日志

༄༅།།2019ལོའི“འཕྲེད་རྒྱུག་རི་རྒྱུད་བརྒལ་ནས་ ...

已有 113 次阅读2019-10-19 14:57


                       ༄༅།།2019ལོའི“འཕྲེད་རྒྱུག་རི་རྒྱུད་བརྒལ་ནས་སླར་ཡང་བཅིངས་འགྲོལ་དམག་མིའི་
                           ལམ་བུར་བསྐྱོད”ཞེས་པའི་བྱེད་སྒོ་སྐབས་ལྔ་པ་དེ་བོད་ལྗོངས་ཆབ་མདོ་རུ་སྤེལ་བ།
                             ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།

      ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་10པའི་ཚེས་12ཉིན། “འཕྲེད་རྒྱུག་རི་རྒྱུད་བརྒལ་ནས་སླར་ཡང་བཅིངས་འགྲོལ་དམག་མིའི་ལམ་བུར་བསྐྱོད་པ”དང་ཀྲུང་གོའི་ཡུལ་སྐོར་ཆེ་གྲས་ཏེ“བོད་ལྗོངས་ཁམས་པའི་འཇོ་མདའ་རུ་སྐྱོད་པ”ཡི་མུ་འབྲེལ་བྱེད་སྒོ་དེ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་དུ་སྤེལ་མགོ་ཚུགས་པ་རེད།
      སྐམ་ཐོག་གྲོང་རྡལ་ནི་འཇོ་མདའ་རྫོང་གི་ཤར་ཕྱོགས་སུ་གནས་ཤིང་། གནས་འདིར་རང་བྱུང་དང་སྤྱི་ཚོགས་རིག་གནས་ཀྱི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པར་མ་ཟད། ཡུལ་སྐོར་ཐོན་ཁུངས་སྣ་ཚོགས་ཀྱི་སྡེབ་སྒྲིག་རྣམ་པའང་ཧ་ཅང་ལེགས་པོ་འདུག གནས་འདི་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་སྐར་ལྔའི་དར་དམར་ཐེངས་དང་པོ་བསྒྲེངས་པའི་ས་ཆ་ཞིག་ཡིན་ལ། ཉེ་བའི་ལོ་ཤས་རིང་འཇོ་མདའ་རྫོང་དང་འཇོ་མདའི་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁེ་ལས་ཀྱིས་རོགས་སྐྱོར་ཆེན་པོ་བྱེད་སའི་ཤང་གྲོང་ཞིག་ཀྱང་ཡིན།
      ཉིན་དེའི་སྔ་དྲོར། སི་ཁྲོན་དང་། ཁྲུང་ཆིང་། པེ་ཅིང་། ཤིས་ཨན། ཧྲེན་ཀྲེན། ཀོང་ཀྲོའུ། ནན་ཅིང་སོགས་ཀྱི་ཡུལ་སྐོར་ལས་རིགས་ཀྱི་འབྲེལ་ཡོད་མི་སྣ་དག་གིས།  སྐམ་ཐོག་གྲོང་རྡལ་དར་དམར་ཐང་ཆེན་གྱི་དམག་སྡེ་བཅོ་བརྒྱད་པའི་གསར་བརྗེ་དམག་དཔུང་གཙང་པོ་བརྒལ་བའི་གནའ་ཤུལ་མདུན་དུ་གསར་བརྗེའི་ལོ་རྒྱུས་བསྐྱར་མྱངས་བྱས་ཏེ། གསར་བརྗེའི་སྙིང་སྟོབས་སེམས་ལ་བརྟན་པོར་བཟུང་ཞིང་། དེའི་རྗེས་སུ་ཚོགས་ར་ཡོངས་ཀྱིས《ང་དང་ང་ཡི་མེས་རྒྱལ》ཞེས་པའི་གླུ་དབྱངས་བླངས་ནས་བྱེད་སྒོའི་མགོ་དངོས་སུ་བརྩམས་པ་རེད།

                   
                   འདི་ནི་སྐམ་ཐོག་གྲོང་རྡལ་གྱི་དམག་སྡེ་བཅོ་བརྒྱད་པའི་གསར་བརྗེའི་དམག་དཔུང་གཙང་པོར་བརྒལ་བའི་གནའ་ཤུལ་རེད།

      ཐེངས་འདིའི་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་པ་དང་། ཡུལ་དངོས་སུ་འཇོ་མདའི་ཁྱད་ཆོས་ལྡན་པའི་གླུ་དང་གར། བོད་ཀྱི་ཤོམ་དང་སྒེག་འཆོས་ངོམ་པའི་འཁྲབ་སྟོན་ཡོད་པར་མ་ཟད། ད་དུང་ཁྱད་ཆོས་ལྡན་པའི་ཚོང་རའང་ཡོད་ལ། ཚོང་རའི་ནང་དུ་བཤམས་པའི་མཁར་སྒང་བོད་སྤོས་དང་། སྤོ་ལོ་ཤིང་བརྐོས། ཨུད་དཔལ་ལག་ཤེས་བཟོ་རྩལ་སོགས་གཟུགས་མིན་རིག་གནས་ཤུལ་བཞག་གི་ཚོང་རྫས་དང་། འཇོ་མདའི་ཆུ་མིག་དང་བཀྲ་ཤིས་ཁམས་ཀྱི་ནས་ཆང་སོགས་གནད་སྨིན་དབུལ་སྐྱོར་རྣམ་གྲངས་ཀྱི་ཐོན་རྫས་བཅས་ཀྱིས་མི་རྣམས་ཀྱི་ཡིད་དབང་བཀུགས།

                       
                                           འདི་ནི་བྱེད་སྒོ་སྤེལ་ཡུལ་གྱི་ཚོང་ར་ཆུང་ངུ་རེད།

      བྱེད་སྒོའི་ཚན་པ་སོ་སོར་རང་རང་གི་ཁྱད་ཆོས་ཡོད་དེ། ལོ་ན་གཞོན་པའི་གར་མཁན་གྱིས་ལྭ་བའི་ཕུ་རུང་དགུང་དུ་གཡུགས་ཏེ་གར་གྱི་སྟངས་སྟབས་བསྒྱུར་ནས། སྤྲོ་སྣང་ལྡན་ལ་ཁོག་རྒྱ་ཆེ་བའི་ཁམས་པའི་སེམས་ཁམས་དང་སེམས་རྒྱ་མཐོང་ཐུབ་ལ། སྤྲོ་སེམས་ཆེ་ཞིང་མགྲོན་རྩིས་ཆེ་བའི་གཤིས་ཀའང་ཡོངས་སུ་མངོན་འདུག  དེ་མིན་ཆབ་མདོའི་མི་བརྒྱའི་སྐོར་བྲོ་ཡིས་མི་རྣམས་ལ་བོད་ཀྱི་མི་ཚོགས་ཞབས་བྲོའི་བརྗིད་ཉམས་དང་སྤྲོ་སེམས་ཚོར་དུ་བཅུག་བྱུང་།

                  
                    འདི་ནི་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱེད་པའི་ཞབས་བྲོ་རེད།

                  
                   འདི་ནི་འཇོ་མདའ་རྫོང་སྐམ་ཐོག་གྲོང་བརྡལ་དར་དམར་ཐང་ཆེན་དུ་འཁྲབ་སྟོན་བྱེད་པའི་ཆབ་མདོའི་མི་བརྒྱའི་སྐོར་བྲོ་ཆེན་མོ་རེད།
 
      “དེ་རིང་སྐད་གྲགས་ཆེ་བའི་དམག་སྡེ་བཅོ་བརྒྱད་པས་གཙང་བོར་བརྒལ་བའི་ལམ་མདོ་རུ་བྱེད་སྒོ་འདིར་ཞུགས་ཐུབ་པ་དང་། རྒྱ་བོད་བར་གྱི་བརྩེ་བ་ཟབ་མོ་མཚོན་པའི་འབྲི་ཆུའི་ཟམ་ཆེན་མཐོང་ཚེ་སེམས་པ་དྲོད་ཀྱིས་ཁེངས།  མཛེས་ཞིང་སྤུས་ལེགས་པའི་བོད་ཀྱི་སྲོལ་རྒྱུན་ཤོམ་དང་སྒེག་འཆོས་འཁྲབ་སྟོན་དངོས་ནས་ཡག་པོ་རེད།  འཇོ་མདའ་རྫོང་གི་སྟག་ཤར་སྨན་ཤར་ཚོའི་སེམས་པ་སྤྲོ་བས་ཁེངས་འདུག”ཅེས་ཁྲུང་ཆིང་གྲོང་ཁྱེར་ཡུས་ཀྲུང་ཆུས་ཡུལ་སྐོར་མཐུན་ཚོགས་ཀྱི་འཐུས་མིས་དབུ་འབྱེད་མཛད་སྒོའི་སྟེང་གི་ཞབས་བྲོའི་འཁྲབ་སྟོན་དང་བོད་ཀྱི་ཤོམ་དང་སྒེག་འཆོས་འཁྲབ་སྟོན་ལ་བལྟས་རྗེས་དེ་ལྟར་བཤད།
      “ང་ཚོས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བ་དང་ཟུང་འབྲེལ་བྱས་ནས་ད་ཐེངས་ཀྱི་བྱེད་སྒོ་སྤེལ་ཅིང་། ཐེངས་འདིའི་བྱེད་སྒོ་བརྒྱུད་ནས་ཕུལ་དུ་བྱུང་བའི་ཁམས་པ•དཔའ་ཉམས་ལྡན་པའི་འཇོ་མདའི་ཡུལ་སྐོར་ཚོང་རྟགས་ཀྱི་གྲགས་ཚད་དང་ཤུགས་རྐྱེན་ནུས་པ་མཐོར་འདེགས་ཐུབ་པའི་རེ་བ་ཡོད།  ཡང་བསྐྱར་བཅིངས་འགྲོལ་དམག་མིའི་ལམ་བུར་བསྐྱོད་པ་ནི། ས་གནས་དེ་གའི་ཡུལ་སྐོར་འཕེལ་རྒྱས་ཀྱི་ཚོང་རྟགས་གསར་གཏོད་གཏོང་ཆེད་དམིགས་པར་མ་ཟད། དམག་སྡེ་བཅོ་བརྒྱད་པ་བོད་དུ་བསྐྱོད་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བའི་ལོ་རྒྱུས་ཀྱི་མཛད་རྗེས་ལ་དྲན་གསོ་བྱེད་བ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་བྱེད་པའི་ཆེད་དུའང་ཡིན། ”ཞེས་འཇོ་མདའ་རིག་གནས་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་པས་གསར་འགོད་པར་དེ་ལྟར་བཤད།
      རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱེད་སྒོ་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། འཇོ་མདའ་རྫོང་མི་དམངས་སྲིད་གཞུང་གིས་སྒྲུབ་འགན་འཁུར་ཞིང།  འཇོ་མདའ་རྫོང་རིག་གནས་ཅུས་ཀྱིས་རམ་འདེགས་བྱས་པ་རེད། བྱེད་སྒོ་མཇུག་སྒྲིལ་རྗེས་ད་དུང་མུ་མཐུད་དུ་འཇོ་མདའ་རྫོང་ཡུལ་སྐོར་མཉམ་ལས་གླེང་སྟེགས་འཚོག་རྒྱུ་ཡིན་པ་རེད། འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་ནི་རྒྱལ་ལམ་ཨང་317བརྒྱུད་ནས་བོད་ལྗོངས་ལ་སྐྱོད་པའི་གྲོང་རྡལ་དང་པོ་དེ་ཡིན་ཞིང་། ཐེངས་འདིའི་བྱེད་སྒོ་འདིའང་བོད་ལྗོངས་ཀྱི་དགུན་དུས་ཡུལ་སྐོར་གྱི་སྔོན་འགྲོའི་རོལ་དབྱངས་ཤིག་ཏུ་འགྱུར་རྒྱུ་རེད།
      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-7-13 10:43 , Processed in 0.040929 second(s), 19 queries .

返回顶部