博客西藏在最高处过一种生活

日志

༄༅།།སེ་ར་དགོན་བཤད་སྒྲུབ་དར་རྒྱས་གླིང་། ... ...

已有 64 次阅读2019-11-9 08:48 |系统分类:文化

                                        
                                           ༄༅།།སེ་ར་དགོན་བཤད་སྒྲུབ་དར་རྒྱས་གླིང་། 
                                     ཡོང་ཁུངས། ཡོངས་འཛིན་འཚོལ་བཤེར་དྲ་བ། རྩོམ་པ་པོ། མི་གསལ།

                     
     སྤྱི་ལོ1829ལོར་སེར་རྒན་ཟླ་བ་གྲགས་པ་རིན་པོ་ཆེས་དུང་དཀར་ལུང་དུ་དགོན་པ་ཕྱག་འདེབས་མཛད་སྐབས། ལུང་ཕུག་ཏུ་མཛོ་རོ་བླ་མའི་རི་ཁྲོད་བཤད་སྒྲུབ་གླིང་དུ་གྲྭ་བ་ཁ་ཤས་བཞུགས་པ་རྣམས་ཀྱང་འདུན་པ་གཅིག་དྲིལ་གྱིས་རི་ཁྲོད་དེ་སེར་རྒན་ཟླ་གྲགས་རིན་པོ་ཆེ་ལ་ཕུལ་ནས། ཁོང་གིས་ཀྱང་ཞལ་བཞེས་གནང་སྟེ་རི་ཁྲོད་ཉམས་གསོ་དང་དགོན་པ་གསར་འདེབས་ཟུང་འབྲེལ་སྒོས་ལུང་མདོར་བཤད་སྒྲུབ་དར་རྒྱས་གླིང་ཞེས་པའི་སེ་ར་དགོན་སྡེ་བཞེངས་པ་ཡིན། ལྷ་སའི་སེ་ར་ཐེག་ཆེན་གླིང་གི་རྒྱུད་སྟོད་ཀྱི་ཕྱག་ལེན་ལྟར་དུ་བྱེད་པའི་དགེ་ལུགས་པའི་རྒྱུད་པ་གྲྭ་ཚང་ཞིག་ཡིན། ད་ལྟ་སི་ཁྲོན་རྔ་བ་ཁུལ་མཛོད་དགེ་རྫོང་ཨ་སྐྱིད་ཡུལ་ཚོའི་མངའ་ཁོངས་སུ་ཆགས་ཡོད།
      1. ​མཆོག་སྤྲུལ་རྣམ་གསུམ་གྱི་སྐུ་ཕྲེང་རིམ་བྱོན།
      དགོན་སྡེ་འདི་ལ་མཆོག་སྤྲུལ་རྣམ་པ་གསུམ་ཡོད་ལ་རེ་རེ་བཞིན་སྐུ་ཕྲེང་རིམ་བྱོན་འདི་ལྟ་སྟེ། དགོན་གསར་འདེབས་མཛད་པ་པོ་རྗེ་སེར་རྒན་ཟླ་བ་གྲགས་པའི་སྐུ་ཕྲེང་དང་བོ་ནི་སེར་སྨད་མཛོད་རོང་བློ་བཟང་ཕུན་ཚོགས། གཉིས་པ་དཀའ་ཆེན་ནམ་མཁའ་གྲགས་པ། གསུམ་པ་འཇམ་དཔལ་ལེགས་བཤད། བཞི་བ་རྗེ་སེར་རྒན་ཟླ་བ་གྲགས་པ། ལྔ་བ་གྲགས་པ་བསྟན་འཛིན། དྲུག་པ་བློ་བཟང་ཆོས་གྲགས་རྒྱ་མཚོ། བདུན་པ་བློ་བཟང་འཇིགས་མེད་དམ་ཆོས་བཅས། སྐྱེས་བུ་དམ་པ་ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་སྐུ་ཕྲེང་དང་བོ་གནས་གཏན་ཀ་ཏ་ཡ་ན། གྲུབ་པའི་དབྱང་ཕྱུག་པད་མ་ར་ཀ། བལ་བོ་འདུལ་འཛིན་བཤེས་གཉེན་པ། མོན་ཡུལ་ཀུན་སྤང་བ་བྲཛྙ་ས་ར། གྲུབ་ཐོབ་ཉི་ཕུག་ཆོས་ཀྱི་གྲགས་པ། རྣལ་འབྱོར་དབང་ཕྱུག་སྐྱེར་སྒང་བ། ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན། ཚ་ཁོ་ངག་དབང་གྲགས་པ། ངག་དབང་ནམ་མཁའ་དཔལ་བཟང་། རྗེ་འཇིགས་མེད་ནམ་མཁའ་བཟང་བོ། བློ་བཟང་བསྟན་པའི་སྒྲོན་མེ། བསྟན་པའི་ཉི་མ། བློ་བཟང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ། ངག་དབང་མཁྱེན་རབ་རྒྱ་མཚོ། བློ་བཟང་ཆོས་ཀྱི་རྒྱ་མཚོ། སྐལ་བཟང་ཆོས་ཀྱི་རྒྱལ་མཚན་བཅས་སྐུ་ཕྲེང་བཅུ་དྲུག་ཡོད། དགེ་བཤེས་བློ་བཟང་དཀོན་མཆོག་ཐུབ་བསྟན་རྒྱ་མཚོའི་སྐུ་ཕྲེང་ནི་སྟག་ར་དགེ་བཤེས་བློ་བཟང་ལྷ་རམས་པ། སྟག་ར་དགེ་བཤེས་བློ་བཟང་། ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན། བློ་བཟང་དཀོན་མཆོག་ཐུབ་བསྟན་རྒྱ་མཚོ་བཅས་སྐུ་ཕྲེང་བཞི་ཡོད།
      2.སྐུ་གསུང་ཐུགས་རྟེན།
      ཆོས་སྐྱོང་ཐཱ་ཐོག་ཆོས་རྒྱལ་ཆེན་པོའི་སྤྲུལ་བའི་ངང་ནས་བཟོས་པའི་སྨན་སྐུ་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ། ས་སྐྱ་གོང་མ་ནས་གནང་བའི་ཙན་དན་ལས་གྲུབ་པའི་རྗེ་བཙུན་བྱམས་པ་མགོན་པོ། རྒྱ་གར་སོགས་ནས་གདན་དྲངས་པའི་ཐུབ་དབང་རྡོར་གདན་སོགས་ལི་གསེར་རྣམས་ལས་གྲུབ་པའི་སྐུའི་རིགས། སེ་ར་ཐེག་ཆེན་གླིང་ནས་གནང་བའི་མགོན་ཐང་བྱིན་ཅན། རྗེ་བློ་བཟང་གྲགས་པའི་ཞལ་འདོན་བྱིན་ཅན་ལམ་རིམ་ཆེན་མོ་དང་ཁོང་གི་ཕྱག་ཕྲེང་དང་བཞེས་ཅན། ཤིང་བཟའ་རིན་པོ་ཆེ་ནས་གདན་དྲངས་པའི་མཁའ་སྤྱོད་མའི་ཐང་ཀ་བྱིན་ཅན། ཇོ་བོ་རིན་པོ་ཆེའི་རྣམ་སྦྱར་བྱིན་ཅན། དགའ་ལྡན་གསེར་ཁྲི་རིན་པོ་ཆེས་གནང་བའི་རྒྱལ་བའི་བཀའ་འབུམ་རྒྱས་འབྲིང་བསྡུས་གསུམ་དང་གསུང་འབུམ། ཀུན་མཁྱེན་འཇམ་དབྱངས་བཞད་པས་གནང་བའི་སྐལ་འཕགས་ཏིང་གསུམ། གཞན་ཡང་སྐུ་ཆེ་ཆུང་བྱིན་ཅན་སྟོང་སྐུ་སོགས་དང་། བཀའ་དང་བསྟན་འགྱུར་གསུང་འབུམ་སོགས། བླ་མ་རིམ་བྱོན་གྱི་སྐུ་གདུང་སོགས་སྐུ་གསུང་ཐུགས་རྟེན་བྱིན་ཅན་མང་བོ་བཞུགས།
      3. འདོན་ཆོས།
      བོད་ཟླ་དང་བོའི་ཚེས་ལྔ་ནས་བཅོ་ལྔ་བར་ཆོ་འཕྲུལ་སྨོན་ལམ་ཆེན་མོ། ཚེས་བཅུ་དགུ་ནས་ཉེར་བདུན་བར་བདེ་མཆོག་བདག་འཇུག་གི་སྒྲུབ་མཆོད། ཟླ་གཉིས་པའི་ཚེས་གཅིག་ཉིན་རྣམ་རྒྱལ་སྟོང་མཆོད། ཚེས་བཅུ་གཅིག་ནས་བཅུ་དགུ་ལ་འཇིགས་བྱེད་ཀྱི་སྒྲུབ་མཆོད། ཟླ་གསུམ་པའི་ཚེས་བཅུ་གསུམ་ནས་བཅུ་དགུ་བར་ཐུགས་རྗེ་ཆེན་པོའི་མ་ཎི་རིལ་སྒྲུབ། ཚེས་ཉེར་དགུ་ནས་ཟླ་བཞི་བའི་ཚེས་བཅོ་ལྔ་བར་སྣང་མཛད་ཀྱི་སྒྲུབ་མཆོད། ཟླ་ལྔ་བའི་ཚེས་བཞི་ནས་བཅུ་གཉིས་བར་དཔལ་གསང་འདུས་ཀྱི་སྒྲུབ་མཆོད། ཟླ་དྲུག་པའི་ཚེས་བཞི་ནས་བདུན་བར་རྗེ་གསེར་ཁང་བའི་ཕྱག་བཞེས་ལྟར་མཆོད་པའི་ཆོས་ཐོག ཚེས་བརྒྱད་ནས་བཅུ་བཞི་བར་དགོན་གྲོང་གཉིས་ཀྱིས་མ་ཎི་དུང་ཕྱུར་སྒུབ་པའི་ཆོས་ཆོག ཚེས་བཅོ་ལྔ་ནས་ཟླ་བརྒྱད་པའི་ཚེས་གཅིག་བར་དུ་དབྱར་མགོའི་བསྐང་གསོ་ཆེན་པོ་དང་རིམ་བཞིན་དབྱར་གནས་ཀྱི་ཆོ་ག་བསྒྲུབ་པ། ཟླ་དགུ་བའི་ཚེས་བཅོ་ལྔ་ནས་ཉེར་གཉིས་པར་མདོ་སྨད་ན་དཀོན་པའི་ཆོས་ཐོག་མ་ཅིག་ལབ་སྒྲོན་གྱི་གཅོད་ཀྱི་སྒྲུབ་མཆོད། ཟླ་བཅུ་བའི་ཚེས་བཅུ་གཅིག་ནས་བཅོ་ལྔ་བའི་བར་རྗེ་བཙུན་བྱམས་སྨོན་ཆོས་ཐོག ཚེས་ཉེར་གསུམ་ནས་ཉེར་དྲུག་བར་དགའ་ལྡན་ལྔ་མཆོད་ཆེན་མོའི་ཆོས་ཐོག ཟླ་བཅུ་བའི་ཚེས་གཅིག་ནས་ལྔ་བར་དགོན་གྲོང་གཉིས་ཀྱི་གདུགས་དཀར་ཁྲི་ཚར་གྱི་ཆོས་ཐོག ཚེས་བཅུ་བཞི་ནས་བཅོ་ལྔ་བར་རྣམ་རྒྱལ་སྟོང་མཆོད། ཚེས་བཅུ་དྲུག་ནས་ཉེར་གཅིག་བར་དགོན་གྲོང་གཉིས་ཀྱི་སྒྲོལ་མ་འབུམ་ཚར་གྱི་སྒྲུབ་མཆོད། ཟླ་བཅུ་གཉིས་པའི་ཚེས་གསུམ་ནས་བདུན་བར་སངས་རྒྱས་སྨན་བླའི་སྒྲུབ་མཆོད། ཚེས་ཉེར་གསུམ་ནས་ཉེར་དགུའི་བར་ལོ་རྙིང་དགུ་གཏོར་ཆེན་མོའི་སྒྲུབ་མཆོད་བཅས།
      4.ད་ལྟའི་གནས་བབ།
      1980ལོར་ཆོས་དད་རང་མོས་ཀྱི་སྲིད་ཇུས་བཟང་བོའི་ཉི་གཞོན་ཤར་བས། མཆོག་སྤྲུལ་རྣམ་གསུམ་རང་དགོན་དུ་ཕེབས་ནས་དགོན་པ་བསྐྱར་བཞེངས་ཀྱི་དབུ་བརྩམས་ཤིང་། གོང་སྲིད་གཞུང་དང་ལྷ་སྡེ་སོགས་ཀྱི་རྒྱབ་སྐྱོར་འོག་འདུ་ཁང་དང་ལྷ་ཁང་། སྐུ་གསུང་ཐུགས་རྟེན་སོགས་ཆོས་སྤྱོད་ལེགས་འགྲུབ་བྱུང་ཡོད་ལ། མཆོག་སྤྲུལ་རྣམ་གསུམ་བཞུགས་པར་མ་ཟད་དགེ་འདུན་པ་བདུན་བཅུ་ལྷག་ཡོད།
      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-12-15 01:21 , Processed in 0.027346 second(s), 20 queries .

返回顶部