日志

༄༅།།སྐབས་གཉིས་པའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ ...

已有 123 次阅读2019-10-11 08:18 |系统分类:见闻


                      ༄༅།།སྐབས་གཉིས་པའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་རྐང་འཁོར་མཐར་སོན་འགྲན་བསྡུར་འགོ་ཚུགས་པ།
                                 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།

                     
                                    མེ་མདའི་སྐད་གྲགས་པ་དང་འགྲན་བསྡུར་འགོ་བརྩམས་པས། འགྲན་ཞུགས་པ་རྣམས་འགོ་རྩོམ་ས་ནས་ཐད་དུ་རྒྱུགས།

      ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་10པའི་ཚེས་8ཉིན། སྐབས་གཉིས་པའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་རྐང་འཁོར་མཐར་སོན་འགྲན་བསྡུར་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་ནས་འགོ་བརྩམས། ཐེངས་འདིའི་འགྲན་བསྡུར་ལ་འགྲན་བསྡུར་གཙོ་བོ་ལམ་ཆེན་རྐང་འཁོར་འགྲན་བསྡུར་དང་འགྲན་བསྡུར་ཟུར་པ་རི་ལམ་རྐང་འཁོར་འགྲན་བསྡུར་གཉིས་སུ་དབྱེ་ཡོད་ཅིང་། འགྲན་བསྡུར་ལ་ཁྱོན་ཀྲུང་གོ་དང་། ཡུག་རེན། བལ་བོ་སོགས་རྒྱལ་ཁབ་ཕྱི་ནང་གི་རུ་ཁག་28ཀྱི་འགྲན་ཞུགས་པ་119སླེབས་ཡོད། 

                     
                                             འགྲན་ཞུགས་པས་འགྲན་བསྡུར་གོང་གྲ་སྒྲིག་བྱེད་བཞིན་པ།

      རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་ལམ་ཆེན་རྐང་འཁོར་འགྲན་བསྡུར་འགྲན་ཚིགས་གསུམ་དུ་ཕྱེ་སྟེ་ཀྲུང་གོའི་ཆེས་མཛེས་པའི་ཡུལ་ལྗོངས་ལམ་ཆེན་ཏེ་རྒྱལ་ལམ་318ནས་སྤེལ་རྒྱུ་ཡིན། དེའི་ཁྲོད་འགྲན་ཚིགས་དང་པོ་ནི། ཚེས་8ཉིན། ཉིང་ཁྲི་ཕྱོགས་བསྡུས་འགྲེམ་སྟོན་ལྟེ་གནས་ནས་ཀོང་པོ་རྒྱ་མདའ་རྫོང་བར་(ཧ་ལམ་སྤྱི་ལེ་128)ཡིན། འགྲན་ཚིགས་གཉིས་པ་ནི། ཚེས་9ཉིན། ལྷོ་ཁ་གྲོང་ཁྱེར་རྩེད་ཐང་ཁུལ་ནས་ལྷ་ས་གྲོང་ཁྱེར་བར་(ཧ་ལམ་སྤྱི་ལེ་160) ཡིན། འགྲན་ཚིགས་གསུམ་པའི་གཟི་བརྗིད་ཆིབས་བསྐྱོད་ནི། ཚེས་10ཉིན། སྣེའུ་ཟམ་ཆེན་གྱི་ནུབ་ཕྱོགས་སྨི་200ནས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་བར་ (ཧ་ལམ་སྤྱི་ལེ་10)ཡིན།
      གསར་འགོད་པས་འགྲན་བསྡུར་རྩ་འཛུགས་ཨུ་ཡོན་གྱི་ས་ནས་ཤེས་རྟོགས་བྱུང་བ་ལྟར་ན། སྐབས་གཉིས་པའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་རྐང་འཁོར་མཐར་སོན་འགྲན་བསྡུར་དེས། འགྲན་བསྡུར་གྱི་གཞི་ཁྱོན་དང་། འགྲན་ཞུགས་པའི་ཆུ་ཚད་བཅས་ཐམས་ཅད་ལ་གོང་སྤེལ་བཏང་ཡོད་ཅིང་། འགྲན་བསྡུར་ལ་ཞུགས་མཁན་ཡུག་རེན་གླིང་ཆེན་རིམ་པའི་ཆེད་ལས་རྐང་འཁོར་རུ་ཁག་དང་། བལ་བོའི་རྒྱལ་ཁབ་རུ་ཁག  རྒྱལ་ནང་གི་གྲོང་ཁྱེར་དང་ཞིང་ཆེན་མང་པོའི་རྩལ་སྟོབས་བཟང་བའི་ཆེད་ལས་རུ་ཁག་གྲགས་ཆེན་བཅས་ཡོད་པས། འདི་ནི་ཆུ་ཚད་མཐོ་བའི་རུ་ཁག་མང་པོས་མཉམ་དུ་འགྲན་བསྡུར་བྱེད་པའི་ཆུ་ཚད་མཐོན་པོའི་འགྲན་བསྡུར་ཞིག་ཀྱང་ཡིན། 

                 
                     
                                                 འགྲན་ཞུགས་པ་ལམ་དུ་བསྐྱོད་བཞིན་པ།                
                       
     “ད་ལོར་ཕྱི་རྒྱལ་གྱི་ཆེད་ལས་རྐང་འཁོར་རུ་ཁག་དང་རྒྱལ་ནང་གི་ཆེད་ལས་རྐང་འཁོར་རུ་ཁག་བཅས་འགྲན་བསྡུར་ནང་ཞུགས་ཡོད་པས། འགྲན་བསྡུར་སྤྱིའི་ཆུ་ཚད་ན་ནིང་ལས་ལྡབ་འགྱུར་གྱིས་མཐོ་རུ་ཕྱིན་ཡོད་ལ། འགྲན་རྩོད་ཀྱང་དེ་ལས་ཛ་དྲག་ཏུ་གྱུར་ཡོད།” ཐེངས་གཉིས་པའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་རྐང་འཁོར་མཐར་སོན་འགྲན་བསྡུར་ནང་ཞུགས་པའི་སུང་ཧུའེ་ནི་རྐང་འཁོར་བཏང་སྟེ་ལོ་9ལྷག་ཕྱིན་ཡོད་པ་དང་། རྒྱལ་ནང་གི་ལམ་ཚད་རིང་པོའི་ཤུགས་བཟོད་རྐང་འཁོར་འགྲན་བསྡུར་ལ་ཡང་མང་པོར་ཞུགས་མྱོང་། 2015ལོ་ནས་2019ལོའི་བར། ཁོ་ཉིན་བརྒྱད་ཀྱི་ཁྲོན་བོད་མཐར་སོན་འགྲན་སློང་འགྲན་བསྡུར་ལ་བསྟུད་མར་ཐེངས་5ཞུགས་ཏེ་བྱ་དགའ་ཨང་དང་པོ་ཐེངས་ལྔར་བླངས་པ་དང་། ཉིན་6དང་ཆུ་ཚོད་0སྐར་མ་56གི་འཛམ་གླིང་ཟིན་ཐོར་ཐོད་བརྒལ་བྱས་ཏེ་ཟིན་ཐོ་གསར་པ་བསྐྲུན་པ་རེད། 
      ཡུན་ནན་སྔོ་ལྗང་རི་བོའི་ནགས་གླིང་རྐང་འཁོར་རུ་ཁག་གི་མ་ཙེ་ཆོན་གྱིས་སྐབས་དང་པོའི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་རྐང་འཁོར་མཐར་སོན་འགྲན་བསྡུར་ནང་འགྲན་བསྡུར་ལེགས་པོ་བྱེད་ཐུབ་པ་བྱུང་བས། ད་ལོར་ཁོས་ཡང་བསྐྱར་ཆེས་མཛེས་པའི་ལམ་ཆེན་འདིར་བགྲོད་རྒྱུར་མིང་ཐོ་བཀོད་འདུག  “ངས་ད་ལོའི་འགྲན་ཞུགས་པ་མང་ཆེ་བ་དང་སྔོན་དུས་འགྲན་བསྡུར་བྱས་མྱོང་། འོན་ཀྱང་ད་ལོར་གོམས་ལོབས་སུ་འགྱུར་བའི་སྦྱོང་བརྡར་དུས་ཚོད་ཀྱིས་མི་འདང་བས། རང་ཉིད་ཀྱིས་འགྲན་བསྡུར་མཇུག་སྐྱོང་ཐུབ་པ་དང་རྫ་དུག་མི་ཕོག་པའི་རེ་བ་ཡོད།”ཅེས་ཟེར། 

                     
                                                  འགྲན་ཞུགས་པ་ལམ་དུ་བསྐྱོད་བཞིན་པ།

      རྒྱུས་ལོན་བྱས་པ་ལྟར་ན། ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་རྐང་འཁོར་འགྲན་བསྡུར་ནི་ལུས་རྩལ་དང་། ཡུལ་སྐོར། རིག་གནས། སྐྱེ་ཁམས་བཅས་མཉམ་འདྲེས་གོང་སྤེལ་གྱི་ལུས་རྩལ་འགྲན་བསྡུར་བྱ་བ་ཞིག་ཡིན་ལ། རྒྱལ་ཡོངས་དང་འཛམ་གླིང་ཡོངས་ལ་གཅིག་གྱུར་གྱིས་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་དར་འཕེལ་གྱི་གྲུབ་འབྲས་གསར་པ་དྲིལ་སྒྲོག་དང་འགྲེམ་སྟོན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན་པ་དང་། བོད་ལྗོངས་ཀྱི་གནས་གཙོའི་ལེགས་ཆ་དང་རང་བྱུང་ཕུན་སུམ་ཚོགས་པ་འདོན་སྤེལ་ལེགས་པོ་བྱས་ཏེ། བོད་ལྗོངས་འཛམ་གླིང་ལ་ཕྱོགས་པ་དང་། འཛམ་གླིང་བོད་ལྗོངས་སུ་བསྐྱོད་པར་བྱེད་པ། རང་རྒྱལ་དང་མཐའ་མཚམས་རྒྱལ་ཁབ་བར་གྱི་ལུས་རྩལ་བརྗེ་རེས་གཏིང་ཟབ་བྱེད་པ། ལུས་རྩལ་འགྲན་བསྡུར་བརྒྱུད་ནས་ཀྲུང་གོའི་གཏམ་རྒྱུད་ལེགས་པར་བཤད་པ་དང་། ཀྲུང་གོའི་འབོད་སྒྲ་ལེགས་པར་དྲིལ་སྒྲོག་བྱེད་པའི་བྱ་འགུལ་ལེགས་པོ་ཞིག་བཅས་ཡིན།
      འགྲན་བསྡུར་གཙོ་སྒྲུབ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་བས་བཤད་པ་ལྟར་ན། འགྲན་བསྡུར་འདི་སྤེལ་སྐྱོང་ལེགས་པོ་ཐུབ་པ་དེས་ལུས་རྩལ་བདེ་ཐང་གི་འཚོ་བའི་འཛིན་སྟངས་རིགས་སོ་སོའི་མང་ཚོགས་ཀྱི་ཁྲོད་དུ་དྲིལ་སྒྲོག་བྱས་ཏེ། ལུས་རྩལ་ལས་རིགས་གངས་ཅན་བོད་ཀྱི་ལྗོངས་ནས་རྩ་བ་ཚུགས་ཏེ་མྱུ་གུ་འབུས་པར་བྱ་བ་དང་། བོད་ལྗོངས་ཀྱི་ལུས་རྩལ་ལས་རིགས་དར་འཕེལ་གྱི་གོ་དོན་དེ་བས་ཕུན་སུམ་ཚོགས་པ་དང་། སྒུལ་ཤུགས་དེ་བས་ཤུགས་དྲག་ལྡན་པ་ཡོང་བར་བྱས་ཏེ། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་སྒུལ་ཤུགས་གསར་པ་ཞིག་ཏུ་འགྱུར་བར་བྱ་དགོས་སོ།།

                     
                                       ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།


评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2020-8-3 20:07 , Processed in 0.058164 second(s), 20 queries .

返回顶部