博客西藏在最高处过一种生活

日志

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་མི་རིགས ...

已有 45 次阅读2019-9-30 08:52 |系统分类:见闻


       ༄༅།།ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་། 
                           ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། སངས་སྐྱབས།

                                
   ཟླ་9ཚེས་27ཉིན། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། 
       རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

                   
                   ཟླ་9ཚེས་27ཉིན། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། 
            འདི་ནི་ཞི་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་མཁན་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་གྱི་འཐུས་མིར་བྱ་དགའ་གནང་བ།

       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་མི་རིགས་ཁག་གིས་ལག་གདང་སྦྲེལ་བ་དང་དཔུང་པ་མཉམ་གཤིབ་ངང་མཉམ་དུ་འབད་འཐབ་ཧུར་ཐག་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འདི་ཉིད་རྨང་གཞིའི་རང་བཞིན་གྱི་བྱ་གཞག་ལ་བརྩིས་ནས་དམ་འཛིན་ཡག་པོ་བྱེད་པ་དང་། མི་རིགས་ཁག་སེ་འབྲུའི་འབྲུ་གུ་བཞིན་རྡོག་རྩ་གཅིག་ཏུ་སྒྲིལ་རྒྱུར་སྐུལ་མ་གཏོང་བ། ཀྲུང་ཧྭ་མི་རིགས་འདི་ཉིད་བསྟུན་མཁས་རང་བཞིན་སྔར་བས་ཆེ་བ་དང་གོང་བུ་འགྲིལ་ཤུགས་སྔར་བས་ཆེ་བའི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་མ་གཏོང་བ་བཅས་ཀྱི་སྒོ་ནས་མཉམ་དུ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པ་དང་མཉམ་དུ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས།
      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་གྱི་སྔ་དྲོ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་མི་རིགས་ཁག་གིས་ལག་གདང་སྦྲེལ་བ་དང་དཔུང་པ་མཉམ་གཤིབ་ངང་མཉམ་དུ་འབད་འཐབ་ཧུར་ཐག་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འདི་ཉིད་རྨང་གཞིའི་རང་བཞིན་གྱི་བྱ་གཞག་ལ་བརྩིས་ནས་དམ་འཛིན་ཡག་པོ་བྱེད་པ་དང་། མི་རིགས་ཁག་སེ་འབྲུའི་འབྲུ་གུ་བཞིན་རྡོག་རྩ་གཅིག་ཏུ་སྒྲིལ་རྒྱུར་སྐུལ་མ་གཏོང་བ། ཀྲུང་ཧྭ་མི་རིགས་འདི་ཉིད་བསྟུན་མཁས་རང་བཞིན་སྔར་བས་ཆེ་བ་དང་གོང་བུ་འགྲིལ་ཤུགས་སྔར་བས་ཆེ་བའི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་མ་གཏོང་བ་བཅས་ཀྱི་སྒོ་ནས་མཉམ་དུ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པ་དང་མཉམ་དུ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་པའི་ནན་བཤད་གནང་བ་རེད།
      ལི་ཁེ་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་དང་། དབང་དབྱང་དང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཕེབས་ཡོད།
      སྔ་དྲོའི་ཆུ་ཚོད་10པར་ཚོགས་ཆེན་འགོ་ཚུགས་པ་དང་ཚང་མས་ཡར་བཞེངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་བླངས་པ་རེད།
      ཚོགས་ཆེན་ཐོག་དང་ཐོག་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་ལ་གཟེངས་བསྟོད་བྱས་པ་དང་། དཔེ་བཟང་མཉམ་སྡེབ་665དང་དཔེ་བཟང་མི་སྒེར་812ལ་གཟེངས་བསྟོད་ཐོབ་ཡོད། དགའ་སྤྲོ་འཁོལ་བའི་རོལ་དབྱངས་ཀྱི་སྒྲའི་ཁྲོད་ཞི་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་མཁན་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་གྱི་འཐུས་མིར་བྱ་དགའ་གནང་བ་རེད།
      སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དང་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་གཟེངས་སྟོད་ཐོབ་མཁན་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་མ་ཟད། རྒྱལ་ཡོངས་ཀྱི་མི་རིགས་ལས་དོན་འཐབ་ཕྱོགས་ཐོག་གི་བློ་མཐུན་རྣམས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་ཕྱོགས་ཁག་གི་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད།
      ཞི་ཅིན་ཕིང་གིས་བསྟན་གནང་དོན། ལོ་ངོ་70ཡི་གོང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོ་གསར་པ་མཉམ་དུ་བཏོད་ཡོད། རང་རེའི་ཏང་གིས་གསར་གཏོད་རང་བཞིན་གྱི་སྒོ་ནས་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དེ་ཀྲུང་གོའི་མི་རིགས་གནད་དོན་གྱི་ཞིབ་ཕྲའི་དོན་དངོས་དང་ཕན་ཚུན་ཟུང་འབྲེལ་བྱས་ཏེ་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཡང་དག་འགྲོ་ལམ་ཐོག་བསྐྱོད་ནས་ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་གཏན་འཁེལ་དང་། མི་རིགས་འདྲ་མཉམ་འདི་ཉིད་རྒྱལ་སྐྱོང་གི་གཞི་རྩའི་རྩ་དོན་གྱི་གྲས་ཤིག་ཏུ་བརྩིས་ཏེ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་གཏན་འཁེལ། མི་རིགས་ཁག་གི་མི་དམངས་ལ་ལོ་རྒྱུས་ཐོག་འདྲ་མཉམ་གྱི་ཆབ་སྲིད་དབང་ཆ་ཐེངས་དང་པོ་ཐོབ་ནས་མཉམ་དུ་རང་ཁྱིམ་རང་བདག་བྱུང་སྟེ་ཀྲུང་གོ་རྙིང་པའི་མི་རིགས་གཉའ་གནོན་དང་རྩོད་གཞི་ཆེ་བའི་ཡ་ང་བའི་ལོ་རྒྱུས་མཇུག་འགྲིལ་ནས་མི་རིགས་ཁག་འདྲ་མཉམ་དང་མཐུན་སྒྲིལ་རོགས་རེས་དང་ཞི་མཐུན་གྱི་འབྲེལ་བ་གོང་འཕེལ་ཡོང་བར་དུས་རབས་ཀྱི་སྲིད་ལོའི་རྩིས་འགོ་གསར་པ་བཏོད་ཡོད། ལོ་ངོ་70ཡི་འཕོ་འགྱུར་ཆེན་པོའི་ཟིལ་རླབས་དགུང་འཕྱུར་ལས་གྲངས་ཉུང་མི་རིགས་ཀྱི་རྣམ་པ་དང་། མི་རིགས་ས་ཁུལ་གྱི་རྣམ་པ། མི་རིགས་འབྲེལ་བའི་རྣམ་པ། ཀྲུང་ཧྭ་མི་རིགས་ཀྱི་རྣམ་པ་བཅས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་བྱུང་ཡོད།
       ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་ངོ་70ཡི་རིང་གི་གྲུབ་འབྲས་ལ་སྤོབས་པ་བྱེད་རིན་ཡོད་ལ་ལོ་ངོ་70ཡི་རིང་གི་ཉམས་མྱོང་བློ་ལ་བརྟན་པོར་ངེས་དགོས། ང་ཚོས་རང་རྒྱལ་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་འཕྱུགས་པ་མེད་པའི་སྒོ་ནས་སྟངས་འཛིན་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུ་དེ་མི་རིགས་ཁག་གི་ཆེས་མཐོའི་ཁེ་ཕན་ལ་བརྩི་བ་དང་། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་མཐའ་འཁྱོངས་ཀྱིས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཡང་དག་འགྲོ་ལམ་ཐོག་བློ་རྩ་བརྟན་པོས་བསྐྱོད་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་གཅིག་གྱུར་དང་རང་སྐྱོང་ཕན་ཚུན་ཟུང་འབྲེལ་དང་། མི་རིགས་ཀྱི་རྒྱུ་རྐྱེན་དང་ས་ཁོངས་ཀྱི་རྒྱུ་རྐྱེན་ཕན་ཚུན་ཟུང་འབྲེལ་ཐུབ་པ་བྱེད་པ། མི་རིགས་ཁག་གི་སྤེལ་རེས་དང་འགྲོ་འོང་མཉམ་འདྲེས་ལ་སྐུལ་མ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་བརྟན་པོ་འཛུགས་པ། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་མགྱོགས་པོ་འགྲོ་རྒྱུ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་རྒྱུན་ཆད་མེད་པར་སྐོང་བ། རིག་གནས་ཀྱི་མོས་སེམས་ནི་རིམ་པ་ཟབ་ཤོས་ཀྱི་མོས་སེམས་ཤིག་ཡིན་པ་དང་ཀྲུང་ཧྭ་མི་རིགས་ལ་མཉམ་དུ་དབང་བའི་བསམ་པའི་ཁྱིམ་གཞིས་ཤིག་བསྐྲུན་པ། བཅའ་ཁྲིམས་ཀྱི་མདུན་དུ་མི་རིགས་ཁག་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱས་ནས་བཅའ་ཁྲིམས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་འགན་ལེན་བྱེད་པ། རྒྱུན་འཛིན་བྱེད་རིང་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་གཏོང་རིང་གསར་གཏོད་མཐའ་འཁྱོངས་བྱས་ནས་ཏང་གི་མི་རིགས་སྲིད་ཇུས་གཅིག་རྒྱུན་གཅིག་འཛིན་དང་དུས་བསྟུན་འཕེལ་རྒྱས་ཡོང་བ་བྱེད་པ། ཏང་གི་མི་རིགས་ལས་དོན་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་བའི་སྒྲིག་གཞི་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས།
      ཞི་ཅིན་ཕིང་གིས་བསྟན་གནང་དོན། ང་ཚོའི་རླབས་ཆེན་མེས་རྒྱལ་ས་རྒྱ་ཆེ་ལ་ཤེས་དཔལ་གྱི་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཀྲུང་གོའི་ལོ་རྒྱུས་ནི་མི་རིགས་ཁག་མཉམ་འདྲེས་གཅིག་འདུས་ཀྱི་སྣ་མང་གཞི་གཅིག་གི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཤིག་དང་མི་རིགས་ཁག་གིས་ཐུན་མོང་ཐོག་གསར་གཏོད་དང་། འཕེལ་རྒྱས། སྲ་བརྟན་གཅིག་གྱུར་བཅས་ཀྱི་རླབས་ཆེན་མེས་རྒྱལ་གྱི་ལོ་རྒྱུས་ཤིག་རེད། ང་ཚོའི་ས་རྒྱ་ཆེ་བའི་མངའ་ཁོངས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་གསར་འབྱེད་བྱས་པ་དང་། ང་ཚོར་ཡུན་རིང་གི་ལོ་རྒྱུས་ལྡན་པ་འདི་མི་རིགས་ཁག་གིས་ཐུན་མོང་ཐོག་བཏོད་པ། ང་ཚོའི་འོད་སྟོང་འབར་བའི་རིག་གནས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་གསར་གཏོད་བྱས་པ། ང་ཚོའི་རླབས་ཆེན་གྱི་སྙིང་སྟོབས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་སྐྱེད་སྲིང་བྱས་པ་བཅས་རེད། ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་ནི་སྔོན་བྱོན་པ་ཚོས་ང་ཚོར་བཞག་པའི་རྩ་ཆེའི་ཤུལ་བཞག་རེད་ལ། རང་རྒྱལ་འཕེལ་རྒྱས་འགྲོ་བའི་ལེགས་ཆ་ཆེན་པོ་ཞིག་ཀྱང་རེད། 
      ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་ཀྲུང་ཧྭ་མི་རིགས་ཀྱིས་ལོ་རྒྱུས་ཐོག་གི་དུས་སྐབས་ཡག་ཤོས་བསུས་ཡོད། དུས་མཚུངས་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ཀྱི་མདུན་དུ་ང་ཚོས་དེ་བས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
      ཞི་ཅིན་ཕིང་གིས་བསྟན་གནང་དོན། ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བློ་རྩ་བརྟན་པོས་སྐྱོད་དགོས། ཀྲུང་གོ་གུང་ཁྲན་ཏང་ཡོད་ཚེ་གཞི་ནས་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེ་མོ་ཡོང་ཐུབ་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡོད་ཚེ་གཞི་ནས་མི་རིགས་ཁག་གཅིག་སྒྲིལ་དང་། མི་རིགས་ཁག་འཕེལ་རྒྱས། མི་རིགས་ཁག་དར་རྒྱས་བཅས་ཡོང་ཐུབ་པ་ལག་ལེན་ལས་ར་སྤྲོད་བྱུང་ཡོད། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། དེ་བཞིན་མི་རིགས་མཐུན་སྒྲིལ་གྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་མོས་སེམས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས།
      ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་འདོད་བྱེད་པ་དེ་འབད་འཐབ་ཀྱི་དམིགས་ཚད་དུ་བརྩིས་ནས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་དང་རྒྱལ་ཡོངས་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་དང་དེང་རབས་ཅན་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས། ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེ་མོ་གཅིག་ཡིན་པས་ནང་མི་ཚང་མ་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པ་བྱེད་དགོས། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་མགྱོགས་སུ་བཏང་སྟེ་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་བཏང་ནས“སྔོ་ཞིང་དྭངས་བའི་རི་ཆུ”དེ“གསེར་རི་དངུལ་རིར”གྱུར་པའི་འཇོན་ཐང་ཆེ་རུ་གཏོང་བ་དང་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མི་དམངས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་གི་ཕན་པ་བཏགས་ཏེ་མི་རིགས་ཁག་གི་མི་དམངས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟབ་ཏུ་བཏང་ཐོག་མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་གཟི་བརྗིད་དང་ཕུགས་འདུན་གསར་པ་མཉམ་དུ་སྤྱོད་དགོས།
      ཞི་ཅིན་ཕིང་གིས་བསྟན་གནང་དོན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱས་ཏེ་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་དགོས། མི་རིགས་ཁག་གི་མང་ཚོགས་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཡང་དག་པའི་མེས་རྒྱལ་གྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ལོ་རྒྱུས་ཀྱི་ལྟ་བ་བཅས་བརྟན་པོ་བཙུགས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཀྲུང་ཧྭ་རིག་གནས་ཀྱི་མོས་སེམས་ཟབ་ཏུ་གཏོང་དགོས། མི་རིགས་ས་ཁུལ་གྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གསོ་ཡག་པོ་གཉེར་ནས་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེའི་སློབ་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཚན་རིག་དང་རིག་གནས་ཀྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། གཞོན་ནུ་ལོ་ཆུང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་ཕྲུ་གུ་མི་རེ་ངོ་རེའི་སེམས་ཀྱི་ཞིང་སར་ཀྲུང་ཧྭ་ལ་དགའ་ཞེན་བྱེད་པའི་ས་བོན་འདེབས་དགོས།
      ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཧྭ་མི་རིགས་་མཐུན་སྒྲིལ་ཆེ་མོའི་དར་ཆ་མཐོན་པོར་བསྒྲེངས་ནས་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་རྒྱུ་དེ་ཕྱོགས་ཡོངས་དང་། གཏིང་ཟབ། རྒྱུན་མཐུད་བཅས་ཀྱི་སྒོ་ནས་སྤེལ་ཏེ་བྱེད་ཐབས་དང་གཞི་རྟེན་གསར་གཏོད་བྱས་ནས་ལས་ཁུངས་དང་། ཁེ་ལས། སྡེ་ཁུལ། ཤང་དང་གྲོང་རྡལ། སློབ་གྲྭ ལེན་ཏུའེ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་སོགས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས།
      ཞི་ཅིན་ཕིང་གིས་བསྟན་གནང་དོན། ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྒྲིག་བྱས་ནས་མི་རིགས་ཁག་གི་སྤྱི་དམངས་བཅའ་ཁྲིམས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡིན་པ་འགན་ལེན་བྱེད་དགོས། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་མི་རིགས་ཁག་གི་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་འགན་ལེན་བྱེད་དགོས། མི་རིགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་ཡོད་པའི་གྱོད་གཞི་དང་དོན་རྐྱེན་ཁྲིམས་ལྟར་ཐག་གཅོད་འོས་འཚམ་བྱས་ནས་མི་རིགས་ཁག་གི་སྤྱི་དམངས་ལ་འདྲ་མཉམ་གྱི་ཁེ་དབང་ཡོད་པ་དང་འདྲ་མཉམ་ངང་འོས་འགན་ལག་བསྟར་བྱ་རྒྱུར་འགན་ལེན་བྱས་ཏེ་མི་རིགས་ལས་དོན་བཅོས་སྐྱོང་དེ་ཁྲིམས་སྐྱོང་གི་འཁོར་ལམ་ཐོག་འཁོར་རྒྱུག་ཐུབ་པ་བྱེད་དགོས། སིམ་འཛུལ་དང་། མགོ་རྟིང་སློག་པ། གཏོར་བཤིག་གཏོང་བ་བཅས་ཀྱི་བྱེད་སྤྱོད་དང་། གཏུམ་སྤྱོད་འཇིགས་སྐུལ་གྱི་བྱེད་སྤྱོད། མི་རིགས་ཁ་ཕྲལ་གྱི་བྱེད་སྤྱོད། ཆོས་ལུགས་ཀྱི་ཐལ་སྐྱོད་བྱེད་སྤྱོད་བཅས་ལ་འགོག་ཟོན་ནན་པོ་དང་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་ཀྱིས་མི་རིགས་ལས་དོན་ཉིན་རེའི་གྲོས་རིམ་གལ་ཆེན་ནང་འཇོག་དགོས། མི་རིགས་ཁྱབ་ཁོངས་ཀྱི་རྨང་གཞིའི་རིགས་པའི་གཞུང་ལུགས་ཀྱི་གནད་དོན་དང་དངོས་ཡོད་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་ནས་ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། དམངས་གཙོའི་ཏང་ཤོག མི་དམངས་ཚོགས་པ་བཅས་ཀྱིས་མི་རིགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྐུལ་འདེད་གཏོང་དགོས། མི་རིགས་ལས་དོན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་སྣང་ཆེན་བྱས་ཏེ་མི་རིགས་ལས་དོན་སྡེ་ཚན་གྱིས་དེ་བས་ལེགས་པའི་སྒོ་ནས་འགན་འཁྲི་གཙང་སྒྲུབ་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས།
      ལི་ཁེ་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་སྐབས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་དང་རྩ་ཆེའི་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་གནང་ཡོད་ལ། དེང་སྐབས་རང་རྒྱལ་གྱི་མི་རིགས་ལས་དོན་ལ་འཕྲད་པའི་དུས་བབ་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་པ་དང་དུས་རབས་གསར་པར་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་སྤྱིའི་བླང་བྱ་དང་ལས་ཀའི་གཙོ་གནད་ཁ་གསལ་བཏོན་གནང་ཡོད་པས། བསམ་བློའི་རང་བཞིན་དང་། དམིགས་སའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཆེན་པོ་ལྡན་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་པོ་འཛུགས་རྒྱུར་སྣེ་ཁྲིད་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གསར་གཏོད་བྱེད་པ་དང་དེར་སྐུལ་འདེད་གཏོང་བ། ལས་འགན་ཁག་དོན་འཁྱོལ་ཞིབ་ཕྲ་བྱེད་པ། གསར་འབྱེད་ཡར་བརྩོན་དང་ལས་དོན་ཏན་ཏིག་སྤེལ་བ་བཅས་བྱས་ཏེ་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས《རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》སྒྲོག་སྦྱངས་གནང་བ་རེད། གཟེངས་བསྟོད་ཐོབ་མཁན་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་གྱི་འཐུས་མིས་ཚོགས་ཆེན་ཐོག་གཏམ་བཤད་གནང་བ་རེད། 
     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།



      

评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-11-18 09:23 , Processed in 0.027880 second(s), 20 queries .

返回顶部