་རུ་དེད་ཅིང་། ཡང་བསྐྱར་ཁྲི་གདུགས་ཉི་མའི་འོད་ཟེར་ཕྱོགས་བཅུར་འཕྲོ་རུ་བཅུག།

     1957ལོར་རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་དགུང་གྲངས་དྲུག་ཅུ་རེ་དགུའི་དུས་སུ་རྐང་ཚ་དང་ཀླུ་ཚང་ཚོ་ཁག་གཉིས་ཀྱི་བར་ལ་མི་བསད་རྟ་འདེད་ཀྱི་གྱོད་གཞི་ཚབ་ཆེན་འབྱུང་ནས་ཕན་ཚུན་གཉིས་མི40ལྷག་གི་ཚེ་སྲོག་ཤོར་བས། དཔོན་ཕྱོགས་དང་དམངས་ཁྲོད་ནས་ཐབས་བཀོལ་སྣ་ཚོགས་འཐེན་ནས་འདུམ་སྒྲིག་བྱས་ཀྱང་གོ་མ་ཆོད་པའི་གནས་ཚུལ་འོག་ཏུ། རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་གིས་གདན་དྲངས་པ་ལྟར་ཡང་ཡུལ་ཕྱོགས་དེར་ཕེབས་ནས་འདུམ་སྒྲིག་གང་ལེགས་མཛད་ཅིང་། རྐང་ཚ་ཚོ་ཁག་དང་ཆི་ལེན་ཨ་རིག་ཚོ་བའི་ཕྱོགས་སུ་ཁོང་ཨ་རོལ་རྡོ་རྗེ་འཆང་གི་དད་ལྡན་མང་ཚོགས་ཧ་ཅང་མང་པ་དང་། ཁོང་གི་རྣམ་ཐར་ལས་ཟིན་བྲིས་བཏབ་ཡོད་པ་ལྟར་ན་ཁོང་རྡོ་རྗེ་འཆང་གི་སྐུ་ཚེའི་མཇུག་ཏུ་དད་ལྡན་མང་ཚོགས་ཀྱི་རེ་བ་སྐོང་ཕྱིར་ཆི་ལེན་ཨ་རིག་ཚོ་ཁག་ལ་ཞབས་ཟུང་པདྨའི་འཁོར་ལོ་ཐེངས་བཅུ་གཅིག་བསྒྱུར་ཏེ། བླ་སྤྲུལ་གྲགས་ཅན་གྱི་སྤྲུལ་སྐུ་འཚོལ་བ་དང་། སྤྲུལ་སྐུར་ཐུགས་ཐག་གཅོད་པ། ཁྲི་ཁར་མངའ་གསོལ་པ། དབང་ལུང་བཀའ་ཆོས་གསུང་པ། མི་སེར་དབུལ་བོ་རྣམས་ལ་གནང་སྦྱིན་གཏོང་བ་སོགས་དད་ལྡན་མང་ཚོགས་ཁྲོད་དུ་རྨང་གཞི་ཧ་ཅང་བརྟན་པོ་ཞིག་ཚུགས་སོ། ད་རུང་རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་གི་རྣམ་ཐར་ལས་ཟིན་བྲིས་བཏབ་ཡོད་པ་ལྟར་ན་བྲག་དཀར་སྤེལ་རྫོང་དགོན་པ་ཕྱག་འདེབས་པའི་དཔལ་འབྱོར་གྱི་རྨང་གཞི་ནི་ཧ་ལམ་ཨ་རིག་ཚོ་ཁག་ལ་བཀའ་ཆོས་གསུང་པའི་འབུལ་བ་ཡིན་ཟེར་ཞིང་། ལོ་རྒྱུས་ཐོག་རྒྱལ་དབང་སྐུ་ཕྲེང་གསུམ་པ་དང་རྒྱལ་དབང་ལྔ་བ་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་ལས་ཀྱང་ཨ་རིག་ཚོ་ཁག་ནི་མདོ་སྨད་བོད་རིགས་ཚོ་ཁག་ནང་དུ་ཅུང་ཙམ་མཐོང་དཀོན་པའི་དཔལ་འབྱོར་གྱི་སྟོབས་ཤུགས་འཛོམས་ཤིང་། ཚོ་བའི་ལོ་རྒྱུས་རིང་བ། རྩ་འཛུགས་སྒྲིག་གཞི་དམ་པ། ཆོས་ལུགས་ལ་ཧ་ཅང་དད་པ་ཆེ་བའི་བོད་རིགས་ཚོ་ཁག་ཞིག་ཡིན་ཞེས་གསུངས་ཡོད། ལོ་རྒྱུས་ཐོག་ཏུ་ཨ་རིག་ཚོ་ཁག་གིས་རྒྱལ་དབང་སྐུ་ཕྲེང་གསུམ་པ་དང་རྒྱལ་དབང་ལྔ་བ་ཚངས་དབྱངས་རྒྱ་མཚོར་ཞབས་ཏོག་ཕུལ་བ་ཡང་ཧ་ཅང་ཕུན་སུམ་ཚོགས་པར་གྲགས་པས། ཁོང་རྣམ་པར་བག་ཆགས་་གཏིང་ཟབ་མོ་བཞག་ཡོད། དེ་བས་རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་གིས་ཆི་ལེན་ཨ་རིག་ཚོ་ཁག་ལ་དབང་ལུང་བཀའ་ཆོས་གསུང་ནས་འབུལ་བ་འབོར་ཆེན་ཕུན་སུམ་ཆོགས་པའི་ཞབས་ཏོག་ཕུལ་པ་ཡང་ལོ་རྒྱུས་ཀྱི་དོན་དངོས་ལ་མཐུན་པར་འདུག ཐེངས་དེའི་མི་བསད་གྱོད་གཞི་འདུམ་སྒྲིག་ཁྲོད་དུ་རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་གིས་རྐང་ཚའི་ཆེན་ཧུ་དཔལ་བཟང་དང་དབང་བྷེ་སོགས་རྐང་ཚ་ཕྱོགས་ཀྱི་བླ་དཔོན་སེར་སྐྱའི་འཐུས་ཚབ། ཀླུ་ཚང་དཔོན་པོ་ཁྲོ་རྒྱལ་སོགས་ཀླུ་ཚང་ཕྱོགས་ཀྱི་འཐུས་ཚབ་ལ་ཆོས་སྲིད་ཟུང་གི་བསླབ་བྱ་གང་ལེགས་གནང་པ་དང་ཐུགས་སེམས་དཀར་པའི་ཕྱག་སྟོན་གལ་ཆེན་མཛད་པ་མ་ཟད་ཁོ་ཚོར་གསང་སྔགས་རྡོ་རྗེ་ཐེག་པ་ཆེན་པོའི་དབང་ལུང་གི་བཀའ་དྲིན་བསྩལ་བ་རེད། བོད་ཁམས་སུ་མཚོན་ན་གསང་སྔགས་རྡོ་རྗེ་ཐེག་པ་ཆེན་པོའི་དབང་ལུང་གི་བཀའ་ཆོས་ལ་ལྷན་ཅིག་ཏུ་ཉན་པས་ན་ཚེ་རབས་འདིར་རྡོ་རྗེ་ཆོས་གྲོགས་སུ་གྱུར་བ་རེད། རྡོ་རྗེ་ཆོས་གྲོགས་སུ་གྱུར་བས་ན་ཚེ་རབས་ནས་ཚེ་བས་ཀུན་ཏུ་སྤུན་མཆེད་ཀྱི་བརྩེ་དུང་སྲུང་སྐྱོང་བྱེད་དགོས་པ་དང་། དུས་ནམ་ཡིན་རུང་ཆོས་གྲོགས་ཀྱི་ཁེ་ཕན་ལ་བསམ་བློ་བཏང་ནས། ཆོས་གྲོགས་བར་ལ་དོན་རྐྱེན་སློང་མི་ཆོག་པ་རེད། ལོ་རྒྱུས་ཐོག་ཏུ་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་དང་ཧོར་གོ་ཏན་རྒྱལ་པོ་རྣམ་པ་གཉིས་ལྟ་བུ་ཡིན་ནའང་་རྡོ་རྗེ་སློབ་དཔོན་དང་དགེ་སྤུན་གྱི་འབྲེལ་བར་གྱུར་བས། སྐུ་ཚེ་གང་པོར་སྐྱིད་སྡུག་མཉམ་ཁུར་དང་བློ་སེམས་གཅིག་གཏད་བྱས་ནས། ཁྱད་པར་དུ་འཕགས་པའི་འབྲེལ་བ་འདི་སྲུང་འཛིན་ལེགས་པོ་མཛད་ཡོད། ཁྱད་པར་དུ་འཕགས་པའི་འབྲེལ་བ་འདི་བཞིན་རྐང་ཚ་དང་ཀླུ་ཚང་ཚོ་ཁག་གཉིས་ཀྱིས་ཀྱང་ཚེ་རབས་ནས་ཚེ་རབས་ཀུན་ཏུ་མི་འགྱུར་རྡོ་རྗེ་དམ་བཅའ་འདི་སྲུང་འཛིན་ལེགས་པོ་བྱས་སོ། རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་གིས་ངོ་བོ་མི་གཅིག་པའི་དོན་རྐྱེན་ལ་གཟིགས་ཏེ། གང་ལྟར་ཐབས་མཆོག་སྣ་ཚོགས་དང་བྱམས་སེམས་སྙིང་རྗེ་ཆེན་པོའི་ངང་ནས་གནད་དོན་ཐག་གཅོད་ཡག་པོ་མཛད་ནུས་པས། དུས་རབས་ཞིག་གི་འཕགས་མཆོག་དམ་པ་རུ་གྱུར་བར་ངོ་གནོངས་མི་དགོས་པ་རེད།།

      དྲུག་པ། རྒྱལ་ཕན་དམངས་ཕན་དང་རྒྱལ་གཅེས་རིང་ལུགས་ཀྱི་ཐུགས་དགོངས་ནམ་མཁའ་ཡང་བ་ལྟ་བུའི་སྐོར།

      མཚོ་སྔོན་བཅིངས་བཀྲོལ་བྱས་རྗེས་རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་གིས་ཧུར་ཐག་གིས་ཏང་དང་སྲིད་གཞུང་ལ་རྒྱབ་བསྟེན་བྱས་ཏེ། ཧུར་ཐག་གིས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་དང་། གསར་བརྗེ་བྱ་བར་ཞུགས་ནས་སྔན་གཞུག་ཏུ་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་འཐུས་མི་དང་། སྲིད་གྲོས་མཚོ་སྔོན་ཞིང་ཆེན་ལྷན་ཁང་གི་ཨུ་ཡོན། རྒྱུན་ལས་ཨུ་ཡོན། ཀྲུའུ་ཞི་གཞོན་པ། ཀྲུང་གོའི་ནང་བསྟན་ལྷན་ཚོགས་ཀྱི་རྒྱུན་ལས་ལིས་ཧྲི་སོགས་ལ་འདམས་ཐོན་བྱུང་བ་ཡིན། 1949ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་ས་གནས་ཕལ་ཆེར་ལ་བཅིངས་བཀྲོལ་ཐོབ་ཟིན་པ་ཡིན་ཞིང་། བོད་ལྗོངས་ཞི་བའི་བཅིངས་འགྲོལ་བྱེད་ཆེད་ཀྲུང་དབྱང་གིས་ནུབ་བྱང་དང་ནུབ་ལྷོ་ས་ཁུལ་ནས་བོད་ལྗོངས་སུ་མཚན་སྙན་ངེས་ཅན་ཡོད་བའི་ཆོས་ལུགས་ཁག་གི་རྒྱལ་གཅེས་གོང་གྲོས་མི་དྲག་འདམས་ནས་ཞི་བདེ་གྲོས་མོལ་སྐུལ་སྤེལ་འཐུས་ཚབ་ཚོགས་པ་རྩ་འཛུགས་བྱས་ཏེ། བོད་ལྗོངས་སུ་མངགས་ནས་བོད་ལྗོངས་ས་གནས་སྲིད་གཞུང་ལ་གྲོས་མོལ་བྱེད་ཅིང་། ཁོ་ཚོས་འཐུས་ཚབ་མངགས་ནས་པེ་ཅིན་ལ་ཡོང་དགོས་པ་དང་། ཀྲུང་དབྱང་མི་དམངས་སྲིད་གཞུང་ལ་གྲོས་མོལ་བྱས་ནས་བོད་ལྗོངས་ཞི་བའི་བཅིངས་འགྲོལ་བྱེད་དགོས་པར་བཀོད་སྒྲིག་མཛད་པར་བྱས། དེ་བས་རོང་བོ་༧ཤར་སྐྱབས་མགོན་སྐུ་ཕྲེང་རིམ་བྱོན་ལ་བོད་ལྗོངས་སུ་ཐོབ་ཐང་དང་མཚན་སྙན་གྲགས་ངེས་ཅན་ཡོད་ཅིང་། ཡབ་རྗེ་ཤར་སྐྱབས་མགོན་སྐུ་ཕྲེང་རིམ་བྱོན་གྱི་གྲོས་སུ་བོད་ལྗོངས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་དགེ་བཤེས་ཀྱི་ཐོབ་ཐང་བླངས་མྱོང་པ་མ་ཟད། དགའ་ལྡན་གསེར་ཁྲིར་མངའ་གསོལ་ཞིང་། ཡང་ན་བོད་ལྗོངས་ས་གནས་སྲིད་གཞུང་གི་མཁན་ཐོབ་བླངས་མྱོང་མཁན་ཀྱང་ཡོད་པས། ༧ཡབ་རྗེ་ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་བདུན་པ་ཆེན་པོ་༧རྗེ་བཙུན་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོ་དཔལ་བཟང་པོ་ནི་འཐུས་ཚབ་ཚོགས་པར་ཧ་ཅང་འོས་པའི་ཁོངས་མི་ཅིག་ཏུ་གྱུར། 1950ལོའི་ཟླ2པར་ནུབ་བྱང་དམག་སྲིད་ཨུ་ཡོན་ལྷན་ཁང་གིས་སྐུ་འབུམ་བྱམས་པ་གླིང་གི་ཨ་ལགས་སྟག་ཚེཏཱ་ལའི་བླ་མའི་སྐུ་སྤུནམངགས་ནས་འཐུས་ཚབ་ཐོག་མར་བཀོད་སྒྲིག་བྱས་ཤིང་། ཡབ་རྗེ་ཤར་སྐྱབས་མགོན་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོ་དང་། རྟ་ཐང་རྫོང་གསེར་ཁོག་དགོན་དགའ་ལྡན་དམ་ཆོས་གླིང་གི་ནོ་མོན་ཧན་ངག་བཟང་འཕྲིན་ལས་རྒྱ་མཚོའཐུས་ཚབ་ཏུ་བཀོད་སྒྲིག་བྱས་ཤིང་། དགེ་ལེགས་རྒྱ་མཚོ་དྲུང་ཆེན་ལ་བཀོད་སྒྲིག་བྱས་པ། ནུབ་བྱང་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་ཁྲི་བཞུ་རོས་དྲུང་ཡིག་གི་འགན་ཁུར་པ་སོགས་བོད་ལྗོངས་སུ་བསྐྱོད་པའི་ཞི་བདེ་གྲོས་མོལ་སྐུལ་སྤེལ་འཐུས་ཚབ་ཚོགས་པ་ལྷ་སར་ཆས་ཤིང་། གློག་འཕྲིན་འཕྲུལ་ཆས་གཅིག་དང་དྲག་ཆས་སྐུ་སྲུང་རུ་ཁག་ཅིག་ཀྱང་བཀོད་སྒྲིག་བྱས་ཏེ་ལྷན་ཅིག་ཏུ་ལམ་ལ་ཆས་སོ།།

      འཐུས་ཚབ་ཚོགས་པ་ལམ་དུ་ཆས་ཁར་སྤྱི་ཁྱབ་དམག་དཔོན་ཆེན་མོ་ཕུན་ཏེ་ཧོས་ཆེད་དུ་དམིགས་ནས་ཟི་ལིང་ལ་ཕེབས་ཏེ། འཐུས་ཚབ་ཚོགས་པའི་ཁོངས་མི་གཙོ་བོ་རྣམས་ལ་མཇལ་འཕྲད་གནང་ཞིང་། ཏང་ཀྲུང་དབྱང་དང་མི་དམངས་སྲིད་གཞུང་གིས་བོད་ལྗོངས་ཞི་བའི་བཅིངས་འགྲོལ་བྱེད་དགོས་པའི་སྐོར་གྱི་བྱེད་ཕྱོགས་དོན་ཚན་བཅུ་ཐམ་པ་དང་བོད་ལྗོངས་སུ་བསྐྱོད་པའི་ལས་འགན་ཐད་བྱེ་བྲག་གི་བཀོད་སྒྲིག་བྱས་ཏེ། དུས་ངེས་ཅན་ཞིག་གི་སྟ་གོན་གང་ལེགས་བརྒྱུད་ནས་འཐུས་ཚབ་ཚོགས་པ་ལོ་དེའི་ཟླ་བ་བདུན་པར་ལམ་དུ་ཆས་མགོ་བརྩམས། འཐུས་ཚབ་པ་རྣམས་རིམ་བཞིན་རོང་བོ་དགོན་ཆེན་དང་། ཟི་ལིང་། སྐུ་འབུམ། གསེར་ཁོག་སོགས་ནས་ཆས་ཏེ་པཎ་ཆེན་ཤིང་སྡེར་ལྷན་འཛོམས་བྱུང་པ་རེད། འཐུས་ཚབ་ཚོགས་པའི་ཁོངས་མི་རྣམ་པ་ལྷན་ཅིག་ཏུ་འཛོམས་རྗེས། ཀྲུང་དབྱང་གི་བྱེད་ཕྱོགས་དོན་ཚན་བཅུ་ཐམ་པ་ལ་སྔར་ལས་ལྷག་པས་སློབ་སྦྱོང་བྱས་པ་དང་། བོད་ལྗོངས་སུ་བསྐྱོད་པའི་དོན་སྙིང་གལ་ཆེན་གསལ་བོར་བྱས་པ་མ་ཟད་ཚང་མས་བསམ་བློའི་སྟེང་ནས་སྟ་གོན་གང་ལེགས་བྱས་ཏེ། དཀའ་ངལ་སྣ་ཚོགས་སེལ་ནས་ཀྲུང་དབྱང་གིས་སྤྲད་པའི་ལས་འགན་ཁྱད་པར་བ་འདི་ལེགས་འགྲུབ་བྱེད་དགོས་པའི་བླངས་བྱ་བཏོན་པ་རེད། དེ་བས་འཐུས་ཚབ་ཚོགས་པ་དངོས་སུ་ལམ་དུ་ཆས་ཏེ། བྲག་དཀར་རྫོང་ལ་སླེབས་དུས་སུ་ཨ་ལགས་སྟག་ཚེ་དང་རོང་བོ་ཤར་སྐྱབས་མགོན་༧བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོ་རྣམ་གཉིས་བྲག་དཀར་སྤེལ་རྫོང་དགོན་པར་ཆེད་དུ་དམིགས་ནས་རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་ལ་ཞལ་མཇལ་གནང་བར་ཕེབས་ཏེ། ཁོང་ལ་བློ་གྲོས་དང་ནོར་ཤུགས་ཟུང་གི་ཕྱོགས་སུ་རམ་འདེགས་གནང་དགོས་པར་ཞུས་པས། རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་གིས་བོད་ལྗོངས་སུ་བསྐྱོད་པའི་འཐུས་ཚབ་ཚོགས་པར་རྒྱབ་སྐྱོར་ཆེན་པོ་གནང་པ་མ་ཟད། ཁོང་རྣམ་པར་ཐུགས་སེམས་རབ་ཏུ་དཀར་པོའི་དགོངས་འཆར་བཏོན་པ་དང་། འཐུས་ཚབ་ཚོགས་པའི་དཀའ་ངལ་སེལ་ཕྱིར་དམངས་སྒོར་ལྔ་སྟོང་དང་། རྟ་དྲེལ་བཅུ་ཐམ་པ། མཛོ་བཅུ་ཐམ་པ་སོགས་རོགས་སྐྱོར་གནང་ནས་བོད་ལྗོངས་སུ་བསྐྱོད་པའི་ལམ་ཁ་ནས་བཀོལ་སྤྱོད་བྱེད་དགོས་པར་ཕུལ། ཁོང་ཨ་རོལ་རྡོ་རྗེ་འཆང་གིས་གལ་འགངས་ཆེ་ཞིང་ཁྱད་པར་དུ་འཕགས་པའི་ལས་འགན་འདི་འདྲ་ལ་རྒྱབ་རོགས་གནང་བ་ནི་ཕྱོགས་གཅིག་ནས་ཁོང་གིས་གུང་ཁྲན་ཏང་གི་འགོ་ཁྲིད་ལ་སྙིང་ཐག་པ་ནས་གོང་བགུར་བྱས་ཏེ། ནུས་ཤུགས་གང་འཛོམས་ཀྱིས་མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་ཆེན་པོར་རྒྱབ་རོགས་གནང་བ་དང་། ཕྱོགས་གཞན་ཞིག་ནས་ཁོང་ཨ་རོལ་རྡོ་རྗེ་འཆང་ནི་ཡབ་རྗེ་ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་བདུན་པ་ཆེན་པོ་༧རྗེ་བཙུན་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོ་མཆོག་གི་ཡོངས་འཛིན་ཡིན་པས། ཤར་སྐྱབས་མགོན་སྐུ་ཕྲེང་དྲུག་པ༧རྗེ་བཙུན་སྐལ་ལྡན་བསྟན་པའི་རྒྱལ་མཚན་མཆོག་གི་དགོངས་པ་ཆོས་དབྱིངས་སུ་བྱོན་རྗེས། སྐུ་ཕྲེང་བདུན་པ་ཆེན་པོ་ད་རུང་གསེར་ཁྲིར་མངའ་གསོལ་མ་བྱས་གོང་ལ་ཁོང་ཨ་རོལ་རྡོ་རྗེ་འཆང་གིས་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་གི་གསེར་ཁྲིར་བཞུགས་ཏེ་ཆོས་སྡེ་ཆེན་པོ་འདིར་བདག་སྐྱོང་གང་ལེགས་མཛད་ཅིང་། སྐུ་དངོས་སུ་སྤྲུལ་སྐུ་འཚོལ་བ་དང་། ཐུགས་ཐག་གཅོད་པ། གསེར་ཁྲིར་མངའ་གསོལ་བའི་གོ་རིམ་གལ་ཆེན་ཡོངས་སུ་དབུ་འཛིན་མཛད་པས། ཡབ་རྗེ་ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་བདུན་པ་ཆེན་པོར་ཐུགས་རྗེ་སྤྱན་གྱིས་གཟིགས་ནས་འཚར་ལོངས་བྱུང་པ་རེད། ཐེངས་འདིར་ས་ཐག་རྒྱང་རིང་ལ་ཕེབས་དགོས་པའི་སྐབས་སུ་ཁོང་ཨ་རོལ་རྡོ་རྗེ་འཆང་གིས་ཐུགས་དགོངས་ཟབ་མོས་ཤར་སྐྱབས་མགོན་རིན་པོ་ཆེ་བོད་ལྗོངས་སུ་ཕེབས་ཤུལ་ནས་ཀྱང་རོང་བོ་དགོན་ཆེན་གྱི་ཆོས་སྲིད་ཟུང་གི་དོན་ཆེན་ལ་ཁོང་གིས་སྐུ་དངོས་སུ་སྤྱན་གྱིས་གཟིགས་ཏེ་སྙན་གྱིས་གསན་ནས་བདག་སྐྱོང་གང་ལེགས་མཛད་ངེས་ཡིན་པས། ཤར་སྐྱབས་མགོན་ཆེན་པོས་རྒྱབ་ཕྱོགས་གྱི་ཁུར་བོ་བསྐྱུར་ཏེ་ཐུགས་སེམས་གཅིག་སྒྲིལ་གྱིས་བོད་ལྗོངས་སུ་ཕེབས་ནས་ཏང་ཀྲུང་དབྱང་གིས་སྤྲད་པའི་ཕྱག་འགན་ལེགས་འགྲུབ་ཡོང་དགོས་ཞེས་གསུངས། དོན་དངོས་ལས་ར་སྤྲོད་བྱུང་བ་ལྟར་ན་རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་གིས་ཤར་སྐྱབས་མགོན་བདུན་པ་ཆེན་པོར་བཅིངས་པའི་ཐུགས་དགོངས་སྟོང་ཟད་དུ་མ་བཏང་པར་ཁོང་རྣམ་པ་ལྷ་སར་བྱོན་རྗེས་ཧུར་ཐག་གིས་ཞི་བདེ་གྲོས་མོལ་སྐུལ་སྤེལ་གྱི་ཕྱག་ལས་སྣ་ཚོགས་རང་འགུལ་གྱིས་སྒྲུབ་པར་མཛད། རྩེ་པོ་ཏ་ལ་ནས་ཏཱ་ལའི་བླ་མར་འཇལ་འཕྲད་གནང་སྐབས་ཤར་སྐྱབས་མགོན་བདུན་པ་ཆེན་པོས་འཐུས་ཚབ་ཚོགས་པའི་ཀྲུང་དབྱང་མི་དམངས་གཞུང་གིས་བཀའ་མངགས་དང་ལེན་བྱས་ཏེ། བོད་ལྗོངས་སུ་ཞི་བདེ་གྲོས་མོལ་སྐུལ་སྤེལ་བྱེད་པར་ཡོང་པའི་ལས་འགན་ཞུས་པ་དང་། ཏཱ་ལའི་བླ་མར་མཁྱེན་རྒྱ་ཡང་བའི་ངང་ནས་དོན་ཆེན་འདི་དག་ལ་ཐུགས་སེམས་ཡག་པོ་བཏང་ནས་མངོན་པར་མཁྱེན་དགོས་ཤིང་། མགྱོགས་མྱུར་གྱིས་ཞི་བའི་གྲོས་མོལ་བྱེད་པའི་སྐུ་ཚབ་པེ་ཅིན་ལ་མངགས་ཏེ། སྔ་མོ་ནས་རྒྱལ་ཡོངས་མི་དམངས་ཀྱིས་བོད་ལྗོངས་ཞི་བའི་བཅིངས་འགྲོལ་བྱས་ནས་མེས་རྒྱལ་གཅིག་གྱུར་ཡོང་པའི་རེ་བཞག་མངོན་འགྱུར་བྱེད་དགོས་པར་ཐུགས་དགོངས་དག་པས་རེ་བ་ཞུས། ཕྱིས་སུ་ཤར་སྐྱབས་མགོན་བདུན་པ་ཆེན་པོ་སོགས་བོད་ལྗོངས་ཀྱི་ཆོས་སྡེ་ཆེན་པོ་སོ་སོར་ཐེངས་མང་པོར་ཕེབས་ཏེ། ཕྱོགས་སོ་སོའི་བླ་དཔོན་མི་དྲག་རྣམས་ལ་ཀྲུང་དབྱང་གིས་བོད་ལྗོངས་ཞི་བའི་བཅིངས་འགྲོལ་བྱེད་དགོས་པའི་སྐོར་གྱི་བྱེད་ཕྱོགས་དོན་ཚན་བཅུ་ཐམ་པ་དྲིལ་བསྒྲགས་བྱས་ཏེ། ཕྱོགས་སོ་སོའི་བླ་དཔོན་མི་དྲག་རྣམས་ཀྱིས་བོད་ལྗོངས་ཞི་བའི་བཅིངས་འགྲོལ་བྱེད་པར་སྟོབས་ཤུགས་འདོན་དགོས་པའི་སྐུལ་སློང་གནང་པ་རེད། ཏང་ཀྲུང་དབྱང་གི་ཡང་དག་ལྡན་པའི་འགོ་ཁྲིད་དང་ཕྱོགས་སོ་སོའི་རྒྱལ་གཅེས་སྔོན་ཐོན་སྟོབས་ཤུགས་ཀྱིས་ཧུར་ཐག་གིས་འབད་བརྩོན་བྱས་པར་བསྟེན་བོད་ལྗོངས་ས་གནས་སྲིད་གཞུང་གིས་པེ་ཅིན་ལ་སྐུ་ཚབ་མངགས་ནས་བོད་ལྗོངས་ཞི་བའི་བཅིངས་འགྲོལ་བྱེད་དགོས་པར་གྲོས་མོལ་བྱས་པ་མ་ཟད། 1951ལོའི་ཟླ5བའི་ཚེས23ཉིན་ལ་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ལྗོངས་ས་གནས་སྲིད་གཞུང་གིས་བོད་ལྗོངས་ཞི་བའི་བཅིངས་འགྲོལ་བྱེད་དགོས་པའི་བྱེད་ཐབས་སྐོར་གྱི་གྲོས་མོལ་ཡི་གེལ་པེ་ཅིན་ནས་དངོས་སུ་མིང་རྟགས་བཀོད་པ་རེད། དེ་བས་འཐུས་ཚབ་ཚོགས་པས་དཀའ་བ་འབུམ་ཕྲག་སྤྱད་ནས་བོད་ལྗོངས་ཞི་བའི་བཅིངས་འགྲོལ་བྱེད་དགོས་པར་ཕྱག་རྗེས་ངེས་ཅན་མཛད་པ་རེད།།

     1951ལོར། རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་དགུང་གྲངས་དྲུག་ཅུ་རེ་གསུམ་སྟེང་ནས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ༧བློ་བཟང་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་ལ་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་མའོ་ཀྲུའུ་ཞིས་གདན་འདྲེན་གནང་བ་བཞིན་ཐེངས་པོར་པེ་ཅིན་དུ་ཕེབས་ནས་མའོ་ཀྲུའུ་ཞིས་མཇལ་འཕྲད་གནང་པ་ཡིན་པས། ཀྲུང་དབྱང་གི་གཙོ་འཛིན་རྣམ་པ་དང་རྒྱལ་སའི་ཕྱོགས་རིགས་སོ་སོའི་མང་ཚོགས་ཀྱིས་ལྷག་བསམ་འཁོལ་བའི་ངང་ནས་དགའ་བསུ་ཐོབ་ཅིང་། པཎ་ཆེན་རིན་པོ་ཆེའི་མཁན་པོ་ཐེན་གྱི་དཔོན་རིགས་དང་སྐུ་རྗེས་སུ་དེད་པའི་མི་སྣ་ཡོངས་ལ་ལྷག་བསམ་རྣམ་པར་དག་པས་སྣེ་ལེན་གཟབ་རྒྱས་བྱས། ད་རུང་སྐུ་ན་ཕྲ་བའི་པཎ་ཆེན་རིན་པོ་ཆེ་དང་ཁོང་གི་ཡོངས་འཛིན་སྐུ་གཞོགས་རྒྱ་ཡག་༧བློ་བཟང་བསྟན་པའི་རྒྱལ་མཚན། ང་ཕོ་ངག་དབང་འཇིགས་མེད་རྣམ་པ་གསུམ་ལ་མའོ་ཀྲུའུ་ཞིས་ཆེད་དུ་ཐུགས་ཁུར་གནང་སྟེ་ཀྲུང་ནན་ཧེ་རུ་མཛའ་བརྩེ་ལྡན་པའི་ངང་ནས་ཞལ་བརྡ་གནང་བ་རེད། ཕྱིས་སུ་པཎ་ཆེན་རིན་པོ་ཆེ་འཁོར་དང་བཅས་པར་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པ་ལྟར་འབྲི་ཆུའི་ལྷོ་རྒྱུད་ས་གནས་སོ་སོར་གཟིགས་སྐོར་འཚམས་འདྲི་གནང་པར་ཕེབས་པ་དང་། གར་ས་གང་ཕེབས་སུ་ས་གནས་ཁག་གི་འགོ་ཁྲིད་པ་དང་ནང་བསྟན་ཆོས་ལུགས་ཁག་གི་དད་ལྡན་མང་ཚོགས་ཀྱིས་ལྷག་བསམ་རྣམ་པར་དག་པས་དགའ་བསུ་ཐོབ། གཟིགས་སྐོར་འཚམས་འདྲི་མཇུག་རྫོགས་རྗེས་1951ལོའི་ཟླ་6པའི་ཚེས་24ཉིན་པཎ་ཆེན་རིན་པོ་ཆེ་འཁོར་དང་བཅས་པ་པེ་ཅིན་ནས་ཕྱིར་ཟི་ལིང་ལ་ཕེབས། ཟི་ལིང་ལ་ཕེབས་སྐབས་ཞིང་ཆེན་ཏང་ཨུས་དང་ཞིང་ཆེན་སྲིད་གཞུང་ཡང་ན་ཕྱོགས་རིགས་སོ་སོའི་འཐུས་ཚབ་ཀྱིས་ཟི་ལིང་མཁར་གྱི་ཕྱི་རོལ་དུ་སོང་ནས་ལྷག་བསམ་འཁོལ་བའི་ངང་ནས་དགའ་བསུ་བྱས། དེའི་ཕྱི་ཉིན་པཎ་ཆེན་རིན་པོ་ཆེ་སྐུ་འབུམ་བྱམས་པ་གླིང་ལ་ཕེབས་ནས་སྐུ་ངལ་ཅུང་ཙམ་གསོས་ཏེ་བོད་ལྗོངས་སུ་བསྐྱོད་པར་རེ་སྒུགས་གནང་བར་མཛད་པ་རེད།།

      ནུབ་བྱང་ཅུས་པཎ་ཆེན་ཨུ་ཡོན་ལྷན་ཁང་ལ་བཀོད་སྒྲིག་ཞིབ་མོ་བྱས་ཏེ། ཕྱིར་བོད་ལྗོངས་སུ་ཕེབས་པའི་མཁོ་སྤྲོད་སྒྲིག་གཞི་སྟ་གོན་བྱས་ཤིང་། ལས་བྱེད་མི་སྣ་དང་སྐུ་སྲུང་རུ་ཁག་སྦྱོང་རྡར་བྱེད་སྐབས་སུ་གཙང་བཀྲ་ཤིས་ལྷུན་པོའི་དགེ་འདུན་པ་ཡོངས་ཀྱིས་ཚ་ཚ་འུར་འུར་དང་ལྷག་བསམ་རྣམ་པར་དག་པའི་ངང་ནས་པཎ་ཆེན་རིན་པོ་ལ་གདན་འདྲེན་ཞུས་ཤིང་། དེ་ནས་ཅུང་མ་འགོར་པར་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བས་གློག་འཕྲིན་བཏང་ནས་པཎ་ཆེན་རིན་པོ་ཆེ་ལ་མྱུར་བ་མྱུར་དུ་བོད་ལྗོངས་གཙང་བཀྲ་ཤིས་ལྷུན་པོར་ཕྱིར་ཕེབས་པའི་ཐུགས་འདུན་གསུངས་པ་འབྱོར། ཏཱ་ལའི་བླ་མས་གློག་འཕྲིན་བཏང་བ་ལས་ལོ་འཁོར་ཉེར་དགུའི་རིང་ལ་ལོ་རྒྱུས་དང་དོན་དངོས་ཐོག་ཏུ་ཁོང་རྣམ་པ་གཉིས་བར་གྱི་འགལ་ཟླ་དང་ཐབས་སྡུག་གི་རྣམ་པ་མཇུག་རྫོགས་པ་ཡོངས་སུ་མཚོན་འདུག།

      ཀྲུང་དབྱང་གིས་པཎ་ཆེན་རིན་པོ་ཆེར་ཕྱག་སྟོན་གནང་པ་ལྟར་བོད་ལྗོངས་སུ་བསྐྱོད་པའི་དུས་སྐབས་འོས་འཚམས་ཞིག་ལ་བསྒུགས་ཡོད་པའི་སྐབས་སུ་ལོ་དེའི་ཟླ་དགུ་པར་པཎ་ཆེན་རིན་པོ་ཆེས་སྐུ་འབུམ་བྱམས་པ་གླིང་ནས་གཟབ་རྒྱས་དང་མཆོག་ཏུ་གྱུར་བའི་དུས་འཁོར་དབང་ཆེན་ཐེངས་དང་པོས་བཀའ་དྲིན་བསྩལ་བ་རེད། རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་གིས་མཁྱེན་མ་ཐག་ཏུ་སྐུ་འབུམ་བྱམས་པ་གླིང་ལ་ཕེབས་ནས་པཎ་ཆེན་རིན་པོ་ཆེར་ཞལ་མཇལ་གནང་ཞིང་དུས་འཁོར་དབང་ཆེན་གྱི་མཛད་སྒོར་ཡོངས་སུ་གསན་པ་རེད། ཁོང་རྡོ་རྗེ་འཆང་གིས་པཎ་ཆེན་རིན་པོ་ཆེར་གསོལ་ཇ་དང་། འབྲུ་རིགས་སྣ་ལྔ། མར་དང་ཆུར་བ་སོགས་ཕུན་སུམ་ཚོགས་པའི་ཞབས་ཏོག་ཕུལ་བ་མ་ཟད། པཎ་ཆེན་རིན་པོ་ཆེ་དང་ལྷན་ཅིག་ཏུ་ཆུ་ཚོད་དུ་མའི་རིང་ལ་མཛའ་བརྩེ་ལྡན་པའི་ཞལ་བརྡ་གནང་པ་རེད། རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་གིས་པཎ་ཆེན་རིན་པོ་ཆེས་བོད་ལྗོངས་སུ་ཕྱིར་ཕེབས་པར་སྟ་གོན་བྱེད་བཞིན་པ་མཁྱེན་ནས། བོད་ལྗོངས་སུ་ཕྱིར་ཕེབས་ན་རྫ་རི་མཐོ་ལ་ལམ་ཐག་རིང་ཞིང་། མཁའ་དབུགས་ཀྱང་ཧ་ཅང་མི་ལེགས་པ་དང་། ད་རུང་བསམ་ཡུལ་ལས་འདས་ཤིང་ཚོད་དཔག་མི་ཐུབ་པའི་རྒྱུ་རྐྱེན་ཧ་ཅང་མང་པོ་འབྱུང་སྲིད་པས། ཁོང་ཨ་རོལ་རྡོ་རྗེ་འཆང་གིས་ཀྱང་1941ལོར་དགུང་གྲངས་ལྔ་བཅུ་ང་གསུམ་ཐོག་ཏུ་སྟ་གོན་གང་ལེགས་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། ད་གཟོད་སྟོད་ཉི་མའི་ལྷ་སར་ཕེབས་ཏེ་མཇལ་ཕྱག་མཛད་པའི་བརྒྱུད་རིམ་འདུག་ཅིང་། འདི་ལྟར་སྐུ་དངོས་སུ་བརྒྱུད་མྱོང་བའི་གནས་ཚུལ་ལ་ཁོང་རྡོ་རྗེ་འཆང་ལ་མཚོན་ན་ཉམས་མྱོང་ཟབ་མོ་འདུག་པས། པཎ་ཆེན་རིན་པོ་ཆེར་བོད་ལྗོངས་སུ་ཕྱིར་ཕེབས་པའི་ལམ་ཁ་ནས་རང་ཉིད་ལ་བདག་སྐྱོང་ཡག་པོ་གནང་དགོས་པར་ཞུས་ཤིང་། ལམ་ཐག་ཧ་ཅང་རིང་བའི་གནས་ཚུལ་ལ་ཐུགས་དགོངས་བཏང་ནས། ཁོང་ཨ་རོལ་རྡོ་རྗེ་འཆང་གིས་རང་ནུས་གང་ཡོད་བཏོན་ནས་པཎ་ཆེན་རིན་པོ་ཆེ་ལ་བོད་ལྗོངས་སུ་ཕྱིར་ཕེབས་པའི་ལམ་ཁ་རུ་དགོས་གཏུགས་ཆེ་བའི་རྟ་མཆོག་50དང་། སྒ་ཆ་དང་བཅས་པའི་ཁལ་མཛོ་100ཕུལ་ནས་ལམ་ནས་བེད་སྤྱོད་བྱེད་དགོས་པར་ཞུས། པཎ་ཆེན་རིན་པོ་ཆེས་ཁོང་ཨ་རོལ་རྡོ་རྗེ་འཆང་གིས་འདི་འདྲའི་ལྷག་བསམ་རྣམ་དག་གིས་རྒྱུ་ནོར་རོགས་སྐྱོར་གནང་པར་བཀའ་དྲིན་ཞུ་ཆེད། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དགུ་བས་ནང་ལོག་ནས་ཕྱིར་བོད་ལྗོངས་སུ་ཕེབས་ཁར་སྤྱན་དྲངས་པའི་སངས་རྒྱས་སྟོང་སྐུའི་ནང་ནས་སྐུ་གཅིག་ཆེད་དུ་དམིགས་ནས་རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་ལ་ཕུལ་ཏེ། མ་འོངས་པར་བྲག་དཀར་སྤྲེལ་རྫོང་དགོན་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་ཕྱག་འདེབས་མཛད་པའི་རྟེན་སྐལ་བྱིན་ཅན་དུ་གྱུར་ཏོ། ཕྱིས་སུ་རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་གིས་པཎ་ཆེན་རིན་པོ་ཆེས་ཐུགས་དགོངས་ལྟར། རིན་པོ་ཆེ་རྣམ་གཉིས་ཀྱི་མཛའ་བརྩེ་མཚོན་ཞིང་ཁྱད་པར་དུ་འཕགས་པའི་སྟོན་པའི་སྐུ་འདི་བྲག་དཀར་སྤྲེལ་རྫོང་དགོན་པར་སྤྱན་དྲངས་ཏེ། རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་གིས་སྐུ་དངོས་སུ་ཕྱག་འདེབས་མཛད་པའི་དགོན་པའི་ནང་རྟེན་གལ་འགངས་ཆེ་བའི་གྲོས་སུ་མཆོད་བཀུར་ཕུན་སུམ་ཚོགས་པ་བྱས་སོ།།

       བདུན་པ། སྲིད་གཞུང་ལ་རམ་འདེགས་མཛད་ནས་མཚོ་སྔོན་བཅིངས་བཀྲོལ་བྱས་ཏེ། ཧུར་ཐག་གིས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་བྱས་པའི་སྐོར།

      1949ལོར་མཚོ་སྔོན་བཅིངས་བཀྲོལ་བྱས་པའི་སྔོན་ལ་རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་གིས་སྤྲུལ་བའི་བྱང་སེམས་དཔའ་ཆེན་པོས་མཚན་ལེགས་བཀོལ་ནས་བོད་རིགས་ཚོ་ཁག་གང་མང་གི་དཔོན་པོ་དང་ཆོས་ལུགས་གོང་གྲོས་མི་དྲག་ལ་རྒྱལ་ཡོངས་བཅིངས་འགྲོལ་བྱེད་པར་སྔོན་བསུ་བྱས་པ་དང་། མེས་རྒྱལ་གཅིག་གྱུར་ཡོང་པར་སྲུང་སྐྱོང་བྱེད་དགོས་པའི་གསལ་འདེབས་མཛད། 1950ལོར་རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་གིས་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་གཞོན་པ་སོགས་ཀྱི་ཕྱག་འགན་བཞེས་རྗེས། ཁོང་རྡོ་རྗེ་འཆང་གིས་ནུས་ཤུགས་གང་ཡོད་བཏོན་ནས་མཚོ་སྔོན་བཅིངས་འགྲོལ་དང་། འབྲོག་ཕྱོགས་ཀྱི་མི་སེམས་བདེ་ལ་བཀོད་ནས་རྩྭ་ཐང་གི་འཛུགས་སྐྲུན་གོམ་པ་ཇེ་མགྱོགས་སུ་གཏོང་པ་སོགས་ལ་ཕྱག་རྗེས་གང་ལེགས་མཛད། 1951ལོར་བྲག་དཀར་རྫོང་གི་རྒྱ་བཟའ་ཚོ་ཁག་སོགས་འབྲོག་པ་མང་ཚོགས་ཀྱིས་ཏང་གི་སྲིད་ཇུས་ལ་གོ་བ་མ་ལོན་པར་གཞན་དབང་གི་ངན་སྐུལ་ཐེབ་ནས་རྫ་གསང་དུ་བྲོས་ནས་བསྐུང་ཞིང་ཟླ་བ་འགའ་རེར་རང་ཡུལ་དུ་ཡོང་མི་ཕོད་པར་གྱུར་ཞིང་། ཁོ་ཚོས་རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་ལ་གསང་ཐབས་ཀྱིས་མཇལ་ནས་ལུང་བསྟན་དང་ཕྱག་མོ་གཟིགས་དགོས་པར་ཞུས། ཁོང་ཨ་རོལ་རྡོ་རྗེ་འཆང་གིས་ཁོ་ཚོ་ལཁ་འཁྲུག་གཏམ་ངན་ལ་ཡིད་ཆེས་བྱེད་མི་རུང་ཞིང་རྒྱ་བཟའ་ཚོ་ཁག་ལ་དོན་རྐྱེན་མི་ལེགས་པ་གཏད་ནས་འབྱུང་མི་སྲིདཅེས་གསུངས་པ་མ་ཟད། ཁོ་ཚོར་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཐུགས་དགོངས་ཞིབ་མོས་འགྲེལ་བཤད་གནང་པ་དང་། མང་ཚོགས་ཀྱི་ཡིད་སེམས་བདེ་ལ་བཀོད་པར་རོགས་རམ་མཛད་ཅིང་། རི་མགོ་ནས་ཕྱིར་རང་ཡུལ་དུ་ཡོང་ནས་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བ་རོལ་དུ་བཅུག 1952ལོར་རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་གིས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་འཚམས་འདྲི་ཚོགས་པའི་སྣེ་ཁྲིད་ནས་དགུ་རོང་རྒྱལ་སྲས་ཆོས་ཀྱི་བློ་གྲོསཕྱིས་སུ་ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་གཞོན་པསོགས་དང་ལྷན་ཅིག་ཏུ་བན་ཀྱཱ་བོང་སྟག་བརྒྱུད་ནས། རོང་བོ་བློན་ཆོས་ཕྱོགས་སུ་འཚམས་འདྲི་གནང་པར་ཕེབས། འཚམས་འདྲི་ཚོགས་པ་གར་ཐོན་གང་སླེབས་སུ་ཧུར་ཐག་གིས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་བྱས་ཤིང་། མི་རིགས་གོང་གྲོས་མི་དྲག་རྣམས་ལ་ལེགས་སྐྱེས་གནང་བ་དང་། འབྲོག་པ་དབུལ་བོ་རྣམས་ལ་མུག་སྐྱོབ་གནང་བ་སོགས་བྱ་འགུལ་སྣ་ཚོགས་བརྒྱུད་ནས་མཐུན་སྒྲིལ་བརྩོན་ལེན་བྱ་བ་ལེགས་པར་མཛད་པས། ས་གནས་དེ་དག་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དགའ་བསུ་ཆེན་པོ་ཐོབ། ལོ་དེར་ཀྲུང་གོ་གསར་བ་དབུ་བརྙེས་ནས་ཅུང་མ་འགོར་བར་བོགས་ཆག་སྐྱེད་ཆག་དར་སྤེལ་གཏོང་བའི་འགུལ་སྤྱོད་ནང་དུ་རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་གིས་ཏང་གི་སྲིད་ཇུས་ནང་དོན་གསལ་བོར་མཁྱེན་པ་མ་ཟད་ཧུར་ཐག་སྒོས་མ་བསྐུལ་རང་འགུལ་གྱིས་རང་སྟེང་གི་འཚོ་བ་དངོས་ཀྱི་ཕྱོགས་སུ་སྲིད་ཇུས་ལག་ལེན་དུ་བསྟར་བ་ཡིན། ཁོང་རྡོ་རྗེ་འཆང་གིས་སྣེ་དྲངས་ནས་རང་གི་ནང་ཆེན་གྱི་བོགས་སྡུད་ཚད་གཞི་ཇེ་ཉུང་དུ་བཏང་ཞིང་། སྟག་གཡག་དང་། ན་རྒན། སེང་ལྡེང་། ར་ཆགས་རྐེད་སོགས་མཐའ་བ་རུ་ཞིང་ས་མུའུ་240ལྷག་ཙམ་ཡོད་པ་ཚང་མ་ཞིང་བ་དབུལ་བོ་རྣམས་ལ་རིན་གོང་མེད་པར་བགོས་ནས་གནང་སྦྱིན་མཛད་པས། ཞིང་ཆེན་ཡོངས་སུ་ས་ཞིང་བཅོས་སྒྱུར་འགུལ་སྤྱོད་བདེ་ལེགས་སུ་དར་སྤེལ་བྱེད་པར་འཆིང་རྒྱ་དང་གནོན་ཤུགས་མི་ཉུང་བ་ཞིག་ཇེ་ཉུང་དུ་བཏང་ཞིང་། སྣེ་ཁྲིད་དང་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་མཛད་ནས། ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ཁག་དང་ཚོ་དཔོན་རྣམས་ཀྱི་དཔེ་མཚོན་དུ་གྱུར་བའི་མིག་དཔེ་ཡག་པོ་བསྟན་ནོ། དེ་བས་ས་ཞིང་བཅོས་སྒྱུར་འགུལ་སྤྱོད་ནི་སྤྱི་ཚོགས་གསར་རྙིང་གཉིས་ཀྱི་བར་ལ་ཆེས་རྩ་བར་གྱུར་བའི་ལམ་ལུགས་ཐད་རགས་ལས་ཡོད་པའི་འགུལ་སྤྱོད་ཞིག་ཡིན་པས་དེ་འདྲའི་སླ་མོ་ཞིག་མ་རེད། སྐབས་དེར་ལོག་སྤྱོད་གཏོར་བརླག་མཁན་གྱིས་ཁ་འཁྲུག་གཡོ་གཏམ་བཤད་ནསགུང་ཁྲན་ཏང་གིས་དགོན་པའི་ས་ཞིང་དང་རྒྱུ་ནོར་གཞུང་བཞེས་བྱེད་རྒྱུ་ཡིན་ཞིང་། བླ་སྤྲུལ་དང་གཉེར་བ་ལ་འཐབ་རྩོད་བྱས་ནས་ཁྲིམས་གཅོད་བྱེད་རྒྱུ་རེདཞེས་པ་སོགས་མི་ཚང་མའི་ཡིད་སེམས་མི་བདེ་པར་བཅུག སྐབས་དེར་མཚོ་སྔོན་སྟོང་སྐོར་དགོན་པའི་སྟོང་སྐོར་སྐུ་ཕྲེང་བཅུ་གསུམ་པ་བློ་བཟང་བྱང་ཆུབ་བསྟན་འཛིན་རྒྱ་མཚོ་ཚངཧོ་ཐོག་ཐུ་ཆེན་པོ་བརྒྱད་ཀྱི་ཡ་གྱལགིས་ཁ་འཁྲུག་གཡོ་གཏམ་འདི་དག་ཐོས་ནས་ཐུགས་སེམས་མ་བདེ་པར་སྐུ་དངོས་སུ་བྲག་དཀར་སྤེལ་རྫོང་དགོན་པར་བྱོན་ནས། རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་གི་སྐུ་མདུན་དུ་གནས་ཚུལ་ངོ་མ་རྒྱུས་ལོན་བྱས་རྗེས་བོད་ལྗོངས་སུ་བྲོས་བྱོལ་ཕེབས་འདོད་དགོངས་ཡོད། ཕྱིས་སུ་ཁོང་ཨ་རོལ་རྡོ་རྗེ་འཆང་གིས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཡང་དང་རིམ་པས་འགྲེལ་བཤད་བྱས་པར་བསྟེན་ད་གཟོད་སྟོང་སྐོར་རིན་པོ་ཆེའི་ཐུགས་སེམས་བདེ་ལ་བབས། 1953ལོའི་ཟླ3པའི་ཟླ་མཇུག་ཏུ་རེབ་གོང་རྫོང་གི་ཞན་ཀྲང་ཚབ་མ་བཀྲ་ཤིས་རྣམ་རྒྱལཕྱིས་སུ་ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་གཞོན་པབྲག་དཀར་སྤེལ་རྫོང་དགོན་པར་སླེབས་ནས། རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་ལ་ཁོས་སྟོང་སྐོར་རིན་པོ་ཆེ་ཚང་དངོས་སུ་ཟི་ལིང་ལ་གདན་འདྲེན་བྱེད་དགོས་པར་ཞུས་པ་བཞིན་ཟི་ལིང་ལ་གདན་འདྲེན་བྱས་རྗེས་སྐབས་དེའི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཀྲང་ཀྲོང་ལེང་དང་ཞིང་ཆེན་འཐབ་ཕྱོགས་གཅིག་སྒྲིལ་པུའུ་ཀྲང་ཀྲིག་རིན་སན་གྱིས་མཛའ་བརྩེ་ལྡན་པའི་འཇལ་འཕྲལ་གནང་པས། སྟོང་སྐོར་རིན་པོ་ཆེས་ད་གཟོད་ཕྱི་རྒྱལ་དུ་བྲོས་བྱོལ་བྱེད་འདོད་པའི་ཐུགས་སེམས་མེད་པར་བྱས་པ་མ་ཟད། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལ་སྔར་ལས་ལྷག་པས་ངོས་ཟིན་ཐོབ་ཅིང་། རིམ་བཞིན་དུ་ཏང་དང་མི་དམངས་ཀྱི་ཕྱོགས་སུ་བཞེངས་པ་རེད། དུས་སྐབས་དེར་རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་མི་དམངས་སྲིད་གཞུང་གིས་གདན་དྲངས་པ་ལྟར་མཚོ་སྔོན་ཞིང་ཆེན་རྩོད་གླེང་ཐག་གཅོད་བྱེད་པའི་བྱ་བའི་ཚོགས་པར་ཞུགས། བཅིངས་བཀྲོལ་སྔོན་ལ་མཱ་པུའུ་ཧྥང་གི་ལོག་སྤྱོད་དབང་བསྒྱུར་གཉའ་གནོན་དང་ཚོ་ཁག་བར་ལ་བཟང་ངན་རྩོད་པ་སོགས་ཀྱི་དབང་གིས་འབྲོག་ཕྱོགས་སུ་རྩྭ་སའི་རྩོད་གླེང་གང་མང་བྱུང་ནས་དམར་འཛིང་བྱས་ཤིང་། མི་རིགས་མཐུན་སྒྲིལ་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་གནོད་འཚེ་ཧ་ཅང་ཆེན་པོ་བྱུང་ཡོད། རྩོད་གླེང་འདུམ་སྒྲིག་བྱས་ནས་མི་རིགས་མཐུན་སྒྲིལ་ཤུགས་སྣོན་གཏོང་རྒྱུ་ནི་བཅིངས་བཀྲོལ་བྱས་མ་ཐག་ཏུ་ཏང་དང་སྲིད་གཞུང་གི་ལས་འགན་གལ་ཆེན་ཞིག་ཡིན་པས། རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་ནི་ཨ་མདོ་བོད་རིགས་ས་ཁུལ་དུ་མཚན་དང་སྙན་གྲགས་ཧ་ཅང་མཐོ་བའི་ཆོས་ལུགས་གོང་གྲོས་མི་དྲག་ཡིན་པས། འབྲོག་ཕྱོགས་སུ་ནང་མཐུན་མ་བྱུང་པར་ཕན་ཚུན་དམར་འཛིང་བྱེད་པའི་གནས་ཚུལ་ལ་སྔ་མོ་ནས་སུན་སྣང་ཆེན་པོ་སྐྱེས་ཡོད་པ་དང་། ཁོང་གི་ཐུགས་ཀའི་གཏིང་ནས་ཏང་དང་སྲིད་གཞུང་གིས་མི་རིགས་བར་དང་ཚོ་ཁག་བར་གྱི་རྩོད་གླེང་འདུམ་སྒྲིག་བྱེད་དགོས་པར་གོང་བཀུར་བྱས་ཏེ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་མཛད་ཅིང་། དཀའ་བ་འབུམ་གྱིས་མནར་བའི་རྒྱ་ཆེའི་འབྲོག་པ་མང་ཚོགས་ལ་ཐོན་སྐྱེད་གོང་འཕེལ་དང་བདེ་འཇགས་ཀྱི་འཚོ་བ་རོལ་བའི་ཁོར་ཡུག་ཞིག་ཡོད་པར་མཛད། རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་ལ་མཚོན་ན་བཅིངས་འགྲོལ་མ་བྱས་གོང་ཡང་ཚོ་ཁག་བར་གྱི་རྩོད་གླེང་ཐད་གདན་དྲངས་པ་ལྟར་རྩྭ་སའི་རྩོད་གླེང་ཐེངས་མང་པོ་འདུམ་སྒྲིག་བྱས་པའི་ཕྱག་ལས་མཛད་པ་རེད། ཐེངས་འདིར་ཡང་ཁོང་རྡོ་རྗེ་འཆང་གིས་སྐུ་དངོས་སུ་མཚོ་སྔོན་ཞིང་ཆེན་རྩོད་གླེང་ཐག་གཅོད་བྱེད་པའི་བྱ་བའི་ཚོགས་པའི་སྣེ་ཁྲིད་ནས། གཞི་རིམ་དུ་རྟགས་དཔྱོད་ཞིབ་འཇུག་བྱས་ཏེ། ཕྱོགས་གཅིག་ནས་ཡུལ་དངོས་ལ་གཟིགས་ཞིབ་མཛད་ཅིང་། གནས་ཚུལ་དངོས་ལ་རྒྱུས་ལོན་བྱས་ནས། བཞུགས་མོལ་ཚོགས་འདུ་སྣ་ཚོགས་བསྡུས་པ་དང་། ཕྱོགས་གཞན་ཞིག་ནས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་ཚོ་བ་ཁག་གི་དཔོན་པོ་དང་རྒྱ་ཆེ་བའི་འབྲོག་པ་མང་ཚོགས་ལ་ཏང་གི་མི་རིགས་མཐུན་སྒྲིལ་དང་འདྲ་མཉམ་སྲིད་ཇུས་དྲིལ་བསྒྲགས་བྱས་ནས། ཡང་དག་པའི་སྒོ་ནས་མང་ཚོགས་ལ་འདས་ཟིན་པའི་རྩོད་གླེང་སྣ་ཚོགས་ཐད་ངོས་ཟིན་ཡོད་དགོས་པའི་སློབ་གསོ་བཏང་པ་རེད། ཁོང་རྡོ་རྗེ་འཆང་གིས་ཐུགས་སེམས་ཞིབ་མོས་སློབ་གསོ་བཏང་པའི་འོག་ཏུ་འབྲོག་ཕྱོགས་སུ་རྒྱ་ཆེ་བའི་འབྲོག་པ་མང་ཚོགས་དང་ཚོ་བ་ཁག་གི་དཔོན་པོ་རྣམས་ཀྱིས་དཀར་ནག་གི་དཔྱེ་བ་གསལ་བོར་རྟོགས་ཤིང་མཐུན་སྒྲིལ་ལ་ཤུགས་སྣོན་བཏང་པ་རེད། ཁོང་རྡོ་རྗེ་འཆང་གིས་སྐུ་དངོས་སུ་འགོ་འཛིན་གནང་འོག་ཏུ་སྔོན་གཞུག་ཏུ་མཚོ་བྱང་དང་། མགོ་ལོག གསེར་ཆེན། མང་རྫོང་། བྲག་དཀར་ས་ཁུལ་སོགས་ནས་ལོ་རྒྱུས་ཐོག་གནས་པའི་ཚོ་ཁག་བར་གྱི་རྩྭ་སའི་རྩོད་གླེང་དང་དམང་འཛིང་གི་དོན་རྐྱེན་ལ་འདུམ་སྒྲིག་བཛད་ནས། ས་གནས་འདི་དག་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱས་ཤིང་། གསར་དུ་བྱུང་བའི་མི་དམངས་སྲིད་གཞུང་ལ་ཕན་འབྲས་ལྡན་པའི་རྒྱབ་རི་བརྟན་པོ་ཞིག་ཡོད་པར་བྱས། རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་གིས་ངོ་བོ་མི་འདྲ་བའི་དོན་རྐྱེན་ལ་གཟིགས་ཏེ་གནས་ཚུལ་དང་འོས་ཤིང་མཐུན་པ་དང་། ངོ་ཆེན་ངོ་མེད་སྤུ་ཙམ་མེད་པའས་འདུམ་སྒྲིག་བྱས་ཤིང་། སྲིད་ཇུས་ལ་གོ་བ་ཟབ་མོ་ལོན་པའི་དྲིལ་བསྒྲགས་བྱས་པས། ཁོང་རྡོ་རྗེ་འཆང་གིས་འདུམ་སྒྲིག་མཛད་ཟིན་པའི་ས་གནས་ཞིག་ཡིན་ཕྱིན་བདེ་ཞིང་འཇགས་པའི་གནས་བབ་སྲུང་འཛིན་བྱས་ཏེ། བཅིངས་བཀྲོལ་བྱས་མ་ཐག་གི་མི་རིགས་མཐུན་སྒྲིལ་བྱ་བར་ནུས་ཤུགས་གལ་ཆེན་མཛད་ཡོད།།

     1949ལོར་ཟི་ལིང་བཅིངས་བཀྲོལ་བྱས་རྗེས། རྨ་ལྷོད་ལྟའི་རྨ་ལྷོ་སོག་རིགས་རང་སྐྱོང་རྫོངལ་ད་རུང་བཅིངས་འགྲོལ་མ་ཐོབ་པས། མཱ་ཡོན་ཞང་ཇག་འཕྲོ་དེ་རྨ་ལྷོ་ས་ཁུལ་དུ་འདུས་སྡོད་བྱས་ཤིང་། གང་འདོད་དུ་ཁ་འཁྲུག་གཏམ་ངན་བསྒྲགས་པ་དང་། གནས་ཚུལ་གསལ་བོ་མ་རྟོགས་པའི་འབྲོག་པ་མང་ཚོགས་ལ་ངན་སྐུལ་བྱས་ཏེ། མི་རིགས་བར་ལ་རྩོད་གླེང་སློང་བ་དང་སྤྱི་ཚོགས་ཀྱི་རྒྱུན་ལྡན་སྒྲིག་ལམ་ལ་གཏོར་བརླག་བྱས། མཱ་ཡོན་ཞང་ནི་གོ་མིན་ཏང་གསར་བརྗེ་དམག་ཁག་རྐང་དམག་ཨང82པའི་མཐོ་རིམ་ཇུས་འགོད་པ་ཡིན་ཞིང་། ནུབ་བྱང་གུང་རྒོལ་རྒྱལ་སྐྱོང་དམག་ཁག་ཨང102པའི་བཀའ་འཛིན་ཡིན་པས། གོ་མིན་ཏང་གསར་བརྗེ་དམག་ཁག་རྐང་དམག་ཧྲཱའོ་ཅང་དམག་དཔོན་ཡིན་ཞིང་། ཕྱིས་སུ་ཀྲུང་གོའི་གོ་མིན་ཏང་གིས་རྐང་དམག་ཀྲཱོང་ཅང་དམག་དཔོན་དུ་རྗེས་བསྙེགས་བསྐོ་བཞག་བྱས་པ་དང་མཱ་ཐེན་ཞང་གི་ཕུ་བོ་ཡིན། གོ་མིན་ཏང་དང་གུང་ཁྲན་ཏང་གི་ནང་འཁྲུག་སྐབས་སུ་མཱ་ཡོན་ཞང་ནི་གོ་མིན་ཏང་གསར་བརྗེ་དམག་ཁག་རྐང་དམག་ཨང82པའི་ཧྲཱའོ་ཅང་ཇུས་འགོད་པ་ཡིན་ཞིང་། 1949ལོའི་ཟླ་བ་10བའི་ཚེས་28ཉིན་ལ་མཚོ་སྔོན་གསེར་ཆེན་རྫོང་ནས་མགོ་བཏེགས་ཏེ། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་དཔུང་ཁག་ཏུ་ཞུགས། ཀྲུང་ཧྭ་མི་དམས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། 1950ལོར་སླར་ཡང་ངོ་ལོག་ནས་ཀྲུང་གོའི་གོ་མིན་ཏང་ནུབ་བྱང་གུང་རྒོལ་རྒྱལ་སྐྱོང་དམག་ཁག་ཨང102པའི་བཀའ་འཛིན་གྱི་དཔོན་གནས་ཁུར་བ་དང་། ཀྲུང་གོའི་གོ་མིན་ཏང་མཁའ་དམག་གནམ་གྲུ་ལས་བབས་པའི་ཉུལ་མས་ཚོད་འཛིན་བཀོད་འདོམས་དང་ལེན་བྱས་ཏེ། མཚོ་སྔོན་ལྷོ་ཕྱོགས་སུ་འབའ་རྫོང་དང་། རྩེ་ཁོག རྨ་ལྷོ། བྲག་དཀར། རྨ་ཆེན། གཅིག་སྒྲིལ་སོགས་དང་ཡང་ན་ཀན་ལྷོའི་ས་མཚམས་ཀྱི་ས་རྒྱ་ཡང་པའི་ས་ཁུལ་གང་མང་ལ་འཁྱམས་ནས། རུ་དཔུང་དར་སྤེལ་དང་གཏོར་བརླག་བྱ་འགུལ་སྤེལ་བ་རེད། དེ་བས་1953ཟླ3པའི་ནང་ལ་མི་དམངས་བཅིངས་བཀྲོལ་དམག་ནུབ་བྱང་དམག་ཁུལ་དང་ནུབ་ལྷོ་དམག་ཁུལ་གྱིས་ལྷན་ཅིག་ཏུ་བྱ་འགུལ་སྤེལ་ཏེ། ཀྲུང་གོའི་གོ་མིན་ཏང་གི་དམག་དཔུང་ཇག་འཕྲོ་འདི་བསྐོར་བཅོམ་བྱས་ནས་རྩ་མེད་དུ་བཏང་པ་དང་། ཀྲུང་གོའི་གོ་མིན་ཏང་མཁའ་དམག་གནམ་གྲུ་ལས་བབས་པའིནུབ་བྱང་འབྲེལ་གཏུགས་དཔོན་རིགསཁྲིན་ཧྥུའུ་ཅེ་སོགས་ཉུལ་མ་མང་པོ་འཛིན་བཟུང་བྱས། 1953ལོའི་ཟླ་བ་5བར་མི་དམངས་བཅིངས་བཀྲོལ་དམག་ཐང་འཐབ་དམག་དཔུང་གཉིས་པས་མཚོ་སྔོན་ཞིང་ཆེན་གྱི་མངའ་ཁུངས་ཞིག་ཏུ་མཱ་ཡོན་ཞང་ལ་མེ་མདས་བརྒྱབ་ནས་བསད་པ་དང་། སྐབས་དེར་རང་ལོ་56རེད། མཱ་ཡོན་ཞང་ཇག་དམག་རྩ་མེད་དུ་བཏང་རྗེས་སྤྱི་ཚོགས་སྒྲིག་ལམ་མྱུར་བར་ཇེ་བཟང་དུ་སོང་བ་དང་། རྨ་ལྷོ་ས་ཁུལ་དུ་སྲིད་དབང་འཛུགས་པའི་བྱ་བར་ཧ་ཅང་བྲེལ་བ་ཆེ་བར་འདུག སྐབས་དེར་རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་ནི་མཚོ་སྔོན་ཞིང་ཆེན་རྩོད་གླེང་ཐག་གཅོད་བྱེད་པའི་བྱ་བའི་ཚོགས་པའི་ཐོན་ཀྲང་གཞོན་པ་དང་པོ་ཡིན་པའི་ཆ་ནས་མཱ་ཡོན་ཞང་ཇག་དམག་བསྐོར་བཅོམ་བྱེད་མཁན་མི་དམངས་བཅིངས་བཀྲོལ་དམག་ལ་འཚམས་འདྲི་བྱས། དུས་མཚུངས་སུ་གར་ས་གང་ཕེབས་ནས་ཏང་གི་མི་རིགས་འདྲ་མཉམ་དང་མཐུན་སྒྲིལ་སྲིད་ཇུས། ཆོས་ལུགས་དད་མོས་རང་དབང་སྲིད་ཇུས། མི་རིགས་ས་གནས་རང་སྐྱོང་སྲིད་ཇུས་སོགས་ཧུར་ཐག་གིས་དྲིལ་བསྒྲགས་བྱས་ཏེ། མི་རིགས་བར་དང་ཚོ་ཁག་བར་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་པར་ཕན་ནུས་ལྡན་པའི་མཇུག་འབྲས་བཟང་པོ་ཐོབ།།

      1954ལོར་རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་པེ་ཅིན་ཏུ་ཕེབས་ནས་ཀྲུང་གོའི་མི་དམསང་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷ་ཁང་སྐབས་གཉིས་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་ཤིང་། ཀྲུའུ་ཞི་མའོ་ཙེ་ཏུང་དང་སྤྱི་ཁྱབ་བཀའ་འཛིན་ཀྲུའུ་ཏེ་མཆོག་ལ་བཀྲ་ཤིས་པའི་ལྷ་དར་དཀར་པོ་དང་། སྐུ་དངོས་སུ་མཛད་པའི་ཕྱག་བྲིས། གོས་ཆེན་དར་ཆ་སོགས་ཕུལ་ཏེ། ཁོང་ཨ་རོལ་རྡོ་རྗེ་འཆང་གིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་གོང་བཀུར་དང་། མེས་རྒྱལ་ལ་ཤ་ཞེན་ཆེ་བ། སྤྱི་ཚོགས་རིང་ལུགས་ལ་ཤ་ཞེན་ཆེ་བའི་ཐུགས་དགོངས་མཚོན་པ་རེད། ཀྲུའུ་ཞི་མའོ་ཙེ་ཏུང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་ལ་མཛའ་བརྩེ་ལྡན་པའི་མཇལ་འཕྲད་གནང་བ་མ་ཟད། ཁོང་ལ་ཁ་བཏགས་དང་ལེགས་སྐྱེས་ཕུལ་བ་རེད། དེ་ནས་བཟུང་སྟེ་ཁོང་རྡོ་རྗེ་འཆང་གིས་སྔར་ལས་ལྷག་པའི་སྒོ་ནས་ཏང་གི་བར་ཐག་ཇེ་ཉེར་བཏང་ཞིང་། བསྟུད་མར་དད་ལྡན་སེར་སྐྱ་དང་རྒྱ་ཆེའི་འབྲོག་པ་མང་ཚོགས་ལ་ཕྱག་ཡིག་བསྐུར་བ་སོགས་བརྒྱུད་ནས་མཉམ་ལས་ཁང་གི་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ། ཁོ་ཚོར་ཕྱུགས་མཉམ་ལས་ཁང་ལ་ཞུགས་དགོས་པའི་སྐུལ་སློང་མཛད་ཅིང་། ཁོང་རྡོ་རྗེ་འཆང་གིས་རང་གི་མངའ་འོག་གི་དགོན་པ་ལ་ངེས་པར་དུ་ཏང་གི་ཆོས་ལུགས་སྲིད་ཇུས་ལྟར་དོན་དག་སྒྲུབ་དགོས་པའི་བླངས་བྱ་གང་ལེགས་གནང་པར་མཛད། 1958ལོར་དུས་ཀྱི་ཟིང་ཆའི་དབང་གིས་རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་ལ་ནོར་འཆུགས་ཀྱིས་གསར་བརྗེར་ངོ་ལོག་པ་ཞེས་ནག་ཉེས་སྐྱོན་འདོགས་བྱས་ཏེ་འཛིན་བཟུང་བྱས། ལོ་དེའི་ཟླ་བ་12པའི་ཚེས་12ཉིན་ལ་ཟི་ལིང་ནཱན་ཐཱན་བཙོན་ཁང་དུ་དགོངས་པ་ཆོས་དབྱིངས་སུ་བྱོན་པའི་ཚུལ་བསྟན་ཏོ།།

      རེབ་གོང་སྐུ་ཕྱོགས་རྡོ་རྗེ་འཆང་རྗེ་བཙུན་ཨ་རོལ་སྐུ་ཕྲེང་གསུམ་པ༧བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་སྐུ་ཚེ་གང་པོར་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་ཕན་དམངས་ཕན་བཅས་ཀྱི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་ལ་གོང་བཀུར་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་གོང་བཀུར་བྱས་པ། མེས་རྒྱལ་གཅིག་གྱུར་དང་མི་རིགས་ཁག་གི་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་པར་ཧུར་ཐག་གིས་ཕྱག་རྗེས་ཆེན་པོ་མཛད་ཡོད་པས། རྗེ་བཙུན་ཨ་རོལ་ཁོང་རྡོ་རྗེ་འཆང་གི་སྐུ་ཚེ་གང་པོ་ནི་མ་གྱུར་སེམས་ཅན་འགྲོ་བ་རིགས་དྲུག་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་མཛད་ཅིང་། རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྙིང་རྗེ་དང་བྱམས་སེམས་ཀྱི་ཐུགས་དགོངས་མཚོན་པའི་སྐུ་ཚེ་གང་པོ་ཡིན་པ་དང་། མཚོ་སྔོན་འབྲོག་ཕྱོགས་སུ་ཏང་གི་འཐབ་ཕྱོགས་གཅིག་གྱུར་སྲིད་ཇུས་དང་ཆོས་ལུགས་བྱ་བ་དར་སྤེལ་བྱེད་པར་ཧུར་ཐག་གིས་ནུས་ཤུགས་གང་ཡོད་འདོན་སྤེལ་མཛད་པའི་སྐུ་ཚེ་གང་པོ་ཡིན་པ་དང་བཅས་སོ།།

      ཞེས་ནང་བསྟན་ཆོས་ལུགས་རྒྱལ་གཅེས་མི་དྲག་རྗེ་བཙུན་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་མདོར་བསྡུས་ཞེས་བྱ་བ་འདི་ཡང་རང་རེའི་མེས་རྒྱལ་གྱི་ལོ་འཁོར་བདུན་ཅུའི་འཁྲུངས་སྐར་ལ་ལེགས་སྐྱེས་སུ་ཕུལ་བར་དམིགས་ཏེ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཐུགས་བཀོད་གནང་བ་ལྟར། ཨ་རིག་དབང་མོ་སྐྱིད་ཀྱིས་བརྩམས་ཤིང་རོང་ཆེན་ལྷ་རྒྱལ་དཔལ་གྱིས་བསྒྱུར་བ་བཀྲ་ཤིས་དགེ་མཚན་འབུམ་ཕྲག་ལྡན་གྱུར་ནས་ཕུན་ཚོགས་དཔལ་གྱིས་རབ་ཏུ་མཛེས་པར་ཤོག། སརྦ་ཛ་ཡནྟུ།།  །།

 

 

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-12-15 00:22 , Processed in 0.038426 second(s), 20 queries .

返回顶部