ཀ
སྔོན་འཇུག་ཕོ་ཡིག་ཐོབ་པའི་ལས་ཚིག་ཡིན་ན་དུས་འདས་པ་ཁོ་ན་སྟོན་པས་ཨེ་ཁྱབ།
མ་ཁྱབ་སྟེ། བསྒྲུབ་པར་བྱ། བསྒྱུར་བར་བྱ་ལྟ་བུ་དེ་དེ་ཡིན་པ་གང་ཞིག ཁྱོད་དུས་འདས་པ་སྟོན་པའི་ལས་ཚིག་མ་ཡིན་པའི་ཕྱིར་ཏེ། ཁྱོད་དུས་མ་འོངས་པ་སྟོན་པའི་ལས་ཚིག་ཁོ་ན་ཡིན་པའི་ཕྱིར་རོ།།
ཁ
སྔོན་འཇུག་བ་ཡིག་ཐོབ་པའི་བྱ་བྱེད་ཀྱི་ལས་ཚིག་གང་རུང་ཡིན་ན་བྱ་ཚིག་ཁོ་ནས་ཨེ་ཁྱབ།
མ་ཁྱབ་སྟེ། བརྩོན། བསྔགས། བསྟོད་ལྟ་བུ་དེ་དེ་ཡིན་པ་གང་ཞིག ཁྱོད་བྱེད་ཚིག་ལའང་འཇུག་པ་ཡོད་པའི་ཕྱིར་ཏེ། དུས་གསུམ་དུ་གཟུགས་མི་འགྱུར་བའི་ལས་ཚིག་ཡིན་པའི་ཕྱིར་རོ།།
ག
སྔོན་འཇུག་མ་ནིང་གཉིས་ཐོབ་པའི་ལས་ཚིག་གི་དུས་སྟོན་བྱེད་ཡིན་ན་ད་ལྟ་བ་ཁོ་ནས་ཨེ་ཁྱབ།
མ་ཁྱབ་སྟེ། ཞོ་སོགས་དཀྲུགས། དུམ་བུར་གཏུབས་ལྟ་བུ་དེ་དེ་ཡིན་པ་གང་ཞིག ཁྱོད་ད་ལྟ་བ་མ་ཡིན་པའི་ཕྱིར་ཏེ། འདས་པ་ཡིན་པའི་ཕྱིར།
ང་།
སྔོན་འཇུག་འ་ཡིག་ཐོབ་པའི་ལས་ཚིག་ཡིན་ན་གཞན་ལ་སྦྱོར་བའི་བྱ་ཚིག་ལ་མི་འཇུག་པས་ཨེ་ཁྱབ།
མ་ཁྱབ་སྟེ། འཆའ་བྱ། འཆའ་བྱེད་ལྟ་བུའི་འཆའ་དེ་དེ་ཡིན་པ་གང་ཞིག ཁྱོད་བདག་གཞན་གཉིས་ཀར་ཁྱད་མེད་དུ་འཇུག་པའི་ལས་ཚིག་ཡིན་པའི་ཕྱིར་རོ།།
ཅ
སྔོན་འཇུག་མོ་ཡིག་ཐོབ་པའི་དུས་གསུམ་སྟོན་བྱེད་ཀྱི་ལས་ཚིག་ཡིན་ན་མ་འོངས་པ་ཁོ་ནས་ཨེ་ཁྱབ།
མ་ཁྱབ་སྟེ། མདའ་འཕངས།གཞན་དུ་འཕོས་ལྟ་བུ་དེ་དེ་ཡིན་པ་གང་ཞིག ཁྱོད་མ་འོངས་པ་སྟོན་པའི་ལས་ཚིག་མ་ཡིན་པའི་ཕྱིར་ཏེ། ཁྱོད་འདས་པ་སྟོན་བྱེད་ཀྱི་ལས་ཚིག་ཡིན་པའི་ཕྱིར་རོ།།
ཆ
མགོ་ཅན་གྱི་འདས་ཚིག་ཡིན་ན་ཁྱོད་ལ་སྔོན་འཇུག་ངེས་ཅན་དུ་ཡོད་པས་ཨེ་ཁྱབ།
མ་ཁྱབ་སྟེ། དྲི་མས་སྦགས། རྡུལ་སོགས་སྤྲུགས་ལྟ་བུ་དེ་དེ་ཡིན་པ་གང་ཞིག ཁྱོད་ལ་སྔོན་འཇུག་ངེས་ཅན་དུ་ཡོད་མི་དགོས་པའི་ཕྱིར་ཏེ། སྔོན་འཇུག་གཏན་ནས་མི་འཐོབ་པའི་ཕྱིར་རོ།།
ཇ
སྔོན་འཇུག་ཕོ་ཡིག་ཐོབ་རུང་བའི་བྱ་ཚིག་མ་འོངས་པ་སྟོན་བྱེད་ཡིན་ན་ཁྱོད་ཀྱི་སྔོན་འཇུག་བ་ཡིག་ཡིན་པས་ཨེ་ཁྱབ།
མ་ཁྱབ་སྟེ། ལམ་སྲོལ་སོགས་གདོད་བྱ་དང་བདོད་བྱ་གཉིས། མང་པོའི་ནང་ནས་གདམ་བྱ་དང་བདམ་བྱ་གཉིས་ལྟ་བུ་དེ་དེ་ཡིན་པ་གང་ཞིག ཁྱོད་གདམ་ང་ཡིན་པའི་ཕྱིར་རོ།།
ཉ
སྔོན་འཇུག་མ་ནིང་གཉིས་གང་རུང་གི་ལས་ཚིག་ཅན་ཡིན་ན་ཁྱོད་ཀྱི་འདས་ཚིག་གི་སྔོན་འཇུག་བ་ཡིག་ཡིན་པས་ཨེ་ཁྱབ།
མ་ཁྱབ་སྟེ། བློས་རྗེས་སུ་དཔགས། ནད་ཀྱིས་གདུངས་ལྟ་བུ་དེ་དེ་ཡིན་པ་གང་ཞིག ཁྱོད་ཀྱི་འདས་ཚིག་ལ་བ་ཡིག་མི་འཐོབ་པའི་ཕྱིར་རོ།།
ཏ
མགོ་འདོགས་མེད་པའི་མིང་གཞིའི་འདས་ཚིག་ག་ང་བ་མ་གང་རུང་གི་རྗེས་འཇུག་ཅན་ཡིན་ན་ཁྱོད་ལ་སའི་ཡང་འཇུག་ཐོབ་པས་ཨེ་ཁྱབ།
མ་ཁྱབ་སྟེ། བཀའ་ཕབ། ས་བོན་བཏབ་ལྟ་བུ་དེ་དེ་ཡིན་པ་གང་ཞིག ཁྱོད་ལ་སའི་ཡང་འཇུག་མི་འཐོབ་པའི་ཕྱིར་རོ།།
ཐ
ན་ར་ལའི་རྗེས་འཇུག་ཅན་གྱི་ཡི་གེ་ཡིན་ན་ཁྱོད་ལ་ད་དྲག་ཐོབ་པས་ཨེ་ཁྱབ།
མ་ཁྱབ་སྟེ། སྨན། གཞལ། དགར་ལྟ་བུ་དེ་དེ་ཡིན་པ་གང་ཞིག ཁྱོད་ལ་ད་དྲག་མི་འཐོབ་པའི་ཕྱིར་རོ།།
ད
ད་དྲག་ཅན་གྱི་ཡི་གེ་ཡིན་ན་ཁྱོད་འདས་ཚིག་དང་སྐུལ་ཚིག་གང་རུང་ཡིན་པས་ཨེ་ཁྱབ།
མ་ཁྱབ་སྟེ། ཤིནད་ཏུ་དང་། ཀུནད་ཏུ་ལྟ་བུའི་མི་ཟད་པའི་ཚིག་རྒྱན་ལྟ་བུ་དེ་དེ་ཡིན་པ་གང་ཞིག ཁྱོད་འདས་ཚིག་དང་སྐུལ་ཚིག་གང་རུང་མ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ།ཁྱོད་ལས་ཚིག་མ་ཡིན་པའི་ཕྱིར། ཁྱབ་སྟེ་འདས་ཚིག་དང་སྐུལ་ཚིག་གང་རུང་ཡིན་ན་ཁྱོད་ལས་ཚིག་ཡིན་པས་ཁྱབ་པའི་ཕྱིར་རོ།།
ན
ལས་ཚིག་སྟོན་པའི་མིང་གཞི་ཡིན་ན་ཁྱོད་ཀྱི་ཡི་གེ་རང་སྡེ་ལས་གཞན་དུ་མི་འགྱུར་བས་ཨེ་ཁྱབ།
མ་ཁྱབ་སྟེ། གཞུག་དང་འཇུགབཅུག་ལྟ་བུ་དེ་དེ་ཡིན་པ་གང་ཞིག ཁྱོད་ཀྱི་ཡི་གེ་རང་སྡེ་ལས་གཞན་དུ་འགྱུར་བ་ཡིན་པའི་ཕྱིར་རོ།།
པ།
གཟུགས་མི་འགྱུར་བའི་ལས་ཚིག་ཡིན་ན་ཁྱོད་ཀྱི་ཁ་གཏད་གཟུགས་འགྱུར་བའི་ལས་ཚིག་ཡོད་པས་ཨེ་ཁྱབ།
མ་ཁྱབ་སྟེ། འཁྲུལ་དང་ཁྱབ་ལྟ་བུ་དེ་དེ་ཡིན་པ་གང་ཞིག ཁྱོད་ཀྱི་ཁ་གཏད་ཀྱི་གཟུགས་འགྱུར་ལས་ཚིག་མེད་པའི་ཕྱིར་རོ།། ཁ་གཏད་ཅེས་པ་ནི། དཔེར་ན། འགྱུར་དང་བསྒྱུར།འགྲུབ་དང་བསྒྲུབ། གྲོངས་དང་བཀྲོངས་རྣམས་ཁ་གཏད་ཡིན་པས་མཚོན་ནོ།།
ཕ
ཞ་སྡེ་གཟུགས་འགྱུར་གྱི་ལས་ཚིག་ཡིན་ན་ཁྱོད་ཀྱི་དུས་གསུམ་གའི་མིང་གཞི་མི་འགྱུར་པས་ཨེ་ཁྱབ།
མ་ཁྱབ་སྟེ། གཞོམ་བྱ། འཇོམས་བྱེད། བཅོམ་ཟིན་ལྟ་བུ་དེ་དེ་ཡིན་པ་གང་ཞིག ཁྱོད་ཀྱི་དུས་གསུམ་གའི་མིང་གཞི་མི་འགྱུར་བ་མ་ཡིན་པའི་ཕྱིར་ཏེ། མིང་གཞི་འགྱུར་བའི་ཕྱིར་རོ།།
བ
སའི་ཡང་འཇུག་ཅན་ཡིན་ན་ད་ལྟ་བ་དང་འདས་ཚིག་དང་སྐུལ་ཚིག་གསུམ་གང་རུང་སྟོན་པས་ཨེ་ཁྱབ།
མ་ཁྱབ་སྟེ། གངས་དང་ནགས་ལྟ་བུ་དེ་དེ་ཡིན་པ་གང་ཞིག ཁྱོད་ཀྱིས་དུས་གསུམ་གའི་གང་རུང་མི་སྟོན་པའི་ཕྱིར་ཏེ། མིང་རྐྱང་ཡིན་པའི་ཕྱིར་རོ།།
མ
ལས་ཚིག་སྟོན་པའི་མིང་གཞི་ཡིན་ན།ཁྱོད་ཀྱི་ཡི་གེ་མི་འདྲ་བ་གཉིས་ལས་ལྷག་མི་འགྱུར་བས་ཨེ་ཁྱབ།
མ་ཁྱབ་སྟེ། དགྲ་སོགས་གཞོམ་བྱ། འཇོམས་བྱེད། བཅོམ་ཟིན། ཆོམས་ཤིག་ལྟ་བུ་དེ་དེ་ཡིན་པ་གང་ཞིག ཁྱོད་ཀྱི་མིང་གཞིའི་ཡི་གེ་གཉིས་ལས་ལྷག་པར་མི་འགྱུར་བ་མ་ཡིན་པའི་ཕྱིར་ཏེ། ཡི་གེ་མི་འདྲ་བ་དུ་མར་འགྱུར་བའི་ཕྱིར་རོ།།
ཙ
མགོ་འདོགས་མེད་པའི་མིང་གཞིའི་འདས་ཚིག་ག་ང་བ་མ་གང་རུང་གི་རྗེས་འཇུག་ཅན་ཡིན་ན་ཁྱོད་ལ་སའི་ཡང་འཇུག་མི་འཐོབ་པས་ཨེ་ཁྱབ།
མ་ཁྱབ་སྟེ། ཆར་བབས་དང་འདོད་ཡོན་ལ་ཆགས་ལྟ་བུ་དེ་དེ་ཡིན་པ་གང་ཞིག ཁྱོད་ལ་སའི་ཡང་འཇུག་ཐོབ་པའི་ཕྱིར་རོ།།
ཚ
སྔོན་འཇུག་མ་ནིང་གཉིས་གང་རུང་གི་ལས་ཚིག་ཡིན་ན་ཁྱོད་ཀྱི་འདས་ཚིག་གི་སྔོན་འཇུག་བ་ཡིག་མ་ཡིན་པས་ཨེ་ཁྱབ།
མ་ཁྱབ་སྟེ། གདག་བྱའི་རྟ་སོགས་བཏགས་དང་། དགྲོལ་བྱའི་མདུད་པ་བཀྲོལ་ལྟ་བུ་དེ་དེ་ཡིན་པ་གང་ཞིག ཁྱོད་ཀྱི་འདས་ཚིག་གི་སྔོན་འཇུག་བ་ཡིག་ཡིན་པའི་ཕྱིར་རོ།།
ཛ
ལས་ཚིག་སྟོན་པའི་མིང་གཞི་ཡིན་ན། ཁྱོད་ཀྱི་ཡི་གེ་ལ་མི་འདྲ་བ་བཞི་མི་འཐོབ་པས་ཨེ་ཁྱབ།
མ་ཁྱབ་སྟེ། དགྲ་སོགས་གཞོམ་བྱ། འཇོམས་བྱེད། བཅོམ་ཟིན། ཆོམས་ཤིག་ལྟ་བུ་དེ་དེ་ཡིན་པ་གང་ཞིག ཁྱོད་ཀྱི་ཡི་གེ་ལ་མི་འདྲ་བ་བཞི་མི་འཐོབ་པ་མ་ཡིན་པའི་ཕྱིར་ཏེ། དེ་འདྲ་ཐོབ་པ་མངོན་སུམ་དུ་སྣང་བའི་ཕྱིར་རོ།།
ཝ
གཟུགས་མི་འགྱུར་བའི་ལས་ཚིག་ཡིན་ན་ཁྱོད་ཀྱི་ཁ་གཏད་གཟུགས་འགྱུར་གྱི་ལས་ཚིག་མེད་པས་ཨེ་ཁྱབ།
མ་ཁྱབ་སྟེ། ཐུང་དང་ཉུང་ལྟ་བུ་དེ་དེ་ཡིན་པ་གང་ཞིག ཁྱོད་ཀྱི་ཁ་གཏད་གཟུགས་འགྱུར་གྱི་ལས་ཚིག་མེད་པ་མ་ཡིན་པའི་ཕྱིར་ཏེ། ཐུང་གི་ཁ་གཏད་ལ་བསྟུང་དང་། ཉུང་གི་ཁ་གཏད་ལ་བསྙུང་ཞེས་པ་དེ་དེ་ཡིན་པའི་ཕྱིར་རོ།།
ཞ
སྔོན་འཇུག་ཕོ་ཡིག་ཐོབ་རུང་བའི་བྱ་ཚིག་མ་འོངས་པ་སྟོན་བྱེད་ཡིན་ན་ཁྱོད་ཀྱི་སྔོན་འཇུག་བ་ཡིག་མ་ཡིན་པས་ཨེ་ཁྱབ།
མ་ཁྱབ་སྟེ། ཆུ་བཅུ། གྲངས་བགྲང་ལྟ་བུ་དེ་དེ་ཡིན་པ་གང་ཞིག ཁྱོད་ཀྱི་སྔོན་འཇུག་བ་ཡིག་མ་ཡིན་པ་མ་ཡིན་པའི་ཕྱིར་ཏེ། བ་ཡིག་ཡིན་པའི་ཕྱིར་རོ།།
ཟ
དུས་གསུམ་སྟོན་པའི་གཟུགས་འགྱུར་གྱི་ལས་ཚིག་ཡིན་ན་ཁྱོད་ཀྱི་མིང་གཞིའི་ཡི་གེ་འགྱུར་བས་ཨེ་ཁྱབ།
མ་ཁྱབ་སྟེ། མདའ་རྡོ་སོགས་འཕང་བྱ། འཕེན་བྱེད། འཕངས་ཟིན། ཕོངས་ཤིག་ལྟ་བུ་དེ་དེ་ཡིན་པ་གང་ཞིགཁྱོད་ཀྱི་མིང་གཞིའི་ཡི་གེ་མི་འགྱུར་བའི་ཕྱིར་རོ།།
འ
མིང་རྐྱང་གི་ཡི་གེ་ཡིན་ན་ཁྱོད་ལ་ལས་ཚིག་གི་ཤན་མི་འཇུག་པས་ཨེ་ཁྱབ།
མ་ཁྱབ་སྟེ། བཟའ་བ་དང་བཏུང་བ་ལྟ་བུ་དེ་དེ་ཡིན་པ་གང་ཞིག ཁྱོད་ལ་ལས་ཚིག་གི་ཤན་མི་འཇུག་པ་མ་ཡིན་པའི་ཕྱིར་ཏེ། ལས་ཚིག་གི་ཤན་ཞུགས་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ།།
ཡ
མིང་རྐྱང་ཡི་གེ་ལས་ཚིག་གི་ཤན་ཞུགས་པ་ཅན་ཡིན་ན་ཁྱོད་ལ་བྱེད་ཚིག་གི་མིང་མི་འདོགས་པས་ཨེ་ཁྱབ།
མ་ཁྱབ་སྟེ། འཆད་པ། རྩོད་པ་ལྟ་བུ་དེ་རང་རང་གི་མིང་ཡིན་པ་གང་ཞིག ཁྱོད་ལ་བྱེད་ཚིག་གི་མིང་འདོགས་པ་དུས་གསུམ་རེའུ་མིག་རྣམས་སུ་གསལ་བའི་ཕྱིར་རོ།།
ར
ལས་ཚིག་གི་ཤན་ཞུགས་པའི་མིང་ཚིག་ཡིན་ན་ཁྱོད་ལ་འདས་ཚིག་མི་སྦྱོར་བས་ཨེ་ཁྱབ།
མ་ཁྱབ་སྟེ། འོད་བསྲུངས་དང་ལྷ་བསྐྱབས་ལྟ་བུ་དེ་དེ་ཡིན་པ་གང་ཞིག ཁྱོད་ལ་འདས་ཚིག་མི་སྦྱོར་བ་མ་ཡིན་པའི་ཕྱིར་ཏེ། འདས་ཚིག་སྦྱོར་བའི་ཕྱིར་རོ།།
ལ
དུས་གསུམ་སྟོན་པའི་གཟུགས་འགྱུར་གྱི་ལས་ཚིག་ཅན་ཡིན་ན་ཁྱོད་ཀྱི་མིང་གཞིའི་ཡི་གེ་མི་འགྱུར་བས་ཨེ་ཁྱབ།
མ་ཁྱབ་སྟེ། ཞབས་ཀྱིས་བཅག་བྱ། འཆག་བྱེད། བཅགས་ཟིན། ཆོགས་ཤིག་ལྟ་བུ་དེ་དེ་ཡིན་པ་གང་ཞིག ཁྱོད་ཀྱི་མིང་གཞིའི་ཡི་གེ་མི་འགྱུར་བ་མ་ཡིན་པའི་ཕྱིར་ཏེ། འགྱར་བ་མངོན་སུམ་དུ་སྣང་བའི་ཕྱིར་རོ།།
ཤ
མགོ་ཅན་དུ་གྱུར་བའི་འདས་ཚིག་ཡིན་ན་ཁྱོད་ཀྱི་འཕུལ་ཡིག་བ་ཡིག་ཡིན་པས་ཨེ་ཁྱབ།
ཁྱབ་སྟེ། མགོ་ཅན་གྱི་འདས་ཚིག་སྔོན་འཇུག་ཡིན་ལ། ཁྱོད་ཀྱི་སྔོན་འཇུག་བ་ཡིག་མ་ཡིན་པ་མེད་པའི་ཕྱིར་ཏེ། དེ་འདྲའི་སྔོན་འཇུག་ཅན་ཡིན་ན་ཁྱོད་ཀྱི་སྔོན་འཇུག་བ་ཡིག་ཡིན་པས་ཁྱབ་པའི་ཕྱིར་རོ།།
ས
མིང་གཞི་བརྩེགས་མའི་འདས་ཚིག་ག་ང་བ་མ་གང་རུང་གི་རྗེས་འཇུག་ཅན་ཡིན་ན་ཁྱོད་ལ་སའི་ཡང་འཇུག་ཐོབ་པས་ཨེ་ཁྱབ།
ཁྱབ་སྟེ། སྔོན་བྱོན་དྲན་དབང་ཕལ་མོ་ཆེ་ཡིས་འདི་ལ་སའི་ཡང་འཇུག་ཐོབ་པས་ཁྱབ་པ་གཏན་ཁེལ་མཛད་ཡོད་པའི་ཕྱིར་རོ།།
ཧ
ན་ར་ལའི་རྗེས་འཇུག་ཅན་གྱི་འདས་ཚིག་དང་སྐུལ་ཚིག་གང་རུང་ཡིན་ན་ཁྱོད་ལ་ཡང་འཇུག་ཡོད་པས་ཨེ་ཁྱབ།
ཁྱབ་སྟེ། བཀལད་ཟིན། ཁོལད་ཅིག མཉནད་ཟིན། ཉོནད་ཅིག བཀརད་ཟིན། ཁོརད་ཅིག་ལྟ་བུ་དེ་དེ་ཡིན་པ་གང་ཞིག ཁྱོད་ཡིན་ལ་ཡང་འཇུག་མེད་པ་ཞིག་མེད་པའི་ཕྱིར་རོ།།
ཨ
ཞ་སྡེའི་གཟུགས་འགྱུར་གྱི་ལས་ཚིག་ཡིན་ན་ཁྱོད་ཀྱི་དུས་གསུམ་གའི་མིང་གཞི་འགྱུར་བས་ཨེ་ཁྱབ།
མ་ཁྱབ་སྟེ། བཞོན། ཞོན། བཞོནད། བཞུར། གཞུར། བཞུརད། གཞུརད་ལྟ་བུ་དེ་དེ་ཡིན་པ་གང་ཞིག ཁྱོད་ཀྱི་དུས་གསུམ་གའི་མིང་གཞི་འགྱུར་བ་མ་ཡིན་པའི་ཕྱིར་རོ།།
ཞེས་རོང་ཆེན་ལྷ་རྒྱལ་དཔལ་ཀྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།