博客西藏在最高处过一种生活

日志

༄༅།།བོད་ལྗོངས་ནག་ཆུའི་ཤེད་པོ་ཆེ་བཅུ་གཅིག ...

已有 47 次阅读2019-11-1 16:36 |系统分类:见闻


                                   ༄༅།།བོད་ལྗོངས་ནག་ཆུའི་ཤེད་པོ་ཆེ་བཅུ་གཅིག་པེ་ཅིང་དུ་སླེབས་འདུག
                     ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། སངས་སྐྱབས།

                                
                                 བོད་ལྗོངས་ཀྱི་ཤེད་པོ་ཆེ་དང་རྒྱལ་ཁབ་ལྗིད་འདེགས་རུ་ཁག་བར་སྦྱོང་བརྡར་སྤེལ་རེས་བྱས་པ།

      བོད་ཁུལ་གྱི་འབྲོག་པས་རྒྱལ་ཁབ་ལྗིད་འདེགས་རུ་ཁག་གི་རུ་མིའི་བྱེད་སྟངས་ལ་ལད་ཟློས་ཀྱིས་སྤྱི་རྒྱ་190ཡོད་པའི་ལྗིད་འདེགས་སྦྱོང་ཆས་དལ་བུར་གཞི་སྒྲོམ་གྱི་ཐོག་ནས་འདེགས་པའི་སྐད་ཅིག་ཉིད་ལ་ལས་ཡུལ་དངོས་སུ་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་ཡོད་པ་རེད། སྤྱི་ཟླ་10པའི་ཚེས་29ཉིན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་སྦྱོང་བརྡར་ཅུས་ཀྱི་ལྗིད་འདེགས་ཁང་དུ་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ནས་ཕེབས་པའི་ཤེད་པོ་ཆེ་11ལས་གྲུབ་པའི་རུ་ཁག་གིས་རྒྱལ་ཁབ་ལྗིད་འདེགས་རུ་ཁག་བར་ལ་དམིགས་བསལ་གྱི་སྦྱོང་བརྡར་སྤེལ་རེས་བྱས་པ་རེད།
      སྤྱི་ཟླ་9པར་སྐོང་འཚོགས་བྱས་པའི་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཐོག བོད་ལྗོངས་ཀྱི་ཤེད་པོ་ཆེས་ངོ་མཚར་གྱིས་ཕྱུག་པའི་བོད་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་རྡོ་འགྱོགས་འཁྲབ་སྟོན་བྱས་ཤིང་། རྡོ་ལྕི་ཤོས་དེ་ལ་སྤྱི་རྒྱ་150ཡོད་པ་རེད། ཐོ་ཁེའོ་ཨའོ་རྩལ་འགྲན་ཚོགས་ལ་ཞུགས་པའི་སྟ་གོན་ལེགས་པར་བྱེད་པ་དང་། མཐོ་སྒང་གི་སྟོབས་ཤུགས་སྦྱོང་བརྡར་ཉམས་མྱོང་ཉམས་ལེན་བྱེད་པ། ཀྲུང་ཧྭ་ཡི་ལུས་རྩལ་སྙིང་སྟོབས་དར་སྤེལ་དང་མི་རིགས་མཐུན་སྒྲིལ་སྔར་བས་ཟབ་ཏུ་གཏོང་བ་བཅས་ཀྱི་ཆེད་དུ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ལྗིད་འདེགས་དང་མཉེན་རྩལ་དོ་དམ་ལྟེ་གནས་ཀྱིས་བོད་ལྗོངས་ཀྱི་ཤེད་པོ་ཆེའི་རུ་ཁག་པེ་ཅིན་དུ་གདན་ཞུ་བྱས་ནས་རྒྱལ་ཁབ་ལྗིད་འདེགས་རུ་ཁག་བར་སྟོབས་ཤུགས་སྦྱོང་བརྡར་ཐད་ཀྱི་ཉམས་མྱོང་སྤེལ་རེས་བྱེད་སྒོ་སྤེལ་ཡོད་པ་རེད།
     སྦྱོང་བརྡར་མཇུག་སྒྲིལ་རྗེས། ཨོ་རྩལ་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་ལེན་མཁན་ལུས་ཞའོ་ཅུན་དང་། ཧྲེ་ཀྲེ་ཡུང་། ཏེང་ཝེ་སོགས་དང་བོད་ལྗོངས་ཀྱི་ཤེད་པོ་ཆེས་ཕན་ཚུན་དྲན་རྟེན་བརྗེ་རེས་བྱས་པ་མ་ཟད་དྲན་རྟེན་མཉམ་པར་བརྒྱབ་པ་དང་ཆབས་ཅིག་ཐབས་རྩལ་སྤེལ་རེས་བྱས་ཡོད་པ་རེད།
     རུ་ཁག་དེར་སྣེ་ཁྲིད་དེ་པེ་ཅིང་དུ་ཕེབས་པའི་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་མང་ཚོགས་ལུས་རྩལ་ཁང་གི་འགོ་འཛིན་གཞོན་པ་བསྟན་འཛིན་ལགས་ཀྱིས་གསར་འགོད་པར། ཁོང་ཚོ་ཚང་མ་ནི་ཆེད་ལས་སྦྱོང་བརྡར་ཅི་ཡང་བྱ་མྱོང་མེད་པའི་འབྲོག་པ་ཤ་སྟག་རེད། རྒྱུན་ལྡན་འཚོ་བ་དང་སྤྲོ་རྩེད་བརྒྱུད། རྡོ་འགྱོགས་པ་ལྟ་བུ་སྲོལ་རྒྱུན་གྱི་སྟོབས་ཤུགས་སྤྲོ་རྩེད་ལ་བརྟེན་ནས་སྦྱོང་བརྡར་བྱེད་བཞིན་ཡོད། ད་ཐེངས་སྤེལ་རེས་དེས་བོད་ཁུལ་གྱི་ཤེད་པོ་ཆེ་ཚོའི་སེམས་ཤུགས་ཇེ་ཆེར་འཕེལ་ཐུབ་ལ་དང་། དེང་རབས་ཚན་རྩལ་གྱིས་རོགས་འདེགས་བྱེད་པའི་སྦྱོང་བརྡར་བྱ་ཐབས་ཀྱིས་ཁོ་ཚོའི་མཐོང་རྒྱ་ཇེ་ཆེར་གཏོང་ཐུབ་ཅེས་གསུངས་པ་རེད།
      ལྗིད་འདེགས་དང་གཉེན་རྩལ་ལྟེ་གནད་ཀྱི་ཏང་ཨུད་ཧྲུའུ་ཅི་པི་ཏུང་ཧའེ་ཡིས། མཐོ་སྒང་གི་དབྱང་རླུང་དཀོན་པའི་ཆ་རྐྱེན་འོག་འབྲོག་པ་ཚོས་རྒྱ་མ་300ཡོད་པའི་རྡོ་འགྱོགས་པའི་འཁྲབ་སྟོན་དེ་ནི་རྒྱལ་ཁབ་ལྗིད་འདེགས་རུ་ཁག་ངོས་ནས་ཞུས་ཀྱང་བློ་སྒོ་འབྱེད་པའི་ནུས་པ་ལྡན་པ་ཞིག་ཡིན། བོད་བྱང་ཐང་ས་ཁུལ་གྱི་འབྲོག་པ་ཚོ་ནི་ལས་ཞོར་ལུས་རྩལ་པའི ཁོངས་སུའང་གཏོགས་ཀྱི་མེད། འོན་ཀྱང་ཁོང་ཚོས་རྡོ་འགྱོགས་པ་ལྟ་བུའི་མང་ཚོགས་ཀྱི་ལུས་སྦྱོང་བྱེད་སྒོ་བརྒྱུད་དེ་སྟོབས་ཤུགས་སྦྱོང་བརྡར་ཡག་པོ་བྱས་ཡོད། འབྲོག་པ་རྣམས་ནས་ལྗིད་འདེགས་རྣམ་གྲངས་ལ་དགའ་པོ་བྱེད་ཀྱི་ཡོད་པས། ང་ཚོས་ལྗིད་འདེགས་རྣམ་གྲངས་ཀྱི་ལུས་རྩལ་པ་འདེམས་པའི་གཞི་ཁྱོན་ཆེ་རུ་གཏོང་དགོས་ཀྱི་ཡོད། ང་ཚོས་སླད་ཕྱིན་བོད་ཁུལ་ནས་ན་གཞོན་འགའ་ཤས་བདམས་ཏེ་ཁོ་ཚོར་ཆེད་ལས་ཀྱི་སྦྱོང་བརྡར་སྤྲད་ཐོག རྩལ་འགྲན་ལུས་རྩལ་གྱི་འཇོན་ཐང་ཅན་དང་ཨའོ་རྩལ་འགྲན་ཚོགས་ཐོག་གཟི་བརྗིད་བརྩོན་ལེན་བྱེད་མཁན་གསོ་སྐྱོང་ཐུབ་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
      བོད་ལྗོངས་ཀྱི་ཤེད་པོ་ཆེ་ཚོས་དགའ་པོ་བྱེད་པའི་ཨའོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ལེན་མཁན་ལུས་ཞའོ་ཅུན་གྱིས་ལས་ཡུལ་དངོས་སུ་དཔེ་ཁྲིད་བྱས་པ་དང་། ཆེད་ལས་ཀྱི་ཐད་འདེགས་དང་བཀར་འདེགས་བྱེད་སྟངས་བསླབ་ཡོད་པ་རེད། ལུས་ཞའོ་ཅུན་གྱིས། ཁོང་རྣམ་པའི་གཟུགས་པོ་ཐང་ཤ་དོད་པ་དང་སྟོབས་ཤུགས་ཆེ་བ་དེ་ནི་ང་རང་ལ་སྤྲད་པའི་མྱོང་ཚོར་དང་པོ་དེ་ཡིན། ངའི་བསམ་པར་ཁོང་ཚོས་སྔ་ཙམ་ནས་ལྗིད་འདེགས་ སྦྱོང་བརྡར་བྱས་ཡོད་ན། ཀྲུང་གོའི་སྐྱེས་པའི་ལྗིད་འདེགས་རིམ་པ་དེ་བས་མཐོ་བར་སླེབས་ ངེས་རེད་ཅེས་དང་། ཁོང་གིས། ལས་ཡུལ་དངོས་སུ་རྩལ་ཁྲིད་བྱས་པ་བརྒྱུད་བོད་ལྗོངས་ཀྱི་ཤེད་པོ་ཆེའི་སྟོབས་ཤུགས་ངོ་མ་ཤེས་རྟོགས་ཐུབ་བྱུང་། རྩལ་ཐབས་རེ་གཉིས་བསླབ་རྗེས་ཁོང་ཚོས་ལམ་སེང་ཤེས་ཀྱི་འདུག་ལ། སྟོབས་ཤུགས་ཀྱང་ཧ་ཅང་ཆེན་པོ་འདུག གྲངས་ཉུང་མི་རིགས་ཀྱི་ཤེད་པོ་ཆེ་དེ་བས་མང་བས་ཚད་ལྡན་ཅན་གྱི་ལྗིད་འདེགས་ལ་དོ་སྣང་བྱ་རྒྱུའི་རེ་བ་ཡོད། དེ་ལྟར་བྱུང་ན་ཀྲུང་གོའི་ལྗིད་འདེགས་ལུས་རྩལ་གྱི་ཤུལ་འཛིན་པ་གདམ་གཞི་མང་དུ་འགྲོ་སྲིད་ཅེས་གསུངས་འདུག
      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-11-18 14:56 , Processed in 0.028829 second(s), 20 queries .

返回顶部