博客西藏在最高处过一种生活

日志

༄༅།།ཝུའུ་དབྱིང་ཅེས་ནག་ཆུ་གྲོང་ཁྱེར་གྱི་མ ...

已有 58 次阅读2019-9-29 15:15 |系统分类:见闻


                         ༄༅།།ཝུའུ་དབྱིང་ཅེས་ནག་ཆུ་གྲོང་ཁྱེར་གྱི་མཚོ་གཉིས་རྫོང་དང་ཉི་མ་རྫོང་དུ་བརྟག་ཞིབ་གནང་བ། 
                             ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། གསལ། རྩོམ་སྒྲིག་པ། སངས་སྐྱབས།

                    
     ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ་9ཚེས་25ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ནག་ཆུ་གྲོང་ཁྱེར་གྱི་མཚོ་གཉིས་རྫོང་དང་ཉི་མ་རྫོང་སོགས་སུ་ཕེབས་ནས་འབྲོག་པའི་ཁྱིམ་ཚང་ལ་འཚམས་འདྲི་དང་། འཕེལ་རྒྱས་སྐོར་བཀའ་འདྲི། མི་དམངས་ཀྱི་འདོད་བློ་གསན་པ་བཅས་དང་སྦྲགས། འབྲེལ་ཡོད་རྫོང་དང་ཤང་གི་ལས་བྱེད་པ་དང་བཞུགས་མོལ་ཚོགས་འདུའང་འཚོགས་ཤིང་། འདི་ནི་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དེ་སྔའི་ཨུ་ཡོན་དང་། མཚོ་གཉིས་རྫོང་དཀར་མཚོ་ཤང་ཏང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་བཅས་ཡིན་པའི་པད་མར་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ།
     ཚེས་25ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་སྤྱི་ལེ་1000ལྷག་ཙམ་རླངས་འཁོར་ལ་བཞུགས་ཏེ་ནག་ཆུ་གྲོང་ཁྱེར་གྱི་མཚོ་གཉིས་རྫོང་དང་ཉི་མ་རྫོང་སོགས་སུ་ཕེབས་ནས་འབྲོག་པའི་ཁྱིམ་ཚང་ལ་འཚམས་འདྲི་དང་། འཕེལ་རྒྱས་སྐོར་བཀའ་འདྲི། མི་དམངས་ཀྱི་འདོད་བློ་གསན་པ་བཅས་དང་སྦྲགས། འབྲེལ་ཡོད་རྫོང་དང་ཤང་གི་ལས་བྱེད་པ་དང་བཞུགས་མོལ་ཚོགས་འདུའང་འཚོགས་ནས་འབྲོག་ལས་ཀྱི་ཐོན་སྐྱེད་འཕེལ་རྒྱས་དང་། དབུལ་སྒྲོལ་འགག་སྒྲོལ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ། བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ལས་ཀའི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་བྱང་ཐང་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་ཚོར་བྱམས་བརྩེའི་འཚམས་འདྲི་གནང་ལུགས་བརྒྱུད་ཞུ་གནང་བ་རེད། 
     ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད། 
     ས་བབ་མཐོ་ཚད་སྨི་4700ཡོད་པའི་མཚོ་གཉིས་རྫོང་སྟོད་མ་ཤང་རྒོད་རྒན་ཚྭ་ཆུ་གྲོང་ཚོ་ནི་དཔེ་མཚོན་གྱི་འབྲོག་ལས་གྲོང་ཚོ་ཞིག་རེད། ལོ་གཉིས་ཙམ་རིང་གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་འོག་གྲོང་ཚོའི་འབྲོག་ལས་ཆེད་ལས་མཉམ་ལས་རྩ་འཛུགས་ཐོ་འགོད་བྱས་ནས་བཙུགས་པ་དེས་མང་ཚོགས་ཕྱུག་འགྱུར་ཡོང་བར་སྐུལ་མ་ཐེབས་པ་དང་ཆབས་ཅིག་འབྲོག་ལས་ཐོན་ལས་རྒྱུན་མཐུད་ཆོག་པའི་ངང་འཕེལ་རྒྱས་ཕྱིན་ཡོད། ཝུའུ་དབྱིང་ཅེ་དེ་གར་ཕེབས་ནས་འབྲོག་ལས་མཉམ་ལས་ཁང་འཕེལ་རྒྱས་འགྲོ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། གྲོང་ཚོ་དང་ཡུལ་མི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་། ཧྲུའུ་ཅི་དང་པོ། གྲོང་སྡོད་ལས་དོན་རུ་མི་བཅས་ལ་བྱམས་བརྩེའི་ངང་གཟིགས་པ་རེད། མཉམ་ལས་ཁང་གི་ཕྱུག་འགྱུར་སྣེ་ཁྲིད་པ་བསོད་ནམས་ཚེ་རིང་གིས་ཝུའུ་དབྱིང་ཅེར་འབྲོག་པ་ཚོས་རང་ཁྱིམ་གྱི་རྩྭ་ར་དང་། ཕྱུགས་རིགས། ངལ་ནུས་བཅས་མ་རྐང་ནང་ཞུགས་པའི་རྣམ་པར་བརྟེན་ནས་དཀར་ཆུ་ལས་སྣོན་དང་ཕྱིར་ཚོང་དང་། ཚགས་ཤ་དང་ལུག་ཤ་ལས་སྣོན་དང་ཕྱིར་ཚོང་བྱེད་ཀྱི་ཡོད། འདི་ལོའི་ཟླ་8པར་ཚང་མས་འཁྱག་གཏོང་འཁོར་ལོར་བརྟེན་ནས་ཚགས་ཤ་དང་ལུག་ཤ་འདམ་གཞུང་རྟ་རྒྱུག་དུས་ཆེན་གྱི་ཁྲོམ་རའི་ཐོག་ཕྱིར་ཚོང་བྱས་པ་དང་། རྒྱ་མ་རེའི་རིན་གོང་དེ་སྔའི་དགུན་ཁ་ལས་ཧ་ཅང་མཐོ་བ་ཡོད་པས་ཕན་པ་ཆེན་པོ་ཐོབ་ཡོད་ཅེས་ཞུས་པ་དང་། ཧྲུའུ་ཅི་དང་པོ་སངས་རྒྱས་སྒྲོལ་མས་གྲོང་ཚོར་ལུག་གི་འོ་མ་ཐོན་ཚད་ཅུང་མང་བས་མར་སྒྲོག་དང་ཞོ་བསྙལ་བ་ཕུད་མཉམ་ལས་ཁང་གིས་ད་དུང་ལུག་གི་འོ་མའི་དྲི་ཞིམ་དག་རྫས་བཟོས་ནས་སྐད་འཕྲིན་བརྒྱུད་དྲ་བའི་ཐོག་ཕྱིར་ཚོང་བྱས་པར་ཕན་འབྲས་ཆེན་པོ་ཐོན་ཡོད་ཅེས་ངོ་སྤྲོད་བྱས། ཝུའུ་དབྱིང་ཅེས་གསན་རྗེས་དགྱེས་ཚོར་ཆེན་པོ་གནང་ཞིང་། ཁོང་གིས་འབྲོག་པ་ཚོས་སྲོལ་རྒྱུན་གྱི“དགུན་ཁ་བཤས་གཏོང་བའི”གོམས་གཤིས་ལ་འགྱུར་ལྡོག་བཏང་བ་དང་བསམ་ཕྱོགས་གསར་གཏོད་བྱས་ནས་འབྲོག་ཟོག་ཐོན་རྫས་ཚོང་ཟོག་ཅན་ལ་སྒྱུར་བ་བྱས་པར་ཁས་ལེན་གང་ལེགས་གནང་ཞིང་།  ཝུའུ་དབྱིང་ཅེས་མཉམ་ལས་ཁང་གིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མང་ཚོགས་ཀྱི་སྣེ་ཁྲིད་དེ། དབུལ་སྒྲོལ་ཕྱུག་འགྱུར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། མང་ཚོགས་ཚོར་ལག་གཉིས་ལ་བརྟེན་ནས་ལས་བརྩོན་ཕྱུག་འགྱུར་གྱི་བསམ་བློ་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ། ཚང་མའི་དཀའ་སྤྱད་འབད་བརྩོན་དང་རང་སྟོབས་རང་སྤེལ་གྱི་སྙིང་སྟོབས་འཕེལ་བར་བྱེད་དགོས་པ་དང་། རྒྱ་ཆེའི་གྲོང་སྡོད་ལས་བྱེད་པ་ཚོས་མང་ཚོགས་ལ་སློབ་སྦྱོང་ཧུར་ཐག་བྱས་ཏེ་གཞི་རིམ་དུ་ཤེས་རྒྱ་ཆེ་རུ་གཏོང་བ་དང་ནུས་པ་འདོན་སྤེལ་བྱས་ནས་མང་ཚོགས་ལ་བྱ་བ་དངོས་མང་ཙམ་སྒྲུབ་པ་དང་དཀའ་གནད་མང་ཙམ་སེལ་དགོས་པ། གྲོང་ཚོ་རིམ་པའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་གཞི་རིམ་ཏང་ཡོན་ཚོས་ཏང་གི་སྲིད་ཇུས་དང་བྱེད་ཐབས་ཁག་དྲིལ་བསྒྲགས་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱས་ནས། མང་ཚོགས་ཚོར་ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་འདོགས་པ་ཤེས་སུ་བཅུག་ནས་མང་ཚོགས་ཁྲིད་སྟོན་གྱི་དྲིན་ཚོར་འབད་འབུངས་དང་སྐྱོན་བྲལ་དང་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་སྟངས་དོན་གཉེར་བྱས་ཏེ་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་ཞིག་སྐྱེལ་དགོས་པའི་ནན་བཤད་གནང་བ་རེད། 
      ས་བབ་མཐོ་ཞིང་ཐག་རིང་ལུང་ཁུག་ས་ཁུལ་གྱི་སློབ་གསོའི་བྱ་གཞག་ནི་ཐོག་མཐའ་བར་གསུམ་དུ་ཝུའུ་དབྱིང་ཅེས་ཐུགས་ཁྲལ་ཆེན་པོ་གནང་བའི་བྱ་བ་ཞིག་རེད། ཁོང་མཚོ་གཉིས་རྫོང་ལྟེ་བའི་སློབ་ཆུང་དུ་ཕེབས་ནས་སློབ་མ་ཚོའི་འཚར་ལོངས་དང་སློབ་ཁྲིད་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ལོ་རིམ་དྲུག་པའི་སློབ་མ་ཚོ་ཕྱི་རོལ་དུ་ངལ་རྩོལ་སློབ་ཚན་འཚོག་བཞིན་ཡོད་པ་དང་། ཝུའུ་དབྱིང་ཅེ་ཕེབས་པ་མཐོང་སྐབས། ཕྲུ་གུ་ཚོ་འཚང་ཁ་ཤིག་ཤིག་ངང་བརྒྱུགས་ཡོང་ནས“སྤོ་བོ་ཝུའུ་ལགས”ཞེས་འཚམས་འདྲི་ཞུས། “ཁྱེད་ཀྱི་མིང་ལ་གང་ཟེར་གྱི་ཡོད་དམ”དང“ཁྱེད་ལོ་ག་ཚོད་ཡིན་ནམ” “རང་གྱོན་ཆས་མཐུག་པོ་འདི་འདྲ་གྱོན་པས་ཆམ་པ་ཕོག་མ་བྱུང་ངམ”ཞེས་ཝུའུ་དབྱིང་ཅེས་ཕྲུ་གུ་ཚོའི་འཚོ་བའི་གནས་ཚུལ་ངང་རྒྱུད་རིང་ལ་བྱམས་བརྩེའི་ངང་བཀའ་འདྲི་གནང་བ་དང་། ཕྲུ་གུ་ཚོར་རྒྱ་ཡིག་དང་། བོད་ཡིག ཨང་རྩིས་བཅས་ཡག་པོ་སྦྱངས་ནས་འབྱུང་འགྱུར་ཤེས་བྱ་སྔར་ལས་མང་བ་ཁོང་དུ་ཆུད་པ་དང་འཇོན་ཐང་སྔར་ལས་ཆེ་རུ་གཏོང་བར་རྨང་གཞིའི་བཏིངས་ཏེ་ཆེན་པོ་ཆགས་རྗེས་ཕ་ཡུལ་དང་མེས་རྒྱལ་འཛུགས་སྐྲུན་ལ་ལེགས་སྐྱེས་འབུལ་དགོས་པའི་སྐུལ་ལྕག་གནང་བ་རེད། དགེ་རྒན་ཏུའུ་ཨན་ཏུང་དང་ཚའོ་ཞའོ་ཧྭ་བཟའ་ཚོས་2008ལོར་རང་འགུལ་ངང་མཚོ་གཉིས་རྫོང་ལྟེ་བའི་སློབ་ཆུང་དུ་དགེ་རྒན་བྱེད་པར་ཡོང་བ་དང་། ལོ་11གི་རིང་ས་བབ་མཐོ་ཚད་སྨི་5000ཙམ་ཡོད་པའི་སློབ་ཆུང་དེའི་འཆད་སྟེགས་ཐོག་སྐད་གྲགས་མེད་པར་བརྟན་སྲུང་བྱས་ཏེ་རྩྭ་ཐང་སྟེང་གི་ཕྲུ་གུ་ཚོའི་འཚར་ལོངས་ལ་རང་ཉིད་ཀྱི་ལང་ཚོ་སྐྱེས་སུ་ཕུལ་ཡོད། ཝུའུ་དབྱིང་ཅེ་ཁྱོ་ཤུག་གཉིས་ཀྱི་ཉལ་ཁང་དུ་ཕེབས་ཏེ་བྱམས་བརྩེའི་ངང་ཁོང་ཚོར་གཟིགས་པ་དང་འཚམས་འདྲི་གནང་ཞིང་། ཁོང་ཚོ་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་དང་། སྔར་སོང་བྱ་བར་ཕྱིར་དྲན། འབྱུང་འགྱུར་སྐོར་གླེང་གནང་བ་མ་ཟད། ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་བྱིས་པར་སློབ་གསོ་ཐོབ་པའི་ཆུ་ཚད་གོང་མཐོར་ཇི་ལྟར་གཏོང་དགོས་ལུགས་གླེང་གནང་བ་རེད། ཝུའུ་དབྱིང་ཅེས་ཁོང་ཚོར་གཟུགས་པོར་བདག་གཅེས་བྱས་ཏེ་རྒྱུན་གཏན་གྱི་སློབ་ཁྲིད་བྱེད་རིང་ཏང་གི་བཀའ་དྲིན་དྲན་པའི་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་བཅས་གཏིང་ཟབ་བཏང་ནས་བྱིས་པ་ཚོར་ཆུང་དུས་ནས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས་པའི་བཀའ་མངགས་གནང་བ་རེད། 
      མཚོ་གཉིས་རྫོང་གི་དབུལ་སྒྲོལ་སྔོ་ཚལ་དྲོད་ཁང་ཆེ་མོའི་འདེབས་འཛུགས་རྟེན་གཞིར་ཀྲོ་མ་ཀྲུ་དང་ཧོང་ཀྭ་སོགས་སྐྱེ་ཚུལ་ལེགས་པས། སྔོ་ཚལ་དེ་དག་གཅིག་རྗེས་གཉིས་མཐུད་ངང་མཚོ་གཉིས་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཚོའི་འཚོ་བར་སྤྱོད་རྒྱུ་རེད། ཝུའུ་དབྱིང་ཅེ་དྲོད་ཁང་ཆེ་མོའི་ནང་དུ་ཕེབས་ནས་སྔོ་ཚལ་སྐྱེ་ཚུལ་ལ་གཟིགས་ཞིབ་ནན་ཏན་གནང་བ་མ་ཟད། རྣམ་གྲངས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་མཁྱེན་རྟོགས་ཡང་གནང་ཞིང་། ས་གནས་དེ་གའི་ལས་བྱེད་པས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སྣེ་ཁྲིད་དེ་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་དུ་སྔོ་ཚལ་འདེབས་འཛུགས་བྱེད་ཐབས་མཉམ་དུ་འཚོལ་ཞིབ་བྱས་པས། མིག་སྔར་འདེབས་འཛུགས་རྟེན་གཞིར་སྔོ་ཚལ་སྣ་ཁ་14ཡོད་པ་དང་། དུད་ཚང་དབུལ་པོའི་མི་56གི་འབབ་འཕར་ལ་སྐུལ་ཁྲིད་ཐུབ་ཡོད་ཅིང་། འབྱུང་འགྱུར་མཚོ་གཉིས་རྫོང་གི་སྔོ་ཚལ་50%ཡི་མཁོ་སྤྲོད་དགོས་མཁོ་སྐོང་ཐུབ་རེ་ཡོད་ལུགས་སྐོར་མཁྱེན་རྗེས། ཝུའུ་དབྱིང་ཅེར་དགྱེས་ཚོར་ཆེན་པོ་བྱུང་བ་མ་ཟད། དགའ་སྤྲོའི་ངང་མཚོ་གཉིས་རྫོང་གིས་ཐོན་སྐྱེད་བྱས་པའི་ཤིང་འབྲས་དང་སྔོ་ཚལ་གྱི་བྲོ་བ་གཟིགས་པ་རེད། ཝུའུ་དབྱིང་ཅེས་འབྲེལ་ཡོད་སྡེ་ཚན་ཁག་གིས་མཛུབ་ཁྲིད་དང་དོ་དམ་ལ་སྔར་བས་ཤུགས་སྣོན་དང་། འདེབས་འཛུགས་རྟེན་གཞིའི་དཔལ་འབྱོར་གྱི་ཕན་འབྲས་འདོན་སྤེལ་གང་ལེགས་བྱས་ནས། ས་གནས་དེ་གའི་སྔོ་ཚལ་མཁོ་སྤྲོད་ཆེ་རུ་དང་མང་ཚོགས་དེ་བས་མང་བའི་འབབ་འཕར་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་བྱེད་དགོས་པའི་ཐུགས་རེ་གནང་བ་རེད། 
      ཝུའུ་དབྱིང་ཅེས་མཚོ་གཉིས་རྫོང་དུ་བརྟག་ཞིབ་གནང་རིང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དེ་སྔའི་ཨུ་ཡོན་དང་། མཚོ་གཉིས་རྫོང་དཀར་མཚོ་ཤང་ཏང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་བཅས་ཡིན་པའི་པད་མར་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་ཞིང་། པད་མས་མཚོ་གཉིས་རྫོང་གི་འཕེལ་རྒྱས་དང་འཛུགས་སྐྲུན་ལ་ལེགས་སྐྱེས་ཆེན་པོ་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུས་པ་དང་འབྲེལ། ཁོང་བརྒྱུད་ནག་ཆུའི་འཕེལ་རྒྱས་དང་འཛུགས་སྐྲུན་ལ་ལེགས་སྐྱེས་འབུལ་མཁན་གྱི་ཏང་ཡོན་རྒན་གྲས་དང་བློ་མཐུན་རྒན་གྲས་ཡོངས་ལ་འཚམས་འདྲི་ཡང་ཞུས་པ་མ་ཟད། ཚང་མས་མུ་མཐུད་རང་ནུས་གང་ཡོད་འདོན་པ་དང་ནག་ཆུ་གྲོང་ཁྱེར་དང་མཚོ་གཉིས་རྫོང་གི་འཕེལ་རྒྱས་ལ་མུ་མཐུད་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ནས་རྩ་ཆེའི་དགོངས་འཆར་མང་ཙམ་འདོན་པའི་ཐུགས་རེ་ཡང་གནང་བ་རེད།
      ཉི་མ་རྫོང་དུ་འབྱོར་སྐབས་མཚན་གུང་ཡིན་པ་དང། ཝུའུ་དབྱིང་ཅེས་སྐུ་ངལ་མ་གསོས་པར་མཚན་མོ་དེ་རང་དུ་ནག་ཆུའི་ནུབ་རྒྱུད་རྫོང་བཞིའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ། ནག་ཆུ་དང་། ཉི་མ། ཤན་རྩ། མཚོ་གཉིས་བཅས་གྲོང་ཁྱེར་དང་རྫོང་བཞི་དང་། དེ་བཞིན་ཉི་མ་རྫོང་སྐྱུང་ཚང་ཤང་བཅས་རིམ་གསུམ་ཏང་ཨུད་ཀྱི་ཧྲུའུ་ཅིའི་སྙན་ཞུ་གསན་ཞིང་། ཝུའུ་དབྱིང་ཅེས་བསྟན་དོན། ཉེ་བའི་ལོ་ཤས་རིང་ནག་ཆུ་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བོད་དུ་དཀོན་ཤོས་ནི་གསོ་རླུང་དང་རྩ་ཆེ་ཤོས་ནི་སྙིང་སྟོབས་ཡིན་པའི”མཛུབ་སྟོན་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གང་ལེགས་བྱས་ཏེ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་གང་ལེགས་གཏོང་བ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བར”གསལ་འགྲེལ་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཚོས་རང་བྱུང་ཁོར་ཡུག་ཞན་པ་དང་ལས་ཀའི་ཆ་རྐྱེན་དཀའ་ཚེགས་ཆེ་བའི་གནས་ཚུལ་ལ་དམ་པོར་དམིགས་ཏེ། དཀའ་སྤྱད་དངོས་སྒྲུབ་ཀྱིས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། ཝུའུ་དབྱིང་ཅེས་མིག་སྔར་གཤམ་གསལ་གྱི་ལས་དོན་ཁག་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་སྟེ།
      གཅིག་ནས“ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན”བཅས་ཀྱི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། དོན་དངོས་ལ་གཞི་ཚུགས་པ་དང་། བརྗོད་དོན་གཙོ་བོར་དམ་པོར་དམིགས་པ། གཙོ་གནད་མངོན་གསལ་དོད་པ། འགག་རྩར་སྟངས་འཛིན། ཕན་པ་དངོས་དོན་གཉེར་བཅས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་སྤེལ་དགོས། “རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཕན་འབྲས་ཐོན་རྒྱུར”དམིགས་ཏེ་མཉམ་སྡེབ་སློབ་སྦྱོང་དང་རང་སྦྱོང་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་རང་འགུལ་ངང་སྣེ་ཁྲིད་དེ་སློབ་སྦྱོང་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་གྱི་ཚན་རིག་དང་མཐུན་པའི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས་བསམ་བློར་དྲག་ཆས་སྤྲོད་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་དགོས། ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། ངལ་རྩོལ་དཔེ་བཟང་རྒན་གྲས། མང་ཚོགས་བཅས་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་ཏེ་སློབ་སྦྱོང་བྱེད་རིང་ཧེ་བག་འཚོལ་བ་དང་། གནད་དོན་གནད་སྨིན་བཙལ་ནས་འབད་བརྩོན་གྱི་ཁ་ཕྱོགས་གཏན་འཁེལ་བྱེད་དགོས། “བསམ་བློ་ཆབ་སྲིད་ལ་ཞུན་བརྡར་ཐེབས་རྒྱུར”དམིགས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་གྲུབ་འབྲས་གལ་ཆེན་འདི་ལྟ་བུ་ཐོབ་པའི་གཞི་རྩ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་གྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་ཐུག་པ་དང་། གཞི་རྩ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་ཐུག་པར་ངོས་འཛིན་གཏིང་ཟབ་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཟབ་ཏུ་བཏང་སྟེ་མང་ཚོགས་ཚོར་ཏང་གི་བཀའ་དྲིན་དྲན་པ་དང་། དར་ཆ་གསལ་སྟོན་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་རང་རྟོགས་ངང་སྲུང་སྐྱོང་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱེད་དགོས། “ལས་སྒྲུབ་ལས་གཏོད་དང་འགན་འཁྲི་འཁུར་ཕོད་པར”དམིགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་དངོས་འཛིན་དངོས་སྒྲུབ་ཀྱིས་སྒྲུབ་ཐུབ་པའི་ལས་དོན་ཡག་པོ་སྒྲུབ་པ་དང་། སྒྲུབ་བསམ་པའི་ལས་དོན་ལ་ཡུན་རིང་ཇུས་འགོད་བྱེད་པ། སྒྲུབ་དཀའ་བའི་ལས་དོན་ནུས་ཤུགས་ཡོད་རྒུས་སྒྲུབ་པ་བཅས་ཀྱི་ཐོག་ནས་དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས། “མི་དམངས་ལ་ཞབས་འདེགས་ཞུས་ཏེ་དཀའ་གནད་སེལ་བར”དམིགས་ཏེ་རྙོག་དྲ་དང་དཀའ་ངལ་སྲིད་གཞུང་གིས་ཐག་གཅོད་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་སྟབས་བདེ་དང་ཕན་བདེ་མང་ཚོགས་ལ་སྤྲོད་པ་དང་། བརྩེ་སེམས་དང་། འགན་འཁྲི། ལས་འགན་བཅས་བཅངས་ཏེ་ལས་ཞུགས་དང་། སློབ་ཞུགས། སྨན་བཅོས་སོགས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡོད་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་མང་ཚོགས་ཚོར་བརྗོད་དོན་གཙོ་བོའི་སློབ་གསོ་བརྒྱུད་ཕན་དངོས་དེ་བས་མང་བ་ཐོབ་པར་བྱེད་དགོས། “སྤྱོད་གཙང་གཞུང་དྲང་ངང་མིག་དཔེ་འདོན་པར”དམིགས་ཏེ་རང་གིས་རང་ལ་རེ་བ་ནན་པོ་བཏོན་ནས་ཏང་ཡོན་ལས་བྱེད་པའི་གཟུགས་བརྙན་བཟང་པོ་གཏོད་དགོས། རིམ་ཁག་རྩ་འཛུགས་སྟོབས་ཆེར་བཏང་སྟེ་གྲོང་ཚོ་དང་གྲོང་ལྷན་གྱི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་100%ཏང་ཡོན་ཡིན་པ་མཐའ་འཁྱོངས་ཀྱིས་གྲོང་ཚོ་དང་གྲོང་ལྷན་གྱི་ཏང་རྩ་འཛུགས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་འགན་སྲུང་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ་དང་། འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པ་བཅས་ཀྱི་མཁར་རྫོང་བརྟན་པོ་ཞིག་ཏུ་ཧུར་ཐག་སྐྲུན་དགོས།
       གཉིས་ནས་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ་དང་། མཁར་རྒོལ་གྲོང་ལེན། “སེམས་ཁྲལ་གཉིས་དང་འགན་ལེན་གསུམ”ལ་དམིགས་ཏེ་གང་ཐུབ་ཅི་ཐུབ་དང་། ནུས་པས་ལྕོགས་ཚོད། གཞན་གྱི་སྔོན་ལ་གྲོན་ཆུང་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ་དགོས་པའི་དུས་སུ་སྨིན་པ་དང་། ཡག་ཐོག་ཡག་བརྩེགས། གནད་སྨིན་ལ་ཤུགས་རྒྱག་པ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། དོན་དངོས་ལ་གཞི་ཚུགས་པ་དང་། འཆར་འགོད་ལུགས་མཐུན་བྱས་ཏེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་གནད་སྨིན་ཇུས་འདོན་ཡག་པོ་བྱས་ནས་ངོ་བོ་གཅིག་མཚུངས་ཅན་གྱི་འཕེལ་རྒྱས་མི་ཐོན་པ་དང་། ལྷག་པར་དུ་འབྲི་གཡག་ཐོན་ལས་འཕེལ་རྒྱས་གཏོང་བར་མང་ཚོགས་ལ་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་སྟེ་མང་ཚོགས་ཚོར་གསོད་མ་ཕོད་པ་དང་། འཚོང་མ་ཕོད་པ། “དགུན་ཁའི་བཤས་གཏོང”སོགས་ཀྱི་འདུ་ཤེས་རིམ་བཞིན་འགྱུར་ལྡོག་གཏོང་བར་ཁྲིད་སྟོན་བྱས་ནས་ཐོན་ལས་ཀྱི་སྦྲེལ་ཐག་རིང་དུ་དང་། ཟུན་སྣོན་རིན་ཐང་ཆེ་རུ་གཏོང་ཐབས་འཚོལ་ཞིབ་ཀྱིས་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་དགོས། གནད་སྨིན་ངོས་འཛིན་དང་། ཐོན་ལས་འདེགས་སྐྱོར། སྲིད་ཇུས་སྐུལ་ལྕག ལས་ཞུགས་སྔོན་ལ་འཇོག་པ། བོད་སྐྱོར་རོགས་སྐྱོར། སྤྱི་ཚོགས་འགན་སྲུང་ཐ་སྐྱོང་བཅས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་དབུལ་པོ་བསྐྱར་ལོག་སྔོན་འགོག་ལམ་སྲོལ་བཙུགས་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་ཏན་ཏིག་གཏོང་དགོས། ལས་བྱེད་པར་ཐུགས་ཁུར་དང་གཟིགས་སྐྱོང་བྱས་ཏེ་ཚང་མའི་ལས་སྒྲུབ་ལས་གཏོད་བྱེད་སེམས་སྔར་བས་ཆེ་རུ་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གསོན་ཉམས་ལྡན་པའི་བསླབ་གཞི་བེད་སྤྱོད་ཡག་པོ་བྱས་ནས་མང་ཚོགས་ཚོར་ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་འདོགས་པ་ཤེས་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས།
      གསུམ་ནས་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཉེན་ཁའི་འདུ་ཤེས་སྔོན་འགོག མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས། འཐབ་རྩོད་ཀྱི་སྙིང་སྟོངས་དར་སྤེལ་གཏོང་བ་བཅས་ལ་བརྟེན་ནས་རྐྱེན་མ་བྱུང་གོང་ནས་བཟློག་རྒྱུ་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་། གནད་དོན་ཚབས་ཆེན་མི་ལྷག་པར་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། རང་འགན་འཁུར་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་སྔར་བས་དོན་འཁྱོལ་ཞིབ་ཚགས་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་བརྟན་ལྷིང་སྲུང་སྐྱོང་ཐད“གཞན་སྐུལ”ནས“རང་འགུལ”དུ་འགྱུར་བར་སྔར་བས་སྐུལ་འདེད་གཏོང་བ། མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྔར་བས་སྐུལ་འདེད་བཏང་ནས་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས།
      བཞི་ནས་ལྗོངས་ཏང་ཨུད་ཀྱིས་བཏོན་པའི“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པའི་ཚན་རིག་དང་མཐུན་པའི་ནང་དོན་དང་། ནང་གནས་འབྲེལ་བ། དངོས་ཡོད་ཀྱི་གཏན་ཚིགས་བཅས་ལ་གོ་བ་ཡང་དག་ལེན་པ་དང་། ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་ཀྱི་རང་བཞིན་དང་། ཧུར་བརྩོན་གྱི་རང་བཞིན། རང་འགུལ་གྱི་རང་བཞིན་བཅས་ཆེ་རུ་བཏང་ནས་ལས་དོན་ཁག་གི་རྣམ་པ་གསར་པ་འབད་བརྩོན་ཆེན་པོས་གཏོད་དགོས། ལྔ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་འཛམ་གླིང་གི་དག་ཞིང་མཐའ་མར་སྲུང་སྐྱོང་ཡག་པོ་ཏན་ཏིག་བྱེད་དགོས།
     ཞེས་རོང་ཆེན་ལྷ་རྒྱལ་དཔལ་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་སོ།



评论 (0 个评论)

facelist doodle 涂鸦板

您需要登录后才可以评论 登录 | 注册

藏网首页|关于我们|团队组成|大事记|网站地图|广告服务|联系我们|小黑屋|Archiver|

tibetcul.com © Copyright 2004-2017. All rights reserved |陇ICP备05000171号

战略合作伙伴:雪域数码图书馆(The Tibetan & Himalayan Library)|法律顾问:珠穆朗玛律师事务所

严禁在本站发表与国家法律相抵触言论和散播谣言

Powered by Discuz! X3.2GMT+8, 2019-11-18 10:10 , Processed in 0.028221 second(s), 20 queries .

返回顶部