日志

༄༅།།གེ་སར་རྒྱལ་པོའི་ཆད་ཁུངས་ལྷ་ཀླུ་གཉན་ག ...

已有 78 次阅读2019-10-11 19:10 |系统分类:文化


  ༄༅།།གེ་སར་རྒྱལ་པོའི་ཆད་ཁུངས་ལྷ་ཀླུ་གཉན་གསུམ་ལ་གཏུགས་པའི་མཚོན་དོན་དང་སྦྲེལ་ནས་ཆོ་ག་ལས་གེ་སར་ལྷ་སྣ་ཚོགས་ཀྱི་ངོ་བོར་འགྱུར་ཚུལ་ལ་དཔྱད་པ།
                                      ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། བསོད་རྒྱལ་འབུམ།

                            

     [ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་གེ་སར་རྒྱལ་པོའི་ཆད་ཁུངས་ལྷ་ཀླུ་གཉན་གསུམ་ལ་གཏུགས་པ་ལས་ཕ་ཁུངས་མ་རྒྱུད་དང་རིགས་རུས་ཁྱད་པར་བ་ཡིན་པའི་མཚོན་ནུས་པ་ལྡན་པ་དང་། ཐབས་དང་བྱམས་སྐྱོང་གི་བདག་པོ་ཡིན་པའི་མཚོན་ནུས་པ་ལྡན་པ། སྟོབས་དང་གཟི་བརྗིད་ཀྱིས་དྲེགས་པའི་མཚོན་ནུས་པ་ལྡན་པ་བཅས་དང་སྦྲེལ་ནས། གེ་སར་ཆོས་སྐོར་གྱི་ཆོ་ག་སྣ་ཚོགས་སུ་གེ་སར་ཚེ་ལྷ་དང་ནོར་ལྷ། པྲ་ལྷ་སོགས་ལྷ་སྣ་ཚོགས་ཀྱི་ངོ་བོར་འགྱུར་བའི་སྣང་ཚུལ་སྐོར་བརྗོད་ཡོད།
     [བརྡ་ཆད་གཙོ་བོ།] གེ་སར་རྒྱལ་པོ། མཚོན་དོན། ཆོ་ག
     [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] I207.409.7
     [ཡིག་ཚང་མཚན་བྱང་།] A
     [རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-03-0151-08

                              དང་པོ། གེ་སར་རྒྱལ་པོའི་ཆད་ཁུངས་ལྷ་ཀླུ་གཉན་གསུམ་ལ་གཏུགས་པའི་མཚོན་དོན།

     གཅིག ཕ་ཁུངས་མ་རྒྱུད་དང་རིགས་རུས་ཁྱད་པར་བ་ཡིན་པའི་མཚོན་ནུས་ལྡན་པ། ང་ཚོ་བོད་ཀྱི་སྔ་རབས་ལོ་རྒྱུས་ནི་ངག་ཐོག་ནས་བརྒྱུད་དེ་ཡི་གེ་ཡོད་པའི་བར་དུ་ལྷ་སྒྲུང་རང་བཞིན་གྱིས་གྲུབ་འདུག་སྟེ། འདི་བོད་ཁོ་ན་ཙམ་མ་ཡིན་པར་འཛམ་གླིང་ཡུལ་ཕྱོགས་སོ་སོའི་མི་རིགས་སྤྱིའི་ཁྱད་ཆོས་ཤིག་ཏུ་འཁུམས། བོད་གནའ་རབས་ཀྱི་མི་རྣམས་ཀྱིས་ལྷའི་སྒྲུང་དང་ལྷ་གང་ཞིག་མི་ཡི་ཡུལ་དུ་མགོན་སྐྱབས་སུ་བྱོན་པའི་སྒྲུང་འཆད་པ་དང་། མིའི་རྗེ་བོ་གང་ཞིག་ལྷ་དང་མི་མོ་བཤོས་པ་ལས་འཁྲུངས་པར་བཤད་ནས་རུས་རྒྱུད་ཁྱད་པར་བ་ཡིན་པ་མཚོན་བཞིན་ཡོད།ལྡེའུ་ཆོས་འབྱུང་དུ། གཉའ་ཁྲིའི་བྱུང་རབས་ཆེན་མོ་ཅན་ལྔ་དང་ལོག་གནོན་ཆེན་མོ་སོགས་བརྗོད་སྐབས་ཀྱང་སྟོད་ལྷ་རབས། བར་མངའ་དར། ཐ་མ་གྱེས་མདའ་འམ་སིལ་ཆད་བགྱི་བར་གདའ་ཞེས་པ་ལས་ཀྱང་ཤེས་ཏེ། བཙན་པོ་སྔ་མ་ཕལ་ཆེར་ཞིག་རྨུ་ཐག་ལས་བྱོན་པའི་ཚུལ་བརྗོད་དེ་ལྷ་ལས་བབས་པ་བསྟན་ཞིང་། ལྷག་པར་དུ་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་བྱོན་པའི་ཐད་ལ་བཞེད་ཚུལ་ཇི་སྙེད་ཅིག་བྱུང་ཡོད་པ་ལས། གཉའ་ཁྲི་བཙན་པོ་འདོད་ཁམས་ལྷ་ནས་ལྷ་སྲས་མིའི་རྗེ་བོར་གཤེགས་པའི་ཚུལ་དུ་བྱོན་པ་ངོ་སྤྲད་དེ། དེ་ལ་སེམས་ལྡན་གྱི་མི་ལྟ་ཅི། རི་རབ་དང་ལྗོན་ཤིང་། གཙང་པོ། ས་རྡོ་ལ་སོགས་པའི་སེམས་མེད་ཀྱི་སྣོད་ཀྱི་བཀོད་པ་མཐའ་དག་གིས་ཀྱང་། དགའ་བ་དང་དུད་པའི་ཉམས་སྣ་ཚོགས་བསྟན་པར་སྤྲོས་བརྗོད་བྱས་ཏེ། ཁོང་གི་ཆད་ཁུངས་དང་ལྷའི་དབང་ཐང་ལ་འུར་བསྟོད་ཆེན་པོ་བྱས་འདུག རིགས་རུས་དང་སྐྱེ་ཁུངས་ཀྱི་མཐོ་དམའ་ནི། གནའ་བོའི་རུས་རྒྱུད་སྤྱི་ཚོགས་དང་བྲན་གཡོག་སྤྱི་ཚོགས། བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་བཅས་ཀྱི་ཆབ་སྲིད་སྐྱོང་པ་ལ་ཐད་ཀར་འབྲེལ་བ་དམ་པོ་ཡོད་པའི་དབང་སྒྱུར་གྱི་ལག་ཆ་གཙོ་བོ་ཞིག་སྟེ། དཔེར་ན། གནའ་བོའི་རྒྱ་གར་བས་རྒྱལ་པོའམ་མངའ་བདག་རྣམས་ལ་ལྷ་ཞེས་ཆེ་བསྟོད་བྱེད་པ་དང་། རྒྱ་ནག་པས་གོང་མ་རིམ་བྱོན་ལ་ལྷ་སྲས་ཀྱི་འདུ་ཤེས་བཟུང་སྟེ་དེའི་སྟོབས་ཤུགས་ལ་ཚེ་རིང་གནམ་གྱི་ཤེད་མོང་ཞེས་ངོ་སོ་བསྟོད། དེའི་རྒྱུ་མཚན་ནི་གནའ་བོའི་དབང་སྒྱུར་བ་དེ་དག་གིས་རང་ཉིད་ཀྱི་ཆབ་སྲིད་བདག་དབང་སྲ་བརྟན་དུ་ཡོང་བའི་དགོས་མཁོར་དམིགས་ཏེ། རང་ཉིད་ཀྱི་རིགས་རུས་དང་སྐྱེ་ཁུངས་དེ་མི་རྣམས་ཀྱི་ཕུགས་བསམ་དང་འཆར་ཡན་ཁྲོད་བརྗིད་ཆགས་གེར་གནས་པའི་ལྷ་ལ་ཁུངས་གཏུགས་པའི་སྣང་ཚུལ་ཙམ་ལས་མ་འདས་ཏེ། དེ་ལྟ་བུའི་ལྷའི་གོལ་ས་དང་དབང་ཐང་། སྣང་བརྙན་བཅས་དུས་སྐབས་ངེས་ཅན་ཞིག་གི་བོད་མིའི་ཕུགས་བསམ་ཁྲོད་ཀྱི་རྒྱལ་པོ་དང་མངའ་བདག་གི་དམ་པའི་ཚད་གཞིར་གྱུར་པས། གེ་སར་རྒྱལ་པོའི་འཁྲུངས་རབས་ལའང་ཡ་ཐོག་བོད་མིའི་ཐུན་མོང་གི་སེམས་ཁམས་སུ་བག་ལ་ཉལ་བའི་མཛེས་དཔྱོད་ཀྱི་ལྟ་བ་དེས་ཤུགས་རྐྱེན་ཟབ་མོ་ཞིག་ཐེབས་འདུག་སྟེ། སྒྲུང་པ་མང་པོའི་ངག་ཐོག་དང་སྒྲུང་དཔེ་གང་རུང་ལས་བཤད་ཚུལ་རྒྱུན་འབྱམས་པ་ཞིག་ཡོད་པ་ནི། ཕ་རྒྱུད་རི་ལས་མཆེད་པས་རི་ལ་གཡོ་འགུལ་མེད་པ། མ་རྒྱུད་མཚོ་ལས་མཆེད་པས་མཚོ་ལ་ཁ་ཞབས་མེད་པ། ཞེས་དང་། ཡང་ན། འཛམ་གླིང་སེང་ཆེན་རྒྱལ་པོ་དེ།། རྩེ་མོ་ཡར་ཟུག་ལྷ་ལ་ཟུག། ལྷ་ཚངས་པ་དཀར་པོའི་ཐུགས་སྲས་རེད།། སྐེད་པ་བར་ཟུག་གཉན་ལ་ཟུག། གཉན་སྐུ་ལྷ་གེར་འཚོའི་ཚ་བོ་རེད།། རྩ་བ་མར་ཟུག་ཀླུ་ལ་ཟུག། ཀླུ་གཙུག་ན་རིན་ཆེན་ཡང་ཚ་རེད།། ཅེས་བརྗོད་པ་དང་། གེ་སར་རྒྱལ་པོས་གཙོ་བྱས་པའི་དཔའ་རྟུལ་གྲགས་ཅན་རྣམས་དང་། གེ་སར་རྒྱལ་པོའི་ཕ་མ་དང་ཆུང་མ། བཅིབ་པའི་རྟ་དང་སྒོ་ཡི་ཕྱུགས། ལྷན་དུ་གནས་པའི་མི་དབང་ཐང་ཅན་ཚང་མའི་རིགས་རུས་དང་སྐྱེ་ཁུངས་ལྷ་ཀླུ་གཉན་གསུམ་ལ་སྦྲེལ་ཏེ་ཁོ་ཚོའི་ཐུན་མོང་མ་ཡིན་པའི་ཐོབ་ཐང་མངོན་སུམ་དུ་མཚོན་ཡོད།
      གཉིས། ཐབས་དང་བྱམས་སྐྱོང་གི་བདག་པོ་ཡིན་པའི་མཚོན་ནུས་ལྡན་པ། བོད་རིགས་དམངས་ཁྲོད་ནས་གེ་སར་ནི་ལྷ་ཡི་སྲས་པོ་དང་གཉན་གྱི་བུ་དངོས་ཡིན་པས་དགྲ་ལ་སྡང་ཞིང་གཉེན་ལ་བྱམས་པ་ཡི་བདེན་དྲང་སྐྱོང་མཁན་ཞིག་དང་། བོད་མའི་ངག་རྒྱུན་དུ། གཉོམ་ཆུང་སྐྱོང་བའི་ཕ་མ་དང་བཙན་པོ་བརྡུང་བའི་ཐོ་བ། ཞེས་གེ་སར་རྒྱལ་པོ་གང་རང་བཞིན་མི་དཀྱུས་མ་ཞིག་མིན་པར་དགྲ་འདུལ་གྱི་ཐབས་ཀྱིས་ཕྱུག་ཅིང་སྙིང་རྗེས་ཀྱི་བདག་ཉིད་ཅན་ཞིག་ཏུ་བཀུར་བཞིན་ཡོད། ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན། མི་གང་ཞིག་ཐབས་ལ་མཁས་མིན་དང་ཤེས་རིག་ལྡན་མིན། གནས་ལུགས་བརྩི་མིན་བཅས་ཀྱི་ཆ་ནས། མིས་མི་ལ་དབང་སྒྱུར་བ་དང་འཚོ་གནས་ལ་བཟང་ངན་ཤོར་བ་རེད། གདོད་མའི་དུས་སུ་ཀུན་གྱིས་མཆོད་བཀུར་བྱེད་མིན་དེ་མི་དེར་ཐུན་མོང་གི་སྤྱི་སེམས་ཡོད་མེད་ཀྱི་ཀུན་སྤྱོད་ལ་རག་ལས་ཡོད་པ་འདྲ་སྟེ། དེ་ཡང་མཁས་དབང་ནམ་མཁའི་ནོར་བུ་མཆོག་གིས། སྐྱེ་འགྲོ་སུ་ཞིག་གི་ཁམས་དང་བློའི་ནུས་པ་སོགས་རང་རེའི་འགྲོ་བ་ལས་ལྷག་པ་དང་། དེ་དག་གི་བསམ་སྤྱོད་སོགས་རང་རེ་ལས་མཆོག་ཏུ་གྱུར་པའི་ལེགས་པའི་ཆ་དུ་མ་ཞིག་ཡིན་ན། དེ་ལ་‘ལྷ་’ཞེས་ཐ་སྙད་བྱེད། ② ཅེས་གསུངས་ཡོད་པ་བཞིན། ལྷ་ཀླུ་གཉན་གསུམ་ལ་དད་མོས་བྱེད་པའི་རྒྱུ་མཚན་ཡང་། དོན་དམ་དུ་ཡ་ཐོག་གི་མེས་པོ་ཚོས་རང་རེའི་མིའི་འགྲོ་བ་ལས་ཐ་དད་པའི་སྐྱེ་འགྲོ་དེ་དག་གི་ཁམས་དང་། བློའི་ནུས་པ། བསམ་སྦྱོར་གྱི་ཡོན་ཏན་བཅས་ལ་ཡིད་སྨོན་དང་དེ་དག་གི་བྱམས་སྐྱོང་དང་སྙིང་རྗེ་ཐོབ་པའི་ཆེད་ཡིན་འདུག ང་ཚོའི་སེམས་ནང་དུ་ལྷ་ཀླུ་གཉན་གསུམ་དུ་གྲགས་པ་དེ་དག་གི་ངོ་བོའང་ཐབས་ཤེས་དང་། དྲང་བདེན་བཅས་ཡིན་པར་འདོད་པ་གཞི་བྱས། གེ་སར་རྒྱལ་པོས་ཀྱང་ལྷའི་མངགས་བཀོད་དེ་འདྲ་བདེན་གྱི་གནས་ལུགས་ཤིག་ཏུ་བརྩིས་ཏེ་སྒྲུབ་ཅི་ཐུབ་བྱེད་ཀྱི་ཡོད་པར་འདོད་ཡོད་ལ། 《བདུད་འདུལ་》ལས།“སྟེང་དག་པ་ལྷ་ཡི་ཞིང་ཁམས་ནས།། ལྷ་ཚངས་པ་དཀར་རོ་དམ་ཚིག་ཅན།། ཐུགས་དགོངས་པ་ག་རུ་གཡེངས་ནས་ཡོད།། དེ་རིང་སྐྱེས་པའི་གྲོགས་ལ་བྱོན།། སྤུ་གྲི་རླུང་གི་དབྱིངས་རིམ་ནས།། གཉན་ཆེན་དྲག་རྩལ་འཕྲིན་ལས་ཅན།། དགོངས་པ་གང་དུ་གཡེངས་ནས་ཡོད།། དེ་རིང་སྐྱེས་བུའི་གྲོགས་ལ་བྱོན།། མ་དྲོས་ཀླུ་ཡི་ཕོ་བྲང་ནས།། ཀླུ་དུང་སྐྱོང་དཀར་པོ་མཐུ་རྩལ་ཅན།། དགོངས་པ་གང་དུ་གཡེངས་ནས་ཡོད།། དེ་རིང་སྐྱེས་བུའི་གྲོགས་ལ་བྱོན།།” ③ ཞེས་པས་གེ་སར་རྒྱལ་པོས་དྲང་བདེན་གྱི་ལྷ་ཀླུ་གཉན་གསུམ་ཁ་འཛིན་དུ་བསྐོས་ཤིང་གྲོགས་སུ་བོས་ཏེ་འགྲོ་དོན་སྐྱོང་བཞིན་ཡོད་པ་ཤེས་ཐུབ། ལྷག་པར་དུ། གཡུལ་འགྱེད་ཁྲོད་ཕ་རོལ་གྱི་རྒྱལ་པོ་དང་བློན་པོ། ཆོས་ལུགས་པ་ལྟ་བུའི་མི་བཙན་པོ་དང་དབང་ཐང་ཅན་དེ་དག་གི་བླ་གནས་དང་བླ་ཟོག་སོགས་བླ་རྟེན་གྱི་རིགས་འདུལ་བར་དཀའ་ཁག་ལ་འཕྲད་ཐེངས་རེར། ལྷ་ཚངས་པ་དང་གཉན་གེར་མཛོ། ཀླུ་རྒྱལ་སོགས་ཀྱི་ཐབས་ཤེས་ཀྱི་ལུང་བསྟན་གྱིས་སྒྲུབ་བཞིན་ཡོད་པས་གེ་སར་གྱི་ཐབས་ཤེས་ནི་ཀུན་ལས་འཕགས་པར་བསམ་བཞིན་འདུགསངས་རྒྱས་སྟོང་གི་ཐུགས་སྲས། སློབ་དཔོན་པདྨའི་རྣམ་སྤྲུལ། ཚངས་པ་དཀར་པོའི་བུ་རྒྱུད། ཀླུ་རྒྱལ་གཙུག་ནའི་ཚ་བོར་གྲགས་པས་གེ་སར་ནི་བདེན་དྲང་གི་བདག་ཉིད་ཅན་ཞིག་ཡིན་པས་ལྷ་རུ་བཀུར་འོས་པར་བསམ་བཞིན་ཡོད་དོ།།
      གསུམ། སྟོབས་དང་གཟི་བརྗིད་ཀྱིས་དྲེགས་པའི་མཚོན་ནུས་པ་ལྡན་པ། དེ་ཡང་《བདུད་འདུལ་》ལས། “ལྷ་ཡབ་ཆེན་ཚང་པ་དཀར་པོ་ལ།། མགོ་ཀླད་པ་དུང་ཞོ་དཀར་པོས་མཆོད།། གཉན་ཆེན་བཙན་རྒོད་དམར་པོ་དེ།།ནང་ཁྲག་བཅུད་ལྡན་པའི་སྙིང་གིས་མཆོད།། དབུ་གཙུག་ན་རིན་ཆེན་ཀླུ་རྒྱལ་དེ།། མཁལ་མ་ཆར་སྡེའུ་སྨུག་པོས་མཆོད།། གླིང་ལྷ་གེ་མཛོད་གཉན་པོ་ལ།། ཤ་ཁྲག་རུས་གསུམ་ཟུར་གྱིས་མཆོད།། ་་་་་་ཕོ་ང་དང་ང་ངོ་མ་ཤེས་ན།། དཀར་པོ་ལྷ་ཡི་ཐུགས་ཀྱི་སྲས།། དམར་པོ་གཉན་གྱི་སྤྲུལ་པའི་སྲས།། སྔོན་པོ་ཀླུ་ཡི་གཅེས་པའི་སྲ།།” ④ཞེས་ལྷ་ཀླུ་གཉན་གསུམ་ནི་གོང་དུ་བཤད་ཟིན་པ་ལྟར་གེ་སར་གྱི་ཐབས་ཤེས་ཀྱི་བདག་པོ་ཡིན་པར་མ་ཟད། གེ་སར་རྒྱལ་པོའི་མཐུ་སྟོབས་ཀྱི་བདག་པོའང་ཡིན་ཏེ།གེ་སར་རྒྱལ་པོས་ཕྱོགས་བཞིའི་དགྲ་བཞིས་གཙོས་རྫོང་ཆེན་བཅོ་བརྒྱད་ཕབ་པའང་མཐར་གཏུགས་ན་ལྷ་ཀླུ་གཉན་གསུམ་གྱིས་དངོས་དང་བརྒྱུད་པའི་སྒོ་ནས་བསྩལ་པའི་ཐབས་ཤེས་དང་མཐུ་སྟོབས་ལ་བརྟེན་ནས་རྒྱལ་ཁ་བླངས་པ་གསལ་པོར་མཚོན་ཡོད་དེ། མི་ཕྱེད་ལྷ་ཕྱེད་ཡིན་པའི་གེ་སར་རྒྱལ་པོ་ལ་ལྷ་ཀླུ་གཉན་གསུམ་གྱི་སྡོང་གྲོགས་བྱས་པས་ནག་ཕྱོགས་དགྲ་ལས་རྒྱལ་ཐུབ་པ་གསལ་པོར་མཚོན་འདུགདེ་ན་དད་ལྡན་པས་གེ་སར་རྒྱལ་པོ་ལྷ་ཀླུ་གཉན་གསུམ་གྱིས་སྲུང་ཡོད་པས་སྟོབས་དང་གཟི་བརྗིད་ཀྱི་དྲེགས་པ་འབར་པ་ཅན་ཞིག་ཡིན་པར་ཡང་བསམ་བཞིན་ཡོད། འགྲོ་བ་མིའི་རིགས་ཀྱིས་རང་བྱུང་འགྱུར་ལྡོག་གི་ཆོས་ཉིད་དངོས་ཀྱི་དོན་མ་གོ་བར། རང་ཉིད་དང་རང་བྱུང་འགྱུར་ལྡོག་གི་འབྲེལ་བ་སྙོམས་སྒྲིག་བྱེད་ཆེད། རང་བྱུང་ཁམས་ཀྱི་ནུས་མཐུ་མཐའ་དག་ལྷའི་གཟུགས་སུ་བཀོད་དེ། དེ་དག་ལ་བསྟུན་པ་དང་དད་པ། སྐྱབས་སུ་བཀུར་བ་བཅས་བྱས་པས་ནུས་མཐུ་དང་།སྒྱུ་འཕྲུལ། བྱིན་རླབས་བཅས་འཐོབ་ཅིང་། ལྷ་ཀླུ་གཉན་གསུམ་མགོན་སྐྱབས་སུ་ཐོབ་མཁན་ནི་མི་དཀྱུས་མ་ཞིག་མིན་པར་གེ་སར་ལྟ་བུ་སྟོབས་དང་ནུས་མཐུ་ཅན་དག་ཡིན་པར་འདོད་ཡོད། 《འཁྲུངས་སྐོར་》ལས། མ་ལ་ཟུག་རྔུ་སོགས་ཅི་ཡང་མེད་པར་ཐོན་པ་དང་། དེ་མ་ཐག་གུ་རུ་པད་འབྱུང་གིས་དབང་བསྐུར། ཚེ་ཆུ་བླུད་རྐན་མར་བྱིན། ལུས་མི་འཇིགས་པ་རྡོ་རྗེའི་གོ་བསྒོས། ཀླུ་གཙུག་ན་རིན་ཆེན་གྱིས་བདུད་རྩི་དྲངས། རྨ་རྒྱལ་སྦོམ་རས་རོ་བརྒྱའི་ཞལ་ཟས་ཕུལ།གཉེན་རྗེ་གེར་མཛོད་ཀྱིས་དར་ཁྲ་བོས་སྐུ་ལུས་གཡོགས། ⑤ཞེས་ལྷ་ཀླུ་གཉན་གསུམ་གྱིས་གཙུག་ཆེན་དང་དོ་ཁུར་ཆེན་པོས་སྐུ་འཁྲུངས་པའི་སྐབས་ཀྱི་ཉམ་སྣང་དེ་ལའང་དྲེགས་པ་དང་གཟི་བརྗིད་ཀྱི་སྟོབས་ཀྱིས་ཕྱུག་འདུག་པ་ཟད། གེ་སར་གྱི་འཕྲིན་ལས་ཀྱི་གྲོགས་སུ་རྒྱབ་ཁྲབ་དཀར་སྟེང་གི་སྲུང་མར་ནུ་བོ་ཀླུ་སྦྲུལ་འོད་ཆུང་། རྟ་འདོ་བ་སྲུང་བའི་སྒྲ་ལྷ་རུ་སྲིང་ལྕམ་ཐ་ལེ་འོད་དཀར་བཅས་གེ་སར་དང་མཉམ་དུ་བྱོན་ཡོད་ལ། ཝེར་མ་དང་དགྲ་ལྷ་བཅུ་གསུམ་གྱིས་བསྐོར་ནས་ལུས་དང་མ་བྲལ་བ་ཡོད་པས་སྟོབས་དང་དྲེགས་པ་འབར་བར་ཡོད་པས་ན་མགོ་ནག་བོད་མིས་དུས་རྒྱུན་སྐྱབས་དང་མཆོད་གནས་སུ་བཀུར་བཞིན་ཡོད།

                                  གཉིས་པ། ཆོ་ག་ལས་གེ་སར་ལྷ་སྣ་ཚོགས་ཀྱི་ངོ་བོར་འགྱུར་ཚུལ་བཤད་པ། 

      གོང་ནས་བཤད་པ་བཞིན་གླིང་སྒྲུང་དང་སྒྲུང་པའི་ངག་རྒྱུན། དམངས་ཁྲོད་དད་མོས་སུ་གེ་སར་ནི་ལྷ་ཀླུ་གཉན་གསུམ་གྱི་སྤྲུལ་བའི་སྲས་སུ་འདོད་པ་མ་ཟད། གླིང་གེ་སར་ནི་རླངས་ཀྱི་གྲུབ་ཆེན་ཨ་མི་བྱང་ཆུབ་འདྲེ་བཀོལ་གྱི་དངོས་སློབ་ཡིན་པ་དང་། བླ་མ་ཨོ་རྒྱན་ཆེན་པོར་ཐུགས་ཡིད་དབྱེར་མེད་འདྲེས་བའི་གསང་ཆེན་སྔགས་ཀྱི་ལྟ་སྒོམ་སྤྱོད་གསུམ་ལ་ཉམས་ལེན་གནང་བའི་འབྲས་སུ། ཚེ་གཅིག་ལ་འཇའ་ལུས་འཕོ་བ་ཆེན་པོ་རྟག་ཁྱབ་ལྷུན་གྲུབ་ཀྱི་སྐུར་བཞེངས་བའི་སྐྱེས་བུ་ཁྱད་པར་བ་ཞིག་ཡིན་པར་རྙིང་མ་བ་གཙོ་བྱས་པའི་བླ་སྤྲུལ་མང་པོ་ཞིག་གིས་འདོད་ཅིང་། བླ་མ་དང་ཡི་དམ། མཁའ་འགྲོ། ཆོས་སྐྱོང་དུ་བཀུར་བ་ནི་གཞན་ནས་བཤད་ཟིན་པས་ཤེས་སླ་ལ། གེ་སར་དགྲ་ལྷ་དང་ཝེར་མར་མཆོད་པ་ནི་བོད་ཁུལ་གྱི་བསང་མཆོད་སོགས་དམངས་ཁྲོད་དད་མོས་སུ་རྒྱུན་དུ་མཐོང་རྒྱུ་ཡོད། གེ་སར་གྱི་བསྒྲུབ་པ་འདོན་ཆོས་སྐོར་ཡང་རྙིང་མའི་དགོན་སྡེ་དང་བླ་བཙུན་གྱི་རྒྱུན་སྤྱོད་དུ་གྱུར་ཡོད་པ་མ་ཟད། ཁྱིམ་ཚང་གི་བཅའ་བ་རིམ་གྲོའི་ནང་དུའང་ཐོན་ཡོད་པས་གེ་སར་གྱི་དད་མོས་ཀྱིས་བོད་ཁུལ་ཁམས་ཕྱོགས་གཙོ་བྱས་དམངས་ཁྲོད་ཆོས་ལུགས་ཁྲོད་དུ་གོ་གནས་གལ་ཆེན་བཟུང་འདུག གེ་སར་ལ་སྐྱབས་འཇུག་ཞུ་བ་དང་དཔུང་གཉེན་བཅོལ་བའི་ཐབས་སུ་གེ་སར་གྱི་གསོལ་མཆོད་དང་། གེ་སར་གྱི་གཡང་འབོད། གེ་སར་གྱི་རླུང་རྟ། གེ་སར་གྱི་མོ། གེ་སར་གྱི་འཆམ། གེ་སར་གྱི་ལྷ་འབབ་པ་སོགས་གེ་སར་དང་འབྲེལ་བའི་ཆོས་ལུགས་ཀྱི་ཆོ་ག་སྣ་ཚོགས་ཡོད་ལ། གེ་སར་དང་འབྲེལ་བའི་ཆོས་ལུགས་ཀྱི་ཆོ་གའི་སྐོར་བརྩམས་པ་སྔ་བ་ནི་ཀརྨ་པཀྵི་ཚང་ཡིན་ཞིང་། ཆ་ཚང་བར་རྩོམ་མཁན་ནི་འཇམ་མགོན་འཇུ་མི་ཕམ་ཚང་ཡིན་འདུག དེ་བས་ཁོང་གི་གེ་སར་ཆོས་སྐོར་གྱི་ཆོ་ག་སྣ་ཚོགས་སུ་གེ་སར་ལྷ་སྣ་ཚོགས་ཀྱི་ངོ་བོར་འགྱུར་བའི་སྣང་ཚུལ་འདུག་ལ། གེ་སར་ཚེ་ལྷ་དང་ནོར་ལྷ། པྲ་ལྷ་སོགས་ཀྱི་ངོ་བོར་འགྱུར་བའི་སྐུ་ཐང་དང་འདྲ་འབག་སོགས་ཀྱང་མཐོང་རྒྱུ་ཡོད།མགོ་ལོག་གི་ཐང་སྒྲུང་བ་ཨ་བུ་དཀར་ལོའི་《གེ་སར་རིག་གནས་》ཞེས་པ་ལས། གེ་སར་ལྷ་སྣ་ཚོགས་ཀྱི་ངོ་བོར་འགྱུར་བའི་སྐུ་བརྙན་རི་མོར་བཀོད་འདུག་པས་གཤམ་ནས་དེ་གཞི་བཟུང་ནས་ངོ་སྤྲོད་རགས་ཙམ་བྱ་བ་ལ།
      གཅིག རྡོ་རྗེ་ཚེ་རྒྱལ་གེ་སར་རྒྱལ་པོ། གེ་སར་སྐྱེས་བུ་ཆེན་པོ་རྡོ་རྗེ་ཚེ་རྒྱལ་ནི་ནམ་མཁར་བདུད་རྩིའི་སྤྲིན་དཀར་པོ་ལང་ལོང་དུ་འཕྱུར་པའི་དབུས་སུ་དག་པ་ལྷ་ཡི་གཞལ་ཡས་ཁང་རྣམ་པར་རྒྱལ་བའི་ཕོ་བྲང་གི་དབུས་སུ།གསེར་སྦྱངས་ནོར་བུའི་རྒྱན་པའི་ཁྲི་ལ་ཟ་འོག་དར་གོས་བརྩེགས་པའི་གདན་རྒྱ་གྲམ་གྱི་རེ་ཁས་མཚན་པ། དེའི་སྟེང་དུ་བདུད་དང་དམ་སྲིའི་གཡང་ཤུན་བརྗིད་པར་བཀྲམ་པའི་དབུས་སུ། དགྲ་ལྷའི་རྒྱལ་པོ་གེ་སར་ཟླ་བ་ཉ་གང་བ་ལྟ་བུ་བལྟ་བས་མི་ངོམས་པའི་མཛེས་སྡུག་ལང་ཚོའི་གཟི་བྱིན་འབར་བ་ཟ་འོག་སྔོ་སྐྱའི་ན་བཟའ་དང་། གཅན་གཟན་གྱི་ལྤགས་པ་སྔོ་སྐྱས་སྨད་དཀྲིས་པ། དབུ་སྐྲ་སིལ་བུར་གྲོལ་བ་ལ་འཇའ་དང་འོད་ཟེར་འཁྱུག་པ། དབུ་ལ་ཕྱིང་ཞྭ་ཟླུམ་པོ་ཟླ་བའི་མདངས་ཅན། མཛེས་པའི་གཙུག་ཏུ་རྨ་བྱའི་སྒྲོ་ཕོན་དང་། མེ་ལོང་ནོར་བུ་དར་སྣས་མཛེས་པ། ཞལ་འཛོང་རིང་ལ་མཛེས་འཛུམ་འཕྲོ་བ། སྙན་ཆ་རིན་པོ་ཆེའི་ཀོང་པད་དང་། མགུལ་པ་ལ་གསེར་གྭ་དང་མེ་ལོང་གིས་བརྒྱན་པ། ནོར་བུའི་ཕྲེང་བ་དཀར་དམར་དང་མེ་ཏོག་སྣ་ཚོགས་པའི་དོ་ཤལ་ཅན། ཕྱག་གཡས་ཟ་འོག་གི་འབོལ་ལ་བརྟེན་ཅིང་། གཡོན་རིན་ཆེན་མདའ་གཞི་དང་གཡོས་སྡིག་མཛུབ་ཕྱག་རྒྱ་ས་ལ་གཏད་པ་ཞིག་འདུག་ལ། འདིའི་སྐུའི་ཆ་བྱད་སྐབས་བསྟུན་བསྒྱུར་དགོས་པའང་། འཇུ་མི་ཕམ་ཚང་གི་《གེ་སར་སྐྱེས་བུ་ཆེན་པོ་རྡོ་རྗེ་ཚེ་རྒྱལ་གྱི་བསྐང་གསོལ་འདོད་དགུ་མྱུར་འགྲུབ་》ན་གསལ་ལོ།།
      གཉིས། སྣང་སྲིད་དབང་སྡུད་གེ་སར་རྒྱལ་པོ། ཉི་ཟླ་དང་འཇའ་འོད་སྤྲིན་དཀར་འཕྱུར་པའི་དབུས་སུ་སེར་སྦྱངས་ནོར་བུའི་རྒྱན་པའི་ཁྲི་ལ། ཟ་འོག་དར་གོས་བརྩེགས་པའི་གདན་སེར་པོའི་སྟེང་དུ་བདུད་དང་དམ་སྲིའི་གཡང་ཤུན་བརྗིད་པར་བཀྲམ་ལ། གེ་སར་ཟླ་བ་ཉ་གང་བ་ལྟ་བུ་བལྟ་བས་མི་ངོམས་པའི་མཛེས་སྡུག་ལང་ཚོའི་གཟི་བྱིན་འབར་བ་ཟ་འོག་སྔོ་ནག་གི་ན་བཟའ། ཡང་བྱམ་དམར་པོ་གསོལ་བ། དབུ་ལ་ཕྱིང་ཞྭ་ཟླུམ་པོ་ཟླ་བའི་མདངས་ཅན།མཛེས་པའི་གཙུག་ཏུ་རྨ་བྱའི་སྒྲོ་ཕོན་དང་། མེ་ལོང་ནོར་བུ་དར་སྣས་མཛེས་པ། ཞལ་འཛོང་རིང་ལ་མཛེས་འཛུམ་འཕྲོ་བ། སྙན་ཆ་རིན་པོ་ཆེའི་ཀོང་པད་དང་། མགུལ་པ་ལ་གསེར་གྭ་དང་དངུལ་སྔོན་པོའི་མེ་ལོང་གིས་བརྒྱན་པ། སྨད་གཡོག་དཀར་པོ་དང་མེ་ཏོག་སྣ་ཚོགས་པའི་དོ་ཤལ་ཅན། ཕྱག་གཡོན་འཕྲུལ་ཞགས་དང་གཡོན་ལ་འཕྲུལ་གྱི་མདའ་གཞུ་བཟུང་། རེས་འགའ་འཛུམ་ཞིང་ཆགས་པའི་ཉམས་ཅན་བརྟན་གཡོ་ཀུན་ཁྱབ་ཀྱི་འོད་དམར་གྱི་ཀློང་ན། རྡོ་རྗེ་ལྕགས་ཀྱུ་ཞགས་པའི་འཕྲུལ་ཐབས་ཀྱིས་སྲི་ཞིའི་དྭངས་བཅུད་གཡོ་ཞིང་འགུགས་པ་གང་སྣང་སྲིད་དབང་འདུལ་གེ་སར་རྒྱལ་པོའོ།།
      ཡང་དབང་སྡུད་ཁྱད་པར་བ་གེ་སར་རྒྱལ་པོའི་སྐབས་སུ། སེང་ཆེན་རྒྱལ་པོ་ཉི་ཟླ་དཀར་གསུམ་དང་འཇའ་ཚོན་བཀྲ་བའི་གུར་ཁང་དུ་དམར་གསལ་བདེ་ཆགས་མཛེས་པའི་ཉམས་བརྒྱ་འབར་བ། ཕྱག་གཡས་ལྕགས་ཀྱུའི་ཕྱག་རྒྱ་དང་།གཡོན་མེ་ཏོག་པདྨའི་ཕྲེང་བ་དམར་པོ་འདྲེན་པ། དབུ་ལ་རིན་པོ་ཆེ་ནོར་བུ་འབར་བ་དང་དར་དམར་གྱི་བེར་དང་ལ་ཐོད་ཅན། ནོར་བུ་དང་མུ་ཏིག་དམར་པོ་ཨུཏྤལའི་ཕྲེང་པའི་མཛེས་པ། རིན་ཆེན་སྣ་ཚོགས་སྣང་གསལ་འོ་མའི་རྒྱ་མཚོ་ཆེན་པོ་ན་པདྨ་དམར་པོའི་ཁྲི་སྟེང་ལ་བཞུགས་ཤིང་། ཞབས་ཕྱེད་སྐྱིལ་ཅན་འོད་དམར་པོའི་ཀློང་ན་དབང་མཛད་ཝེར་མ་དང་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་ཞིག་གོ།
      གསུམ། ནོར་ལྷ་གེ་སར་རྒྱལ་པོ། ནམ་མཁའ་གཡའ་དག་སྤྲིན་བྲལ་མཐིང་མདོག་གི་དབུས་སུ་ཉི་ཟླ་སྐར་གསུམ་དང་འཇའ་རིས་བཞི་ཕྱོགས་བཞིར་གྱེས་ཤིང་། དབུས་སུ་དག་པ་ལྷ་ཡི་གཞལ་ཡས་ཁང་རྣམ་པར་རྒྱལ་བའི་ཕོ་བྲང་གི་དབུས་སུ། དབུ་ལ་རིན་པོ་ཆེའི་ནོར་བུ་མེ་འབར་དོག་ཅན་གྱི་དབུ་བརྒྱན་གསོལ། དབུ་སྐྲ་སིལ་བུར་གྲོལ་བ་ལ་སྐུ་རྒྱབ་ཁེབས་ཤིང་འཇའ་དང་འོད་ཟེར་འཁྱུག་པ། མགུལ་པ་ལ་གསེར་གྭ་རིན་པོ་ཆེ་གཟི་དང་བྱུ་རུ་མུ་ཏིག་སོགས་བརྒྱན་པ། རིན་པོ་ཆེ་ཁྲི་ལ་བཞུགས་ཤིང་སྨད་ལ་གོས་སྔོན་པོ་དང་དམར་པོའི་སྨད་གཡོག་ནབ་པ། སྐུ་མདོག་དཀར་ཞིང་གཙང་བས་སྣང་བ་དག་ཅིང་ཞལ་དཀར་མཛེས་འཛུམ་དགོད་པ། ཕྱག་གཡས་དགོས་འདོད་ཀུན་འབྱུང་གི་ནོར་བུ་དང་གཡོན་དུ་རིན་པོ་ཆེ་མདའ་གཞུ་ཅན་ཏེ། “སྣ་ཚོགས་འདོད་རྒུའི་སྤྲིན་ཕུང་གཏིབས།། ཕྱི་དང་ནང་མེད་ཀུན་ཏུ་ཟླུམ།། དེ་དབུས་རིན་ཆེན་སྣ་ཚོགས་ཁྲིར།། ཨ་ལས་སེང་ཆེན་ནོར་བུ་ནི།། དཀར་དམར་བདེ་ཆགས་གཞོན་ནུའི་ཚུལ།། དར་དང་རིན་ཆེན་རྒྱན་ཆས་རྫོགས།། གཡས་ན་ཡིད་བཞིན་ནོར་བུ་དང་།། གཡོན་ན་ལྕགས་ཀྱི་མདའ་གཞུ་བསྣམས།།” ⑥  ཞེས་པ་བཞིན་ནོ།།
     དེ་ཡང་《ཨོ་རྒྱན་གེ་སར་རྒྱལ་པོ་དང་ནོར་བདག་ཛམ་ལྷ་དབྱེར་མེད་དུ་སྒྲུབ་ཐབས་བསྡུས་པ་བཞུགས༔》ཞེས་པ་ལས། “ཨཱ༔སྣང་སྲིད་ཀ་དག་དབྱིངས་སུ་སྦྱངས༔ སྣོད་བཅུད་རྗེ་རྫོགས་ཞིང་གི་དབུས༔རིན་ཆེན་ནོར་བུ་བཀྲམས་པའི་ཁར༔ངོ་བོ་ཨོ་རྒྱན་གེ་སར་ཉིད༔ རྣམ་པ་གནོད་སྦྱིན་འཛམ་ལྷའི་སྐུ༔ སྨུག་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་མཆོག་སྦྱིན་ཕྱག་མཐིལ་དུ༔ རིན་ཆེན་ཙིནྡྷ་མ་ཎྀ་དང༔ གཡོན་པ་ནོར་སྐྱུགས་ནེའུ་ལེ་བསྣམས༔ མཆན་ཏུ་ཁ་ཌཾ་རྩེ་གསུམ་འཁྱིད༔ དར་གྱི་སྨད་ཤམ་དར་དཔྱངས་འཕུར༔ བཀྲག་མདངས་འོད་འབར་ལྟར་མི་བཟོད༔ འཁོར་དུ་རང་འོད་ནོར་ལྷ་བཞི༔ ཕྱོགས་མདོག་བཞེངས་སྟབས་ཞི་འཛུམ་འགྱིངས༔དེ་མཐར་གནོད་སྦྱིན་ནོར་ལྷའི་རིགས༔ དཔག་མེད་འདུ་འཕྲོ་སྐར་ལྟར་འཁྲུགས༔ རྡོ་རྗེའི་གླུ་གར་སྟངས་སྟབས་ཀྱིས༔ ས་གསུམ་སྣང་ཡིད་དབང་དུ་བྱེད༔ ” ཞེས་འབྱུང་ངོ།།
      བཞི། མོ་འདེབས་ཀྱི་ལྷ་གེ་སར་རྒྱལ་པོ།  ནམ་མཁའ་གཡའ་དག་སྤྲིན་བྲལ་མཐིང་མདོག་གི་དབུས་སུ་ཉི་ཟླ་སྐར་གསུམ་དང་འཇའ་རིས་འཁྱོག་པའི་འོག ངང་ངར་རྒྱུ་བའི་བྱང་ཆུབ་ཀྱི་མཚོ་དབུས་པདྨའི་ཁྲི་སྟེང་དུ་དབུ་ལ་ཕྱིང་ཞྭ་ཟླུམ་པོ་ཟླ་བའི་མདངས་ཅན། མཛེས་པའི་གཙུག་ཏུ་རྨ་བྱའི་སྒྲོ་ཕོན་དང་། མེ་ལོང་ནོར་བུ་དར་སྣས་མཛེས་པ། སྐུ་ལ་ཆོས་གོས་དམར་པོ་ཕྱི་ལྭ་གོས་སྔོན་པོ་ནབ་པ། སག་ལྷམ་སྔོན་པོ་མེ་རིའི་རི་མོ་ཅན། ཞལ་ལ་གསེར་མདོག་གི་འཛུམ་གྱིས་མཛེས་ཤིང་སྤྱན་ལྷོད་ཤ་ཆགས་པ། ཕྱག་གཡས་བརྐྱངས་པས་པདྨ་དཀར་པོ་བསྣམས་པ་གཡོན་ལྕགས་གཞུ་དང་ལྕགས་མདའ་འཛིན་པ་ཞིག་གོ།
      ལྔ། པྲ་ལྷ་གེ་སར་རྒྱལ་པོ།  པྲ་ལྷ་གེ་སར་རྒྱལ་པོ་ནི་པྲ་ཕབ་པའི་སྐབས་ཀྱི་ལྷ་སྟེ། “པྲ་ལྷ་རྒྱལ་པོ་ཨ་དཀར་འོད་ཀྱི་ཝེར་མ་”ཞེས་འཇུ་མི་ཕམ་ཚང་གིས་ལྷ་མཚན་ཁྱད་པར་བ་བཏགས་ཡོད་དེ། དེའི་སྐུའི་ཆ་བྱད་ཀྱང་རྨ་རྒྱལ་སྤོ་མཐོའི་རི་ཡི་མཁའ་སྤྱོད་འཇའ་འོད་ཀྱི་གུར་ཁང་སྣང་སྲིད་གསལ་བའི་གུར་ཁང་དུ་སྣང་སྟོང་མཉམ་བཞག་ཆེན་པོའི་སྒོ་ནས་བཞུགས་ཤིང་། ཕྱག་གཡས་རིན་ཆེན་སྒྲོན་མེ་དང་གཡོན་ན་རཏྣའི་མེ་ལོང་བཟུང་བ། གོས་དཀར་པོ་གྱོན་ཞིང་མེ་ཏོག་རྒྱས་པའི་སྟེང་ན་འགྱིངས་ཤིང་། འཁོར་ན་དགྱེས་ཡུམ་གསང་བའི་ལྷ་མི་ལྔས་རྡོ་རྗེ་བྲོ་གར་འཁྲབ་ཅིང་བརྡ་གླུ་ལེན་པ་དེ་ཡང་། འཇུ་མི་ཕམ་ཚང་གི་《བསེ་རུ་འོད་ལྡན་དཀར་པོའི་ཟབ་གསང་སྙན་བརྒྱུད་ཤོག་དྲིལ་མ་བཞུགས་སོ་》ཞེས་པ་ལས། “བ་སྭོ༔ སྣང་སྟོང་མཉམ་པ་ཆེན་པོའི་དབྱིངས༔གཡུང་དྲུང་འགྱུར་བ་མེད་པ་ཡི༔ དོན་དམ་ཐིག་ལེའི་ངང་ཉིད་ལས༔ རང་བྱུང་ཐུག་རྗེའི་སྐུ་སྤྲུལ་པ༔ གེ་སར་ནོར་བུ་དགྲ་འདུལ་རྩལ༔ ཤར་ཕྱོགས་རྨ་རྒྱལ་སྤོ་མཐོའི་རིའི༔ སྟེང་མཁར་མཁའ་སྤྱོད་འཇའ་འོད་གུར༔ སྣང་སྲིད་གསལ་བའི་ཕོ་བྲང་ནས༔ ཕྱྭ་གཤེན་རྣོ་མཐོང་འཕྲུལ་གྱི་ལྷ༔ ཨ་དཀར་འོད་ཀྱི་ཝེར་མ་ནི༔ ཁྱེའུ་བཅུ་དྲུག་ལང་ཚོས་སྒེག༔ དཀར་གསལ་དག་པའི་ཤེལ་འདྲ་བ༔ ཕྱག་གཡས་རིན་ཆེན་སྒྲོན་མེ་ཐོགས༔ སྲིད་པ་གསུམ་པོ་ལམ་མེར་གསལ༔ གཡོན་ན་རཏྣའི་མེ་ལོང་འཛིན༔ ལྐོག་གྱུར་མ་ལུས་སྒྲིབ་མེད་འཆར༔ དར་དཀར་རལ་ཀ་འཇའ་སྤྲིན་གོས༔ མེ་ཏོག་རྒྱས་པའི་སྟེང་ན་འགྱིང༔ དགྱེ་ཡུམ་གསང་བའི་ལྷ་མོ་ལྔ༔ འོད་ལྔ་འབར་ཞིང་མེ་ལོང་དང་༔དགོས་འབྱུང་བུམ་པ་བཟང་པོ་འཛིན༔ ཡབ་ལ་བལྟ་ཞིང་ཆགས་པའི་ཚུལ༔འཁོར་དུ་ཀུན་གསལ་ཝེར་མ་འབུམ༔ རྡོ་རྗེ་བྲོ་གར་བརྡའ་གླུ་བསྒྱུར༔ བདེ་དྲོད་གཟི་འབར་ཡ་ལ་ལ༔ སྨན་སྤོས་དྲི་བཟང་ཐུ་ལུ་ལུ༔ འཇའ་སྤྲིན་མེ་ཏོག་ཐོ་ལོ་ལོ༔ སྒྲུབ་པ་པོ་ལ་གདུང་ཞིང་འདུད༔ ⑦  ཞེས་གསལ་བར་བསྟན་ཡོད་དོ།།
      དྲུག གནས་གསུམ་ན་རྒྱུ་བའི་གེ་སར་རྒྱལ་པོ།
      1. ནམ་མཁར་རྒྱུ་བའི་གེ་སར་རྒྱལ་པོ་ནི། “ཀྱེེ། ནམ་མཁའི་ཁམས་གསུམ་རྒྱུ་ཙ་ན། གཡུ་འབྲུག་སྔོན་མོའི་རྟ་རུ་ཞོན།། གཟའ་དང་རྒྱུ་སྐར་རོལ་དུ་ཁྲིད།། ལྷོ་སྤྲིན་སྨུག་པོའི་གཡང་གཞི་འཆང་།། ཉི་མ་ཟླ་བའི་མིག་གིས་བལྟ།། ཁ་རླངས་ན་བུན་སྤྲིན་དུ་འཁྲིགས།། ང་རོ་འབྲུག་གི་གད་རྒྱང་ཅན།། གཡས་ན་བ་དན་དཀར་པོ་དང་།། གཡོན་ན་གློག་གི་ཞགས་པ་འཛིན།། སྲིད་གསུམ་ཁྱབ་པའི་མཐུ་བོ་ཆེ།།” ⑧ཞེས་པ་ལྟར་རོ།།
      2.བར་སྣང་རྒྱུ་བའི་གེ་སར་རྒྱལ་པོ་ནི། འཇུ་མི་ཕམ་ཚང་གི་གསུང་ལས་བར་སྣང་ཁམས་སུ་རྒྱུ་བ་ཙ་ན་རྫུ་འཕྲུལ་བདག་པོ་རྐྱང་རྒོད་ཕེར་བོར་བཅིབས་ཤིང་། དགྲ་ལྷའི་སྐུ་ཆོས་ཡོངས་སུ་རྫོགས་ལ་དགྲ་ལྷ་ཝེར་མ་གློག་ལྟར་འཁྲུག་སྟེ་གཡུལ་ལ་མགུ་ཞིང་དམག་ལ་དགྱེས། ཕ་རོལ་གྱི་དཔུང་འཇོམས་པ་ལ་མཐུ་བོ་ཆེ་བ་ཞིག་ཡིན་པར་བཤད།
      3.ས་གཞིའི་ཁྱོན་ལ་རྒྱུ་བའི་གེ་སར་རྒྱལ་པོ་ནི། “ཧེ།ས་གཞིའི་ཁྱོན་ལ་རྒྱུ་བའི་ཚེ།། འཇིག་བྱེད་སྐལ་བའི་མེ་རླུང་འཁྲུགས།། ཕྱགས་ན་ལྕགས་གཞུ་ལྕགས་མདའ་འགེངས།། བདུད་དགྲའི་སྲོག་གི་གནད་ལ་འདེབས།། ཆོས་སྐྱོང་སྡེ་བརྒྱད་དྲན་བཞིན་འདུ།།” ⑨ཞེས་པ་ལྟར་རོ།།
      བདུན། གཏེར་བདག་ཆེན་པོ་གེ་སར་རྒྱལ་པོ། གཏེར་བདག་ཆེན་པོ་གེ་སར་རྒྱལ་པོ་ནི། “ཧོ། རེས་འགའ་བརྗིད་ཅིང་ཚིམ་པའི་ཉམས་ཅན། སྲིད་ཞིའི་དཔལ་ཡོན་འདུ་བའི་གཞལ་མེད་ཁང་ཆེན་པོར། སྣང་སྲིད་འདོད་རྒུར་བསྒྱུར་བའི་རྒྱལ་པོའི་ཚུལ་དུ་བཞུགས་པ། ཕྱག་གཡས་བསམ་འཕེལ་དབང་གི་རྒྱལ་པོ་དང་། ཕྱག་གཡོན་ཟད་མེད་གཏེར་གྱི་བུམ་པ་བསྣམས་པ། དཔག་བསམ་ལྗོན་པའི་དགའ་ཚལ་ལ་རྩེ་བ། ཡིད་བཞིན་གཏེར་གྱི་བདག་པོ། རིན་ཆེན་ནོར་བུའི་རྒྱལ་པོ། རྒྱ་བོད་ཀྱི་ནོར་བདག ཟས་ནོར་འགུགས་པའི་ལྕགས་ཀྱུ། མཁའ་ལ་ལྷ་གཡང་བདུད་རྩིའི་སྤྲིན་སྡུད་པ། བར་སྣང་ལ་མི་གཡང་དགེ་མཚན་གྱི་ན་བུན་འཁྲིགས་པ། ས་གཞི་ལ་ཀླུ་གཡང་དམུ་ཞག་གི་རྒྱ་མཚོར་བསྐྱིལ་བ། རྨ་གཡང་འདོད་རྒུའི་ཆར་པ་འབེབས་པ། སྙན་པའི་བ་དན་ཆེན་པོ། གྲགས་པའི་འབྲུག་སྒྲ་བརྒྱ་ལྡན། སྲིད་ཞིའི་དྭངས་བཅུད་ཀྱི་བདག་པོ། ཕྱྭ་གཡང་ལོངས་སྤྱོད་ཀྱི་གཞི་མ། སྣ་ཚོགས་འདོད་རྒུའི་རོལ་མོ། མཐོང་བས་ཡིད་འཕྲོག་པ། བཟང་རྒུའི་རྒྱལ་ཁ་ལེན་ཅིང་། ཆེ་རྒུའི་ཅོད་པཎ་འགྲིམ་པ། ཕྱོགས་ཀུན་ལས་རྣམ་པར་རྒྱལ་བ་ཕྲིན་ལས་ཀྱི་འཁོར་ལོའི་བསྒྱུར་བ་ཆེན་པོ།” ⑩ ཞེས་པ་སོགས་ལྟར་རོ།།
       བརྒྱད། འཇིགས་བྱེད་རབ་ཁྲོའི་གེ་སར་རྒྱལ་པོ། འཇིགས་བྱེད་རབ་ཁྲོའི་གེ་སར་རྒྱལ་པོ་ཡང་འཇུ་མི་ཕམ་ཚང་གི་གསུང་དུ། “ཧོ། རེས་འགའ་འཇིགས་བྱེད་ཁྲོས་པའི་ཚུལ་ཅན། ཐབས་ཤེས་ཀྱི་མདའ་གཞུས་བདུད་སྲིན་དཔྲལ་བའི་མཚོ་མོ་དཀྲུགས་པ། གནམ་ལྕགས་ཀྱི་རལ་གྲིས་མ་རུངས་སྲིན་པོའི་མགོ་བོ་འབྲེག་པ། རྡོ་རྗེའི་མདུང་གིས་དམ་ཉམས་པའི་སྙིང་ལ་གཟིར་བ། དྲག་པོའི་ལྕགས་གྲུས་དགྲ་བོའི་མིག་འབྱིན་པ། འབར་བའི་གྲི་གུག་གིས་དགྲ་བོའི་སྲོག་རྩ་གཅོད་པ། སྲུང་མའི་ཟི་ར་ཁོལ་བ། སྡེ་བརྒྱད་གནད་ལ་གཅུན་པ། ཕོ་རྒྱུད་རྦབ་ལྟར་བསྒྲིལ་བ། མོ་རྒྱུད་མདའ་ལྟར་འཕེན་པ། ཝེར་མ་སྐར་མདའ་འཕྲོ་བ། སྣང་སྲིད་ཆ་ལང་བརྡེབ་པ། སྤྱན་མིག་ཉི་ཟླ་ལས་བསྐལ་པའི་མེ་འབར་བ། ལྗགས་ཀྱི་གློག་དམར་ལས་དྲག་སྔགས་ཀྱི་ཐོག་སེར་བཟོ་བ། ཞལ་གྱི་རྦ་ཀློང་ལས་རཀྟའི་རྒྱ་མཚོ་འཁྲུགས་པ། ཤངས་ཀྱི་རླུང་སྒྲོམ་ལས་བསྐལ་བའི་རླུང་ནག་འཚུབ་པ། སྐུ་ཡི་དཔའ་རྫོང་ལས་དགྲ་བླའི་དམག་སྤྲིན་འཁྲིགས་པ།ཚེམས་ཀྱི་གངས་རི་ལས་སྐྱིན་ཐང་དུག་མདའ་འཕྲོ་བ། ཐུགས་འོད་གསལ་ཀྱི་ངང་ནས་རྡོ་རྗེ་ཁྲོས་པའི་མེ་ཆེན་འབར་བ། དགྲ་བོའི་ཤ་ཁྲག་སྲོག་དབུགས་ལ་ཆེར་རྔམ་ཞིང་རོལ་བ། སྣང་སྲིད་ཀྱི་ཁམས་ན་ཆེ་བཙན་འགྲན་ཟླ་དང་བྲལ་བ་ལན་མེད་རྡོ་རྗེའི་མཚོན་གཅིག་སྒྲོལ་བྱེད་དྲག་པོ་ནོར་བུ་དགྲ་འདུལ་རྩལ་འཁོར་དགྲ་བགེགས་འདུལ་བའི་ཝེར་མ་རྒྱ་མཚོ་སང་བཅས་པ།” ཞེས་པ་བཞིན་ནོ།།
      དགུ། དགྲ་ལྷ་ཝེར་མ་གེ་སར་རྒྱལ་པོ། དེ་ཡང་《གླིང་གེ་སར་རྒྱལ་པོའི་གསོལ་མཆོད་སྐོར་ཕྱོགས་བསྒྲིགས་》ཞེས་པ་ལས། “སྐུ་རྗེ་འཛམ་གླིང་གེ་སར་ཁོང་།། དུས་ད་ལྟ་དགྲ་འདུལ་དམག་དཔོན་ཚུལ།། དབུ་དར་འཕྲུ་དགུང་དུ་ལམས་སེ་ལམ།། དགྲ་བླའི་ཁ་ཕོ་ཐམས་སེ་ཐམ།། ཁྲབ་འབུམ་ཡེའི་རྒྱུན་ཐག་སྤུས་སེ་སྤུང་།། ཝེར་མའི་དམག་དཔུང་ཁྲིགས་སེ་ཁྲིག། སྐེད་མདོ་དྲུག་འཁོར་གསུམ་ཤ་ར་ར།། བཀའ་སྡོད་གྲོ་གར་ཤིགས་སེ་ཤིག། དཔའ་དགྲ་བླ་བྱས་ན་གེ་སར་ཡིན།། ཝེར་མ་བྱས་ན་གེ་སར་ཡིན།།” ⑾ ཞེས་དུས་རྒྱུན་གྱི་སྣང་ངོར་དམག་དཔོན་དུ་སྣང་མོད། དོན་དུ་དགྲ་ལྷ་ཝེར་མ་དང་ངོ་བོ་གཅིག་ཏུ་འཛིན་པ་ཤེས་ཐུབ་བོ།།
      བཅུ། རིག་གསུམ་མགོན་པོ་གེ་སར་རྒྱལ་པོ། སངས་རྒྱས་ཆོས་ལུགས་ཀྱི་གཞུང་ལྟར་ན། སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པ་གསུམ་ལྷའི་རྣམ་པར་ཤར་བའི་ཚེ་མཁྱེན་པའི་རང་གཟུགས་འཇམ་དཔལ་དབྱངས། བརྩེ་བའི་རང་གཟུགས་ནི་སྤྱན་རས་གཟིགས། མཐུ་སྟོབས་ནུས་པའི་རང་གཟིགས་ནི་གསང་བདག་ཕྱག་ན་རྡོ་རྗེ་ཡིན་པས་སངས་རྒྱས་ཐམས་ཅད་ཀྱི་རང་རིགས་བསྡུས་ན་རིགས་གསུམ་དུ་འདུས་པ་ཡིན་ཞེས་པ་བཞིན། བོད་ཀྱི་དམངས་ཁྲོད་དད་མོས་ཁྲོད་དུ་གེ་སར་རྒྱལ་པོ་ཉིད་རིགས་གསུམ་མགོན་པོ་པདྨ་འབྱུང་གནས་ཉིད་དང་ཐུགས་རྒྱུད་གཅིག་པ་མ་ཟད།སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ངོ་བོ་དབྱེར་མེད་ཀྱིས་སངས་རྒྱས་ཀྱི་མཚན་ཉིད་ཡོངས་སུ་ཚང་བར་འདོད་པས་རིགས་གསུམ་མགོན་པོའི་སྤྲུལ་བར་ངེས་འཛིན་པ་ཡིན་ནོ།། དེ་ཡང་། རྒྱལ་རོང་ནམ་སྤྲུལ་དཔའ་སེང་གར་གྱི་རྡོ་རྗེའི་གེ་སར་སྒྲུབ་སྐོར་ལས།” རིགས་གསུམ་པད་འབྱུང་སྒྱུ་འཕྲུལ་ཞི་ཁྲོ་ཡི།། བྱིན་རླབས་ཐུགས་རྗེའི་ངོ་བོ་གཅིག་བསྡུས་པ།། འཛམ་གླིང་གེ་སར་ནོར་བུ་དགྲ་འདུལ་ལ།། སྙིང་ནས་འདུལ་དོ་འབྲལ་མེད་བརྩེ་བ་སྐྱོངས།།” ⑿ ཞེས་པར་དཔག་ན་ཤེས་སོ།།
      བཅུ་གཅིག མ་འོངས་རིག་ལྡན་དྲག་པོ་གེ་སར་རྒྱལ་པོ། གེ་སར་རྒྱལ་པོ་ཉིད་སྔོན་ཚེ་རིག་འཛིན་པདྨ་འབྱུང་གནས་དང་མ་འོངས་རིག་ལྡན་དྲག་པོ་འཁོར་ལོ་ཅན་ཡིན་པར་འཇུ་མི་ཕམ་ཚང་གི་《དགྲ་འདུལ་ནོར་བུའ་སྙིང་ཏིག་བཞུགས་》ཞེས་པར་གསུངས་ཡོད་པ་མ་ཟད། 《གེ་སར་རིག་གནས་》ལས་ཀྱང་།” རྒྱལ་ཀུན་ཡེ་ཤེས་རྡོ་རྗེ་གེ་སར་རྗེ།། སྲུང་མ་གང་སྒྲུབ་འདི་ཡི་གྲོགས་སུ་འགྱུར།། མ་འོངས་རྫོགས་ལྡན་ཕྱི་མའི་དེད་དཔོན་ཆེ།། རིགས་ལྡན་དྲག་པོ་དམག་གི་རྒྱལ་པོར་བཞེངས།།” ⒀ཞེས་གེ་སར་རིག་ལྡན་དྲག་པའི་སྣང་བརྙན་ཡང་ཕྱག་གཡས་ན་རལ་གྲུ་དང་གཡོན་ན་འཁོར་ལོ། ཟ་འོག་གི་གོས་སྣ་ཚོགས་ཀྱིས་བརྒྱན་ཞིང་ཞལ་དཀར་སྨ་ར་ཅན་གྱི་སྣང་བརྙན་བྲིས་འདུག་གོ།
             
       མཆན་འགྲེལ།
       ①本论文是文化名家曁“四个一批”人才工程自主选题资助项目《格萨尔信仰文献的搜集整理与研究》的阶段性成果。
       ②ནམ་མཁའི་ནོར་བུ། 《ཞང་བོད་ལོ་རྒྱུས་ཏི་སེའི་འོད》[M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤ30
       ③④《བདུད་འདུལ》[M] ལན་ཀྲུ། 1981ལོའི་ཟླ་2པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤ126134
       ⑤《འཁྲུངས་སྐོར》[M] ལན་ཀྲུ། 1981ལོའི་ཟླ་3པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཤ61
       ⑥འཇུ་མི་ཕམ། 《གླིང་གེ་སར་རྒྱལ་པོའི་གསོལ་མཆོད་སྐོར་ཕྱོགས་བསྒྲིགས》[M] ཁྲིན་ཏུའུ། 2006ལོའི་ཟླ་6པར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤ62
       ⑦⑧⑨⑩འཇུ་མི་ཕམ། 《གླིང་གེ་སར་རྒྱལ་པོའི་གསོལ་མཆོད་སྐོར་ཕྱོགས་བསྒྲིགས》[M] ཁྲིན་ཏུའུ། 2006ལོའི་ཟླ་6པར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤ6274 62 ཤ1156211662115
       ⑾འཇུ་མི་ཕམ། 《གླིང་གེ་སར་རྒྱལ་པོའི་གསོལ་མཆོད་སྐོར་ཕྱོགས་བསྒྲིགས》[M] ཁྲིན་ཏུའུ། 2006ལོའི་ཟླ་6པར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤ62110
       ⑿རྒྱལ་རོང་ནམ་སྤྲུལ་དཔའ་སེང་གར་གྱི་རྡོ་རྗེ། 《གེ་སར་གསང་སྒྲུབ་སྣང་སྲིད་དབང་སྡུད་བཞུགས་སོ》[M] དམངས་ཁྲོད་སྣ་རིང་། ཤ4
       ⒀ཨ་བུ་དཀར་ལོ། 《གེ་སར་རིག་གནས》[M] 2011ལོའི་ཟླ་4པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤ137

       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-1-29 19:22 , Processed in 0.031684 second(s), 20 queries .

返回顶部