博客西藏在最高处过一种生活

日志

༄༅།།ཁྱེད་ཡར་རྒྱས་འགྲོ་འདོད་ན་འདི་དག་སྒྲུ ...

已有 58 次阅读2019-10-6 09:43 |系统分类:文化


                                         ༄༅།།ཁྱེད་ཡར་རྒྱས་འགྲོ་འདོད་ན་འདི་དག་སྒྲུབས་ཤིག
                       ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། རྩོམ་པ་པོ། མིག་དམར་རྒྱ་མཚོ། རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
                        
                         

     མི་ཚང་མས་དུས་ཀྱི་འཁོར་ལོའི་འགྲོས་དང་བསྟུན་ནས་རང་ཉིད་ཀྱི་འཇོན་ནུས་ཆེ་རུ་འགྲོ་བའི་རེ་བ་འཆང་བ་དང་། རྣམ་ཀུན་གྱི་འཚོ་བ་དང་ལས་ཀ་ཙག་ཙིག་ཁྲོད་འཇོན་ནུས་མི་ཉམས་པའི་རེ་བ་བྱེད་ཀྱི་ཡོད། རང་གི་བྱང་ཚད་མཐོ་རུ་གཏོང་བར་སྙིང་རུས་ཁོ་ནས་མི་འགྲིག་པར་ཐབས་ཤེས་དགོས་གལ་ཤིན་ཏུ་ཆེ། གཤམ་འོག་གི་ཐབས་ཤེས་ལྔ་པོས་ཁྱེད་ལ་ཕན་ཐོགས་པའི་རེ་བ་ཤིན་ཏུ་ཆེ།

     གཅིག འཁང་ར་བྱེད་མཚམས་འཇོག་པ། མིག་སྔའི་གནས་སྟངས་དཀའ་ཚེགས་ཇི་ལྟར་ཆེ་ནའང་མང་ཆེ་བ་ནི་རང་གིས་བཟོས་པའི་མཇུག་འབྲས་ཡིན་སྟབས་འཁང་ར་བྱེད་པ་ནི་མུ་གེའི་སྟེང་ལ་ཟླ་ལྷག་ཅེས་པའི་དཔེར་འགྱུར་བས་དེས་དོན་ངོ་མའི་ལས་དབང་ལ་འགྱུར་ལྡོག་གཏོང་ག་ལ་ཐུབ། སེམས་ཁམས་རིག་པའི་ནང་རིགས་གཞུང་འདི་འདྲ་ཞིག་ཡོད་པ་སྟེ།  རྣམ་ཀུན་འཚོ་བའི་10%ནི་རང་གི་ལུས་སྟེང་ནས་ཐོན་པའི་གནས་ཚུལ་ཡིན། དེ་བྱིངས་ཀྱི་90%ནི་ཁྱེད་ཀྱིས་བྱ་དངོས་ལ་འཛིན་པའི་བལྟ་སྟངས་ཀྱིས་ཐག་བཅད་ཡོད། འཁང་ར་ཁོ་ནའི་ཁྲོད་དུས་འདའ་བར་བྱེད་པ་ལས། ཁུ་སིམ་མེར་རང་གི་འཚོ་བར་འགྱུར་ལྡོག་གཏོང་བའི་ལས་ལ་བྲེལ་ན་དགའ། དཔེར་ན། ལས་ཀ་ནན་ཏན་བྱེད་པ་དང་། རང་གི་འཇོན་ནུས་ཆེ་རུ་གཏོང་བ། ཡང་དཔེར་ན། དཔེ་དེབ་བལྟ་ཀློག་དང་། ཤེས་རྒྱ་ཆེ་རུ་གཏོང་བ། རིག་ལམ་ལ་འགྱུར་བ་གཏོང་བ་སོགས་བྱས་ཆོག ལས་དོན་བསྒྲུབས་པའི་ལས་ཆོད་ག་ཚོད་ཀྱི་མཐོ་བ་དང་དོན་དངོས་དང་ཇི་ཙམ་གྱི་མཐུན་ན། རྒྱུན་གཏན་གྱི་འཚོ་བའི་གནས་སུ་ལོག་ཐུབ་པ་མ་ཟད། སྔར་བས་ལེགས་སུ་འགྲོ་ངེས་ཡིན།

     གཉིས། སང་གི་བྱ་བ་གནངས་ལ་སྐྱེལ་མི་རུང་། དྲ་ཐོག་ཏུ་པར་རིས་འདི་འདྲ་ཞིག་ཡོད་པ་སྟེ།  གཞན་གྱི་ལས་ཀ་བྱེད་སྐབས་འཆར་འགོད་ནས་ལག་བསྟར་དང་།  བཟོ་བཅོས།  གྲོས་བསྡུར།  གཏན་ལ་ཕབ་པ།  ལེགས་སྒྲུབ་བཅས་བར་ཁ་གསལ་ལ་མགོ་མཇུག་ཡོད་པ་ཞིག་ཡིན། ཡིན་ནའང་ཁྱེད་ཀྱི་ལས་ཀ་བྱེད་སྟངས་ནི་མདུན་དུ་དུས་ཚོད་མང་པོ་ཞིག་རོལ་རྩེད་དང་སྤྲོ་སྐྱིད་ཁོ་ནར་རོལ་ཞིང་མཇུག་སྒྲིལ་དུས་བཀག་སླེབས་ཉེར་ཡོད་པའི་མཚམས་འདིར་བྲེལ་བྲེལ་འཚུབ་འཚུབ་ངང་ལས་ཀ་བྱེད་པ་དེ་རེད། སང་གི་བྱ་བ་གནངས་ལ་སྐྱེལ་བ་ནི་མི་ཞིག་གི་མི་ཚེའི་བདེ་སྐྱིད་ཀྱི་དགྲ་བོ་ལྟ་བུར་བརྩི་ཆོག རང་ཉིད་ཀྱི་འཇོན་ཐང་ཇེ་ཆེར་གཏོང་དགོས་སྙམ་ན། གལ་ཆེ་ཤོས་ནི་སང་གི་བྱ་བ་གནངས་ལ་མི་སྐྱེལ་བ་དེ་ཡིན། དུས་ཚོད་སྐར་མ་ལྔའི་གཏན་འབེབས་ལག་བསྟར་བྱེད་ཆོག་པ་སྟེ། ལས་ཀ་བྱེད་འདོད་མེད་པའི་སྐབས་དེར་སྐར་མ་ལྔས་སྔོན་ལ་ལས་འགོ་འཛུགས་ཐུབ་ཐབས་བྱེད་དགོས། དུས་ཐུང་སྐར་མ་ལྔས་རང་ཉིད་སློབ་སྦྱོང་དང་ལས་ཀའི་དབྱིངས་སུ་ཞུགས་ཐུབ། དེ་ནི་འགོ་བཙུགས་པ་ཙམ་གྱིས་ཕྱེད་ཀ་ལེགས་སྒྲུབ་ཐུབ་པ་ཞེས་པའི་དཔེ་ལྟར་རེད། གཞན་ཡང་། ཁ་པར་སོགས་ལ་མགོ་བོ་མི་གཡེང་བར། སྐབས་ཤིག་རིང་རིག་པ་རྩེ་གཅིག་ཏུ་སྒྲིམ་རྒྱུ་རྒྱུན་འཁྱོངས་ཐུབ་ཚེ། རང་གིས་རང་ལ་བྱ་དགའ་ཆུང་ཆུང་ཞིག་སྤྲོད་དགོས། དེ་ལྟར་གོམས་འདྲིས་སུ་གྱུར་ན་ཕྱིས་སུ་དཀའ་ངལ་གང་ཡང་འཕྲད་མི་སྲིད།

      གསུམ། རྒྱུན་དུ་ལུས་སྦྱོང་བྱེད་པ།  གལ་ཏེ་རང་ཉིད་ནི་ཅི་ཡང་སྒྲུབ་མི་ཐུབ་པའི་མི་ཞིག་ཡིན་སྙམ་པ་དང་། གལ་ཏེ་ཁྱེད་ཀྱིས་འཚོ་བར་འཁོན་སེམས་བཅངས་ན། ལུས་སྦྱོང་གནང་དང་། སྐབས་ཤིག་རིང་གི་ལུས་སྦྱོང་གིས་འཚོ་བར་འགྱུར་ལྡོག་གཏོང་ཐུབ་ཅིང་། གཟུགས་སྟོབས་ཇེ་ཆེར་སོང་ན་གློ་སྙིང་གི་བྱེད་ནུས་ཀྱང་ལེགས་སུ་འགྲོ་བ་དང་། གཏམ་གྱི་སྒོ་མོ་འབྱེད་དུས་གདིང་ཤུགས་ཡོད་པ། བལྟས་ན་གྲུང་ཤ་དོད་པ། ལས་ཀ་དང་སློབ་སྦྱོང་གང་བྱས་རུང་ལས་ཆོད་མཐོ་བ། གཟུགས་བྱད་ལེགས་པར་འགྱུར་བ་དང་། དེ་ལྟར་བྱུང་རྗེས་རང་གིས་རང་ལ་གཅེས་འཛིན་ཤུགས་ཆེ་རུ་འགྲོ་སྲིད།

      བཞི། ཉིན་ལྟར་རང་ཞིབ་བྱེད་པ། དགོང་ལྟར་མ་ཉལ་གོང་། སེམས་རྣལ་ལ་ཕབ་སྟེ་ཉིན་དེར་བསྒྲུབས་པའི་ལས་དོན་ལ་མི་འདང་ས་གང་ཡོད་མེད་མནོ་བསམ་གཏོང་དགོས།  གལ་ཏེ་ཉིན་དེར་རང་གི་སེམས་ཁམས་ལ་འགྱུར་བ་ཆེ་བའི་དོན་དག་ཐོན་ཚེ། རང་ཉིད་ཀྱི་བྱ་སྤྱོད་ཡང་དག་མིན་དང་། རང་གི་རྩ་དོན་ལས་འགལ་ཡོད་མེད། གཞན་ལ་གནོད་འཚེ་བཟོས་ཡོད་མེད་བཅས་ལ་མནོ་བསམ་ཞིབ་མོ་གཏོང་དགོས། རང་ཞིབ་ནན་པོ་བྱས་ཚེ། ད་གཟོད་མི་འདང་ས་དང་བཟང་ཆ་ངང་གིས་ཤེས་ཐུབ།

      ལྔ། རྩལ་ནུས་གསར་པ་སྦྱོང་བ། སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་འཚར་ལོངས་ཀྱི་བརྒྱུད་རིམ་ནང་ཕན་འབྲས་ཐོབ་ཆེ་ཤོས་དང་ཐོབ་སླ་ཤོས་ནི་རྩལ་ནུས་གསར་པ་སློབ་སྦྱོང་བྱ་རྒྱུ་དེ་ཡིན། ཁྱེད་ནས་ལོ་ལྟར་རྩལ་ནུས་གསར་པ་རེ་སྦྱོང་དང་། ཅི་ཡང་མི་ཤེས་པ་ནས་འགོ་བརྩམས་ཏེ། སློབ་སྦྱོང་རྒྱུན་འཁྱོངས་བྱས་ཚེ། ལོ་མཇུག་གི་ཕྱོགས་སྡོམ་སྐབས་རང་ཉིད་ཡར་རྒྱས་ཆེན་པོ་བྱུང་བ་ཤེས་ཐུབ། རྩལ་ནུས་གསར་པ་རེ་ཤེས་གྱུར་ན། ལས་དོན་སྒྲུབ་དུས་ལས་ཆོད་མཐོ་བ་མ་ཟད། རང་གིས་རང་ལ་ཡིད་ཆེས་བྱེད་ཚད་ཆེ་རུ་འགྲོ་ཐུབ། ལག་བྲིས་དང་། ཡིག་གཟུགས། བརྙན་ཐུང་པར་ལེན་སོགས་ཁྱེད་ནས་སྦྱོང་འདོད་ན་ད་ལྟ་ནས་འགོ་རྩོམ་གནང་དང་། ཉིན་རེའི་ཡར་རྒྱས་ཕྲན་བུས་རང་ཉིད་ཕུགས་བསམ་དང་ཐག་ཇེ་ཉེར་གཏོང་ཐུབ།

      ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོ་བོད་ཀྱི་དྲ་བ་ལས་བཏུས་སོ།






评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-10-21 23:47 , Processed in 0.025980 second(s), 20 queries .

返回顶部