博客西藏在最高处过一种生活

日志

༄༅།།བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་ཧྭ་མི་ད ...

已有 44 次阅读2019-10-1 08:07 |系统分类:见闻


                  ༄༅།།བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་
                        རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་མང་ཚོགས་ཀྱི་མཉམ་སྤྲོའི་བྱེད་སྒོ་ལྷ་སར་གཟབ་རྒྱས་ངང་འཚོགས་པ།
                        ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། སངས་སྐྱབས།

                                 
        ཟླ་9ཚེས་29ཉིན། བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་
          མང་ཚོགས་ཀྱི་མཉམ་སྤྲོའི་བྱེད་སྒོ་ལྷ་སར་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་ཝུའུ་དབྱིང་ཅེས་རྟེན་འབྲེལ་ཚོགས་ཆེན་ཐོག་གསུང་བཤད་གནང་བཞིན་པ།

     ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ལོ་ངོ་བདུན་ཅུའི་རིང་དཀའ་སྤྱད་ལས་སྒྲུབ་བྱས་པ་དང་ལོ་ངོ་བདུན་ཅུའི་རིང་གཡུར་ཟའི་འབྲས་བུ་ཐོབ་ཡོད། ཚེས་29ཉིན་གྱི་སྔ་དྲོ། བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འདུ་འཛོམས་གཟབ་རྒྱས་བྱས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད། 
     རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བོད་དམག་ཁུལ་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝུའུ་དབྱིང་ཅེས་གསུང་བཤད་གནང་བ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རྟེན་འབྲེལ་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཆེ་དགྲ་ལྷ་དང་། ཏིང་ཡེ་ཤན། ཀྲོང་ཡན། ཞུས་ཡུང་། ཀྲང་ཞུའེ་ཅེ། བསྟན་ཁོ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཝང་ཝེ་ཏུང་། ཁྲེན་ཡུང་ཆི་བཅས་དང་། པ་སངས་སོགས་ལས་བྲལ་དང་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད། 
      འབྲས་ལྡན་དུས་ཀྱི་ལྷ་སར་བཀྲ་ཤིས་སྤྲིན་བཟང་འཁྲིགས་པ་དང་གང་སར་སྤྲོ་སྣང་དོད་པའི་དུས་ཆེན་གྱི་རྣམ་པ་མངོན། ཚེས་29ཉིན་ལུས་ལ་གཟབ་མཆོར་སྤྲས་པའི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་5000ཙམ་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་སྟེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བའི་འཁྲུངས་སྐར་ལ་མཉམ་དུ་རྟེན་འབྲེལ་ཞུས་ཡོད། ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཚོན་དར་ལྷབ་ལྷུབ་ཏུ་གཡོ་བ་དང་ཚོན་མདོག་རྣམ་པར་བཀྲ་ཞིང་། སྤྲོ་སྣང་གིས་ཡོངས་སུ་ཕྱུག་པ་དང་གང་སར་དགོད་སྒྲས་ཁེངས། རྟེན་འབྲེལ་ཚོགས་ཆེན་གྱི་ཀྲུའུ་ཞི་སྡིངས་ཆའི་རྒྱབ་ལྗོངས་དམར་པོའི་སྟེང་གཙོ་འཛིན་གྱི་སྐུ་པར་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་གཅིག་སེམས་གཅིག་སྦྲེལ་གྱི་སྐུ་པར་མཐོན་པོར་བཀལ་བ་དང་། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ”ཞེས་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་སྦྱར་ཡིག་དེ་བས་མངོན་གསལ་དོད་པོ་ཡོད། 
     སྔ་དྲོའི་ཆུ་ཚོད་11དང་སྐར་མ་30ཡི་ཐོག་བློ་བཟང་རྒྱལ་མཚན་གྱིས་རྟེན་འབྲེལ་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཞིང་། ཚང་མ་ཡར་བཞེངས་ཏེ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།
     ཞིང་འབྲོག་པའི་འཐུས་མི་བསྟན་འཛིན་དང་། གཞོན་ནུ་ལོ་ཆུང་གི་འཐུས་མི་པ་སངས་སྒྲོལ་མ། བོད་ཞི་བས་བཅིངས་འགྲོལ་དང་དམངས་གཙོའི་བཅོས་སྒྱུར་སྐབས་ཀྱི་འཐབ་འཛིང་པ་རྒན་གྲས་དང་། ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས་བཅས་ཀྱི་འཐུས་མི་བུ་ཚེ་རིང་། བོད་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མི་དབྱང་ཞང་གོ་བཅས་ཀྱིས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ་རེད། ཚང་མས་རང་ཉིད་ཀྱི་མྱོང་བ་དངོས་དང་ཟུང་འབྲེལ་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཞི་བས་བཅིངས་འགྲོལ་བཏང་བ་ནས་དམངས་གཙོའི་བཅོས་སྒྱུར་བྱས་པའི་བར་དང་། སྒྱུར་བཅོས་སྒོ་དབྱེ་ནས་དུས་རབས་གསར་པར་སླེབས་པའི་བར་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་ཚད་ལ་ཕྱིར་དྲན་གཏིང་ཟབ་བྱས་པ་དང་ཏང་གི་བཀའ་དྲིན་ཚོར་བའི་བསམ་པ་དང་རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་གྱི་བསམ་པ་མཚོན་པར་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་ཡིད་ཆེས་དང་ཆོད་སེམས་གང་ལེགས་མཚོན་པར་བྱས་ཡོད། 
      ཝུའུ་དབྱིང་ཅེས་ཚོགས་ཆེན་ཐོག་གསུང་བཤད་གནང་ཞིང་། ཁོང་གིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་ལོ་རྒྱུས་ཀྱི་དུས་སྐབས་ཁག་ནང་བོད་ཀྱི་གསར་བརྗེ་འཛུགས་སྐྲུན་དང་སྒྱུར་བཅོས་ཀྱི་བྱ་གཞག་ཆེད་འབད་འཐབ་བྱས་ཏེ་རང་སྲོག་བློས་གཏོང་མཁན་གྱི་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོར་དྲན་གསོ་ཟབ་མོ་ཞུས་པ་དང་། འཐབ་ཕྱོགས་ཁག་ཏུ་དཀའ་སྤྱད་འབད་བརྩོན་གྱིས་ལས་ཀ་བྱེད་བཞིན་པའི་བཟོ་པ་དང་། ཞིང་འབྲོག་པ། ཤེས་ཡོན་ཅན། ལས་བྱེད་པ། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་བོད་ལྗོངས་དཔུང་སྡེའི་དཔོན་དམག སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ། འཐབ་འཛིང་པ་རྒན་གྲས། ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས། བྱས་རྗེས་ཅན་རྒན་གྲས། དཔེ་བཟང་བ་རྒན་གྲས་བཅས་དང་དེ་བཞིན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ། བོད་ལ་སེམས་ཁུར་དང་། བོད་ལ་དགའ་ཞེན། བོད་འཕེལ་རྒྱས་ཡར་ཐོན་ལ་རྒྱབ་སྐྱོར་གནང་མཁན་བཅས་ཀྱི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། རྒྱལ་གཅེས་བོད་རིགས་སྤུན་ཟླ། རྒྱལ་སྤྱིའི་མཛའ་གྲོགས་མི་སྣ་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
      ཝུའུ་དབྱིང་ཅེས་1949ལོའི་ཟླ་10ཚེས་1ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཤིང་། དུས་དེ་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཀྲུང་གོ་མི་དམངས་ཀྱིས་རང་གི་ལས་དབང་ལག་ཏུ་དམ་པོར་བཟུང་སྟེ། རྒྱལ་ཁབ་སྟོབས་འབྱོར་དང་། མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་བཅས་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་ཡོད། ལོ་ངོ་70ཡི་རིང་བློ་མཐུན་མའོ་ཙེ་ཏུང་དང་། ཏེང་ཞའོ་ཕིང་། ཅང་ཙེ་མིན། ཧུའུ་ཅིན་ཐའོ། ཞི་ཅིན་ཕིང་བཅས་ཀྱིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་སྣེ་ཁྲིད་གནང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དང་འཕེལ་རྒྱས་བཏང་བས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་རྒྱུར་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་རྩ་ཆེའི་ཉམས་མྱོང་ཐོབ་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་སྤྱི་དང་རྒྱལ་ནང་གི་དུས་བབ་གསར་པར་ཕྱོགས་ཡོངས་ནས་ཞིབ་གཟིགས་གནང་བ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གང་འདྲ་ཞིག་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པ་དང་གང་འདྲ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་དེར་ལན་གཏིང་ཟབ་བསྐྱོན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གྲུབ་པ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་སྟེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད། ལོ་ངོ་70ཡི་རིང་མི་རབས་ནས་མི་རབས་བར་གྱི་གུང་ཁྲན་ཏང་མིས་དཀའ་སྤྱད་འཚོལ་ཞིབ་དང་དཀའ་ཚེགས་ཆེན་པོས་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོའི་རྣམ་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རྣམ་པ། ཀྲུང་གོ་མི་དམངས་ཀྱི་རྣམ་པ། ཀྲུང་གོ་གུང་ཁྲན་ཏང་གི་རྣམ་པ་བཅས་ལ་སྔར་བྱུང་མྱོང་མེད་པའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་བྱུང་སྟེ། རླབས་ཆེན་མེས་རྒྱལ་འདི་ཉིད་རྣམ་པ་གསར་རྐྱང་གི་ཐོག་ནས་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་གནས་ཡོད་ཅེས་གསུངས་པ་རེད། 
     ཝུའུ་དབྱིང་ཅེས་བོད་འདི་ཉིད་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ངོས་ནས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་བྱམས་སྐྱོང་ཐོབ་པ་དང་ཏང་གི་ཐུགས་རྗེའི་ཉི་འོད་འཕྲོས་ཡོད། ལོ་ངོ་70ཙམ་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་བཏོད་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་ཐུགས་བརྩེ་ཟབ་མོ་བཅངས་ནས་སྔ་རྗེས་སུ་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དང་། གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་པ། རྣམ་གྲངས་གལ་ཆེན་རབ་དང་རིམ་པ་འཆར་འགོད་ལག་བསྟར་གནང་ནས་བོད་ཀྱི་ལས་དོན་གྱི་ཁ་ཕྱོགས་སྟངས་འཛིན་དང་བཀོད་པ་ཇུས་འགོད་གནང་སྟེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་ལས་དོན་གྱི་འཐབ་ཇུས་གནས་བབ་གལ་ཆེན་སྔར་བྱུང་མྱོང་མེད་པའི་མཐོ་ཚད་དུ་མཐོར་འདེགས་གནང་ནས། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་དང་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་དུས་རབས་གསར་པ་བཏོད་ཡོད། དཔལ་འབྱོར་དར་རྒྱས་དང་། སྤྱི་ཚོགས་ཞི་མཐུན། སྣོད་བཅུད་བཟང་བ། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། མཐའ་མཚམས་སྲ་བརྟན། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མི་དམངས་བདེ་སྐྱིད་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་ཞིག་འཇིག་རྟེན་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་ཡོད་ཅེས་གསུངས་པ་རེད། 
      ཝུའུ་དབྱིང་ཅེས་ད་ཆ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་བོད་ཀྱིས་འཕྲད་པར་དཀའ་བའི་རྩ་ཆེའི་གོ་སྐབས་བསུས་ཡོད། ང་ཚོས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་ཐོག་མཐའ་བར་གསུམ་དུ་མཐོན་པོར་བསྒྲེངས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར། སྤྱི་ཁྱབ་ཧྲུའུ་ཅིས་གསལ་སྟོན་གནང་བའི་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་ཀྱི་དོན་ཆེན་གསུམ་ལ་དམིགས་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས“སྲུང་སྐྱོང་གཉིས”ཐུབ་པ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དམངས་འཚོ་འགན་ལེན་དང་ལེགས་བཅོས། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་དམ་པོར་བརྟེན་པ། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་གྱི་རླབས་ཆེན་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
     རྟེན་འབྲེལ་ཚོགས་ཆེན་གྲོལ་རྗེས། མང་ཚོགས་ཀྱི་མཉམ་སྤྲོའི་བྱེད་སྒོ་གཟབ་རྒྱས་གཉེར་ཞིང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་མཐུན་དང་མང་ཚོགས་ཀྱི་འཐུས་མི་ཚོས་མཉམ་དུ་འཁྲབ་སྟོན་ལ་གཟིགས་པ་དང་མཉམ་དུ་ཞབས་བྲོ་འཁྲབ་པ་རེད། ཚོགས་ར་ཡོངས་སུ《ང་དང་ངའི་མེས་རྒྱལ》ཞེས་པ་སོགས་ཀྱི་གླུ་སྒྲའི་ཁྲོད་མཉམ་སྤྲོའི་བྱེད་སྒོ་འགོ་ཚུགས་པ་དང་། ལྗོངས་ཡོངས་ཀྱི་ས་གནས་ཁག་གི་ཞིང་འབྲོག་མང་ཚོགས་དང་རིག་རྩལ་ལས་དོན་པ་ཚོས《མཛེས་པའི་བོད་ལྗོངས། གཅེས་པའི་ཕ་ཡུལ》དང་། 《བདེ་སྐྱིད་ལྡན་པའི་བོད་ཁྱིམ》 《དེ་རིང་ཁྱེད་ཀྱི་འཁྲུངས་སྐར་རེད》《བཀྲ་ཤིས་པའི་གནའ་བོའི་འགྱུར་ཁུག》སོགས་ཀྱི་གླུ་གར་ལེ་ཚན་འཁྲབ་སྟོན་བྱས་ཏེ་ས་མཐོའི་བུ་ཕྲུག་ཚོའི་སེམས་པ་ཏང་དང་། མེས་རྒྱལ། སྤྱི་ཚོགས་རིང་ལུགས་བཅས་ལ་ཕྱོགས་པའི་བརྩེ་སེམས་ཟབ་མོ་མཚོན་པར་བྱས་པ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་བློ་བརྟན་འགྱུར་མེད་ཀྱི་དད་སེམས་བརྟན་པོ་མངོན་པར་བྱས་ཡོད། མཇུག་ཏུ་ཚོགས་ར་ཡོངས་ཀྱིས་སྐད་གསང་མཐོན་པོས《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད》ཅེས་པའི་གླུ་གཞས་བླངས་ནས་མེས་རྒྱལ་དར་རྒྱས་སྟོབས་འབྱོར་ལྡན་པ་དང་བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུས་པ་རེད། 
     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-11-22 23:36 , Processed in 0.027572 second(s), 20 queries .

返回顶部